རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས་ཀྱི་སྤྱི་གཟུགས་རྗེ་བཙུན་འཕགས་པ་འཇམ་དཔལ་དབྱངས་ལ་ཡིད་ཆེས་ཀྱིས་བསྟོད་པ་སྙན་ཚིག་རྒྱ་མཚོའི་སྒྲ་དབྱངས།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-050-02
Wylie title rgyal ba sras dang bcas pa'i ye shes kyi spyi gzugs rje btsun 'phags pa 'jam dpal dbyangs la yid ches kyis bstod pa snyan tshig rgya mtsho'i sgra dbyangs DKR-KABUM-02-KHA-050.pdf
Location dil mgo mkhyen brtse bka' 'bum
Volume 2, sde tshan 50, Text 2, Pages 253-255 (Folios 4a1 to 6a4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Rgyal ba sras dang bcas pa'i ye shes kyi spyi gzugs rje btsun 'phags pa 'jam dpal dbyangs la yid ches kyis bstod pa snyan tshig rgya mtsho'i sgra dbyangs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 253-255. Delhi: Shechen Publications, 1994.
Genre Verses of Praise - bstod pa
[edit]
རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས་ཀྱི་སྤྱི་གཟུགས་རྗེ་བཙུན་འཕགས་པ་འཇམ་དཔལ་དབྱངས་ལ་ཡིད་ཆེས་ཀྱིས་བསྟོད་པ་སྙན་ཚིག་རྒྱ་མཚོའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། ན་མོ་གུ་རུ་མཉྫུ་གྷོ་ཥ་ཡེ། སྲས་བཅས་རྒྱལ་བའི་ཟག་མེད་ཡེ་ཤེས་སྐུ། །མཚན་དཔེའི་དཔལ་འབར་ཚངས་དབྱངས་གསུང་སྙན་སྒྲོགས། །ཟབ་གསལ་མཁྱེན་གཉིས་བསམ་མི་ཁྱབ་པའི་ཐུགས། །ངོ་མཚར་དཔག་ཡས་འདས་ལ་གུས་བསྟོད་བགྱི། །གཟོད་ནས་མངོན་སངས་རྒྱས་ཀྱང་འགྲོ་བའི་ཕྱིར། །རྒྱལ་སྲས་གཞོན་ནུའི་མཚན་དང་སྐུའི་བཀོད་པས། །ཕྱོགས་དུས་རབ་འབྱམས་ཞིང་ན་སྙན་གྲགས་པས། །ཕན་བདེ་ཟད་མི་ཤེས་པ་རྟག་ཏུ་སྟེར། །ཁྱོད་མཚན་དྲན་དང་རིགས་པའི་སྔགས་བཟླས་པས། །མི་ཟད་བློ་གྲོས་སྤོབས་པའི་མཆོག་སྩོལ་ཞིང༌། །སྲིད་དང་ཞི་བའི་དཔལ་ཀུན་སྩོལ་བ་ལ། །བསྙེལ་བ་མེད་པའི་གོ་ཆ་རྟག་ཏུ་བཞེས། །དམར་སེར་མདངས་ཀྱིས་སྐུ་མཆོག་བལྟ་ན་སྡུག །ཡེ་ཤེས་རལ་གྲི་སྲིད་རྩ་གཅོད་ཕྱིར་ཕྱར། །ཨུཏྤལ་གླེགས་བམ་ཕྱག་གཡོན་མཛེས་བཞིན་དུ། །ཞབས་ཟུང་སྐྱིལ་ཀྲུང་མི་གཡོའི་ཚུལ་གྱིས་བཞུགས། །གཞོན་མཛེས་ཨུཏྤལ་གསར་པའི་དྲི་བསུང་གིས། །རྐང་དྲུག་ཀུན་ཏུ་དགའ་བའི་མཆོག་སྟེར་བཞིན། །ཁྱོད་སྤྱན་བརྩེ་བས་གཡོ་བའི་འཕྲུལ་གྱིས་ཀྱང༌། །ཡིད་ལ་མི་ཟད་བློ་ཡིད་དཔལ་སྦྱིན་པ། །འཛུམ་པའི་མཆུ་སྒྲོས་བིམ་པ་ལྟར་དམར་ལས། །ཚངས་དབྱངས་གསུང་གིས་བདུད་རྩིའི་དཔལ་སྩོལ་མཛད། །མཛེས་སྡུག་རྫོགས་པའི་ཞལ་གྱི་དཀྱིལ་འཁོར་ནི། །ཉིན་མོར་བྱེད་བཞིན་ཡིད་ཀྱི་མུན་པ་སེལ། །མགོན་ཁྱོད་ཐུགས་བསྐྱེད་ཕྲིན་ལས་བསམ་མི་ཁྱབ། །ནམ་མཁའ་བཞིན་དུ་རབ་ཡངས་ཀུན་ལ་ཁྱབ། །དེ་ལས་དགེ་ལེགས་དཔལ་གྱི་ཡོན་ཏན་ཀྱང༌། །དཔྱིད་ཀྱི་དགའ་པའི་ཆར་སྤྲིན་བཞིན་དུ་འབེབས། །ཆོས་དབྱིངས་དང་མཉམ་སངས་རྒྱས་ཀུན་གྱི་དཔལ། །འཇམ་མགོན་གསང་བ་གསུམ་གྱི་རྒྱན་བཞིན་མཛེས། །རྗེ་བཙུན་ཟུར་ཕུད་ལྔ་པའི་རྣམ་ཐར་གྱིས། །སངས་རྒྱས་ཀུན་གྱི་མཛད་པ་མཛེས་ཤིང་སྟོན། །ཡེ་ཤེས་སྣང་བ་བརྒྱ་པས་མཁའ་ཁྱབ་ཀྱི། །ཀུན་རྨོངས་ཡིད་ཀྱིས་མུན་པ་སེལ་བའི་དཔེར། །དབང་སྔོན་མཛེས་བྱེད་བཅུ་གཉིས་བདག་པོ་ཡི། །གཟི་བརྗིད་ཕྲེང་བ་ཙམ་ལས་མེད་པར་ངེས། །ཡིད་ལ་ཀུན་དགའི་སིམ་སྟེར་ཟླ་བ་དང༌། །སྲིད་ཞིའི་གདུང་བ་སེལ་བའི་དཔྱིད་ཀྱི་དཔལ། །ཅི་མཆིས་མགོན་པོ་ཁྱོད་ཀྱིས་ཕྲིན་ལས་དང༌། །ཐུགས་བསྐྱེད་མཚོན་པའི་དཔལ་དུ་ཉེ་བར་གནས། །ལེགས་བྲིས་ཟས་མཆོག་མགོན་ཁྱོད་ཐུགས་རྗེའི་དཔལ། །མཚུངས་ཞེས་བདའ་དགུའི་རོ་ཙམ་མ་ཡིན་ཏེ། །གཏན་བདེའི་ལང་ཚོ་ཐོགས་མེད་སྦྱིན་པའི་མཐུ། །འཆི་མེད་བཅུད་ཀྱི་ལེན་དུ་གྱུར་འདིས་ཀྱང༌། །སངས་རྒྱས་ཀུན་གྱི་ཐུགས་གསང་དཔལ་བེའུར། །ཡེ་ཤེས་སེམས་དཔའ་གཞོན་ནུའི་ལང་ཚོ་ཅན། །མཚར་སྡུག་ཆ་ཤས་རྫོགས་པའི་ཨུཏྤ་ལར། །རྐང་དྲུག་མཛེས་པར་གཡེངས་དང་འབྱེད་ཆོས་དབེན། །ཡིད་འཕྲོག་ཀུན་དགའི་ཚལ་གྱིས་བལྟ་ན་སྡུག །གསལ་བྱེད་སྟེང་འཐུང་འཁྲི་ཤིང་སྙེམས་མའི་ཚལ། །རབ་འབྱམས་ཞིང་ན་འཇམ་མགོན་ཟུར་ཕུད་ལྔས། །རྣམ་ཐར་བཀོད་པ་འབུམ་ཕྲག་ཅི་ཡང་གསལ། །མཁའ་དབྱིངས་སྟོང་པས་སྣོད་བཅུད་འཇིག་རྟེན་ཁམས། །འཁྱུད་ཅེས་སྙེམས་པས་ཁེངས་འོས་ཅི་ཞིག་མཆིས། །རྒྱལ་ཀུན་ཡབ་ཅིག་ཐུགས་བསྐྱེད་ཞགས་པ་ཡིས། །མ་བཅིངས་ཡིད་ཅན་སྲིད་ཞིའི་ཁྱོན་མི་གནས། །མཐོ་རིས་བསོད་ནམས་དཔལ་གྱི་ལྷའི་རྔ་སྒྲ། །གདུལ་བྱའི་དབང་པོ་འབྱེད་པའི་བློ་ལྡན་ན། །ངག་གི་དབང་ཕྱུག་དགྱེས་པའི་རོལ་མོ་ཡིས། །ཟབ་རྒྱས་ཆོས་ཚུལ་འདོམས་དང་ཅིས་མི་མཚུངས། །ཀུན་མཁྱེན་ཡེ་ཤེས་མེ་ལོང་སྣང་བ་ཡིས། །དུས་གསུམ་ཤེས་བྱ་གཟིགས་པ་རྗེས་དྲན་པས། །དྭངས་ཤེལ་དཀྱིལ་འཁོར་གཟུགས་བརྒྱ་བཀྲ་བ་ལ། །དད་པའི་ཀུན་རྟོག་གཡོ་ལ་ཆས་སྙམ་བྱེད། །ལྷ་དབང་གཙུག་གི་ནོར་བུའི་སྣང་ཟེར་གྱིས། །སུམ་རྩེན་ཐ་གྲུར་ཁྱབ་པའི་དགའ་བའམ། །ཡབ་གཅིག་སྨྲ་བའི་ཉི་མའི་དགྱེས་ཞལ་ཟེར། །བདག་ལ་འཕོས་པ་མ་ཕྱེད་འཕྱང་མོ་ཉུག །ཡིད་ལ་དྲན་པས་ཕན་བདེའི་དབུགས་འབྱིན་ཞིང༌། །ལས་ཉོན་རྙོགས་པ་བགྲུངས་པའི་ཀེ་ཏ་ཀ །བདོག་པའི་ཆུ་གཏེར་འཕོས་པའི་དེ་མ་ཐག །འཇམ་མགོན་ཡེ་ཤེས་སྣང་བར་གཅིག་ཏུ་ངེས། །འཇམ་མཉེན་ཕྱག་གི་རལ་གྲིས་སྲིད་རྩ་གཅོད། །ཨུཏྤལ་མཁྱེན་བརྩེའི་དཔལ་གྱིས་སིམ་པ་སྟེར། །གླེགས་བམ་བསྣམས་པས་ཆོས་ཀུན་དེ་ཉིད་སྟོན། །ཡེ་ཤེས་སྣང་བ་བརྒྱ་པའི་དབུས་ན་མཛེས། །ནོར་བུའི་འོད་ཀྱིས་ས་འོག་མུན་སེལ་ཞིང༌། །སྣང་བྱེད་ཟུང་གིས་གླིང་བཞིའི་ཁྱོན་ཁྱབ་དང༌། །མཚུངས་པའི་སྣང་བ་འབུམ་འབྱེད་དཔལ་མཆིས་ན། །ངག་གི་དབང་པོའི་ཐུགས་རྗེའི་སྣང་སྟེར་མཚུངས། །མཛེས་སྡུག་དཔལ་དང་ཡིད་ལ་དགའ་སྟེར་ཞིང༌། །གཟི་བྱིན་སྣང་བའི་འོད་འབྱེད་བྱེད་པ་ཡིས། །འཇམ་མགོན་སྨྲ་བའི་ཉི་མ་བསྔགས་མིན་ཏེ། །དྲན་པས་ཐར་གྲོལ་པདྨ་བཞད་འདིས་ཀྱང༌། །རབ་འབྱམས་ཞིང་ན་རྒྱལ་དང་དེ་ཡི་སྲས། །བཟང་པོ་སྤྱོད་པ་རྒྱ་མཚོའི་རླབས་ཕྲེང་དང༌། །བདག་ཡིད་ངག་གི་དབང་ཕྱུག་སེམས་པ་ལས། །གཉིས་སུ་འབྱེད་ཆོས་བཙལ་ཀྱང་རྙེད་མི་སྲིད། །ཤེས་བྱའི་དངོས་ཀུན་གཟིགས་པའི་བློ་ལྡན་ཞེས། །རྒྱལ་ཀུན་ཡབ་གཅིག་ཐུགས་སྙེམས་མི་འཚལ་ཏེ། །ཆོས་དབྱིངས་དང་མཉམ་མགོན་པོ་ཐམས་ཅད་ཀྱང༌། །ཡེ་ཤེས་གཟིགས་པའི་སྤྱན་ཡངས་མངའ་ཞེས་གྲགས། །གསུང་འཕྲོ་ཅན།

Footnotes

Other Information