།ན་མོ་ཤཱཀྱ་མུ་ན་ཡེ། སྟོན་པ་ཐུབ་པའི་དབང་པོའི་མཛད་སོགས།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-050-01
Wylie title na mo shAkya mu na ye ston pa thub pa'i dbang po'i mdzad sogs DKR-KABUM-02-KHA-050.pdf
Location dil mgo mkhyen brtse bka' 'bum
Volume 2, sde tshan 50, Text 1, Pages 250-252 (Folios 1a1 to 3b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. na mo shAkya mu na ye ston pa thub pa'i dbang po'i mdzad sogs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 250-252. Delhi: Shechen Publications, 1994.
Genre Verses of Praise - bstod pa
Colophon

།མངྒ་ལས་སོ།

/mang+ga las so/

[edit]
༄༅། །ན་མོ་ཤཱཀྱ་མུ་ན་ཡེ། སྟོན་པ་ཐུབ་པའི་དབང་པོའི་མཛད་པ་བཅུ་གཉིས་ནི། རྒྱལ་ཚབ་བྱམས་མགོན་གྱིས། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་ཞུགས་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་དགྱེས་རོལ་པ་དང༌། །ངེས་འབྱུང་དཀའ་བ་སྤྱད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །ཡོངས་སུ་མ་དག་ཞིང་རྣམས་སུ། །མྱ་ངན་འདའ་བར་སྟོན་མཛད་རྣམས། །ཞེས་གསུངས་པ་ལྟར། དང་པོ་ལྷ་ཡུལ་དགའ་ལྡན་དུ་ལྷའི་བུ་དམ་པ་ཏོག་དཀར་པོའི་སྐྱེ་བ་བཞེས་ཏེ་ཛམ་བུའི་གླིང་དུ་གཟིགས་པ་རྣམ་པ་ལྔས་གཟིགས་ཏེ་འཕོ་བར་དགོངས་ནས་རྒྱལ་ཚབ་བྱམས་པ་ལ་རང་གི་དབུ་རྒྱན་གསོལ་ནས། དམ་པ་ཏོག་དཀར་གྱིས་དུང་བུས། ལྷ་གཞན་གྱིས་རོལ་མོ་དཀྲོལ་བས་དུང་གི་སྐད་ཀྱིས་རོལ་མོ་ཐམས་ཅད་ཀྱི་སྒྲ་ཟིལ་གྱིས་མནན་པ་ལྟར་ཛམ་གླིང་དུ་མུ་སྟེགས་དང་བདུད་ཐམས་ཅད་ཟིལ་གྱིས་མནན་པར་ལུང་བསྟན། ལྷ་རྣམས་ལ་འཆི་འཕོ་སྦྱངས་བའི་ཆོས་བསྟན་ཏོ། །གཉིས་པ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་གླང་པོ་ཐལ་ཀར་གྱི་ཚུལ་གྱིས་ཡབ་རྒྱལ་པོ་ཟས་གཙང་མའི་རྒྱལ་ཁབ་སེར་སྐྱའི་གནས་སུ་ཡུམ་སྒྱུ་འཕྲུལ་མ་གསོ་སྦྱོང་ལ་གནས་པའི་གློ་གཡས་པ་ནས་ལྷུམས་སུ་ཞུགས་ནས་ལྷུམས་གཞལ་ཡས་ཁང་དུ་བྱིན་གྱིས་རླབས་ནས་ལྷ་རྣམས་ལ་སྐྱེ་བ་རྣམ་པར་སྦྱངས་བའི་ཆོས་བསྟན། གསུམ་པ་སྐུ་བལྟམས་པ་ནི། ལུམྦི་ནི་ཡི་ཚལ་དུ་ཡུམ་སྒྱུ་འཕྲུལ་ཕྱག་གཡས་པ་ཤིང་གླག་ཤའི་ཡལ་ག་ལ་བཟུང་བའི་རྩིབ་ལོག་ནས་བྱོན་པ། ལྷའི་དབང་པོ་ཚངས་པ་དང༌། བརྒྱ་བྱིན་གྱིས་དར་གྱི་སྟེགས་ལས་བླངས་ཤིང་ཕྱོགས་བཞིར་གོམས་པ་བདུན་བདུན་ཕེབས་ཏེ། ང་ནི་འཇིག་རྟེན་འདི་ན་མཆོག་ཡིན་ནོ། །ཞེས་གསུངས་པས་ཞབས་གང་དུ་རེག་པར་མེ་ཏོག་རེ་རེ་སྐྱེས། ནམ་མཁའ་ནས་ལྷ་དང་ཀླུའི་ཁྲུས་གསོལ། དྲང་སྲོང་གིས་ལྟས་བརྟགས་པས་སངས་རྒྱས་སུ་འགྱུར་བར་ལུང་བསྟན། ལྷ་མཆོད་པར་ཕེབས་པས་ལྷའི་སྐུ་གཟུགས་བསུ་བར་ཕེབས་པས་ལྷ་ཡི་ལྷ་ཞེས་གྲགས། པད་སྤུངས་མཆོད་རྟེན་ཡབ་རྒྱལ་པོ་ཟས་གཙང་མས་བཞེངས་པར་གྲགས། བཞི་པ་བཟོ་ཡི་གནས་ལ་མཁས་པར་མཁྱེན་ཚུལ་ནི། ཡི་གེ་འབྲི་ཀློག་མཁན་པོ་ལས་རང་ཉིད་ལྷག་པར་མཛད། ལུས་ཀྱི་སྒྱུ་རྩལ་མདའ་འཕངས་བས། ཤིང་ཏ་ལ་བདུན། ལྕགས་སླང་བདུན། ལྕགས་ཀྱི་ཕ་གུ་བདུན་ལ་མདའ་བརྒྱབས་པས། དགའ་བོ་དང་ལྷས་སྦྱིན་གྱིས་ཐམས་ཅད་མ་ཕིགས། གཞོན་ནུ་དོན་གྲུབ་ཀྱིས་ཐམས་ཅད་ཕིགས་པའི་ཕ་རོལ་དུ་ས་ལ་མདའ་ཟུག་པ་ལས་ཆུ་ཡན་ལག་བརྒྱད་པ་བརྡོལ། གླང་ཆེན་ལྷས་སྦྱིན་གྱིས་ཐལ་ལྕག་གིས་བསད། དགའ་བོས་པང་དུ་བླང་སྟེ་རྒྱང་རིང་དུ་དོར། གཞོན་ནུ་དོན་གྲུབ་ཀྱིས་ཞབས་ཀྱི་མཐེ་བོས་གླང་པོའི་མཇུག་མ་ནས་བཟུང་སྟེ་འཕངས་བས་ར་བ་བདུན། འོབས་བདུན་འདས་པའི་ཕ་རོལ་རྒྱང་རིང་དུ་འཕངས་བ་ས་ལ་གཤོང་བྱུང་བས་གླང་པོའི་གཤོང་དུ་གྲགས་པ་སོགས་རྫུ་འཕྲུལ་དྲུག་ཅུ་རྩ་བཞི་ལ་འགྲན་བྲལ་དུ་གྲགས། ལྔ་པ་བཙུན་མོའི་འཁོར་ལ་རོལ་པ་ནི། ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ས་མཚོ་མ་འཁོར་ཉི་ཁྲི། གྲགས་འཛིན་མ་འཁོར་ཉི་ཁྲི་དང་བཅས་ཁབ་ཏུ་བཞེས་ཏེ་བཙུན་མོ་བསྟེན་པར་མཛད་དོ། །དྲུག་པ་ཁབ་ནས་ངེས་པར་འབྱུང་བ་ནི། སྐྱེད་ཚལ་དུ་ཕེབས་པའི་ཕོ་བྲང་གི་སྒོ་བཞི་ནས་སྐྱེ་བ། རྒ་བ། ན་བ། ཤི་བའི་རོ་རྣམས་གཟིགས་པས་རྒྱལ་སྲིད་ལ་ཐུགས་སྐྱོ་བའི་ཚུལ་མཛད། རབ་ཏུ་བྱུང་བ་གཟིགས་ནས་དབེན་པར་གཤེགས་སུ་ཆས་པ་ལ། ཕོ་བྲང་གི་སྒོ་རྣམས་དམག་གིས་ཉིན་མཚན་ཀུན་ཏུ་བསྲུངས་ཀྱང་བཙུན་མོ་རྣམས་མནལ་བའི་ཚེ་ཆིབས་པ་སྔགས་ལྡན་གྱི་རྐང་པ་བཞི་རྒྱལ་ཆེན་བཞིས་བཏེགས། ལྷའི་དབང་པོའི་ཁ་ལོ་པ་བྱས་ཏེ་འདུན་པ་བཅས་ནམ་མཁའི་དབྱིངས་ནས་གཤེགས་ཏེ་མཆོད་རྟེན་རྣམ་དག་དྲུང་དུ་བྱོན་ནས་དབུ་སྐྲ་བསིལ་བ་ལྷའི་དབང་པོས་ཁྱེར་ཏེ་ལྷ་ཡུལ་དུ་མཆོད་རྟེན་བཞེངས། བདུན་པ་དཀའ་བ་སྤྱད་པ་ནི། ཕྱི་རོལ་པའི་དྲང་སྲོང་རིང་འཕུར་དང༌། ལྷག་སྐྱོབས་ལས་འཇིག་རྟེན་གྱི་བསམ་གཏན་བསླབ་ཚུལ་གྱིས་ཆུ་བོ་ནཻ་རཉྫའི་འགྲམ་དུ་ལོ་དྲུག་ལ་ནས་འབྲུ་རེ་དང༌། ཆུ་ཐིགས་པ་རེ་གསོལ་ནས་བཀའ་བ་སྤྱད་པས་མཉམ་པར་བཞག །ཕྱུགས་རྫིས་སྙན་དུ་ལྕགས་ཀྱི་ཐུར་མ་འཛུགས་པ་དང༌། སྙན་དུ་དུང་བུས་ཀྱང་མཉམ་བཞག་ཏུ་བཞུགས། བརྒྱད་པ་བྱང་ཆུབ་སྙིང་པོར་གཤེགས་པ་ནི། ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐུལ་ཏེ་རྡོ་རྗེ་གདན་དུ་བྱོན་པར། རྩྭ་འཚོང་བཀྲ་ཤིས་ལྡན་ལས་རྩྭ་བཞེས། ཞིང་པའི་བུ་མོ་ལེགས་སྐྱེས་མས་བ་ཉིས་སྟོང་བཞོས་པའི་འོ་མའི་ཉིང་ཁུ་བཞེས་པས་སྐུ་ལུས་གསེར་གྱི་མདོག་ཏུ་གྱུར། ལྷའི་དབང་པོ་རྔོན་པའི་ཚུལ་གྱིས་ན་བཟའ་ཆོས་གོས་ཕུལ་བ་བཞེས་ཏེ་བྱང་ཆུབ་ཤིང་དྲུང་དུ་རྩྭ་ཀུ་ཤའི་གདན་ལ་བཞུགས། དགུ་པ་བདུད་བཏུལ་བ་ནི། བདུད་ཀྱི་གནས་སུ་ལྟས་དུ་མས་བསྐུལ་བས་སྟོན་པ་སངས་རྒྱས་པར་ཤེས་ནས། དགའ་རབ་དབང་ཕྱུག་རྔོན་པའི་ཚུལ་གྱིས་སངས་རྒྱས་པའི་རྒྱུ་མཚན་དྲིས་པས། ས་ཡི་ལྷ་མོ་བརྟན་མས་དཔང་པོར་མཛད་པས་ཕམ། བདུད་ཀྱི་བུ་མོ་རྣམས་རྒྱན་དང་ལང་ཚོས་བསླུ་བར་བརྩམས་པས་རྒན་མོའི་གཟུགས་སུ་བསྒྱུར་ནས་ཕམ། དམག་གི་དཔུང་སྦྲན་ཏེ་མཚོན་ཆའི་ཆར་ཕབ་ཀྱང་མེ་ཏོག་གི་ཆར་དུ་བསྒྱུར་ཏེ་ཕམ་པས་གནོད་པས་བརྫི་མ་ནུས་སོ། །བདུད་འདུལ་མཆོད་རྟེན་བཞེངས། བཅུ་པ་རྫོགས་པ་སངས་རྒྱས་པའི་མཛད་པ་ནི། བཅུ་པ་ས་ཟླའི་ཚེས་བཅོ་ལྔའི་ཐོ་རངས་ལ་མངོན་པར་རྫོགས་པར་སངས་རྒྱས་ཏེ་མཉམ་བཞག་གིས་ཞག་བདུན་ཕྲག་བདུན་དུ་བཞུགས་པ་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང༌། ཚངས་པས་གསེར་གྱི་འཁོར་ལོ་ཕུལ་ནས་ཆོས་འཁོར་བསྐོར་བར་བསྐུལ་ཏེ་ཞལ་གྱིས་བཞེས། བྱང་ཆུབ་མཆོད་རྟེན་བཞེངས། བཅུ་གཅིག་པ་ཆོས་འཁོར་བསྐོར་བ་དང་ཆོ་འཕྲུལ་གྱི་མཛད་པ་ནི། ཝཱ་ར་ཎཱ་སིར་ཕེབས་པ་སེང་གེའི་ཁྲི་སྟོང་བྱུང་བ་གསུམ་ལ་གཡས་སུ་བསྐོར་ཏེ། བཞི་པའི་སྟེང་རང་ཉིད་བཞུགས་ནས་འཁོར་ལྔ་སྡེ་དང༌། ལྷ་བརྒྱད་ཁྲི་ལ་བདེན་བཞིའི་ཆོས་འཁོར་དང་པོ་བསྐོར། གཉིས་པ་བྱ་རྒོད་སྤུངས་རིར་འཁོར་ལོ་བར་པ། གསུམ་པ་ལྷ་མིའི་གནས་སུ་འཁོར་ལོ་ཐ་མ་བཅས་ཉན་རང་བྱང་སེམས་ཀྱི་འཁོར་ལ་བསྐོར། སྟོན་པ་སྐུ་འཁྲུངས་ནས་ཞག་བདུན་གྱི་སྟེང་ཡུམ་མྱ་ངན་ལས་འདས་པ་སུམ་ཅུ་རྩ་གསུམ་དུ་སྐྱེས་པར་དྲིན་ལན་བསབ་པའི་མདོ་གསུངས་ནས་དབྱར་གནས་གཅིག་བཞུགས་ནས། དབྱུག་ཟླའི་ཚེས་༢༢ལ་རིན་པོ་ཆེའི་ཐེམ་སྐས་ལས་མི་ཡུལ་དུ་བབ་པ་དང༌། མཉན་དུ་ཡོད་པར། རྟ་པ་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་ཆོ་འཕྲུལ་མི་འདྲ་བ་རེས་གདུལ་བྱ་མཐའ་ཡས་པའི་དོན་མཛད། བཅུ་གཉིས་པ་མྱ་ངན་ལས་འདས་པ་ནི། སྐུ་དངོས་ཀྱི་མཛད་པ་རྫོགས་ཏེ་རྩྭ་མཆོག་གྲོང་དུ་ཕེབས་ནས་ཤིང་སཱ་ལ་ཟུང་གི་དྲུང་དུ་སེངྒེའི་ཉལ་སྟབས་ཀྱིས་བཞུགས་ནས་མྱ་ངན་ལས་འདའ་བར་མཛད། སྐུ་གདུང་མེ་རང་བཞེས་ཀྱིས་རིང་བསྲེལ་མང་དུ་བཞག་པར་མཛད་པས་སྐྱེ་དགུ་བསོད་ནམས་ཀྱི་དཔལ་འཕེལ་ཞིང་རྒྱས་པར་མཛད་པའོ། །མངྒ་ལས་སོ།

Footnotes

Other Information