བླ་མ་རྒྱང་འབོད་བྱིན་རླབས་སྤྲིན་ཕྲེང་བ།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-049-02
Wylie title bla ma rgyang 'bod byin rlabs sprin phreng ba DKR-KABUM-02-KHA-049.pdf
Location dil mgo mkhyen brtse bka' 'bum
Volume 2, sde tshan 49, Text 2, Pages 241-243 (Folios 4b4 to 6b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Bla ma rgyang 'bod byin rlabs sprin phreng ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 241-243. Delhi: Shechen Publications, 1994.
Genre Calling the Lama from Afar - bla ma rgyang 'bod
Colophon

།ཞེས་པའང་ལྷོ་འབྲུག་གི་དགེ་སྦྱོང་སྤོང་བ་པ་ཀརྨ་ཚུལ་ཁྲིམས་གཞན་ཕན་པས་སྤར་དུ་བསྒྲུབས་པར་བླ་མ་རྒྱང་འབོད་ཞིག་དགོས་ཞེས་བསྐུལ་བ་ལྟར་མཁས་གྲུབ་བླ་མ་དུ་མས་རྗེས་སུ་བཟུང་བའི་སྐལ་བཟང་ཅན་མངྒ་ལས་བྲིས་པ་འགྲོ་ཀུན་ཆོས་བཞིན་སྤྱོད་པའི་དགེ་བའི་བཤེས་ཀྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །དགེའོ།

/zhes pa'ang lho 'brug gi dge sbyong spong ba pa karma tshul khrims gzhan phan pas spar du bsgrubs par bla ma rgyang 'bod zhig dgos zhes bskul ba ltar mkhas grub bla ma du mas rjes su bzung ba'i skal bzang can mang+ga las bris pa 'gro kun chos bzhin spyod pa'i dge ba'i bshes kyis rjes su 'dzin pa'i rgyur gyur cig__/dge'o/

[edit]
༈ བླ་མ་རྒྱང་འབོད་བྱིན་རླབས་སྤྲིན་ཕྲེང་བཞུགས་སོ། །བླ་མ་མཁྱེན་ནོ། །སྟོན་མཆོག་ཤཱཀྱའི་རྒྱལ་པོ་མཁྱེན་ནོ། །སྐུ་ལྔ་ལྷུན་གྲུབ་དབྱིངས་ནས་གཟིགས་ཤིག །ལྔ་བརྒྱ་ཐ་མའི་གདུལ་བྱ་ཐམས་ཅད། །ཐར་པ་མཆོག་གི་ལམ་དུ་དྲོངས་ཤིག །ཨོ་རྒྱན་པདྨ་འབྱུང་གནས་མཁྱེན་ནོ། །ཟངས་མདོག་དཔལ་རིའི་ཞིང་ནས་གཟིགས་ཤིག །བོད་ཡུལ་རྩོད་དུས་འགྲོ་བ་མ་ལུས། །ཐུགས་རྗེ་མྱུར་མགྱོགས་ཕྱག་གིས་ཟུང་ཞིག །བཀའ་གཏེར་བརྒྱུད་པའི་རིག་འཛིན་མཁྱེན་ནོ། །སྐུ་གསུམ་རྒྱལ་བའི་ཞིང་ནས་གཟིགས་ཤིག །གྲོལ་བ་དྲུག་གི་ཕྲིན་ལས་ཆེན་པོ། །འབྲེལ་ཚད་ཕྱིར་མི་ལྡོག་པར་མཛོད་ཅིག །བཀའ་གདམས་ཇོ་བོ་ཡབ་སྲས་མཁྱེན་ནོ། །གཞན་ཕན་བྱང་སེམས་ཀློང་ནས་གཟིགས་ཤིག །གདུལ་དཀའ་དམུ་རྒོད་འགྲོ་བ་ཐམས་ཅད། །ཐུགས་བསྐྱེད་ཞགས་པས་ཐར་པར་དྲོངས་མཛོད། །ས་སྐྱ་བརྩེ་ཆེན་ཁུ་དབོན་མཁྱེན་ནོ། །འོག་མིན་དག་པའི་ཞིང་ནས་གཟིགས་ཤིག །སྙིགས་དུས་ཡིད་ཅན་འཁྲུལ་པར་འཁྱམས་ཀུན། །ཐམས་ཅད་མཁྱེན་པའི་ལམ་དུ་དྲོངས་ཤིག །བཀའ་བརྒྱུད་མར་མི་དྭགས་གསུམ་མཁྱེན་ནོ། །བདེ་ཆེན་དག་པའི་ཞིང་ནས་གཟིགས་ཤིག །ཆོས་བརྒྱད་གཟུང་འཛིན་ཞེན་པས་འཆིང་ཀུན། །ཟུང་འཇུག་གྲུབ་པའི་རྒྱལ་སར་སྦྱོར་ཅིག །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་མཁྱེན་ནོ། །མཁའ་སྤྱོད་ཌཱ་ཀིའི་ཞིང་ནས་གཟིགས་ཤིག །ལས་ཉོན་སྡུག་བསྔལ་ཅན་གྱི་འགྲོ་རྣམས། །མྱུར་དུ་རྡོ་རྗེའི་ལམ་མཆོག་སྟོན་ཅིག །དམ་པ་སངས་རྒྱས་ལབ་སྒྲོན་མཁྱེན་ནོ། །ལས་རབ་གྲུབ་པའི་ཞིང་ནས་གཟིགས་ཤིག །སྡུག་བསྔལ་དྲག་པོས་གཟིར་བའི་འགྲོ་ཀུན། །བདེ་ཆེན་ཐར་པའི་གླིང་དུ་དྲོངས་ཤིག །ཆོས་རྒྱལ་རིགས་ལྡན་ཇོ་ཞལ་མཁྱེན་ནོ། །བྱང་ཕྱོགས་ཤམྦྷ་ལ་ནས་གཟིགས་ཤིག །ནག་ཕྱོགས་ཀླ་ཀློའི་འཇིགས་ལས་བསྐྱབས་ཏེ། །རྡོ་རྗེའི་ས་ལ་དབུགས་དབྱུང་མཛོད་ཅིག །འཕགས་བོད་ལོ་པཎ་ཐམས་ཅད་མཁྱེན་ནོ། །འགྲོ་འདུལ་ཐུགས་རྗེའི་ཞིང་ནས་གཟིགས་ཤིག །མ་ལུས་འགྲོ་བའི་སྒོ་གསུམ་འཁྲུལ་པ། །རྡོ་རྗེ་གསུམ་དུ་དག་པར་མཛོད་ཅིག །འཇམ་མགོན་ཉི་ཟླ་ཟུང་གཅིག་མཁྱེན་ནོ། །རབ་འབྱམས་རྒྱལ་བའི་ཞིང་ནས་གཟིགས་ཤིག །རྩོད་དུས་མུན་པའི་གདུལ་བྱ་ཐམས་ཅད། །འབྲེལ་ཚད་དོན་ལྡན་ས་ལ་སྦྱོར་ཅིག །མི་ཕམ་འཇམ་དབྱངས་རྣམ་རྒྱལ་མཁྱེན་ནོ། །རྒྱལ་ཀུན་ཐུགས་ཀྱི་དབྱིངས་ནས་གཟིགས་ཤིག །སྲས་བཅས་སངས་རྒྱས་ཀུན་གྱི་རྣམ་ཐར། །འགྲོ་ཀུན་འཇུག་ཅིང་སྤྱོད་པར་མཛོད་ཅིག །རྒྱལ་ཚབ་པདྨ་རྣམ་རྒྱལ་མཁྱེན་ནོ། །འོད་གསལ་ལྷུན་གྲུབ་དབྱིངས་ནས་གཟིགས་ཤིག །མཁའ་ཁྱབ་འགྲོ་ཀུན་ཕྱིར་མི་ལྡོག་པར། །ཐམས་ཅད་མཁྱེན་པའི་ས་ལ་སྦྱོར་ཅིག །འཇམ་དབྱངས་ཆོས་ཀྱི་བློ་གྲོས་མཁྱེན་ནོ། །ཚད་མེད་ཐུགས་རྗེའི་ཀློང་ནས་གཟིགས་ཤིག །མཁྱེན་བརྩེའི་ཐུགས་བསྐྱེད་ཆེན་པོའི་ཤུགས་ཀྱིས། །བླ་མེད་ཐར་པའི་ལམ་དུ་དྲོངས་ཤིག །རང་བྱུང་རིག་པའི་རྡོ་རྗེ་མཁྱེན་ནོ། །ཀུན་ཁྱབ་ཐུགས་རྗེའི་དབྱིངས་ནས་གཟིགས་ཤིག །མ་ལུས་འགྲོ་ཀུན་སྲིད་ཞིའི་གཡང་ལས། །སྒྲོལ་ཏེ་ཐར་པའི་གྲོང་དུ་ཁྲིད་མཛོད། །འཇིགས་མེད་མཁྱེན་བརྩེའི་འོད་ཟེར་མཁྱེན་ནོ། །སྤྱི་གཙུག་བདེ་ཆེན་ཞིང་ནས་གཟིགས་ཤིག །སྨིན་གྲོལ་ཆོས་ཀྱི་གདམས་ངག་ཟབ་མོས། །བདག་རྒྱུད་སྨིན་ཅིང་གྲོལ་བར་མཛོད་ཅིག །རིས་མེད་མཁས་གྲུབ་རྒྱ་མཚོ་མཁྱེན་ནོ། །གང་འདུལ་ཐུགས་རྗེའི་ཀློང་ནས་གཟིགས་ཤིག །བསྟན་པ་ཡོངས་རྫོགས་ཆོས་ཀྱི་བདུད་རྩིས། །སྐལ་བཟང་རྣམ་གྲོལ་ས་ལ་དྲོངས་ཤིག །སངས་རྒྱས་ཀུན་གྱི་ཐུགས་རྗེའི་ཡེ་ཤེས། །གང་འདུལ་བླ་མའི་གཟུགས་སུ་སྟོན་པས། །མ་ལུས་འགྲོ་ཀུན་བདེ་ནས་བདེ་བར། །མྱུར་དུ་དབྱུགས་དབྱུང་བྱིན་རླབས་སྩོལ་མཛོད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་དབྱིངས་སུ། །སྒོ་གསུམ་སྨིན་ཅིང་གྲོལ་བར་གྱུར་ནས། །དོན་གཉིས་ལྷུན་གྲུབ་སྐུ་བཞིའི་གོ་འཕང༌། །མངོན་སུམ་གྲུབ་པའི་སྐལ་བཟང་མཛོད་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་ཛྙཱ་ན་སིདྡྷི་ཧཱུྃ། ཞེས་མོས་གུས་རྩལ་དུ་སྤྲུགས་པས་གསོལ་བ་རྩེ་གཅིག་ཏུ་གདབ་བོ། །ཞེས་པའང་ལྷོ་འབྲུག་གི་དགེ་སྦྱོང་སྤོང་བ་པ་ཀརྨ་ཚུལ་ཁྲིམས་གཞན་ཕན་པས་སྤར་དུ་བསྒྲུབས་པར་བླ་མ་རྒྱང་འབོད་ཞིག་དགོས་ཞེས་བསྐུལ་བ་ལྟར་མཁས་གྲུབ་བླ་མ་དུ་མས་རྗེས་སུ་བཟུང་བའི་སྐལ་བཟང་ཅན་མངྒ་ལས་བྲིས་པ་འགྲོ་ཀུན་ཆོས་བཞིན་སྤྱོད་པའི་དགེ་བའི་བཤེས་ཀྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །དགེའོ།
[edit]

!_bla ma rgyang 'bod byin rlabs sprin phreng bzhugs so/__/bla ma mkhyen no/_/ston mchog shAkya'i rgyal po mkhyen no/_/sku lnga lhun grub dbyings nas gzigs shig_/lnga brgya tha ma'i gdul bya thams cad/_/thar pa mchog gi lam du drongs shig_/o rgyan pad+ma 'byung gnas mkhyen no/_/zangs mdog dpal ri'i zhing nas gzigs shig_/bod yul rtsod dus 'gro ba ma lus/_/thugs rje myur mgyogs phyag gis zung zhig_/bka' gter brgyud pa'i rig 'dzin mkhyen no/_/sku gsum rgyal ba'i zhing nas gzigs shig_/grol ba drug gi phrin las chen po/_/'brel tshad phyir mi ldog par mdzod cig_/bka' gdams jo bo yab sras mkhyen no/_/gzhan phan byang sems klong nas gzigs shig_/gdul dka' dmu rgod 'gro ba thams cad/_/thugs bskyed zhags pas thar par drongs mdzod/_/sa skya brtse chen khu dbon mkhyen no/_/'og min dag pa'i zhing nas gzigs shig_/snyigs dus yid can 'khrul par 'khyams kun/_/thams cad mkhyen pa'i lam du drongs shig_/bka' brgyud mar mi dwags gsum mkhyen no/_/bde chen dag pa'i zhing nas gzigs shig_/chos brgyad gzung 'dzin zhen pas 'ching kun/_/zung 'jug grub pa'i rgyal sar sbyor cig_/mkhas grub khyung po rnal 'byor mkhyen no/_/mkha' spyod DA ki'i zhing nas gzigs shig_/las nyon sdug bsngal can gyi 'gro rnams/_/myur du rdo rje'i lam mchog ston cig_/dam pa sangs rgyas lab sgron mkhyen no/_/las rab grub pa'i zhing nas gzigs shig_/sdug bsngal drag pos gzir ba'i 'gro kun/_/bde chen thar pa'i gling du drongs shig_/chos rgyal rigs ldan jo zhal mkhyen no/_/byang phyogs sham+b+ha la nas gzigs shig_/nag phyogs kla klo'i 'jigs las bskyabs te/_/rdo rje'i sa la dbugs dbyung mdzod cig_/'phags bod lo paN thams cad mkhyen no/_/'gro 'dul thugs rje'i zhing nas gzigs shig_/ma lus 'gro ba'i sgo gsum 'khrul pa/_/rdo rje gsum du dag par mdzod cig_/'jam mgon nyi zla zung gcig mkhyen no/_/rab 'byams rgyal ba'i zhing nas gzigs shig_/rtsod dus mun pa'i gdul bya thams cad/_/'brel tshad don ldan sa la sbyor cig_/mi pham 'jam dbyangs rnam rgyal mkhyen no/_/rgyal kun thugs kyi dbyings nas gzigs shig_/sras bcas sangs rgyas kun gyi rnam thar/_/'gro kun 'jug cing spyod par mdzod cig_/rgyal tshab pad+ma rnam rgyal mkhyen no/_/'od gsal lhun grub dbyings nas gzigs shig_/mkha' khyab 'gro kun phyir mi ldog par/_/thams cad mkhyen pa'i sa la sbyor cig_/'jam dbyangs chos kyi blo gros mkhyen no/_/tshad med thugs rje'i klong nas gzigs shig_/mkhyen brtse'i thugs bskyed chen po'i shugs kyis/_/bla med thar pa'i lam du drongs shig_/rang byung rig pa'i rdo rje mkhyen no/_/kun khyab thugs rje'i dbyings nas gzigs shig_/ma lus 'gro kun srid zhi'i g.yang las/_/sgrol te thar pa'i grong du khrid mdzod/_/'jigs med mkhyen brtse'i 'od zer mkhyen no/_/spyi gtsug bde chen zhing nas gzigs shig_/smin grol chos kyi gdams ngag zab mos/_/bdag rgyud smin cing grol bar mdzod cig_/ris med mkhas grub rgya mtsho mkhyen no/_/gang 'dul thugs rje'i klong nas gzigs shig_/bstan pa yongs rdzogs chos kyi bdud rtsis/_/skal bzang rnam grol sa la drongs shig_/sangs rgyas kun gyi thugs rje'i ye shes/_/gang 'dul bla ma'i gzugs su ston pas/_/ma lus 'gro kun bde nas bde bar/_/myur du dbyugs dbyung byin rlabs stsol mdzod/_/sku gsung thugs kyi rdo rje'i dbyings su/_/sgo gsum smin cing grol bar gyur nas/_/don gnyis lhun grub sku bzhi'i go 'phang*/_/mngon sum grub pa'i skal bzang mdzod cig_/oM AHhU~M badz+ra ma hA gu ru sarba dz+nyA na sid+d+hi hU~M/_zhes mos gus rtsal du sprugs pas gsol ba rtse gcig tu gdab bo/_/zhes pa'ang lho 'brug gi dge sbyong spong ba pa karma tshul khrims gzhan phan pas spar du bsgrubs par bla ma rgyang 'bod zhig dgos zhes bskul ba ltar mkhas grub bla ma du mas rjes su bzung ba'i skal bzang can mang+ga las bris pa 'gro kun chos bzhin spyod pa'i dge ba'i bshes kyis rjes su 'dzin pa'i rgyur gyur cig__/dge'o/

Footnotes

Other Information