གུ་རུ་པདྨ་རྒྱལ་པོ་ལ་བསྔགས་པ་ས་གསུམ་བརྟན་འཕྲོག་པདྨའི་དགའ་ཚལ།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-050-19
Wylie title gu ru pad+ma rgyal po la bsngags pa sa gsum brtan 'phrog pad+ma'i dga' tshal DKR-KABUM-02-KHA-050.pdf
Location dil mgo mkhyen brtse bka' 'bum
Volume 2, sde tshan 50, Text 19, Pages 270-272 (Folios 21b6 to 23a5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Gu ru pad+ma rgyal po la bsngags pa sa gsum brtan 'phrog pad+ma'i dga' tshal. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 270-272. Delhi: Shechen Publications, 1994.
Genre Verses of Praise - bstod pa
[edit]
གུ་རུ་པདྨ་རྒྱལ་པོ་ལ་བསྔགས་པ་ས་གསུམ་བརྟན་འཕྲོག་པདྨའི་དགའ་ཚལ་ཞེས་བྱ་བ། ན་མོ་གུ་རུ་པདྨ་རཱ་ཛ་ཡེ། སྙིང་སྡུག་པདྨའི་འཛུམ་གྱིས་འགྲོ་ཀུན་ཡིད། །ཀུན་ཏུ་དགའ་བྱེད་ལང་ཚོའི་དཔྱིད་གྲུབ་པས། །མཚོན་མིན་མཚན་གྱི་རྔ་ཆེན་རྒྱལ་ཀུན་ཞིང༌། །མཛེས་པར་གྲགས་པའི་རྒྱལ་པོ་ཡིད་རབ་དྭངས། ༡ །འདམ་སྐྱེས་པདྨ་འདམ་གྱི་མ་གོས་བཞིན། །སྲིད་ན་མི་འཇིགས་སྒྱུ་མའི་རོལ་རྩེད་ཀྱིས། །འདབ་བརྒྱའི་ལང་ཚོའི་རྒྱགས་པའི་ཟིལ་མངར་ལས། །འགྲོ་ཁམས་རྒྱ་མཚོའི་དོན་མཛད་ངལ་མི་མངའ། ༢ །ཀུན་རྨོངས་སྒྲིབ་པའི་ཤུན་པ་ལས་གྲོལ་པའི། །ངོ་མཚར་རྣམ་ཐར་ཚོན་སྣ་བརྒྱ་པའི་མདངས། །རྩོད་དུས་གདུང་བས་ནམ་ཡང་མ་སྦས་པར། །མཚར་སྡུག་རྫོགས་པའི་བརྟན་པ་ཆེས་ཆེར་དར། ༣ །རྒྱལ་བའི་ཕྲིན་ལས་གཟུགས་ཅན་བཞིན་སྟོན་པའི། །གསུང་གི་རྡོ་རྗེའི་བྱེད་པ་ངོ་མཚར་ཅན། །ཕྱོགས་དུས་ཀུན་ཏུ་རྒུད་མེད་ལང་ཚོའི་དཔལ། །རྣམ་སད་བུ་མོའི་དར་བབ་ན་ཚོད་བཞིན། ༤ །རེག་འཇམ་པདྨའི་ལྕུག་མཚུངས་ཐུགས་བསྐྱེད་ཀྱིས། །འགྲོ་ཁམས་དམ་པོར་འཁྱུད་པ་འདི་གཟིགས་ནས། །འདྲེན་པ་རྒྱ་མཚོའི་གསང་བ་མི་ཟད་དབྱིངས། །ཁྱེད་དང་གཉིས་སུ་མེད་ཅེས་བསྔགས་པ་བཞིན། ༥ །པདྨས་འཐུང་བའི་ཉི་ཟེར་དྲོད་བཅུད་བཞིན། །ཁྱེད་ཐུགས་ཟབ་གསང་ལུང་རྟོགས་བདུད་རྩིའི་རྒྱུན། །འཛད་མེད་ཕྱོགས་དུས་ཞིང་གི་གདུལ་བྱ་ལ། །སྤྲོ་བས་དབུགས་འབྱིན་ཁྱོད་མཚུངས་སུ་ཞིག་མཆིས། ༦ །ཁྱོད་མཚན་ཐོས་དང་དྲན་པ་ཙམ་གྱིས་ཀྱང༌། །གཏན་བདེའི་ལང་ཚོད་དར་ལ་བབ་བྱེད་པ། །པདྨའི་ལྡིང་ཁང་ཉུལ་བའི་བུང་བ་དང༌། །མཚུངས་པའི་ངོ་མཚར་ཡིད་རབ་མི་དྭངས་སུ། ༧ །མཚན་དཔེའི་མཚར་སྡུག་ཡིད་ཀྱི་མཚོར་བཀོད་ཅིང༌། །བསྙེན་བཟླས་རྐང་དྲུག་གླུ་ཡིས་ཐུགས་དམ་བསྐུལ། །ཡེ་ཤེས་མྱོང་པའི་ཟེའུ་འབྲུའི་མཆོད་པའི་མོད། །གྲུབ་གཉིས་དཔལ་གྱིས་སྒོ་གསུམ་དབུགས་འབྱིན་མཛོད། ༨ །འཕོ་མེད་ཡེ་ཤེས་ནམ་མཁའི་ཁོར་ཡུག་ཏུ། །རྗེས་ཆགས་རྡོ་རྗེ་ཉི་མའི་གཟི་བྱིན་གྱིས། །བརྒྱན་པའི་ཟེར་ཕྲེང་གཡོ་བས་གདུལ་བྱའི་ཡིད། །ཕན་བདེའི་དབུགས་འབྱིན་ཡུད་ཀྱིས་སྩོལ་མཛད་རྗེ། ༩ །འདབ་སྟོང་དགའ་མའི་ལང་ཚོའི་ཉམས་འགྱུར་བཞིན། །གཅིག་ཏུ་མི་གནས་ཐབས་མཁས་མཛད་པ་བརྒྱ། །ཕྱོགས་དུས་མཁའ་ཁྱབ་ཞིང་ན་སྟོན་པ་ཡི། །དཔལ་སྟུག་རྫོགས་ལྡན་ནོར་བུའི་སྤྲིན་ཕྲེང་བྲེས། ༡༠ །ཟབ་གསང་རྡོ་རྗེ་ཐེག་པའི་གསེང་ལམ་གྱིས། །སྤང་རྟོགས་རི་གླིང་བཀོད་པ་མཐའ་ཡས་པ། །ཁྱེད་ཀྱི་མཛད་པ་གཅིག་ལ་རྫོགས་པ་འདིས། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཉིད་དུ་གྲུབ། ༡༡ །འདབ་སྟོང་གདན་དང་མེ་ཏོག་དོ་ཤལ་བརྒྱན། །མཛེས་པའི་ཕྱག་རྟགས་མཐའ་དག་སྟེང་འཐུང་གིས། །བྱེད་བཞིན་འགྲོ་བའི་ཉེར་འཚོ་རྒྱལ་ཀུན་དབུས། །ཨུ་དུམ་ཝཱ་རའི་ཚལ་བཞིན་ལྷམ་མེར་གསལ། ༡༢ །པདྨའི་བསུང་ཞིམ་འགྲོགས་པའི་དྲི་བཞོན་བཞིན། །མགོན་ཁྱོད་མཛད་པའི་ཆ་ཤས་རེ་རེས་ཀྱང༌། །དད་བརྒྱའི་མིག་ཡངས་ཀུན་དགའི་སོར་མོ་ཡིས། །བསྟོད་པའི་རྒྱུད་མང་བརྡུང་ལ་ཆོག་མི་ཤེས། ༡༣ །ལྷ་ཀླུ་མི་ཡི་རྒྱན་མཆོག་སྟེང་འཐུང་ཞེས། །གྲགས་སྙན་ཀུན་ཏུ་དགེ་བཞིན་བདག་གི་ངག །བསྟོད་ཕྲེང་ཨུཏྤལ་དོ་ཤལ་འདི་ཕུལ་བའི། །དབྱངས་སྙན་རབ་འབྱམས་ཞིང་ཀུན་གྲགས་པར་ཤོག ༡༤ །པད་རྩ་ལྟར་དཀར་དད་བརྒྱའི་ཀུ་མུ་དཱ། །ཚིག་སྙན་འདབ་མས་ཕྱུག་པའི་ཟབ་དོན་གྱི། །ཀེ་ས་ར་ཡི་མཚར་སྡུག་མ་རྙིང་པས། །མཁའ་ཁྱབ་འགྲོ་དང་བསྟན་མཆོག་ངལ་འཚོ་ཤོག ༡༥
[edit]

!___gu ru pad+ma rgyal po la bsngags pa sa gsum brtan 'phrog pad+ma'i dga' tshal zhes bya ba/__na mo gu ru pad+ma rA dza ye/__snying sdug pad+ma'i 'dzum gyis 'gro kun yid/__/kun tu dga' byed lang tsho'i dpyid grub pas/__/mtshon min mtshan gyi rnga chen rgyal kun zhing*/__/mdzes par grags pa'i rgyal po yid rab dwangs/_1_/'dam skyes pad+ma 'dam gyi ma gos bzhin/__/srid na mi 'jigs sgyu ma'i rol rtsed kyis/__/'dab brgya'i lang tsho'i rgyags pa'i zil mngar las/__/'gro khams rgya mtsho'i don mdzad ngal mi mnga'/_2_/kun rmongs sgrib pa'i shun pa las grol pa'i/__/ngo mtshar rnam thar tshon sna brgya pa'i mdangs/__/rtsod dus gdung bas nam yang ma sbas par/__/mtshar sdug rdzogs pa'i brtan pa ches cher dar/_3_/rgyal ba'i phrin las gzugs can bzhin ston pa'i/__/gsung gi rdo rje'i byed pa ngo mtshar can/__/phyogs dus kun tu rgud med lang tsho'i dpal/__/rnam sad bu mo'i dar bab na tshod bzhin/_4_/reg 'jam pad+ma'i lcug mtshungs thugs bskyed kyis/__/'gro khams dam por 'khyud pa 'di gzigs nas/__/'dren pa rgya mtsho'i gsang ba mi zad dbyings/__/khyed dang gnyis su med ces bsngags pa bzhin/_5_/pad+mas 'thung ba'i nyi zer drod bcud bzhin/__/khyed thugs zab gsang lung rtogs bdud rtsi'i rgyun/__/'dzad med phyogs dus zhing gi gdul bya la/__/spro bas dbugs 'byin khyod mtshungs su zhig mchis/_6_/khyod mtshan thos dang dran pa tsam gyis kyang*/__/gtan bde'i lang tshod dar la bab byed pa/__/pad+ma'i lding khang nyul ba'i bung ba dang*/__/mtshungs pa'i ngo mtshar yid rab mi dwangs su/_7_/mtshan dpe'i mtshar sdug yid kyi mtshor bkod cing*/__/bsnyen bzlas rkang drug glu yis thugs dam bskul/__/ye shes myong pa'i ze'u 'bru'i mchod pa'i mod/__/grub gnyis dpal gyis sgo gsum dbugs 'byin mdzod/_8_/'pho med ye shes nam mkha'i khor yug tu/__/rjes chags rdo rje nyi ma'i gzi byin gyis/__/brgyan pa'i zer phreng g.yo bas gdul bya'i yid/__/phan bde'i dbugs 'byin yud kyis stsol mdzad rje/_9_/'dab stong dga' ma'i lang tsho'i nyams 'gyur bzhin/__/gcig tu mi gnas thabs mkhas mdzad pa brgya/__/phyogs dus mkha' khyab zhing na ston pa yi/__/dpal stug rdzogs ldan nor bu'i sprin phreng bres/_10_/zab gsang rdo rje theg pa'i gseng lam gyis/__/spang rtogs ri gling bkod pa mtha' yas pa/__/khyed kyi mdzad pa gcig la rdzogs pa 'dis/__/dkyil 'khor rgya mtsho'i khyab bdag nyid du grub/_11_/'dab stong gdan dang me tog do shal brgyan/__/mdzes pa'i phyag rtags mtha' dag steng 'thung gis/__/byed bzhin 'gro ba'i nyer 'tsho rgyal kun dbus/__/u dum wA ra'i tshal bzhin lham mer gsal/_12_/pad+ma'i bsung zhim 'grogs pa'i dri bzhon bzhin/__/mgon khyod mdzad pa'i cha shas re res kyang*/__/dad brgya'i mig yangs kun dga'i sor mo yis/__/bstod pa'i rgyud mang brdung la chog mi shes/_13_/lha klu mi yi rgyan mchog steng 'thung zhes/__/grags snyan kun tu dge bzhin bdag gi ngag__/bstod phreng ut+pal do shal 'di phul ba'i/__/dbyangs snyan rab 'byams zhing kun grags par shog_14_/pad rtsa ltar dkar dad brgya'i ku mu dA/__/tshig snyan 'dab mas phyug pa'i zab don gyi/__/ke sa ra yi mtshar sdug ma rnying pas/__/mkha' khyab 'gro dang bstan mchog ngal 'tsho shog_15

Footnotes

Other Information