བླ་མའི་རྣལ་འབྱོར་བྱིན་རླབས་བདུད་རྩིའི་སྣང་བ།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-018
Wylie title bla ma'i rnal 'byor byin rlabs bdud rtsi'i snang ba DKR-KABUM-02-KHA-018.pdf
Location dil mgo mkhyen brtse bka' 'bum
Volume 2, Text 18, Pages 119-122 (Folios 1a1 to 4a5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Bla ma'i rnal 'byor byin rlabs bdud rtsi'i snang ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 119-122. Delhi: Shechen Publications, 1994.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཞེས་པའང་སྐྱབས་རྗེ་མདོ་ཁམས་པའི་ཞལ་སློབ་དམ་པའི་ཡོན་ཏན་ཟླ་བ་ཚེས་པས་ལེགས་པར་བརྒྱན་པ་ཆོས་རྒྱལ་སྤྲུལ་པའི་སྐུ་ངག་དབང་མི་ཕམ་ཡོན་ཏན་རྒྱ་མཚོས་ནན་ཏན་ཆེན་པོའི་གསུང་གིས་རྟེན་དང་བཅས་ཏེ་བསྐུལ་བ་བཞིན་རིས་མེད་མཁས་གྲུབ་རྒྱ་མཚོས་རྗེས་སུ་གཟུང་བའི་སྐལ་བཟང་ཙམ་ཐོབ་པ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་དུ་འབོད་པས་འཕགས་ཡུལ་རྡོ་རྗེ་གདན་གྱི་གཙུག་ལག་ཁང་གི་འདབས་རོལ་དུ་བྲིས་པ་སྐུ་གསུམ་བླ་མའི་ཡེ་ཤེས་ཐུགས་རྒྱུད་ལ་སད་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།།

/zhes pa'ang skyabs rje mdo khams pa'i zhal slob dam pa'i yon tan zla ba tshes pas legs par brgyan pa chos rgyal sprul pa'i sku ngag dbang mi pham yon tan rgya mtshos nan tan chen po'i gsung gis rten dang bcas te bskul ba bzhin ris med mkhas grub rgya mtshos rjes su gzung ba'i skal bzang tsam thob pa 'jigs med mkhyen brtse'i 'od zer du 'bod pas 'phags yul rdo rje gdan gyi gtsug lag khang gi 'dabs rol du bris pa sku gsum bla ma'i ye shes thugs rgyud la sad pa'i rgyur gyur cig__/sarba mang+ga laM/__dge'o//

[edit]
༄༅། བླ་མའི་རྣལ་འབྱོར་བྱིན་རླབས་བདུད་རྩིའི་སྣང་བ་བཞུགས། །ཨེ་མ་ཧོ། སྣོད་བཅུད་རྣམ་དག་རང་སྣང་པདྨ་འོད། །ལྷུན་རྫོགས་ཟངས་མདོག་དཔལ་རིའི་ཞིང་གི་དབུས། །པད་ཉི་རོ་སྟེང་གཞི་ལུས་རྣལ་འབྱོར་མ། །དམར་གསལ་གཅེར་བུ་གྲི་ཐོད་རུས་རྒྱན་ཅན། །སྤྱི་བོར་སངས་རྒྱས་ཀུན་འདུས་པདྨ་འབྱུང༌། །དབྱེར་མེད་པདྨ་འོད་གསལ་མདོ་སྔགས་གླིང༌། །དཀར་དམར་མཛེས་འཛུམ་མཚན་དཔེ་གཟི་བྱིན་འབར། །ཕྱག་གཡས་སྡིགས་མཛུབ་དང་བཅས་རྡོ་རྗེ་འཕྱར། །གཡོན་པས་མཉམ་བཞག་ཐོད་བུམ་བདུད་རྩིས་བཀང༌། །མཆན་གཡོན་ཁ་ཊྭཱཾ་ཞབས་ཟུང་རོལ་སྟབས་བཅས། །པདྨ་འདབ་སྟོང་ཟླ་བའི་སྟེང་ན་རོལ། །འཇའ་ཟེར་འོད་ཀྱི་ཐིག་ལེ་འཁྲུགས་པའི་ཀློང༌། །ཐུབ་པའི་རྒྱལ་ཚབ་མཁན་ཆེན་ཞི་བ་འཚོ། །གསང་ཆེན་རྒྱུད་སྡེའི་ཤིང་རྟ་རྒྱལ་པོ་ཛཿ །ཟབ་གསང་ལུང་གི་སྒོ་འབྱེད་སངས་རྒྱས་གསང༌། །མན་ངག་ཐེག་རྩེའི་ཤིང་རྟ་དགའ་རབ་རྗེ། །མཐའ་བསྐོར་བྱང་སེམས་མངའ་བདག་མར་མེ་མཛད། །བླ་མ་ས་ཆེན་དགྱེས་མཛད་ལོ་ཙཱ་ཆེ། །ཁྱུང་པོ་རྣལ་འབྱོར་དམ་པ་སངས་རྒྱས་དང༌། །མ་གཅིག་ལབ་སྒྲོན་ཇོ་ཞལ་དོལ་པོ་པ། །མཁས་གྲུབ་ཨོ་རྒྱན་མི་ཏྲ་ཛོ་ཀི་སོགས། །གསར་རྙིང་འཕགས་ཚོགས་རྒྱ་མཚོའི་སྤྲིན་འཕྲོ་བ། །དྲན་པ་ཙམ་གྱིས་ཡེ་ཤེས་སྣང་བ་སྟེར། །མངོན་སུམ་བྱིན་རླབས་རྡོ་རྗེའི་སྐུ་རུ་གསལ། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་ཚིག་བདུན་གསོལ་འདེབས་ཀྱིས་དམ་ཡེ་དབྱེར་མེད་སྤྱན་དྲངས་ལ་བསྟིམ། ཧོ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང༌། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་འབུལ་ལོ། །ཚེ་རབས་བགྲང་བའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །སོགས་ཀྱིས་བསགས་སྦྱངས་བྱས་ནས། ཀུན་ཁྱབ་ཆོས་སྐུའི་སྟོན་པ་འོད་མི་འགྱུར། །རང་བྱུང་དཀྱིལ་འཁོར་ཁྱབ་བདག་མཉྫུ་ཤྲཱི། །པདྨ་འཇམ་པའི་རྡོ་རྗེ་ཐོད་ཕྲེང་རྩལ། །དབྱེར་མེད་གར་གྱི་དབང་ཕྱུག་མདོ་སྔགས་གླིང༌། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་རྩེད་ལས། །འཇམ་དཔལ་བཤེས་གཉེན་པཎ་ཆེན་བི་མ་ལ། །མངའ་བདག་ཁུ་དབོན་ཟབ་གཏེར་རྒྱལ་པོ་ལྔ། །ཀློང་ཆེན་རབ་འབྱམས་ཀུན་མཁྱེན་འཇིགས་མེད་གླིང༌། །ཇོ་བོའི་སྲས་གཅིག་འབྲོམ་སྟོན་རྒྱལ་བའི་འབྱུང༌། །གངས་ཅན་རྡོ་རྗེ་འཛིན་རྒྱལ་གྲགས་རྒྱལ་དང༌། །མི་ལའི་ཐུགས་སྲས་དྭགས་པོ་རས་ཆུང་པ། །གྲུབ་ཆེན་ཐང་རྒྱལ་སྙེ་མདོ་ཐམས་ཅད་མཁྱེན། །ཐུགས་སྲས་ཟླ་བ་ལ་སོགས་རྒྱ་བོད་ཀྱི། །མཁས་གྲུབ་ཀུན་འདུས་འཇམ་དབྱངས་མཁྱེན་བརྩེའི་དབང༌། །མཆོག་གི་རྣམ་འཕྲུལ་ཆོས་ཀྱི་བློ་གྲོས་རྗེའི། །གསང་གསུམ་བྱིན་ཐོབ་གར་དབང་མདོ་སྔགས་གླིང༌། །ཁྱབ་བདག་བླ་མའི་ཞབས་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་སྤྱི་གཟུགས་བླ་མ་རྗེར། །ཡིད་ཆེས་དད་པས་རྟག་ཏུ་གསོལ་འདེབས་ན། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །འབྲལ་མེད་ཡེ་ཤེས་སྤྱན་གྱིས་གཟིགས་སུ་གསོལ། །བདེ་སྐྱིད་མི་རྟག་ཞེན་མེད་བླ་མའི་གར། །སྡུག་བསྔལ་སྡིག་སྒྲིབ་ཕྱགས་ཤིང་བླ་མས་བསྩལ། །སྣང་སྲིད་བླ་མའི་ཡེ་ཤེས་རོལ་གར་དུ། །སྙིང་ནས་ངེས་པ་རྙེད་པས་གསོལ་བ་འདེབས། །རང་རིག་འོད་གསལ་ཆོས་སྐུའི་བླ་མ་ཉིད། །རྟག་ཏུ་འཕོ་མེད་སྙིང་གི་ཐིག་ལེར་བཞུགས། །ཡིད་ཆེས་རང་ངོ་ཤེས་པས་གསོལ་འདེབས་ན། །དགོངས་བརྒྱུད་ཆོས་སྐུའི་བྱིན་རླབས་སྩོལ་ཅིག་ཀྱཻ། །གདོད་ནས་འདུ་འབྲལ་མེད་པའི་བླ་མ་ནི། །མངོན་སུམ་རང་ཞལ་མཇལ་བའི་གསོལ་འདེབས་ཀྱིས། །འཁྲུལ་པ་རང་གྲོལ་ཟང་ཐལ་ཆོས་སྐུའི་ཀློང༌། །གཉིས་མེད་བྱིན་གྱིས་རློབ་པར་མཛད་དུ་གསོལ། །ཞེས་དང༌། །སྐབས་སུ། རྗེ་བཙུན་གུ་རུ་རིན་པོ་ཆེ༔ ཁྱེད་ནི་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེ་བྱིན་རླབས་འདུས་པའི་དཔལ༔ སེམས་ཅན་ཡོངས་ཀྱི་མགོན་གཅིག་པུ༔ ལུས་དང་ལོངས་སྤྱོད་བློ་སྙིང་བྲང༔ ལྟོས་པ་མེད་པར་ཁྱེད་ལ་འབུལ༔ འདི་ནས་བྱང་ཆུབ་མ་ཐོབ་བར༔ སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཀུན༔ རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེན༔ ཞེས་ཅི་ནུས་དང༌། བདག་ལ་རེ་ས་གཞན་ན་མེད༔ ད་ལྟ་དུས་ངན་སྙིགས་མའི་འགྲོ༔ མི་བཟད་སྡུག་བསྔལ་འདམ་དུ་བྱིང༔ འདི་ལས་སྐྱོབས་ཤིག་མ་ཧཱ་གུ་རུ༔ དབང་བཞི་བསྐུར་ཅིག་བྱིན་རླབས་ཅན༔ རྟོགས་པ་སྤོར་ཅིག་ཐུགས་རྗེ་ཅན༔ སྒྲིབ་གཉིས་སྦྱོངས་ཤིག་ནུས་མཐུ་ཅན༔ ནམ་ཞིག་ཚེ་ཡི་དུས་བྱས་ཚེ༔ རང་སྣང་རྔ་ཡབ་དཔལ་རིའི་ཞིང༔ ཟུང་འཇུག་སྤྲུལ་པའི་ཞིང་ཁམས་སུ༔ གཞི་ལུས་རྡོ་རྗེ་རྣལ་འབྱོར་མ༔ གསལ་འཚེར་འོད་ཀྱི་གོང་བུ་རུ༔ གྱུར་ནས་རྗེ་བཙུན་པད་འབྱུང་དང༔ དབྱེར་མེད་ཆེན་པོར་སངས་རྒྱས་ཏེ༔ བདེ་དང་སྟོང་པའི་ཆོ་འཕྲུལ་གྱི༔ ཡེ་ཤེས་ཆེན་པོའི་རོལ་པ་ལས༔ ཁམས་གསུམ་སེམས་ཅན་མ་ལུས་པ༔ འདྲེན་པའི་དེད་དཔོན་དམ་པ་རུ༔ རྗེ་བཙུན་པདྨས་དབུགས་དབྱུང་གསོལ༔ གསོལ་བ་སྙིང་གི་དཀྱིལ་ནས་འདེབས༔ ཁ་ཙམ་ཚིག་ཙམ་མ་ཡིན་ནོ༔ བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལ༔ བསམ་དོན་འགྲུབ་པར་མཛད་དུ་གསོལ༔ སྙིང་ཐིག་གི་བླ་མའི་གསོལ་འདེབས་རིགས་ཀྱང་སྦྱར། ཐུན་མཐར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་པ་ར་ཙིཏྟ་བཛྲ་སརྦ་སིདྡྷི་ཧཱུྃ༔ ཞེས་མཚན་སྔགས་ཅི་ནུས་བཟླ། དབང་བཞི་རྒྱས་པར་ལེན་ན་སྙིང་ཐིག་ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ལྟར་བྱ། བསྡུ་ན། འཁོར་རྣམས་འོད་ཞུ་གཙོ་བོའི་སྐུ་ལ་འདུས། །སངས་རྒྱས་ཀུན་གྱི་སྤྱི་གཟུགས་བླ་མ་རྗེའི། །གནས་གསུམ་རྡོ་རྗེའི་ཡིག་འབྲུ་སྤྲོ་བསྡུ་ཡིས། །དབང་བཞི་མངོན་བསྩལ་སྒྲིབ་བཞིའི་དྲི་མ་བཀྲུས། །ལམ་བཞིའི་སྣོད་གྱུར་སྐུ་བཞིའི་འབྲས་ཐོབ་པའི། །སྐལ་པ་མཆོག་གི་གནས་སུ་དབུགས་དབྱུང་གྱུར། །རང་ཉིད་རྣལ་འབྱོར་མ་དཔལ་བླ་མར་ཐིམ། །བླ་མ་འོད་གསལ་དབྱིངས་སུ་འཇའ་ལྟར་ཡལ། །ཨ་ཨ་ཨ། སྣང་བ་མ་འགགས་བླ་མའི་ཡེ་ཤེས་སྐུ། །གྲགས་སྟོང་མི་དམིགས་ནཱ་དའི་གསུང་རྡོ་རྗེ། །འོད་གསལ་མཁའ་ཁྱབ་དགོངས་པ་མི་གཡོ་བའི། །རྡོ་རྗེ་གསུམ་གྱི་རོལ་པར་འབྱམས་ཀླས་ཤར། །སྣང་སྤྱོད་དག་པ་བླ་མའི་སྐུ་དང་ཞིང་གི་ངོ་བོར་བལྟས་ནས་བསྔོ་སྨོན་ཇི་ལྟར་རིགས་པས་མཚམས་སྦྱར། རྗེས་ཐོབ་བསགས་སྦྱོང་གི་རྣལ་འབྱོར་ལ་འབད་པས་དོན་ཡོད་པར་བྱའོ། །མདོར་ན་བླ་མ་རང་རིག་དབྱེར་མེད་ཤེས་པས་མོས་གུས་དང་སེམས་ཀྱི་གཤིས་ལུགས་ལྟ་བའི་ཉམས་ལེན་ཁོ་ན་ལ་འབད། བོགས་འབྱིན་གྱི་ཚུལ་དུ་འདི་ཉིད་ཉམས་སུ་ལེན་པ་གཅེས་སོ། །ཞེས་པའང་སྐྱབས་རྗེ་མདོ་ཁམས་པའི་ཞལ་སློབ་དམ་པའི་ཡོན་ཏན་ཟླ་བ་ཚེས་པས་ལེགས་པར་བརྒྱན་པ་ཆོས་རྒྱལ་སྤྲུལ་པའི་སྐུ་ངག་དབང་མི་ཕམ་ཡོན་ཏན་རྒྱ་མཚོས་ནན་ཏན་ཆེན་པོའི་གསུང་གིས་རྟེན་དང་བཅས་ཏེ་བསྐུལ་བ་བཞིན་རིས་མེད་མཁས་གྲུབ་རྒྱ་མཚོས་རྗེས་སུ་གཟུང་བའི་སྐལ་བཟང་ཙམ་ཐོབ་པ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་དུ་འབོད་པས་འཕགས་ཡུལ་རྡོ་རྗེ་གདན་གྱི་གཙུག་ལག་ཁང་གི་འདབས་རོལ་དུ་བྲིས་པ་སྐུ་གསུམ་བླ་མའི་ཡེ་ཤེས་ཐུགས་རྒྱུད་ལ་སད་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།

Footnotes

Other Information