DKR-KABUM-02-KHA-050-22

From Khyentse Lineage - A Tsadra Foundation Project
Revision as of 17:11, 4 November 2022 by WikiBot2015 (talk | contribs)

Wylie title page=1
Location dil mgo mkhyen brtse bka' 'bum
Volume 50, Text 22, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre
[edit]
༈ བདུད་འདུལ་ཤཱཀྱ་སེང་གེ་ལ་བསྔགས་པ་རབ་འབྱམས་རྒྱལ་ཀུན་དགྱེས་པའི་རོལ་མོ་ཞེས་བྱ་བ། ན་མོ་གུ་རུ་ཤཱཀྱ་སེང་ཧ་ཡེ། མཁྱེན་བརྩེའི་ཆ་ཤས་རྫོགས་པའི་ཉིན་མོར་བྱེད། །ཀུན་མཚམས་སྤྲིན་པའི་མདངས་འཛིན་ངུར་སྨྲིག་གིས། །མཛེས་བཀླུབས་མཆོག་གི་སྤྲུལ་སྐུའི་ངང་ཚུལ་གྱིས། །རྒྱལ་བ་དགྱེས་པའི་སྣང་འོད་སྤྲོ་མཛད་རྒྱལ། ༡ །ཐུབ་བསྟན་འཛིན་མར་ཚངས་སྤྱོད་གུར་གུམ་གྱིས། །མཛེས་པར་དཀྲིགས་པས་ལྷར་བཅས་ཀུན་དགའི་ཡིད། །དད་པའི་རླབས་ཕྲེང་གཡོ་བའི་རྩེར་འཛེགས་པའི། །ངོ་མཚར་ལྷའི་བུ་མུ་ཏིག་དོགས་པས་སྒེག ༢ །ཆགས་བྲལ་པདྨ་དཀར་པོའི་གསང་བ་གསུམ། །ཉེས་པའི་ར་རིའི་གཞར་ཡང་མ་གོས་པའི། །མངར་པོའི་དྲི་བསུང་ཞིང་ཀུན་ཁྱབ་བརྡལ་བའི། །མཛེས་སྡུག་ལང་ཚོའི་སྲིད་ཞིའི་བརྟན་པ་འཕྲོག ༣ །ཟག་མེད་ཡོན་ཏན་ནོར་བུའི་མཆོག་མཐའ་དག །དྲི་མེད་ཁྲིམས་གསུམ་ལྷ་དབང་གཙུག་རྒྱན་དུ། །མཆོད་པས་དགེ་ལེགས་འདོད་དགུ་མི་ཟད་པས། །འགྲོ་པའི་ཡིད་ཀྱི་ཤིང་རྟ་ཡོངས་སུ་འགེངས། ༤ །ཞི་དུལ་བག་ཡོད་ཁྲིམས་ཀྱིས་ཉེར་འཚོ་ཀུན། །འཕགས་ཚོགས་གསེར་རིའི་མུ་ཁྱུད་རབ་མཛེས་དབུས། །མཉམ་མེད་ཐུབ་ཆེན་རི་དབང་ལྷུན་ཆགས་པས། །རྣམ་གྲོལ་གཏན་བདེའི་ཆབ་སྲིད་ཆེས་ཆེར་དར། ༥ །རབ་འབྱམས་སྡེ་སྣོད་འཆད་ཉན་གླིང་བུ་ཡིས། །བློ་ལྡན་ཡིད་ཀྱི་རི་སྐྱེས་ཀུན་སིམ་པས། །དྲི་མེད་ཤིང་རྟ་གཉིས་ཀྱི་ལྟ་གྲུབ་གླུའི། །སྐྱེས་སྦྱངས་ཤེས་རབ་མགྲིན་ལམ་ཡངས་པོར་ཕྱེས། ༦ །ཚུལ་ཁྲིམས་ལང་ཚོ་རྫོགས་པའི་རི་དྭགས་མིག །ཏིང་འཛིན་རྒྱན་ཆས་མཛེས་པར་སྒེག་བཞིན་དུ། །ཐོས་བསམ་སྒོམ་པའི་ཤེས་རབ་ཟུར་མིག་གིས། །ཆོས་ཚུལ་རྒྱ་མཚོའི་དཔལ་ཀུན་བདག་གིར་བཞེས། ༧ །རྣམ་འདྲེན་བཞི་པའི་མཚན་དཔེ་དབྱིངས་བདོ་ཡང༌། །རྒྱལ་ཚབ་སྐྱེས་བུའི་བདུད་རྩིའི་ཐིག་ལེ་ཡིས། །བསྟན་འགྲོའི་དགེ་མཚན་ཀུ་མུཏ་དར་བྱས་པས། །ཡིད་སྲུབ་སྙིང་ལ་ཟུག་རྔུའི་མུན་པ་འཁྲིགས། ༨ །འཕགས་ཆེན་གོ་ཆ་གདུལ་དཀའི་ངོར་མཁྲེགས་པ། །ཐུགས་བསྐྱེད་དུས་བབ་དཔའ་བོའི་བགོས་པའི་མོད། །རྩོད་དུས་དཔུང་ལས་རྒྱལ་བའི་ལྷའི་རྔ་གསང༌། །རབ་སྙན་དཔལ་གྱིས་ཞིང་གི་ཁོར་ཡུག་བརྡལ། ༩ །ཐུབ་དབང་བསྟན་པའི་རྣམ་རྒྱལ་ལྷའི་རྒྱལ་ཁབ། །དམ་པའི་དཔུང་གིས་དུས་ཀུན་མ་བཏང་བས། །ནག་ཕྱོགས་ཕྲུ་མས་བརྫི་བར་མ་ནུས་པའི། །ངོ་མཚར་རུ་མཚོན་སྲིད་ཞིའི་བླ་ན་བསྒྲེངས། ༡༠ །ཐེག་མཆོག་དཔལ་འབྱོར་རྒྱལ་ཀུན་གཅེས་ནོར་ཏེ། །རྒྱལ་སྲས་བྱེ་བས་བསགས་སྲུང་སྤེལ་བའི་མཐུས། །དུས་ཀྱི་མཐར་ཡང་རྫོགས་ལྡན་ཀུན་དགའི་དཔྱིད། །མ་ཉམས་འགྲོ་བའི་ཉེར་འཚོ་ཁོ་ནར་གྱུར། ༡༡ །འགྲོ་བློའི་སྒོ་གསུམ་རིན་ཆེན་ཤིང་རྟ་ཡང༌། །འཕགས་པ་དགྱེས་པའི་ལམ་སྲོལ་ལ་འཇུག་པས། །ངོ་མཚར་ཕྲིན་ལས་ལྷ་ཀླུ་མི་ཡི་དབྱིག །ཀུན་འདུས་ལུང་རྟོགས་དཔལ་ཡོན་ཟད་མི་ཤེས། ༡༢ །དེ་ཚུལ་ཤེས་པས་བཤད་སྒྲུབ་ལས་གསུམ་གྱིས། །སྤེལ་བའི་ནུས་སྟོབས་ཤིན་ཏུ་ན་ཕྲ་ཡང༌། །རྒྱུ་མཚན་ཤེས་པའི་བསྟོད་བསྔགས་ཏམྦུ་ར། །སྙན་པར་བསྒྲེངས་པའི་བསོད་ནམས་རྒྱ་མཚོའི་དཔལ། ༡༣ །ནམ་ཡང་མི་འགྲིབ་ཚོགས་ཟུང་རིན་ཆེན་གྲུ། །སྲིད་པའི་རྒྱ་མཚོ་ཆེན་པོའི་ཕ་མཐའ་བརྒལ། །ཞི་བའི་དཔལ་ཐོབ་སྙིང་རྗེའི་འགྲོ་ཀུན་ཁུར། །དང་དུ་ལེན་ལ་ཆོག་མི་ཤེས་པ་ཡིས། ༡༤ །བྱང་ཆུབ་སྤྱོད་པའི་ངོ་མཚར་ཡོངས་རྫོགས་ནས། །མཐའ་ཡས་ཞིང་འདིའི་ཁོར་ཡུག་ཐམས་ཅད་དུ། །དཔའ་བོའི་གྲགས་སྙན་སྤྲིན་སྒྲའི་ཤིས་པའི་དབྱངས། །དགེ་ལེགས་དཔལ་གྱི་ཀུན་ཏུ་གཡོ་བའི་འོད། །ཆོས་དབྱིངས་མཁའ་ལ་གྱ་གྱུར་རྩེན་གྱུར་ཅིག ༡༥ ༈ རྣལ་འབྱོར་དབང་ཕྱུག་ཉི་མ་འོད་ཟེར་ལ་བསྔགས་པ་རིག་འཛིན་དཔའ་བོ་སྙེམས་པའི་རོལ་རྩེད་ཞེས་བྱ་བ། ན་མོ་གུ་རུ་སཱུརྻ་རསྨི་ཡེ། མཛད་འཕྲོ།
[edit]

!___bdud 'dul shAkya seng ge la bsngags pa rab 'byams rgyal kun dgyes pa'i rol mo zhes bya ba/__na mo gu ru shAkya seng ha ye/__mkhyen brtse'i cha shas rdzogs pa'i nyin mor byed/__/kun mtshams sprin pa'i mdangs 'dzin ngur smrig gis/__/mdzes bklubs mchog gi sprul sku'i ngang tshul gyis/__/rgyal ba dgyes pa'i snang 'od spro mdzad rgyal/_1_/thub bstan 'dzin mar tshangs spyod gur gum gyis/__/mdzes par dkrigs pas lhar bcas kun dga'i yid/__/dad pa'i rlabs phreng g.yo ba'i rtser 'dzegs pa'i/__/ngo mtshar lha'i bu mu tig dogs pas sgeg_2_/chags bral pad+ma dkar po'i gsang ba gsum/__/nyes pa'i ra ri'i gzhar yang ma gos pa'i/__/mngar po'i dri bsung zhing kun khyab brdal ba'i/__/mdzes sdug lang tsho'i srid zhi'i brtan pa 'phrog_3_/zag med yon tan nor bu'i mchog mtha' dag__/dri med khrims gsum lha dbang gtsug rgyan du/__/mchod pas dge legs 'dod dgu mi zad pas/__/'gro pa'i yid kyi shing rta yongs su 'gengs/_4_/zhi dul bag yod khrims kyis nyer 'tsho kun/__/'phags tshogs gser ri'i mu khyud rab mdzes dbus/__/mnyam med thub chen ri dbang lhun chags pas/__/rnam grol gtan bde'i chab srid ches cher dar/_5_/rab 'byams sde snod 'chad nyan gling bu yis/__/blo ldan yid kyi ri skyes kun sim pas/__/dri med shing rta gnyis kyi lta grub glu'i/__/skyes sbyangs shes rab mgrin lam yangs por phyes/_6_/tshul khrims lang tsho rdzogs pa'i ri dwags mig__/ting 'dzin rgyan chas mdzes par sgeg bzhin du/__/thos bsam sgom pa'i shes rab zur mig gis/__/chos tshul rgya mtsho'i dpal kun bdag gir bzhes/_7_/rnam 'dren bzhi pa'i mtshan dpe dbyings bdo yang*/__/rgyal tshab skyes bu'i bdud rtsi'i thig le yis/__/bstan 'gro'i dge mtshan ku muta dar byas pas/__/yid srub snying la zug rngu'i mun pa 'khrigs/_8_/'phags chen go cha gdul dka'i ngor mkhregs pa/__/thugs bskyed dus bab dpa' bo'i bgos pa'i mod/__/rtsod dus dpung las rgyal ba'i lha'i rnga gsang*/__/rab snyan dpal gyis zhing gi khor yug brdal/_9_/thub dbang bstan pa'i rnam rgyal lha'i rgyal khab/__/dam pa'i dpung gis dus kun ma btang bas/__/nag phyogs phru mas brdzi bar ma nus pa'i/__/ngo mtshar ru mtshon srid zhi'i bla na bsgrengs/_10_/theg mchog dpal 'byor rgyal kun gces nor te/__/rgyal sras bye bas bsags srung spel ba'i mthus/__/dus kyi mthar yang rdzogs ldan kun dga'i dpyid/__/ma nyams 'gro ba'i nyer 'tsho kho nar gyur/_11_/'gro blo'i sgo gsum rin chen shing rta yang*/__/'phags pa dgyes pa'i lam srol la 'jug pas/__/ngo mtshar phrin las lha klu mi yi dbyig__/kun 'dus lung rtogs dpal yon zad mi shes/_12_/de tshul shes pas bshad sgrub las gsum gyis/__/spel ba'i nus stobs shin tu na phra yang*/__/rgyu mtshan shes pa'i bstod bsngags tam+bu ra/__/snyan par bsgrengs pa'i bsod nams rgya mtsho'i dpal/_13_/nam yang mi 'grib tshogs zung rin chen gru/__/srid pa'i rgya mtsho chen po'i pha mtha' brgal/__/zhi ba'i dpal thob snying rje'i 'gro kun khur/__/dang du len la chog mi shes pa yis/_14_/byang chub spyod pa'i ngo mtshar yongs rdzogs nas/__/mtha' yas zhing 'di'i khor yug thams cad du/__/dpa' bo'i grags snyan sprin sgra'i shis pa'i dbyangs/__/dge legs dpal gyi kun tu g.yo ba'i 'od/__/chos dbyings mkha' la gya gyur rtsen gyur cig_15___!___rnal 'byor dbang phyug nyi ma 'od zer la bsngags pa rig 'dzin dpa' bo snyems pa'i rol rtsed zhes bya ba/__na mo gu ru sUr+Ya rasmi ye/__mdzad 'phro/

Footnotes

Other Information