DKYD-KABUM-04-NGA-040

From Khyentse Lineage - A Tsadra Foundation Project
Revision as of 10:32, 24 June 2024 by Mort (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 4, Text 40, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
[edit]
བླ་མ་ཡང་གསང་ཁྲོས་པ་ལསཿ གདམས་པ་བྱུང་ཚུལ་ལོ་རྒྱུས་བཞུགསཿ྅྅྅ ཁྲག་མཐུང་ཧེ་རུ་ཀ་ལ་འདུདཿ དཔལ་གྱི་བསམ་ཡས་མཆིམས་ཕུ་ཡིསཿ བྲག་དམར་ཀེའུ་ཚང་གསང་ཕུག་ཏུཿ ཆོས་རྒྱལ་ཁྲི་སྲོང་སྡེའུ་བཙན་དངཿ མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་དངཿ པ་གོར་བཻ་རོ་ཙ་ན་གསུམཿ རྗེ་བཙུན་གུ་རུའི་དྲུང་དུ་འདུསཿ ཕྱི་ནང་གསང་བའི་ཚོགས་འཁོར་གྱིསཿ མཆོད་པ་དཔག་ཏུ་མེད་པ་བཤམསཿ རྗེ་འབངས་གྲོགས་གསུམ་མགྲིན་གཅིག་ཏུཿ སངས་རྒྱས་ཐམས་ཅད་འདུས་པའི་དཔལཿ ཨོ་རྒྱན་གུ་རུ་རིན་པོ་ཆེཿ ཟབ་རྒྱའི་ཆོས་ཁམས་རྒྱ་མཚོ་ཡིསཿ བསྐྱེད་རྫོགས་སྒྲུབ་པའི་རིམ་པ་ཀུནཿ གུ་རུའི་ཐུགས་ལ་བཏགས་ལགས་ཀྱངཿ བཙུན་མོ་བདུད་བློན་ཚོགས་རྣམས་ཀྱིསཿ ལོག་ལྟ་སྒྲོ་བསྐུལ་དུག་ལྟར་འཁྲུགསཿ འོན་ཀྱང་བདག་ཅག་རྡོ་རྗེའི་མཆེདཿ བོད་འབངས་རྣམས་ལ་ཐུགས་བརྩེ་བསཿ ད་དུང་རྗེས་བཟུང་བཀའ་དྲིན་རྨདཿ ཀུན་ལས་ཡ་མཚན་མཆོག་གྱུར་པཿ ཚེ་གཅིག་གྲོལ་བའི་གདམས་པ་ཞིགཿ ཐུགས་ཀྱི་དཔལ་བེར་གབས་སོ་ཞེསཿ གསང་བ་ཙམ་དུ་ཐོས་ལགས་ནཿ བདག་ཅག་སྐལ་ལྡན་རྣམ་གསུམ་ལཿ བརྩེ་བ་ཆེན་པོས་རབ་དགོངས་ཤིངཿ ཅིས་ཀྱང་བཀའ་དྲིན་བསྐྱང་དུ་གསོལཿ ཞུས་ཤིང་དད་པའི་གདུང་ཤུགས་ཀྱིསཿ ཕྱག་འཚལ་མཆོད་པ་འབུལ་བའི་ཚེཿ པདྨས་འཛུམ་པའི་མདངས་དང་ལྡནཿ ཕུན་ཚོགས་ལྔ་ལྡན་ཆོས་སྐུའི་ཞིང་ཁམས་ནསཿ སྟོན་པ་དྲི་མ་མེད་ལ་ཕྱག་འཚལ་ལོཿ ཐུགས་རྗེ་བྲེང་ཙམ་བདག་ལ་བརྩེར་དགོངས་ལཿ བཀའ་ཡི་ཟུར་ཙམ་བརྗོད་ལ་གནང་བ་སྩོལཿ ལེགས་པར་ཉོན་དང་བོད་ཀྱི་རྗེ་འབངས་གྲོགསཿ སྔོན་ཚེ་འདས་དུས་བསྐལ་བའི་དང་པོ་ལཿ ཀུན་ཏུ་བཀོད་པ་ཞེས་བྱའི་ཞིང་ཁམས་སུཿ སངས་རྒྱས་སྔོན་བྱུང་རྒྱལ་པོའི་བསྟན་པ་ལཿ མེ་ཏོག་འོད་སྣང་ཞེས་བྱའི་ཞིང་ཁམས་སུཿ ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང་ཆེན་པོཿ སྟོན་པ་དྲི་མ་མེད་པ་ཞེས་བྱ་འབྱུངཿ རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ཡིཿ མན་ངག་ཐིག་ལེ་སྐོར་གསུམ་གནད་བསྡུས་པས༔ ཚེ་གཅིག་སངས་རྒྱས་གྲོལ་བའི་གདམས་པ་བསྟནཿ དེ་དུས་ཐུགས་བསྐྱེད་སྨོན་ལམ་ཟབ་མོ་ཡིསཿ ད་ལྟའི་ཤཀ་ཐུབ་བསྟན་པ་འདི་ཉིད་ལཿ རྒྱ་གར་བྱང་ཕྱོགས་ཉི་མ་སྣང་བྱེད་རིརཿ སློབ་དཔོན་དགའ་རབ་རྡོ་རྗེ་ཞེས་བྱ་བསཿ རྫོགས་ཆེན་དོན་རྒྱུད་མན་ངག་སྟོན་པའི་ཚེཿ འོད་ལུས་སྤྲུལ་སྒྱུར་གཟུགས་ཀྱི་སྐུར་སྟོན་པཿ སློབ་དཔོན་དྲི་མ་མེད་པའི་ཞ་སྔ་ནསཿ སྙན་རྒྱུད་ཡང་གསང་ཡི་གེ་མེད་པའི་སྐོརཿ བརྡ་དང་བརྡ་ཡིས་ཚུལ་དུ་སྟོན་པར་མཛདཿ བླ་མའི་དྲིན་ལས་བདག་ལ་དབང་བསྐུར་ཐོབཿ སྦྱོར་སྒྲོལ་རྨད་བྱུང་གྲུབ་རྟགས་མངོན་དུ་གྱུརཿ འགྲོ་དོན་མཐའ་མ་མ་འོངས་རྫོགས་པ་ཡིཿ གཏད་རྒྱ་སྨོན་ལམ་ལུང་བསྟན་ཐོབ་པ་ལྟརཿ རྒྱ་གར་ཨ་སུ་ར་ཡི་བྲག་ཕུག་ཏུཿ མཁའ་འགྲོ་ལྷ་ལྕམ་མེ་ཏོག་མནྡྷ་རཿ གཙོ་གྱུར་ལས་ཅན་དག་པའི་འཁོར་བདུན་ལཿ སྙན་རྒྱུད་བསྟན་ཞིང་བརྡ་རིས་ཆེན་མོར་བཀོདཿ རྡོ་རྗེ་ཕག་མོའི་ཐུགས་ཀྱིས་ཀློང་དུ་སྦསཿ ད་ལྟ་རྗེ་ཡི་དགོངས་པ་རྫོགས་ཕྱིར་དངཿ བཻ་རོ་ལ་སོགས་བོད་འབངས་སྐལ་པ་ཅནཿ མཚོ་རྒྱལ་ལ་སོགས་གསང་སྔགས་སྣོད་རུང་བཿ གཉན་ཆེན་ལ་སོགས་དམ་ལྡན་དྲེགས་པའི་སྡེཿ གྲོལ་ཞིང་བོད་ཁམས་རྗེས་སུ་བཟུང་བའི་ཕྱིརཿ རྒྱ་གར་ཡུལ་ནས་བསམ་ཡས་མཐིལ་དུ་འོངཿ གཙུག་ལག་ཁང་བཞེངས་བསྒྲུབས་གནས་བྱིན་གྱིས་བརླབསཿ ད་དུང་གསང་སྔགས་ཆོས་ཀྱི་ཆར་འབེབ་ཅིངཿ ཟབ་མོའི་གཏེར་གྱིས་མཐའ་དབུས་གང་བར་འདོདཿ འོན་ཀྱང་བོད་ཀྱི་བཙུན་མོ་བདུད་བློན་ཚོགསཿ ཁྲོ་གཏུམ་ཆེ་ཞིང་ཉོན་མོངས་དུག་ལྔ་རགསཿ ལས་ངན་སྐལ་དམན་བདུད་ཀྱིས་དབང་གྱུར་པའིཿ རྗེ་ཡི་ཐུགས་དཀྲུགས་བདག་ལ་དམ་ཚིག་ཉམསཿ ཁྱེད་ཅག་ལས་སྐལ་ལྡན་པ་ཁྱད་དུ་བསདཿ ལེགས་པའི་ཡོན་ཏན་ལོག་པའི་ལམ་དུ་བསྒྱུརཿ ཁྱད་པར་དམ་སྲི་ཕོ་མོའི་སྟོབས་ཤུགས་ཀྱིསཿ སྦྱོར་སྒྲོལ་སྒོ་བཀག་གསང་སྔགས་འགྲོ་དོན་བསྣུབསཿ འོན་ཀྱང་སྔོན་གྱི་སྨོན་ལམ་ལ་དམིགས་ནསཿ ང་ནི་སྙིང་སྟོབས་གཉེན་པོའི་དབང་བཙན་པསཿ ད་དུང་རྗེ་འབངས་རྣམས་ལ་རྗེས་སུ་བརྩེཿ ཟབ་གསང་མན་ངག་ཐིག་ལེ་སྐོར་གསུམ་པོཿ ད་ལྟ་ཡོངས་སུ་སྤེལ་བའི་དུས་མ་ཡིནཿ བརྡ་ཙམ་ཁྱེད་ཅག་གསུམ་ལ་སྤེལ་བར་བགྱིཿ མངའ་བདག་རྒྱལ་པོ་རིག་པའི་བཙན་ས་ཟིནཿ བཻ་རོ་ཙ་ན་རྟོགས་གྲོལ་དུས་མཉམ་འབྱུངཿ ཡེ་ཤེས་མཚོ་རྒྱལ་མཁའ་འགྲོའི་ཐུགས་ཀློང་འདྲེསཿ མ་འོངས་མི་ལོ་ལྔ་བཅུ་ཐམ་པའི་བརཿ ང་ཡི་འགྲོ་དོན་མཐའ་མ་རྫོགས་པར་གྱིསཿ དེ་ནས་ཨོ་རྒྱན་མཁའ་འགྲོའི་གནས་སུ་གཤེགསཿ ད་སྟེ་མ་འོངས་ལྔ་བརྒྱའི་ཐ་མ་ལཿ སྙིང་ཐིག་རྣམ་གཉིས་བསྟན་པ་ནུབ་ལ་ཉེཿ གསང་སྔགས་རྨད་བྱུང་སྦྱོར་སྒྲོལ་སྤྱོད་པ་ནུབཿ བསྐྱེད་རྫོགས་གདེང་བྲལ་མོས་པའི་སྤྱོད་པ་ཙམཿ ཚིག་དང་ཡི་གེའི་བརྒྱུད་པ་ཙམ་ལ་བརྟེནཿ སེམས་ཅན་སྡུག་བསྔལ་དྲག་པོའི་ལས་ལ་སྤྱོདཿ ནད་མཚོན་དུག་དང་མུ་གེའི་བསྐལ་པ་དརཿ ལྷ་གཉན་ཀླུ་དང་སྡེ་བརྒྱད་འབྱུང་པོ་འཁྲུགསཿ དཀར་ཕྱོགས་ཕམ་ཞིང་ནག་ཕྱོགས་དར་བའི་དུསཿ ད་ལྟའི་ཉ་ཆུའི་སྲོག་བདག་ཚངས་པ་ཡངཿ སྨོན་ལམ་ལོག་པའི་དམ་སྲི་ཕོ་མོ་དངཿ ལོག་ལམ་རྒྱལ་སྲིན་འབྱུང་པོའི་དབང་སོང་བསཿ ང་ཡི་བཀའ་འགལ་ཁས་བླང་དམ་ལས་ཉམསཿ སེམས་ཅན་གནོད་པའི་རྒྱུར་སྒྲུབ་གོ་ལོག་སྤྱོདཿ རྒྱལ་སྲིན་འབྱུང་པོའི་བོད་ཁམས་ཐམས་ཅད་འགེངསཿ ཚེ་རགས་གཏོང་ཞིང་བོད་འབངས་སྡུག་ལ་སྦྱོརཿ དེ་ཚེ་ཐུགས་བསྐྱེད་དམ་བཅའ་དུས་སྨིན་པའིཿ དྲི་མ་མེད་པའི་ཐུགས་ཀྱི་བརྣག་བྱའི་ཆོསཿ སློབ་དཔོན་རོ་ལངས་བདེ་བའི་མན་ངག་གནདཿ རྡོ་རྗེ་ཕག་མོའི་ཐུགས་ཀྱི་ཟུང་ཁྲག་ཐིགཿ མི་ཡུལ་ཡོངས་སུ་གྲགས་ཤིང་སྤེལ་བའི་དུསཿ གསང་སྔགས་བསྟན་པ་གཞིར་བཞེངས་སློང་འགྱུར་ཞིངཿ སྦྱོར་སྒྲོལ་རྨད་བྱུང་འགྲོ་དོན་མཐའ་རྒྱས་རྫོགསཿ མི་རབ་ཉེར་གཅིག་བར་དུ་བསྟན་པ་འཕེལཿ འོད་ལུས་འགྲུབ་པ་བརྒྱ་དང་བཅུ་གསུམ་སྟེཿ གྲུབ་འབྲས་མངོན་གྱུར་སྟོང་ཕྲག་གསུམ་ཙམ་དངཿ བཙན་ས་ཟིན་པའང་སྟོང་ཕྲག་བདུན་འབྱུང་ཞིངཿ བྱེ་མའི་གྲངས་ཀྱིས་སེམས་ཅན་གྲོལ་འགྱུར་ཡངཿ ད་ལྟའི་དམ་ཚིག་ཉམས་པའི་བཙུན་མོ་དངཿ བློན་པོ་འདི་དག་བར་ཆད་ཅུང་ཟད་ཙམཿ རྩོམ་ཡང་རྩ་གསུམ་ཐུགས་རྗེས་སྐྱོབ་པར་སྲིདཿ བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནསཿ སྡིག་སྡུག་འཐོར་རླུང་དྲག་པོ་རབ་འཁྲུག་ཅིངཿ དམ་ཉམས་བསམ་སྦྱོར་སྨོན་ལམ་ལོག་པའི་མཐུསཿ རྒྱལ་པོའི་བུ་མོ་སྲིན་མོ་ཀུ་དྷ་མཿ བློན་པོའི་ཁྱེའུ་སྲིན་པོ་ཏ་ར་ཛཿ སྨོན་ལམ་ལོག་མཐུས་མ་འོངས་དུས་སུའངཿ ང་དང་ལྷ་ལྕམ་གྲོགས་ཀྱི་ཚུལ་ཉིད་དུཿ དགེ་སྦྱོང་བུད་མེད་གཡོ་སྒྱུ་གདུག་སེམས་ལྡནཿ དམ་སྡོམ་ཁྱད་གསོད་གསང་སྔགས་ལོག་པར་ལྟཿ འགྲོ་ལ་སྡང་ཞིང་དམ་ཚིག་ལྡན་ལ་གནོདཿ སྤྱོད་ངན་རླུང་ལྟར་འཚུབ་པའི་གཞན་དབང་དུཿ གྱུར་ན་འདུན་མ་རླུང་ལ་བསྐུར་ཡང་སྲིདཿ གློ་བུར་མི་འདོད་སྣ་ཚོགས་ཆར་ལྟར་འབེབསཿ བླ་མའི་ཐུགས་གཡེལ་ཡི་དམ་དངོས་གྲུབ་ཉམསཿ མཁའ་འགྲོ་འཁྲུགས་ཅིང་དམ་ཅན་ཆོས་སྐྱོང་དངཿ སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་ཡིད་ཕམ་ཞིངཿ དམ་ལྡན་ཚར་གཅོད་དམ་མེད་མཐུ་སྟོབས་ངོམཿ དེ་ཡིས་ཤུགས་ཀྱིས་བསྟན་འགྲོར་བར་ཆད་མངཿ དེ་དུས་གཞན་གྱིས་སྐྱོབས་པ་མི་འགྱུར་ཏེཿ ང་ཉིད་དྲག་པོ་ཁྲོས་པའི་སྐུར་བསྟན་པཿ བླ་མ་དྲག་པོའི་ཐུགས་ཀྱི་སྒྲུབ་པ་ཞེསཿ བཀའ་གཏེར་དྲག་པོ་ཀུན་འདུས་ཟབ་པའི་ཆོསཿ ཡང་གསང་ཆོས་ཀྱི་བར་ཆད་སྲུང་བ་དངཿ རྩ་གསུམ་དགྱེས་སྐོང་དམ་ཅན་སྟོབས་རྩལ་བསྐྱེདཿ སྡེ་བརྒྱད་དྲེགས་པའི་ཚོགས་ཀུན་དཔའ་ངར་བྱིནཿ དམ་ལྡན་དཀར་ཕྱོགས་དགའ་སྟོན་རྒྱལ་རྔ་བརྡུངཿ ནག་ཕྱོགས་དམ་སྲི་བདུད་ཀྱི་སྡེ་ཚོགས་འཇོམསཿ རྒྱལ་སྲིན་འབྱུང་པོ་རྫས་ལ་མི་འཕྲད་བཞིནཿ འདི་ཡིས་མིང་ཐོས་ཙམ་གྱིས་སྲོག་སྙིང་འགསཿ འདི་མེད་ཁོག་པའི་སྙིང་མེད་ཇི་བཞིན་དུཿ ཡང་གསང་མཁའ་འགྲོ་ཐུགས་ཐིག་སྤེལ་བ་ལཿ བར་ཆད་འཐོར་རླུང་དྲག་པོ་བཟློག་པར་དཀའཿ ཆོས་འདི་འཕྲད་པ་ཙམ་གྱིས་བར་ཆད་བཟློགཿ ང་ཡིས་ལེགས་པར་བཤད་དོ་གུས་པས་ཉོནཿ ཞེས་གསུངས་སློབ་དཔོན་ཁྲོས་པའི་རྣམ་འགྱུར་གྱིསཿ ཧཱུྃ་གི་གད་རྒྱངས་སྒྲོག་ཅིང་སྟངས་སྟབས་བསྒྱུརཿ དབུ་དགུ་བཅོ་བརྒྱད་ཕྱག་ན་མཚོན་ཆ་རྔམསཿ ཞབས་བཞི་རྒྱལ་བསེན་དམ་སྲི་ཕོ་མོ་གནོནཿ སྲིད་གསུམ་འགེང་པའི་སྐུ་རུ་ལམ་གྱིས་གྱུརཿ རྡོ་རྗེ་ཕག་མོ་རང་བཞིན་གནས་ནས་བྱོནཿ ཕག་ཞལ་ངུར་སྒྲས་སྲིད་གསུམ་གཡོ་ཞིང་བརྡེགསཿ སྦྱོར་སྒྲོལ་སྤྱོད་པ་རྨད་བྱུང་རྫུ་འཕྲུལ་ངོམཿ རྗེ་འབངས་གྲོགས་གསུམ་སྔངས་སྐྲག་འདར་གྱུར་ཞིངཿ དར་ཅིག་དྲན་མེད་བརྒྱལ་ཞིང་སླར་སངས་ཚེཿ རྫོགས་པ་ཆེན་པོ་དོན་རྒྱུད་སྙིང་ལ་ཕོགཿ བརྡ་ཡིས་དབང་བསྐུར་ཐོབ་ཅིང་གྲོལ་བའོཿ སླར་ཡང་གུ་རུ་དྲག་པོའི་ཞལ་སྔ་ནསཿ སྒྲུབ་ཐབས་ལས་ཚོགས་མན་ངག་བཅས་ཏེ་གནངཿ ཨེ་མ་ལེགས་པར་ཉོན་དང་རྗེ་འབངས་གྲོགསཿ སྤྱིར་ཡང་བོད་ཀྱི་གདུག་པ་འདུལ་བར་དཀའཿ ཁྱད་པར་མ་འོངས་འགྲོ་དོན་སྤྱོད་པའི་ཚེཿ དམ་སྲི་ཕོ་མོའི་སྨོན་ལམ་དུས་བབ་པསཿ དེ་དུས་སྐལ་ལྡན་ཀུན་གྱི་མཚོན་ཆ་རུཿ ང་ཡི་དྲག་པོ་ཐུགས་ཀྱི་སྒྲུབ་པ་སྦྱིནཿ ཡེ་ཤེས་མཁའ་འགྲོའི་བརྡ་རིས་ཆེན་མོར་ཐོབསཿ རྡོ་རྗེ་ཕག་མོའི་ཐུགས་ཀྱི་ཀློང་དུ་སྦསཿ མ་འོངས་སྡུག་བསྔལ་ཆུ་ལྟར་འཁྲུགས་པའི་དུསཿ ང་ཡི་དམ་བཅའ་སྨོན་ལམ་དུས་སུ་སྨིནཿ མེ་ཕོ་རྟ་ལོ་གྲོ་བཞིན་ཟླ་བ་ནསཿ ང་ཡིས་སྐལ་ལྡན་སྐྱོབས་པའི་དུས་ཡིན་ཏེཿ དྲག་པོའི་མཚོན་འཁོར་འདི་དང་འཕྲད་པར་ཤོགཿ བཀའ་ཡི་སྲུང་མ་ཀླུ་བདུད་མིང་སྲིང་འདིཿ བསྐལ་བ་དཔག་ཏུ་མེད་པའི་སྔོན་རོལ་ནསཿ སྲོག་སྙིང་ཕུལ་ཞིང་དམ་བཅས་བྲོ་བོར་ལྟརཿ མ་འོངས་དེ་དུས་འབྲས་བུ་དུས་སྨིན་པསཿ ཉིན་མཚན་ཀུན་ཏུ་གཡེལ་བ་མ་བྱེད་པརཿ བདུད་ཀྱི་སྡེ་ཆོམས་ལྷ་ཡི་དབུ་འཕང་བསྟོདཿ བླ་མར་གུས་འདུད་དམ་ལྡན་བུ་བཞིན་སྐྱོངཿ སྡང་བྱེད་དགྲ་དང་གནོད་བྱེད་བགེགས་ཀྱི་ཚོགསཿ བར་ཆད་བདུད་སྡེ་ཕྲན་བུ་ཡན་ཆོད་ཀུནཿ ཁ་རླངས་དུག་གིས་ཆར་པས་དུས་མཐའ་བསྟུངསཿ བཻ་རོ་མཚོ་རྒྱལ་སྙིང་སྟོབས་མ་ཞེན་པརཿ བླ་མ་ཡབ་ཡུམ་རྩེ་གཅིག་ཞབས་ཏོག་སྒྲུབས༔ ཅི་གསུངས་བཀའ་སྒྲུབ་ཟབ་ཆོས་ཉམས་སུ་ལོངསཿ སྐལ་ལྡན་སྨིན་ཅིང་གྲོལ་བའི་གཉེར་ཁ་ཟུངཿ འདུས་པའི་འཁོར་ཚོགས་ཐེ་ཚོམ་མདུད་གྲོལ་ནཿ སྔོན་ཆད་གསང་སྔགས་རྩ་བའི་དམ་ཉམས་ཡངཿ ཡང་གསང་ཙས་དང་འཕྲད་པ་ཚོམ་ཞིག་གིསཿ གྲོལ་བར་མ་གྱུར་པདྨས་ཕྱི་རབས་བསླུསཿ མི་དགེར་ལྟ་ཅི་མཚམས་མེད་ལྔ་བྱས་ཀྱངཿ སྒྲ་ཐོས་ཙམ་གྱིས་གྲོལ་བར་ཐེ་ཚོམ་མེདཿ «ཅེས་གསུངས་སོཿ བླ་མ་དྲག་འཁྲོས་ཐུགས་ཀྱི་སྒྲུབ་པ་ལསཿ དང་པོ་ལོ་རྒྱུས་གསང་བའི་ཡིག་ཆུང་འདིཿ ཡེ་ཤེས་མཁའ་འགྲོའི་བརྡ་རིས་ཆེན་མོ་ལསཿ ཁྲག་འཐུང་ལས་ཀྱི་རྡོ་རྗེས་ཕབ་པ་བཞིནཿ ཡི་གེའི་འདུ་བྱེད་རིག་པའི་ཡེ་ཤེས་སོཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཁ་ཐཾཿ གུ་ཧྱཿ དགེ་བསྙེན་སྨྱོ་ཁ་ནག་པོ་ཡིསཿ གཏེར་གྱི་སྲུང་མ་གྱིས་ལ་མ་གཡེལ་ཅིགཿ ན་རཀྐནཿ དགེའོཿ »