བླ་མ་ཆོས་སྐུ་ཚེ་དཔག་མེད་ལ་བསྟོད་པ་འཆི་མེད་རྡོ་རྗེའི་རྔ་སྒྲ།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-050-03
Wylie title bla ma chos sku tshe dpag med la bstod pa 'chi med rdo rje'i rnga sgra DKR-KABUM-02-KHA-050.pdf
Location dil mgo mkhyen brtse bka' 'bum
Volume 2, sde tshan 50, Text 3, Pages 255-256 (Folios 6a4 to 7a2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Bla ma chos sku tshe dpag med la bstod pa 'chi med rdo rje'i rnga sgra. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 255-256. Delhi: Shechen Publications, 1994.
Genre Verses of Praise - bstod pa
[edit]
བླ་མ་ཆོས་སྐུ་ཚེ་དཔག་མེད་ལ་བསྟོད་པ་འཆི་མེད་རྡོ་རྗེའི་རྔ་སྒྲ་ཞེས་བྱ་བ་བཞུགས།། ཀ་དག་དབྱིངས་སྣང་འོད་མི་འགྱུར་བའི་རྩལ། །ཁ་སྦྱོར་བདེ་ཆེན་ཡན་ལག་བདུན་གྱི་གཟི། །ག་བུར་འཛིན་གཅིག་ཚེ་དང་ཡེ་ཤེས་མཐུ། །ང་བདག་བདུད་བཞིའི་མུན་སེལ་ལྷ་མཆོག་རྒྱལ། །ཅ་ཅོ་རབ་སྤངས་རྒྱལ་ཀུན་ཚངས་དབྱངས་གསུང༌། །ཆ་བྱད་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་ཚུལ། །ཇ་ཧང་ཐུན་མཚམས་སྤྲིན་མཚུངས་མཚན་དཔེའི་སྐུ། །ཉ་ཟླ་མཁའ་ལ་མཛེས་བཞིན་རྗེས་སུ་དྲན། །ཏ་མ་ལ་མཚུངས་མི་བསྐྱོད་ཚེ་མཐའ་ཡས། །ཐ་དད་རིགས་ཀྱི་འཁོར་ལོའི་བསྒྱུར་སྟོན་པས། །དཱ་ན་ཨཱ་ཡུ་རིགས་ལྔའི་དངོས་གྲུབ་དཀྱིལ། །ན་རྒ་སྐྱེ་འཆིའི་ཆུ་བཞི་སྒྲོལ་ལ་བསྔགས། །པ་སངས་འཆར་བས་སྐྱ་རེངས་སྒོ་འབྱེད་བཞིན། །ཕ་མཐའ་ཡས་པའི་དངོས་གྲུབ་རྒྱ་མཚོའི་དཔལ། །བ་མཆོག་བཞིན་འཇོའི་ཐོག་མར་རྡོ་རྗེའི་ཚེས། །མཱ་རའི་འཇིགས་སྐྱོབ་འཆི་མེད་མགོན་དུ་གྲགས། །ཙ་ཀོ་ར་གླུའི་དཔྱིད་ཀྱི་དགའ་བའི་ཆར། །ཚ་གྲང་གདུང་སེལ་ལྷན་དུ་འབོད་པ་བཞིན། །ཛ་དྣུའི་རྒྱུན་བཞིན་རྡོ་རྗེའི་ལང་ཚོའི་དཔྱིད། །ཝ་ལེར་སྩོལ་བའི་དབང་བཅུའི་ཕྲིན་ལས་རྨད། །ཞ་རེངས་དང་བྲལ་མི་ཤིགས་དྷཱུ་ཏིའི་ཀློང༌། །ཟ་ཟིའི་གཟུང་འཛིན་ཞུགས་གནས་ཐོབ་པའི་མཐར། །འ་འུར་སྐྱེ་འཆི་མེད་པའི་རྡོ་རྗེའི་སྐུ། །ཡ་མཚན་སྦྱིན་པར་བྱེད་པོ་ཁྱེད་གཅིག་ངེས། །ར་མ་ཎ་ཡི་སྙིང་སྟོབས་ཟིལ་གནོན་མཐུ། །ལ་འུར་མཚན་དང་རིག་སྔགས་བཟླས་ཙམ་གྱིས། །ཤ་ཁྲག་ནོར་དངོས་རྡོ་རྗེའི་སྲོག་སྦྱིན་པ། །ས་གསུམ་སྒྲོན་མེའི་ཁྱོད་གཅིག་བསྔགས་མིན་ནམ། །ཧ་རིའི་དྲི་བསུང་ངད་ལྡང་ལྷོ་རླུང་བཞིན། །ཨ་ཧོ་གདོད་ནས་བདེ་བའི་མཆོག་སྟེར་མགོན། །ཨ་ལ་ལ་ཡི་བསྟོད་པའི་མེ་ཏོག་ཆར། །ཧ་ཧའི་གད་མོ་འཛུམ་བཞིན་ཕུལ་བའི་མཐུས། །ཨི་དམ་བསྔགས་པའི་གླིང་བུ་ཕྲ་ན་ཡང༌། །ཨུ་མའི་ལང་ཚོའི་ཆ་ཡིས་སིམ་བྱེད་བཞིན། །ཨེ་མ་སངས་རྒྱས་མཐུ་སྟོབས་བསམ་མི་ཁྱབ། །ཨོ་ཌིའི་མིང་ཅན་བདག་ལ་སྩོལ་རྒྱུར་སྨོན། །བསྔགས་བརྗོད་ཀྱི་རབ་བྱེད་དང་པོའོ།

Footnotes

Other Information