DKR-KABUM-02-KHA-049-07

From Khyentse Lineage - A Tsadra Foundation Project
Revision as of 17:43, 7 November 2022 by Mort (talk | contribs)

Wylie title ' DKR-KABUM-02-KHA-049.pdf
Location dil mgo mkhyen brtse bka' 'bum
Volume 2, sde tshan 49, Text 7, Pages (Folios 1a to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. '. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: . Delhi: Shechen Publications, 1994.
Genre Calling the Lama from Afar - bla ma rgyang 'bod

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༈ ཁྱབ་བརྡལ་ནམ་མཁའི་ཏིང་འཛིན་དབྱིངས་དང་མཉམ་པར། །ཟང་ཐལ་རིག་པའི་ལྟད་མོ་འབུམ་ཕྲག་བརྡལ་ཀློང༌། །རྟག་ཏུ་མཉམ་པར་བཞག་པའི་ཧེ་རུ་ཀ་དཔལ། །ཡབ་གཅིག་དཔལ་མགོན་བླ་མ་སྙིང་དྲན་བྱུང༌། ༡ །ཅོལ་ཆུང་སེམས་ཀྱི་སྤྲེའུ་རྒྱལ་ཁམས་ཡན་པས། །སྣ་ཚོགས་ཡུལ་གྱི་སྣང་བ་འཇའ་ཚོན་རི་མོ། །ཅིར་ཡང་སྣང་བའི་དབང་གིས་གང་ཤར་རྣམ་རྟོག །ཐོལ་བྱུང་གླུ་རུ་ལེན་ལ་སྤྲོ་སྣང་འཆར་འདྲ། ༢ །ལྷུན་ཆགས་བྲག་རིའི་མགུལ་ན་བག་ཕེབས་དབེན་པ། །རྣལ་འབྱོར་གྲུབ་པས་བརྟེན་པའི་རང་བྱུང་སྒྲུབ་ཕུག །ལྗོན་ཤིང་བྱ་ཚོགས་རྣམས་ཀྱང་གླུ་དབྱངས་དིར་དིར། །འདི་འདྲར་མཉམ་པར་བཞག་པ་འདུན་པའི་རྩེ་མོ། ༣ །འདིར་སྣང་ཆུ་རིས་དེད་པའི་ངལ་དུབ་མང་པོའི། །ཆགས་སྡང་མདུད་པས་རང་སེམས་དམ་པོར་དཀྲིས་ནས། །ཕྱིར་རིང་འཁོར་བའི་གཏིང་རྡོའི་འཆིང་ཐག་སྒྲུབ་པ། །ཡུད་ཀྱིས་བོར་ལ་དབེན་པའི་བས་མཐར་ཕེབས་དང༌། ༤ །ཕྱིན་པ་ཙམ་གྱིས་རིག་པ་རང་བཞིན་དྭངས་ཤིང༌། །འདུ་འཛིའི་སྤྲོས་ཆོད་ཏིང་འཛིན་ངང་གིས་འཆར་འདིར། །མི་གཡོ་ལྷོད་ཀྱིས་ཀློད་པའི་གུ་ཡངས་རྣལ་འབྱོར། །སྔོན་བྱོན་གྲུབ་ཐོབ་དེ་ཚོ་ཨེ་མ་ངོ་མཚར། ༥ །རྒྱལ་བའི་ཕྲིན་ལས་རྒྱ་མཚོའི་དུས་རླབས་མི་ཡོལ། །རི་སུལ་སྤོང་བའི་བསམ་གཏན་སྤྱིལ་བུར་ཉམས་དགར། །ཐེང་གཅིག་ཕྱིན་པས་གསོལ་འདེབས་སྨོན་ལམ་ཞུས་ཚེ། །དགའ་སྤྲོའི་སྣང་བ་མ་བཅོས་སེམས་ལ་ཤར་སོང༌། ༦ །ཆོས་ཉིད་རིག་སྟོང་དབྱིངས་སུ་སྐྱིད་སྡུག་རོ་སྙོམས། །འཁྲུལ་པ་ཀ་ནས་དག་པ་གཤིས་ཀྱི་བཞུགས་ཚུལ། །མངོན་སུམ་རྟོགས་པ་མིན་ཀྱང་མོས་པའི་གདེང་གིས། །མཉམ་པར་བཞག་ཁུལ་བྱས་པས་སྐྱིད་སྐྱིད་འདྲ་ལགས། ༧ །སྣང་བ་སྒྱུ་མར་རྟོགས་པས་ཆོས་ཀུན་མ་ལུས། །ཡེ་ཤེས་རྒྱན་དུ་རྫོགས་པའི་ལྟ་སྟངས་གཅིག་གིས། །འཁྲུལ་རྟོག་ཡུད་ཀྱིས་བཅད་པའི་གྲུབ་ཐོབ་ཆེན་པོ། །ཡེ་ཤེས་ལུས་ཅན་དེ་ཚོ་ཨེ་མ་ངོ་མཚར། ༨ །རྡོ་རྗེ་ནང་གི་ས་ལམ་རྫོགས་པའི་གདེང་ཅན། །བདེ་སྟོང་དཔའ་བོ་ཌཱ་ཀིའི་འདུ་བ་བཅས་ཏེ། །བརྟུལ་ཞུགས་ཚོགས་ཀྱི་འཁོར་ལོར་མངོན་སུམ་སྤྱོད་པའི། །འདུས་པ་དེ་འདྲ་མཐོང་ན་ཨེ་མ་དགའ་བ། ༩ །ཀུན་ཁྱབ་ཆོས་ཉིད་ལྟ་བ་སྐུངས་སུ་སྦས་ཏེ། །ཨ་འཐས་འཁྲུལ་པའི་གསོབ་ལ་ཆོས་གཟུགས་བཅོས་པའི། །ཐ་ཆད་བདག་འདྲས་དུས་ཀྱི་ཐ་མར་ཁེངས་པས། །ད་ནི་ཅི་བྱ་མེད་པ་ཁྱི་བཞིན་འཁྱམས་སོང༌། ༡༠ །ལྟ་བ་ནམ་མཁའི་མདུང་སྐོར་གྲུབ་ཐོབ་སྤྱོད་ཡུལ། །སྒོམ་པ་འོད་གསལ་ཆུ་རྒྱུན་ཁ་བཤད་ཙམ་ཞིག །སྤྱོད་པ་རང་གྲོལ་ཆེན་པོ་སྟོར་ནས་སོང་བས། །ཚོལ་ཡང་རྙེད་ཐབས་མི་འདུག་སྐལ་དམན་བདག་འདྲས། ༡༡ །སྐྱོ་ཡང་ཅི་བྱ་མེད་པ་དད་མོས་ཙམ་གྱིས། །གསོལ་འདེབས་སྨོན་ལམ་བཟང་པོའི་འབྲེལ་བར་ཞུས་ནས། །ཕྱི་མར་རྡོ་རྗེའི་རིགས་ཀྱི་སྐལ་བཟང་འགྱུར་བར། །གྲོགས་མཆོག་འཕགས་པའི་སྐྱེས་བུའི་མཐུན་འགྱུར་གནང་མཛོད། །ཅེས་པ་འདིའང་མངྒ་ལས་སོ།། །།
[edit]

!__khyab brdal nam mkha'i ting 'dzin dbyings dang mnyam par/_/zang thal rig pa'i ltad mo 'bum phrag brdal klong*/_/rtag tu mnyam par bzhag pa'i he ru ka dpal/_/yab gcig dpal mgon bla ma snying dran byung*/_1_/col chung sems kyi spre'u rgyal khams yan pas/_/sna tshogs yul gyi snang ba 'ja' tshon ri mo/_/cir yang snang ba'i dbang gis gang shar rnam rtog_/thol byung glu ru len la spro snang 'char 'dra/_2_/lhun chags brag ri'i mgul na bag phebs dben pa/_/rnal 'byor grub pas brten pa'i rang byung sgrub phug_/ljon shing bya tshogs rnams kyang glu dbyangs dir dir/_/'di 'drar mnyam par bzhag pa 'dun pa'i rtse mo/_3_/'dir snang chu ris ded pa'i ngal dub mang po'i/_/chags sdang mdud pas rang sems dam por dkris nas/_/phyir ring 'khor ba'i gting rdo'i 'ching thag sgrub pa/_/yud kyis bor la dben pa'i bas mthar phebs dang*/_4_/phyin pa tsam gyis rig pa rang bzhin dwangs shing*/_/'du 'dzi'i spros chod ting 'dzin ngang gis 'char 'dir/_/mi g.yo lhod kyis klod pa'i gu yangs rnal 'byor/_/sngon byon grub thob de tsho e ma ngo mtshar/_5_/rgyal ba'i phrin las rgya mtsho'i dus rlabs mi yol/_/ri sul spong ba'i bsam gtan spyil bur nyams dgar/_/theng gcig phyin pas gsol 'debs smon lam zhus tshe/_/dga' spro'i snang ba ma bcos sems la shar song*/_6_/chos nyid rig stong dbyings su skyid sdug ro snyoms/_/'khrul pa ka nas dag pa gshis kyi bzhugs tshul/_/mngon sum rtogs pa min kyang mos pa'i gdeng gis/_/mnyam par bzhag khul byas pas skyid skyid 'dra lags/_7_/snang ba sgyu mar rtogs pas chos kun ma lus/_/ye shes rgyan du rdzogs pa'i lta stangs gcig gis/_/'khrul rtog yud kyis bcad pa'i grub thob chen po/_/ye shes lus can de tsho e ma ngo mtshar/_8_/rdo rje nang gi sa lam rdzogs pa'i gdeng can/_/bde stong dpa' bo DA ki'i 'du ba bcas te/_/brtul zhugs tshogs kyi 'khor lor mngon sum spyod pa'i/_/'dus pa de 'dra mthong na e ma dga' ba/_9_/kun khyab chos nyid lta ba skungs su sbas te/_/a 'thas 'khrul pa'i gsob la chos gzugs bcos pa'i/_/tha chad bdag 'dras dus kyi tha mar khengs pas/_/da ni ci bya med pa khyi bzhin 'khyams song*/_10_/lta ba nam mkha'i mdung skor grub thob spyod yul/_/sgom pa 'od gsal chu rgyun kha bshad tsam zhig_/spyod pa rang grol chen po stor nas song bas/_/tshol yang rnyed thabs mi 'dug skal dman bdag 'dras/_11_/skyo yang ci bya med pa dad mos tsam gyis/_/gsol 'debs smon lam bzang po'i 'brel bar zhus nas/_/phyi mar rdo rje'i rigs kyi skal bzang 'gyur bar/_/grogs mchog 'phags pa'i skyes bu'i mthun 'gyur gnang mdzod/__/ces pa 'di'ang mang+ga las so//__//

Footnotes

Other Information