JKCL-KABUM-03-GA-059

From Khyentse Lineage - A Tsadra Foundation Project
Revision as of 18:05, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-03-GA-059.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "ga"., Text 59, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "GA" is not a number.

<ul><li>":Property:textsubnumber|textsubnumber" can not be assigned to a declared number type with value 1.</li> <!--br--><li>"GA" is not a number.</li></ul>

[edit]
རྗེ་ཕག་མོ་གྲུ་པ་ལ་གསོལ་བ་འདེབས་པ་བྱིན་རླབས་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་པ། །སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་གཙུག་གི་རྒྱན། །རྗེ་བཙུན་ཆེན་པོ་རྡོ་རྗེ་རྒྱལ་པོ་ལ། །གསོལ་བ་སྙིང་ནས་འདེབས་སོ་བྱིན་གྱིས་རློབས། །ཁྱོད་ནི་སྔོན་ཚེ་ཐུབ་པ་ཆེན་པོ་སྟེ། །ད་ལྟ་དགེ་བའི་བཤེས་སུ་རྣམ་པར་འཕྲུལ། །བཀའ་བཞི་བརྒྱུད་པའི་སྤྱི་མེས་ཆེན་པོ་ལ། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །དཔའ་བོ་རྡོ་རྗེ་དམ་ཚིག་རྡོ་རྗེ་སོགས། །གྲུབ་ཐོབ་རྣལ་འབྱོར་དབང་ཕྱུག་གཟུགས་སུ་བསྒྱུར། །ཁྱད་པར་ལ་བ་པ་ཞེས་འགྲན་མེད་ཀྱི། །མཆོག་དངོས་རྫུ་འཕྲུལ་གྲུབ་པར་གསོལ༴ །མདོ་ཁམས་ལྷོ་རྒྱུད་རྨེ་ཤོད་གསེར་ཁང་དུ། །དབས་རིགས་ཝེ་ན་འཕན་ཐོགས་ལྷ་དར་དང་། །རོང་བཟའ་བཙུན་ནེར་ལྕགས་སྟག་སྐུ་བལྟམས་ཤིང་། །མཚན་ལྟས་དགེ་བར་གྱུར་ལ༴ སྐྱེ་བའི་སྡུག་བསྔལ་སྟོང་པ་ཉིད་དུ་གཟིགས། །བགྲང་བྱ་གཉིས་སོན་གནས་ས་རང་བྱུང་འཁྲུངས། །འོད་སྲུང་དུས་སུ་སྤྲེའུར་འཁྲུངས་པ་སོགས། སྔོན་གནས་རྗེས་སུ་དྲན་ལ༴ །རྨེ་མདོ་བྱ་ཆའི་གཙུག་ལག་ཁང་ཆེན་དུ། །ལྷིང་ང་ཐུབ་ཚུལ་རྒྱལ་མཚན་འོད་ཟེར་ལས། །རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་མིག་འབྲས་ལྟར། །ཤིན་ཏུ་གཅེས་པར་བསྲུངས་ལ༴ །ས་བཅུའི་སེམས་དཔའ་གཅིག་སོགས་མདོ་སྨད་དུ། །དགེ་བའི་བཤེས་གཉེན་བཅུ་དྲུག་ལྷག་བསྟེན་ནས། །གསན་བསམ་མཛད་དེ་དབུས་འགྱུར་འཆང་དུ་ནི། །ཞབས་ཀྱི་པདྨོ་བཀོད་ལ༴ །དབུས་གཙུང་ར་རི་ནག་པོས་ཁེངས་པ་ལ། །ཁྲོ་རྒྱལ་མི་གཡོས་རལ་གྲིས་བཅད་པ་ཡི། །དག་སྣང་བྱུང་ཞིང་བཤེས་གཉེན་མང་པོ་ལས། །མདོ་ཆོས་རྒྱ་ཆེར་གསན་ལ༴ །ཉེར་ལྔ་ལོན་ཚེ་བྱ་འདུལ་ཆེན་པོ་སོགས། །མཁན་སློབ་གྲངས་ཚང་བསྙེན་རྫོགས་སྡོམ་པ་བཞེས། །མདོ་རྩ་ལ་སོགས་སྤྱོད་ཕྱོགས་མང་པོ་གསན། །ཐུན་བཞིའི་རྣལ་འབྱོར་མཛད་ལ༴ །དམར་སྟོན་རྒ་ལོ་བུར་སྒོམ་ས་སྐྱ་པ། །ཟླ་རྒྱལ་མང་མཁར་བ་སོགས་ཞབས་བསྟེན་ནས། །གསང་སྔགས་སྨིན་གྲོལ་གདམས་ཟབ་མང་པོ་གསན། །ཐོས་བསམ་རྒྱ་ཆེར་མཛད་ལ༴ །གཉལ་ཆུང་བ་ལ་ཆོས་གསན་མཛད་པའི་ཚེ། །ཁམས་སྟོན་ཁྱོད་རྗེས་ཌཱ་ཀི་གསེར་རྒྱན་བཞི། །རྗེས་སུ་འབྲང་བས་འགྲོ་བར་ཕན་ཐོགས་གསུངས། ལུང་བསྟན་ཐབས་ལམ་གནང་ལ༴ །ཁྱད་པར་ཚེ་རབས་གོང་ནས་འབྲེལ་བ་ཡི། །ས་གསུམ་འགྲན་བྲལ་རྗེ་བཙུན་སྒམ་པོ་པ། །མཇལ་བས་སྔར་གྱི་ལྟ་བའི་འཛིན་སྟངས་ཞིག །བདེན་དོན་མངོན་སུམ་གཟིགས་ལ༴ །ལྷན་ཅིག་སྐྱེས་སྦྱོར་ལ་སོགས་ཟབ་ཁྲིད་དང་། །ཟབ་དོན་དྲིས་ལེན་སྒྲོ་འདོགས་ལེགས་བཅད་དེ། །ཆོས་རྗེ་གཤེགས་པའི་སྐུ་འབུམ་བཞེངས་པ་སོགས། །ཞབས་ཏོག་ཟླ་མེད་མཛད་ལ༴ །འཚལ་སྒང་བཞུགས་ནས་ཟབ་ཆོས་མང་པོ་གསུངས། །དགེ་འདུན་རྣམས་ལ་འདུལ་ཁྲིམས་དམ་དུ་བཅས། །སྒོམ་ཁྲིད་ཐོབ་ལ་བསམ་གཏན་སྒོ་མང་སྐྱེས། །སྙན་གྲགས་ཕྱོགས་བཅུར་ཁྱབ་ལ༴ །བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཐུགས་ཉམས་བཞེས། །གཞན་ལ་རྒྱ་ཆེར་སྟོན་པར་མཛད་པ་དང་། །དབེན་པར་དགོངས་ནས་ཕག་གྲུའི་མཐའ་རྩར་བཞུགས། །ཏིང་འཛིན་སྒོ་འཕར་འབྱེད་ལ༴ །རྒྱ་སྒོམ་སྨི་རས་རང་གི་སྤྱིལ་བུ་ཕུལ། །ས་ཕོ་སྟག་ལ་དེར་བཞུགས་སྟག་ལུང་པས། །ཞབས་ཟིན་གཟིམ་ཁང་ཉིན་གཅིག་གྲུབ་པར་བསྐྲུན། །སྤངས་ཀློག་སྤེལ་མར་མཛད་ལ༴ །གནས་དེར་བཅུ་ཕྲག་གཉིས་དང་གསུམ་ལྷག་བཞུགས། །གྲྭ་པ་བརྒྱད་བརྒྱ་གདུགས་ཐོགས་ལྔ་བརྒྱ་དང་། །གྲུབ་པ་ཐོབ་པའི་སློབ་ཚོགས་མང་དུ་བྱོན། །སྒྲུབ་བརྒྱུད་བསྟན་པ་སྤེལ་ལ༴ །སྐུ་ཡི་བཀོད་པ་བཅུ་གཉིས་བསྒྱུར་པ་དང་། །ཨོ་རྒྱན་གནས་བྱོན་རྒྱུད་སྡེ་མང་དུ་གསན། །ཟབ་དོན་གསལ་བའི་བསྟན་བཅོས་མང་དུ་མཛད། །ཐུབ་བསྟན་རྒྱས་པར་མཛད་ལ༴ །མཐར་ཐུག་བུ་བཞི་གདམས་པའི་བུ་བཞི་དང་། །ཐུགས་ཀྱི་སྲས་བཞི་ལ་སོགས་བུ་ཆེན་གྱིས། །ས་སྟེང་ཀུན་ཏུ་ཁྱབ་པར་སྤེལ་བ་ལས། །བཀའ་བརྒྱུད་དར་ཞིང་རྒྱས་ལ༴ །སྒྲུབ་བརྒྱུད་ཟུང་བཞི་ཡ་བརྒྱད་སྤྱི་མེས་ཆེ། །ལྕགས་ཕོ་སྟག་གི་བདུན་པའི་ཉེར་ལྔ་ལ། །མི་བསྐྱོད་རྒྱལ་པོའི་དྲུང་དུ་གཤེགས་ནས་ནི། །སྐུ་གདུང་རིང་བསྲེལ་སྟོན་ལ་གསོལ་བ་འདེབས། །མདོར་ན་བདེ་གཤེགས་ཤཱཀ་ཐུབ་སྤྲུལ་པའི་སྐུ། །རྡོ་རྗེ་རྒྱལ་པོར་མོས་གུས་གདུང་ཤུགས་ཀྱིས། །རྟག་ཏུ་གསོལ་བ་འདེབས་ལ་ཐུགས་རྗེས་དགོངས། །ངེས་དོན་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །འཁྲུལ་སྣང་རང་སར་གྲོལ་བར་བྱིན་གྱིས་རློབས། །འཁྲུལ་གཞི་རྩད་ནས་ཆོད་པར་བྱིན་གྱིས་རློབས། །སྒོམ་མེད་འོད་གསལ་ཆོས་སྐུའི་རྒྱལ་ས་དེ། །ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་རློབས། །འོག་མིན་གཉིས་པ་ཕག་གྲུའི་འཇག་སྤྱིལ་གྱི། །གཞལ་མེད་ཁང་ཆེན་ལྟར་སྣང་འཁྲུལ་པའི་ངོར། །ཉམས་པར་གྱུར་ལ་སླར་ཡང་དབྱིངས་ནས་གཟིགས། །རྟེན་དང་བརྟེན་པ་དར་ཞིང་རྒྱས་པ་དང་། །འཛམ་གླིང་ཡོངས་ལ་བཀྲ་ཤིས་དཔལ་འབར་ཞིང་། །རྒྱལ་བསྟན་སྤྱི་དང་སྒྲུབ་བརྒྱུད་བསྟན་པ་རྒྱས། །ནག་ཕྱོགས་བདུད་སྡེའི་འཚེ་བ་ཀུན་ཞི་ནས། །བསྟན་པ་ཉི་ཟླ་བཞིན་དུ་གསལ་གྱུར་ཅིག །ཅེས་པའང་ཆོས་ཀྱི་བློ་གྲོས་པས་སྒང་ཐོག་གི་གཙུག་ལག་ཁང་དུ་བྱ་ལོ་ཟླ་༡༢ཚེས་༢༠ལ་བྲིས་པ་དགེའོ།། །།
[edit]

rje phag mo gru pa la gsol ba 'debs pa byin rlabs rol mtsho zhes bya ba bzhugs so/____/oM swasti/__dus gsum rgyal ba kun gyi phrin las pa/____/sgrub brgyud bstan pa rgya mtsho'i gtsug gi rgyan/____/rje btsun chen po rdo rje rgyal po la/____/gsol ba snying nas 'debs so byin gyis rlobs/____/khyod ni sngon tshe thub pa chen po ste/____/da lta dge ba'i bshes su rnam par 'phrul/____/bka' bzhi brgyud pa'i spyi mes chen po la/____/mi phyed rtse gcig gus pas gsol ba 'debs/____/dpa' bo rdo rje dam tshig rdo rje sogs/____/grub thob rnal 'byor dbang phyug gzugs su bsgyur/____/khyad par la ba pa zhes 'gran med kyi/____/mchog dngos rdzu 'phrul grub par gsol=____/mdo khams lho rgyud rme shod gser khang du/____/dbas rigs we na 'phan thogs lha dar dang /____/rong bza' btsun ner lcags stag sku bltams shing /____/mtshan ltas dge bar gyur la=__skye ba'i sdug bsngal stong pa nyid du gzigs/____/bgrang bya gnyis son gnas sa rang byung 'khrungs/____/'od srung dus su spre'ur 'khrungs pa sogs/__sngon gnas rjes su dran la=____/rme mdo bya cha'i gtsug lag khang chen du/____/lhing nga thub tshul rgyal mtshan 'od zer las/____/rab tu byung zhing tshul khrims mig 'bras ltar/____/shin tu gces par bsrungs la=____/sa bcu'i sems dpa' gcig sogs mdo smad du/____/dge ba'i bshes gnyen bcu drug lhag bsten nas/____/gsan bsam mdzad de dbus 'gyur 'chang du ni/____/zhabs kyi pad+mo bkod la=____/dbus gtsung ra ri nag pos khengs pa la/____/khro rgyal mi g.yos ral gris bcad pa yi/____/dag snang byung zhing bshes gnyen mang po las/____/mdo chos rgya cher gsan la=____/nyer lnga lon tshe bya 'dul chen po sogs/____/mkhan slob grangs tshang bsnyen rdzogs sdom pa bzhes/____/mdo rtsa la sogs spyod phyogs mang po gsan/____/thun bzhi'i rnal 'byor mdzad la=____/dmar ston rga lo bur sgom sa skya pa/____/zla rgyal mang mkhar ba sogs zhabs bsten nas/____/gsang sngags smin grol gdams zab mang po gsan/____/thos bsam rgya cher mdzad la=____/gnyal chung ba la chos gsan mdzad pa'i tshe/____/khams ston khyod rjes DA ki gser rgyan bzhi/____/rjes su 'brang bas 'gro bar phan thogs gsungs/__lung bstan thabs lam gnang la=____/khyad par tshe rabs gong nas 'brel ba yi/____/sa gsum 'gran bral rje btsun sgam po pa/____/mjal bas sngar gyi lta ba'i 'dzin stangs zhig__/bden don mngon sum gzigs la=____/lhan cig skyes sbyor la sogs zab khrid dang /____/zab don dris len sgro 'dogs legs bcad de/____/chos rje gshegs pa'i sku 'bum bzhengs pa sogs/____/zhabs tog zla med mdzad la=____/'tshal sgang bzhugs nas zab chos mang po gsungs/____/dge 'dun rnams la 'dul khrims dam du bcas/____/sgom khrid thob la bsam gtan sgo mang skyes/____/snyan grags phyogs bcur khyab la=____/bka' phyag chu bo gcig 'dres thugs nyams bzhes/____/gzhan la rgya cher ston par mdzad pa dang /____/dben par dgongs nas phag gru'i mtha' rtsar bzhugs/____/ting 'dzin sgo 'phar 'byed la=____/rgya sgom smi ras rang gi spyil bu phul/____/sa pho stag la der bzhugs stag lung pas/____/zhabs zin gzim khang nyin gcig grub par bskrun/____/spangs klog spel mar mdzad la=____/gnas der bcu phrag gnyis dang gsum lhag bzhugs/____/grwa pa brgyad brgya gdugs thogs lnga brgya dang /____/grub pa thob pa'i slob tshogs mang du byon/____/sgrub brgyud bstan pa spel la=____/sku yi bkod pa bcu gnyis bsgyur pa dang /____/o rgyan gnas byon rgyud sde mang du gsan/____/zab don gsal ba'i bstan bcos mang du mdzad/____/thub bstan rgyas par mdzad la=____/mthar thug bu bzhi gdams pa'i bu bzhi dang /____/thugs kyi sras bzhi la sogs bu chen gyis/____/sa steng kun tu khyab par spel ba las/____/bka' brgyud dar zhing rgyas la=____/sgrub brgyud zung bzhi ya brgyad spyi mes che/____/lcags pho stag gi bdun pa'i nyer lnga la/____/mi bskyod rgyal po'i drung du gshegs nas ni/____/sku gdung ring bsrel ston la gsol ba 'debs/____/mdor na bde gshegs shAka thub sprul pa'i sku/____/rdo rje rgyal por mos gus gdung shugs kyis/____/rtag tu gsol ba 'debs la thugs rjes dgongs/____/nges don phyag chen rtogs par byin gyis rlobs/____/'khrul snang rang sar grol bar byin gyis rlobs/____/'khrul gzhi rtsad nas chod par byin gyis rlobs/____/sgom med 'od gsal chos sku'i rgyal sa de/____/tshe 'di nyid la thob par byin gyis rlobs/____/'og min gnyis pa phag gru'i 'jag spyil gyi/____/gzhal med khang chen ltar snang 'khrul pa'i ngor/____/nyams par gyur la slar yang dbyings nas gzigs/____/rten dang brten pa dar zhing rgyas pa dang /____/'dzam gling yongs la bkra shis dpal 'bar zhing /____/rgyal bstan spyi dang sgrub brgyud bstan pa rgyas/____/nag phyogs bdud sde'i 'tshe ba kun zhi nas/____/bstan pa nyi zla bzhin du gsal gyur cig__/ces pa'ang chos kyi blo gros pas sgang thog gi gtsug lag khang du bya lo zla 12tshes 20la bris pa dge'o//____//_

Footnotes

Other Information