ཡང་གསང་ཐུགས་ཐིག་ཆ་ལག་ལསཿ པདྨ་དྲག་པོའི་སྒྲུབ་ཐབས༔

From Khyentse Lineage - A Tsadra Foundation Project
Wylie title yang gsang thugs thig cha lag las pad+ma drag po'i sgrub thabs
Location mdo mkhyen brtse bka' 'bum
Volume 4, Text 41, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Sadhanas - Evocation Ritual - sgrub thabs
Deity pad+ma drag po
Colophon

བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་བདེ་བའི་རྡོ་རྗེའི་ཌཱཀྐི་ཆེན་མོས་བརྡ་གྲོལ་སྐབས་ཆུ་ལུག་དབོ་ཟླ་བའི་ཟླ་བ་ཉ་གང་བའི་དུས་སུ་དག་པར་ཕབ་པའི་ཡི་གེའི་འདུ་བྱེད་ཆོས་བདག་རིག་པའི་ཡེ་ཤེས་ཀྱིས་བགྱིས་པ་མ་རུང་བདུད་ཀྱི་སྡེ་ཚོགས་བརླག་པའི་ནུས་ལྡན་དུ་གྱུར་ཅིགཿ

bdag 'dra dus mtha'i gter smyon khrag 'thung bde ba'i rdo rje'i DAk+ki chen mos brda grol skabs chu lug dbo zla ba'i zla ba nya gang ba'i dus su dag par phab pa'i yi ge'i 'du byed chos bdag rig pa'i ye shes kyis bgyis pa ma rung bdud kyi sde tshogs brlag pa'i nus ldan du gyur cig:

[edit]
ཡང་གསང་ཐུགས་ཐིག་ཆ་ལག་ལསཿ པདྨ་དྲག་པོའི་སྒྲུབ་ཐབས་བཞུགས༔

྅྅྅ «དབྱིངས་རིག་དབྱེར་མེད་ང་བོ་ཉིདཿ རིག་པ་དོན་གྱི་ལྷ་ལ་འདུདཿ བདག་ཉིད་དྲག་པོ་ཀཱི་ལ་ཡི༔ སྒྲུབས་ཐབས་ཟབ་མོ་འདི་ལྟ་སྟེ༔ སྤྲོས་བཅས་མཚན་མ་རྫས་དཀྱིལ་ནི༔ ཕུར་བ་མཚན་ཉིད་ལྡན་པ་བཀོད༔ སྨན་རཀ་གཏོར་གསུམ་མཆོད་པས་བསྐོར༔ སྤྲོས་མེད་ཨ་ཏི་ཡོ་གའི་ལུགས༔ ལྟ་བ་གྱད་ཀྱི་རྣལ་འབྱོར་པས༔ རྡོ་རྗེའི་ལུས་དཀྱིལ་མཆོག་ཉིད་དོ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ »ན་མོཿ བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་ཀུནཿ ཀུན་བཟང་གདོད་མའི་དབྱིངས་སུ་མ་གྲོལ་བར༔ གཞོན་ནུ་བུམ་སྐུའི་རང་གདངས་དོན་གྱི་ལྷ༔ བླ་མེད་རྩ་བ་གསུམ་ལ་སྐྱབས་སུ་མཆི༔ «ལན་གསུམཿ གཉིས་པ་སེམས་བསྐྱེད་ནི༔» ཧོཿ འཁྲུལ་སྣང་དབང་གྱུར་འགྲོ་རྣམས་བསྒྲལ་སླད་དུ༔ ལྷག་པའི་ལྷ་མཆོག་དབང་དྲག་ཧེ་རུ་ཀའི༔ བསྙེན་ཅིང་སྒྲུབ་པའི་ལམ་འདིར་འབད་པས་འཇུག༔ རྣམ་བཞིའི་ཕྲིན་ལས་བསྒྲུབ་པར་སེམས་བསྐྱེད་དོ༔ «གསུམ་པ་ཡན་ལག་བརྒྱད་པ་ནི༔» དག་པ་རྩ་གསུམ་ལྷ་ཚོགས་སྤྱན་འདྲེན་གཤེགས༔ སྤྲུལ་པའི་གདན་བཞུགས་གུས་པས་ཕྱག་འཚལ་ལོ༔ བླ་མེད་མཆོད་འབུལ་འཁྲུལ་སྣང་ཉེས་ཚོགས་བཤགས༔ ཏན་གྷན་མཛད་ལ་ཡི་རངས་འགྲོ་སྒྲོལ་བསྐུལ༔ བཞུགས་པར་གསོལ་བ་འདེབས་སོ་དགེ་ཚོགས་རྒྱུན༔ འགྲོ་ཀུན་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ༔ «བཞི་པ་བགེགས་ལ་བཀའ་བསྒོ་བ༔» ཧཱུྃ༔ མ་རྟོགས་འཁྲུལ་པའི་རང་སྣང་ལ༔ ཡོངས་ཤར་ལོག་འདྲེན་བར་ཆོད་བགེགས༔ གནས་འདིའི་འཁོར་ཡུག་ཚུན་ཆད་དུ༔ མ་གནས་རྒྱ་མཚོའི་ཕ་མཐར་དེངས༔ བཀའ་ལས་འདའ་ན་མེ་མཚོན་གྱིས༔ ཐལ་བའི་རྡུལ་དུ་བརླག་ཏ་རེ༔ «ཧཱུྃ་བཞིའི་སྔགས་དང༔» སརྦ་བིགྣན་ཨུརྩ་ཏ་ཡ་ཕཊ༔ «དྲག་པོའི་ཐུན་གྱིས་གཟིར་བར་བྱ༔ ལྔ་པ་མཚམས་གཅོད་སྲུང་འཁོར་ནི༔ »ཧཱུྃ༔ བདག་ཉིད་དྲག་པོའི་ཐུགས་ཀ་ནས༔ དྲག་པོའི་མཚོན་ཆ་རྡོ་རྗེའི་གུར༔ འཕྲོས་པས་མཐའ་སྐོར་བསྐལ་མེ་འབར༔ ཡེ་ནས་རྣམ་དག་སྤྲུལ་པའི་ཞིང༔ མ་དག་པ་རྣམས་མཚམ་བཅད་དོ༔ ཨོཾ་བཛྲ་ཛྭ་ལ་རཀྵ་རཀྵ་ཧཱུྃཿ «དྲུག་པ་བྱིན་འབེབ་པ་ནི༔ »ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་སྣང་སྤྲུལ་པའི་ཞིང༔ སྐུ་གསུམ་གནས་བཞུགས་རྩ་གསུམ་ལྷ་ཚོགས་ཀྱིས༔ སྣོད་བཅུད་སྒྲུབ་པ་པོ་ལ་བྱིན་ཕོབ་ཅིག༔ གསང་གསུམ་དཔལ་ཡོན་དངོས་གྲུབ་སྩལ་དུ་གསོལ༔ བཛྲ་ཛྙ་ན་སརྦ་ས་མ་ཡ་ཨ་བེ་ཤ་ཡ་ཕཻཾ་ཕཻཾ་ཛ༔ «བདུན་པ་མཆོད་རྫས་བྱིན་རླབས་ནི༔» ཧཱུྃ༔ སྣང་ཞིང་སྲིད་པའི་ཆོས་སོ་ཅོག༔ ཀུན་རྫོབ་མཆོད་པའི་རྫས་སྤྲུལ་ཏེ༔ དོམ་དམ་རིག་པའི་ཡེ་ཤེས་ཀྱིས༔ བྱིན་རླབས་ཡེ་ཤེས་བདུད་རྩིར་སྒྱུར༔ ཨོཾ་བཛྲ་པུཥྤེ་དྷུཔྤེ་ཨ་ལོ་ཀེ་གྷནྡྷེ་ནེ་ཝི་ཏྱ་ཤབྟ་ཨཱཿཧཱུྃཿ «སྨན་རཀ་གཏོར་གསུམ་སྔགས་ཀྱིས་བརླབས༔ སྔོན་དུ་འགྲོ་བའི་རིམ་པའོ༔ དངོས་གཞིའི་དང་པོ་ལྷ་བསྐྱེད་ནི༔ »ཧཱུྃ༔ རྣམ་ཐར་གསུམ་ལྡན་དེ་བཞིན་ཉིད༔ མ་རྟོགས་འགྲོ་ལ་སྙིང་རྗེ་ཤརཿ རིག་པ་ཧཱུྃ་དམར་འཕྲོས་འདུས་ལསཿ ཕྱི་སྣོད་དུར་ཁྲོད་རོལ་བའི་ཞིངཿ ཕོ་བྲང་རྒྱན་བཀོད་ཕུན་སུམ་ཚོགསཿ གནམ་ལྕགས་འཁོར་ལོ་རྩིབས་བཅུའི་དབུསཿ རྒྱུ་ཡིག་འཕྲོས་འདུས་འོད་ཞུ་ལསཿ བླ་མ་དྲག་པོ་ཀཱི་ལ་ཡཿ སྐུ་མདོག་དམར་གསལ་འོད་དུ་འབརཿ ཞལ་གཅིག་ཁྲོ་རྔམས་རྒོད་གཤེ་ཉམས༔ སྤྱན་གསུམ་བསྐལ་པའི་མེ་ལྟར་འབརཿ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགསཿ སྨིན་སྨར་ཨག་ཚོམ་དམར་སེར་མདངསཿ ཕྱག་གཡས་གནམ་ལྕགས་རྭ་དགུ་ཕྱརཿ གཡོན་པས་སྡིགས་མཛུབ་ལྕགས་སྡིགས་འགྱེདཿ སྐུ་སྨད་གནམ་ལྕགས་ཕུར་བུའི་དབལཿ སྲིད་པ་ཨེ་ཡི་ཀློང་དཀྱིལ་དུཿ རྒྱལ་བསེན་དམ་སྲིའི་སྙིང་ཁར་གཟིརཿ དཔལ་དང་དུར་ཁྲོད་ཆས་ཀྱིས་སྤྲསཿ རལ་པ་ཁམས་ནག་གྱེན་དུ་འཁྱིལཿ སྤྱི་གཙུག་བྱ་ཁྱུང་ག་རུ་ཊཿ གཟའ་ཀླུ་སྡེ་བརྒྱད་དམྱལ་ཐག་གཅོདཿ དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེདཿ མགྲིན་པར་པདྨ་དབང་ཆེན་གསུངཿ ཐུགས་ཀར་ཡང་དག་ཧེ་རུ་ཀཿ སྐུ་སྨད་གནམ་ལྕགས་ཟུར་གསུམ་པའིཿ དབལ་ངོས་དུག་སྦྲུལ་ལྕེ་བསྐྱང་རྔམསཿ ཆུ་སྲིན་ཁ་ནས་ཐོག་སེར་འབེབསཿ དབལ་རྩེར་སྡིག་ནག་ཐུར་དུ་ལྟཿ སྤྱི་བོར་རིགས་བདག་འོད་དཔག་མེདཿ སྐྱིལ་ཀྲུང་མཉམ་བཞག་ལྷུང་བཟེད་བསྣམསཿ འཁོར་ལོ་རྩིབས་བཅུའི་ཁོང་སེང་དབུསཿ ཕྱོགས་སྐྱོང་བཅུ་ཡི་གདན་སྟེང་དུཿ ཡེ་ཤེས་ཁྲོ་བཅུ་ཡབ་ཡུམ་གསལཿ ཡེ་ནས་བདུད་འདུལ་དཀྱིལ་འཁོར་ལྷཿ བསྐྱེད་དུ་མེད་དེ་གཞི་ལ་རྫོགསཿ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚནཿ འོད་ཀྱིས་རབ་འབྱམས་ཞིང་ཁམས་བསྐུལཿ «གཉིས་པ་སྤྱན་འདྲེན་པ་ནིཿ »ཧཱུྃཿ དོན་གྱི་འོག་མིན་ཆེན་པོ་ནསཿ རྒྱལ་བ་རབ་འབྱམས་རྩ་གསུམ་ལྷཿ ཞི་ཆགས་ཁྲོ་བོའི་རྣམ་རོལ་གརཿ ཡེ་ཤེས་ལྷ་ཚོགས་སྤྲིན་ལྟར་གཏིབསཿ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལཿ དབང་དྲག་རོལ་བའི་གཞལ་ཡས་ནསཿ ཡི་དམ་པདྨ་དྲག་པོའི་ལྷཿ བདུད་འདུལ་བཛྲ་ཀཱི་ལ་ཡཿ དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཀུནཿ གནས་འདིར་གཤེགས་ལ་རྟགས་མཚན་སྟོནཿ དབང་སྐུར་བྱིན་རློབས་དངོས་གྲུབ་རྩོལཿ ལས་བཞི་རབ་འབྱམས་ཡོངས་གྲུབ་ནསཿ རང་རིག་ལྷ་དང་དབྱེར་མེད་ཤོགཿ གུ་རུ་དྷེ་ཝ་ཌཱཀྐི་ནི་པདྨ་ཀཱི་ལི་ཀི་ལ་ཡཿ སརྦ་ས་མ་ཡ་ཨ་བེ་ཤ་ཡ་ཕཻཾ་ཕཻཾ༔ ས་མ་ཡ་ཛཿ« གསུམ་པ་བཞུགས་གསོལ་ནིཿ» ཧཱུྃཿ ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་རྣམསཿ རྒྱ་མཚོར་ཁ་ཆར་བབ་བཞིན་དུཿ དམ་ཚིག་པ་དང་དབྱེར་མེད་བསྟིམསཿ དགྱེས་པ་ཆེན་པོར་བཞུགས་སུ་གསོལཿ ཊིཥྛ་ལྷནཿ «བཞི་པ་ཕྱག་འཚལ་བ་ནིཿ» ཧོཿ ཡི་དམ་པདྨ་དྲག་པོའི་ལྷ་ཚོགས་ལཿ ཕྱག་རྒྱ་གར་གྱི་ལྷ་མོས་བརྡ་ཕྱག་འཚལཿ རྗེས་འཛིན་དགའ་བ་བཞི་ཡི་ཡེ་ཤེས་ཀྱིསཿ དགྱེས་པ་བསྐྱེད་ལ་མཆོག་ཐུན་དངོས་གྲུབ་རྩོལཿ ཨ་ཏི་པཱུ་ཧོཿ པྲ་ཏིཙྪ་ཧོཿ «ལྔ་པ་ཕྱི་ནང་མཆོད་འབུལ་ནིཿ» ཧཱུྃཿ ཡུལ་དྲུག་འདོད་ཡོན་མ་སྤང་རྒྱན་ཤར་བའིཿ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོ་དངཿ སྨན་རཀ་གཏོར་གསུམ་དགའ་བཞི་དབྱིངས་སུ་སྦྱོརཿ མ་རིག་གཟུང་འཛིན་བདག་འཛིན་རུ་ཏྲ་བསྒྲལཿ དུག་གསུམ་རྣམ་དག་ཤ་ཁྲག་རུས་པར་བཅསཿ དཀྱིལ་འཁོར་ལྷ་ཚོགས་མཆོད་པས་མཉེས་གྱུར་ཅིགཿ ཨོཾ་བཛྲ་པཱུཥྤ་དྷུཔྤེ་ཨ་ལོ་ཀེ་གྷནྡྷེ་ནེ་ཝེ་ཏྱ་ཤབྟ་པཱུ་ཙ་ཧོཿ ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ མ་ཧཱ་བཱ་ལིང་ཏ་ཁཱ་ཧིཿ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧིཿ ཧ་ལ་པཉྩ་པུ་ཙ་ཧོཿ «དྲུག་པ་བསྟོད་ཅིང་བཤགས་པ་ནིཿ» ཧཱུྃཿ དངོས་འཛིན་རྣམ་དག་བླ་མ་དྲག་པོའི་སྐུཿ ཆོས་ཉིད་རང་སྒྲ་ཡི་དམ་ལྷ་ཡི་གསུངཿ ཡེ་ཤེས་ལྔ་རྫོགས་ཀཱི་ལ་ཡ་ཡི་ཐུགསཿ གུ་རུ་དྲག་པོའི་གསང་བ་གསུམ་ལ་བསྟོདཿ དཔལ་ཆེན་ཁྲོ་བོ་རྒྱལ་པོའི་ཆོ་འཕྲུལ་ལསཿ ཉི་མ་དང་ནི་འོད་ཟེར་ཇི་བཞིན་དུཿ བྱིན་རླབས་གོ་ཆ་ཁྲོ་བཅུ་ཡབ་ཡུམ་སོགསཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ མ་རིག་དབང་གྱུར་ཡི་དམ་ལྷ་མ་མཇལཿ བག་མེད་དབང་གིས་བཟླས་བརྗོད་གྲངས་མ་འཁྱོལཿ གཉིས་འཛིན་འཁྲུལ་བས་ཆོས་ཉིད་དོན་མ་རྟོགསཿ དཔལ་ཆེན་དཀྱིལ་འཁོར་ལྷ་ལ་བཟོད་པར་གསོལཿ« ཡི་གེ་བརྒྱ་པ་དག་པར་བརྗོདཿ བདུན་པ་བསྙེན་ཅིང་སྒྲུབ་པ་ནིཿ» བདག་ཉིད་རྩ་བའི་ཐུགས་ཀ་རུཿ ཡེ་ཤེས་སེམས་དཔའ་ཧེ་རུ་ཀའིཿ ཐུགས་ཀར་གསེར་རྡོར་རྩེ་ལྔ་པཿ ལྟེ་བར་ཉི་དཀྱིལ་ཧཱུྃ་མཐིང་གསལཿ མཐའ་མར་སྔགས་ཕྲེང་གཡས་སུ་འཁོརཿ ལྷ་སྔགས་ཏིང་འཛིན་རྩེ་གཅིག་ངངཿ ཨོཾ་ཨཱཿཧཱུྃཿ ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊཿ «ཨ་འཐས་བསྐྱེད་རིམ་འཛིན་པས་མི་བཅིང་བརཿ གདོད་ནས་ཡི་དམ་ལྷ་ཡི་སྐུར་ཤར་བཿ དོན་དམ་འཁྱེར་སོ་གསུམ་དང་མ་བྲལ་ངང་ཿ གསལ་སྣང་ཐོན་ནས་ཐུགས་དམ་རྒྱུད་བསྐུལ་ཞིངཿ »སྔགས་ལས་འོད་འཕྲོས་ཕྱོགས་བཅུའི་རྒྱལ་རྣམས་མཆོདཿ དབང་དང་བྱིན་རླབས་དངོས་གྲུབ་བཅུད་དུ་དྲངསཿ གསང་གསུམ་རྡོ་རྗེ་གསུམ་གྱི་རྒྱས་ཐེབ་ཅིངཿ སླར་ཡང་འོད་ཟེར་ཚ་ལ་རྩུབ་པ་འཕྲོསཿ རིགས་དྲུག་སྡུག་བསྔལ་བག་ཆགས་རྒྱུད་བཅས་སྦྱངཿ མ་རུང་གདུག་པ་ཅན་རྣམས་ཚར་བཅད་ནསཿ དབང་བསྡུས་བྲན་བཀོལ་དག་པའི་ཞིང་དུ་སྒྱུརཿ ཆོས་ཉིད་ཡེ་གྲོལ་ཁྱབ་བརྡལ་ཆེན་པོའི་ངངཿ «བསྙེན་སྒྲུབ་ཆིག་དྲིལ་བཟླས་པ་དག་ལ་འབདཿ ཐུན་མཐར་དྲག་པོ་ཧཱུྃ་གི་གླུ་དབྱངས་སྒྲོགཿ ལས་སྦྱོར་སྐབས་སུ་གང་བབ་དམིགས་པས་བསྒྱུརཿ བདག་མདུན་སྤྲོས་བཅས་དམིགས་པའི་ཆོ་འཕྲུལ་ཏེཿ ལས་བཞི་ལྷུན་འགྲུབ་ཞལ་མཐོང་དངོས་གྲུབ་ཐོབཿ ཟླ་གཅིག་བསྒྲུབས་པས་སྣང་བ་ལྷ་རུ་ཤརཿ ཟླ་གཉིས་བསྒྲུབས་པས་རླུང་ཁམས་སྔགས་སུ་དགཿ ཟླ་གསུམ་བསྒོམས་པས་རིག་པ་ཆོས་སྐུར་རྟོགསཿ ཚེ་འཕོས་པདྨ་ང་ཡི་ཐུགས་ཀློང་འདྲེསཿ རྒྱལ་བསེན་དམ་སྲི་རྒྱ་འདྲེ་འབྱུང་པོ་དངཿ གསར་སྐྱེས་གདུག་འདྲེ་ཐལ་བར་བརླག་བྱེད་པཿ དྲག་པོ་གསང་བ་གཅིག་རྒྱུད་སྒྲུབ་པ་འདིཿ བྱིན་རླབས་རྣོ་མྱུར་གཞན་ལས་ཁྱད་པར་འཕགསཿ ང་ཡི་ཁྱད་ཆོས་བླ་ན་མེད་པའོཿ རྗེས་ལ་ཚོགས་ཀྱི་འཁོར་ལོ་ནིཿ བཟའ་བ་ལྷ་ཡི་ཞལ་ཟས་དངཿ ཤ་ཆང་ཐབས་ཤེས་རོ་ལྡན་ཟསཿ མ་ཚང་མེད་པར་འདུ་བྱས་ལཿ དང་པོ་བྱིན་གྱིས་བརླབས་པ་ནིཿ »རཾ་ཡཾ་ཁཾཿ དྲག་པོའི་ཐུགས་ལས་འོད་འཕྲོས་པསཿ མེ་རླུང་ཆུ་ཡིས་མ་དག་སྦྱངཿ ངོ་བོ་ཡེ་ཤེས་བདུད་རྩི་ལཿ རྣམ་པ་འདོད་ཡོན་ལོངས་སྤྱོད་རྫསཿ ཚོགས་མཆོད་འཁོར་འདས་དངས་བཅུད་སྒྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «གཉིས་པ་ཚོགས་མགྲོན་སྤྱན་འདྲེན་ནིཿ »ཧཱུྃཿ རྔ་ཡབ་ལང་ཀ་པུ་རིའི་གྲོངཿ དབང་དྲག་རོལ་བའི་ཕོ་བྲང་ནསཿ ཡི་དམ་པདྨ་ཧེ་རུ་ཀཿ དྲག་པོ་བདུད་འདུལ་ཀཱི་ལ་ཡཿ དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅསཿ རྩ་གསུམ་དཔའ་བོ་དཔའ་མོ་དངཿ དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགསཿ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལཿ ཚོགས་ཁང་དུར་ཁྲོད་རོལ་བའི་ཞིངཿ ཚོགས་རྫས་འདོད་ཡོན་བདུད་རྩིའི་བཅུདཿ རྣལ་འབྱོར་དཔའ་བོ་དཔའ་མོའི་གར༔ བརྟུལ་ཞུགས་སྤྱོད་པའི་ཉམས་དང་ལྡནཿ བྱིན་ཆེན་ཕོབ་ལ་དངོས་གྲུབ་རྩོལཿ མ་ཧཱ་གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡ་ཕཻཾ་ཕཻཾཿ «གསུམ་པ་ཚོགས་མཆོད་འབུལ་བ་ནིཿ» ཧཱུྃཿ ཚོགས་ཀྱི་ལོངས་སྤྱོད་དཔག་མེད་མཆོད་པའི་རྫསཿ ཤ་ལྔ་བདུད་རྩི་ལྔ་ཡི་རང་བཞིན་ལཿ རྣམ་པར་དག་པའི་འདོད་ཡོན་མཆོད་སྤྲིན་འདིཿ དཔལ་ཆེན་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལཿ གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་པཱུ་ཙ་ཧོཿ «བཞི་པ་བཤགས་པའི་ཚོགས་མཆོད་ནིཿ» ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བརཿ མ་རིག་དབང་གྱུར་དམ་སྡོམ་བསླབ་པ་འཆལཿ སྒོ་གསུམ་བག་མེད་ཉེས་ཚོགས་ཅི་མཆིས་པཿ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས་པར་བགྱིསཿ གྷ་ན་ཙཀྲ་པུ་ཙ་ས་མ་ཡ་ཤུདྡྷེ་ཨཱཿ «ལྔ་པ་དྲག་པོའི་བསྒྲལ་བསྟབས་ནིཿ» ཨེ་ལས་ཚོགས་སྣོད་ལས་ཀྱི་བྲུབ་ཁུང་དབུསཿ ཚོགས་ཟན་རུས་པ་ནྲྀ་ཏྲི་ཡོངས་གྱུར་པའིཿ གནོད་བྱེད་དགྲ་གདོན་དམིགས་བྱ་ཨ་མུ་ཀཿ མཚན་ཉིད་ཡོངས་རྫོགས་དངོས་སུ་གསལ་བར་གྱུརཿ «འགུགས་གཞུགས་དྲག་པོ་ལན་གསུམ་མཐརཿ ཚེ་ཁྲུས་ཏིང་འཛིན་དམིགས་གནད་ངངཿ» ཧཱུྃཿ སྐུ་སྟོད་པདྨ་དྲག་པོ་རྩལཿ སྐུ་སྨད་གནམ་ལྕགས་ཕུར་བུའི་དབལཿ གནོད་བྱེད་དགྲ་གདོན་སྙིང་ལ་གཟིརཿ སྲོག་བཅུད་རཀྟའི་དངས་མ་བསྐམསཿ ཚེ་བསོད་བཀྲག་མདངས་གཟི་བརྗིད་བསྡུསཿ རྣམ་ཤེས་རྒྱལ་བའི་ཞིང་དུ་དྲོངསཿ «རྩ་སྔགས་ཤམ་བུར་»གནོད་བྱེད་འབྱུང་པོ་མ་ར་ཡ་རྦདཿ «ཅེས་བསྒྲལཿ »ཨཱ་ཕཊཿ «ཀྱིས་སྤར་རོཿ བསྒྲལ་གྲིས་གཏུབ་ཅིངཿ »ཧཱུྃཿ དཔལ་ཆེན་སྤྲུལ་པའི་ཕོ་ཉ་བཿ སྒྲོལ་བྱེད་ཤན་པའི་དམག་ཚོགས་ཀྱིསཿ དགྲ་གདོན་ལྔ་ཕུང་དུམ་བུར་གཏུབསཿ མིང་གི་ལྷག་མར་ཚར་ཆོད་ཅིགཿ ཀྲོ་ཏ་ར་ཛ་ནྲྀ་ཏྲྀ་ཤ་ཏྲུཾ་མ་ར་ཡ་ཕཊཿ «ཞལ་བསྟབས་ནིཿ» ཧཱུྃཿ མ་རིག་གཟུངས་འཛིན་ལས་བྱུང་བའིཿ དགྲ་གདོན་བསྒྲལ་བའི་ཤ་ཁྲག་རུསཿ དོན་སྣོད་དབང་པོ་དྲོད་དབུགས་བཅསཿ ཡེ་ཤེས་བདུད་རྩིར་བྱིན་བརླབས་ནསཿ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབསཿ གསོལ་ཞིག་རོལ་ཞིག་ཁཱ་རཾ་ཁཱ་ཧིཿ མ་ཧཱ་མཾ་ས་རཀྟ་ཙིཏྟ་ཀོཾནིརྟི་ཁཱ་རཾ་ཁཱ་ཧིཿ «ཚོགས་ལ་རོལ་ཞིང་བརྟུལ་ཞུགས་བསྐྱེདཿ དྲུག་པ་ལྷག་མ་བསྔོ་བ་ནིཿ བྱིན་གྱིས་བརླབས་ལ་ཁ་ཕྲུས་གདབཿ» ཨོཾ་ཨཱཿཧཱུྃཿ ལྷག་ལ་དབང་གྱུར་མ་མོ་མཁའ་འགྲོའི་ཚོགསཿ དབང་ཕྱུག་གིང་དང་ལང་ཀ་ཕོ་ཉ་བཿ འཇིག་རྟེན་འདས་དང་མ་འདས་ས་མཚམས་འཛིནཿ འདིར་གཤེགས་དཔལ་གྱི་ཕམ་ཕབ་ཚོགས་ལྷག་རོལཿ སྔོན་གྱི་ཁས་བླང་དམ་ཚིག་རྗེས་དྲན་ཅིངཿ ལས་བཞིའི་ཕྲིན་ལས་གང་བཅོལ་ཐོག་མེད་སྒྲུབསཿ ཨུཥྩི་ཊ་བཱ་ལིང་ཏ་ཁཱ་ཧིཿ «བདུན་པ་ཐུགས་དམ་བསྐུལ་བ་ནིཿ» ཧཱུྃཿ བདུད་འདུལ་དབང་དྲག་རོལ་བའི་དཀྱིལ་འཁོར་ནསཿ དབང་དྲག་ཁྲོས་པ་རྡོ་རྗེ་སྲིན་པོའི་སྐུཿ བླ་མ་དྲག་པོ་པདྨ་ཀཱི་ལ་ཡཿ ཞི་བ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱངཿ ལྔ་ཕྲག་ཐ་མའི་འགྲོ་བ་སྡུག་བསྔལ་གྱིསཿ དབང་གྱུར་དགྲ་གདོན་བགེགས་ཀྱིས་གནོད་སྦྱོར་རྩོམཿ དམ་ལྡན་སྒྲུབ་པའི་རྣལ་འབྱོར་ཁྱད་དུ་བསདཿ སྔགས་བསྟན་བསྣུབ་ཅིང་ཁྱོད་ལ་ཕོད་བཙུག་ནཿ སྙིང་རྗེ་ཁྲོས་པའི་ཐུགས་ནི་ཞེ་སྡང་རྔམསཿ དྲག་གཏུམ་འབར་བའི་ཐུགས་དམ་གནད་ནས་བསྐུལཿ དབང་དྲག་ཁྲོ་བོ་ཁྲོ་མོའི་གར་སྒྱུར་ལཿ ཐུགས་རྗེ་ཡེ་ཤེས་མེ་ལྕེའི་ཚ་ངར་གྱིསཿ གདུག་པ་ཅན་ཀྱི་ལུས་ངག་གཞོབ་ཏུ་བསྲེགསཿ སྒྲོལ་བ་སྙིང་རྗེ་ཆེན་པོས་རྗེས་འཛིན་ཅིངཿ ཚར་གཅོད་ལས་ཀྱི་འབྲས་བུ་མཆིས་པར་མཛོདཿ «བརྒྱད་པ་ཆད་ཐོ་བསྒྲག་པ་ནིཿ »ཧཱུྃཿ སྔོན་ཚེ་བསྐལ་པའི་ཐོག་མ་ལཿ འོག་མིན་ཆོས་དབྱིངས་གནས་མཆོག་ཏུཿ རྡོ་རྗེ་འཆང་གི་སྤྱན་སྔ་རུཿ ཁས་བླང་དམ་མནོས་བསྟན་སྲུང་ཚོགསཿ བར་དུ་གནམ་ལྕགས་འབར་བའི་རིརཿ རྡོ་རྗེ་འཛིན་པའི་སྤྱན་སྔ་རུཿ དམ་ཚིག་ནོད་པའི་གཡར་དམ་ཅནཿ ཐ་མ་སློབ་དཔོན་པདྨ་ཡིཿ གུ་རུ་དྲག་པོའི་དཀྱིལ་འཁོར་དུཿ དབང་སྐུར་དབུགས་དབྱུངས་གཟེངས་བསྟོད་ཅིངཿ གཡར་དམ་བཅས་པས་དམ་ཅན་སྡེཿ དྲེགས་པ་སྡེ་བརྒྱད་ཚོགས་དང་བཅསཿ དམ་རྫས་ཆད་ཐོའི་གཏོར་མ་ལོངསཿ ཞལ་བཞེས་ཐུགས་དམ་མ་གཡེལ་བརཿ གང་བཅོལ་ཕྲིན་ལས་ཐོག་མེད་སྒྲུབཿ པཉྩ་བྷ་བ་ལིཾ་ཏ་ཁཱ་ཧིཿ «དགུ་པ་བསྟན་མ་སྐྱོང་བ་ནིཿ »ཧཱུྃཿ དཔལ་ཆེན་པདྨ་ཀཱི་ལ་ཡའིཿ དམ་ལ་བཞག་ཅིང་དབང་བསྐུར་བའིཿ བསྟན་མ་བཅུ་གཉིས་མིང་སྲིང་དངཿ བོད་ཁམས་དཀར་ཕྱོགས་སྐྱོང་བའི་སྡེཿ བཤལ་ཆུའི་གཏོར་མ་རྒྱན་ལྡན་བཞེསཿ འགྲོ་བའི་བདེ་སྐྱིད་དཔལ་བསྐྱེད་ཅིངཿ ལས་ཀྱི་འབྲས་བུ་མཆིས་པར་མཛོདཿ མ་མ་སྲིང་འགྲོ་མ་པཱུ་ཙ་ཧོཿ «བཅུ་པ་ལས་མཇུག་བསྡུ་བ་ནིཿ འགུགས་གཞུགས་ཏིང་འཛིན་དམིགས་པས་གཟིརཿ» ཧཱུྃཿ དམ་ཉམས་ལོག་འགྲེན་རྒབ་འདྲེའི་རིགསཿ དམ་སྲི་མ་རུང་བདུད་ཀྱི་སྡེཿ དགྲ་གདོན་བཀའ་འདས་ཉམས་པ་ཅནཿ རིམ་པ་དགུ་ཡི་ས་འོག་ཏུཿ ལས་ཀྱི་གཤིན་རྗེའི་ཁ་རུ་གཏདཿ བྱང་སེམས་མྱུ་གུ་མ་འཁྲུངས་བརཿ མ་གཏོང་ཐར་པའི་དུས་མེད་དོཿ མནན་ནོ་ཡེ་ཤེས་ལྔ་ཡི་རྒྱཿ ཇི་སྲིད་འབྲས་བུ་ཐོབ་པའི་ཚེཿ རྒྱལ་བའི་ཞིང་དུ་མངོན་འཚང་རྒྱཿ ཨོཾ་ལཾཿ ཨཱ་ལཾཿ ཧཱུྃ་ལཾཿ ཨེ་ཡཾ་བཾ་རཾ་ལཾ་སྟྭཾ་བྷ་ཡ་ནནཿ «དེ་ནས་རྗེས་ཀྱི་རིམ་པ་ནིཿ མཆོད་ཅིང་བསྟོད་ལ་གདུང་བའི་བློསཿ བྱིན་རླབས་དངོས་གྲུབ་ཞུ་བ་ནིཿ» ཧོཿ ལྷ་ཡི་ལྷ་མཆོག་དཔལ་ཆེན་ཧེ་རུ་ཀཿ པདྨ་དྲག་པོའི་ལྷ་ཚོགས་དགོངས་སུ་གསོལཿ མཚན་ལྡན་བླ་མའི་བཀའ་ཡིས་ལུང་བསྟན་ཅིངཿ ཚེ་རབས་དུ་མར་བསྒྲུབས་པའི་ཡི་དམ་ལྷཿ ད་ལྟ་ཞལ་མཐོང་དངོས་གྲུབ་མཆོག་ཐོབ་ཅིང༔ ལས་བཞི་ལྷུན་འགྲུབ་སྒྲུབ་པའི་ཞག་གྲངས་ཐེམཿ དངོས་གྲུབ་སྩོལ་བའི་དུས་ལ་ད་བབ་ནཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིཿ དབང་དང་བྱིན་རླབས་དངོས་གྲུབ་ཆར་ཆེན་ཕོབཿ འཇིགས་པ་བརྒྱད་སྐྱོབ་«སོགསཿ» «རྩ་སྔགས་ཤམ་བུར། »ཀཱ་ཡ་ཝཱཀྐཱ་ཙིཏྟ་གུརྞ་ཀརྨ་ཤནྟཾ་པུཥྟཾ་ཝ་ཤཾ་མ་ར་ཡ་སིདྡྷི་ཕ་ལ་ཧོ༔ «སླར་ཡང་མཆོད་བསྟོད་བཟོད་གསོལ་བཤགས་པ་བྱ༔ རྗེས་ལ་དཀྱིལ་འཁོར་བསྡུ་ཞིང་ལྷར་ལྡང་བཿ ཧཱུྃ»ཿ ཕྱི་སྣོད་གཞལ་ཡས་མཁའ་ལ་སྤྲིན་དང་བཞིན༔ འཁོར་ཚོགས་གཙོ་བོ་ལ་བསྡུ་དེ་ཡང་ཧཱུྃ༔ ཧཱུྃ་ཉིད་ན་དའི་བར་དུ་དམིགས་མེད་ངངཿ ཀ་དག་སྤྲོས་བྲལ་འདུས་མ་བྱས་པའི་ཀློང༔ ཨཱ་ཨཱ༔ «སླར་ཡང་རྗེས་ཐོབ་གཉུག་མ་དོན་གྱི་ལྷཿ» སླར་ཡང་རྗེས་ཐོབ་གཉུག་མ་དོན་གྱི་ལྷ༔ པདྨ་དྲག་པོ་བདུད་འདུལ་ཀཱི་ལ་ཡ༔ ཞལ་ཕྱག་ཡོངས་རྫོགས་ཆུ་ནང་ཟླ་གཟུགས་བཞིན༔ སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བ་བསྒོམ༔ «རྩ་སྔགས་ཉི་ཤུ་རྩ་གཅིག་བགྲང༔ དགེ་བ་»«རྫོགས་བྱང་བསྔོ་བ་ནི༔ »ལམ་འདིར་འབད་པའི་དགེ་ཚོགས་རྒྱ་མཚོ་དང༔ བདག་གིས་དུས་གསུམ་བསགས་པའི་རྣམ་དཀར་འབྲས༔ དྲིན་ལྡན་མཁའ་མཉམ་མ་རྒན་སེམས་ཅན་ཀུན༔ པདྨ་དྲག་པོའི་གོ་འཕང་ཐོབ་ཕྱིར་བསྔོ༔« སྨོན་ལམ་ནི༔» རྫོགས་སངས་རྒྱས་དང་དམ་ཆོས་དགེ་འདུན་སྡེཿ བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་མཐུསཿ མ་རུང་བདུད་ཀྱི་སྡེ་ཚོགས་དཔུང་གཞོམ་ནས༔ སྔགས་བསྟན་རིན་ཆེན་ཕྱོགས་བཅུར་རྒྱས་པ་དང༔ ཏན་གྷན་སྤྱོད་པ་བླ་མེད་འགྲོ་དོན་སྤྱོད༔ མོས་པའི་སྤྱོད་ཀུན་འབྲས་བུ་མངོན་གྱུར་ནས༔ འཁོར་བའི་རྒྱ་མཚོ་དོང་ནས་སྤྲུག་པར་ཤོགཿ «བཀྲ་ཤིས་གང་རྒྱས་ཀྱིས་མཐའ་བརྒྱན་པར་བྱའོ༔ གཏེར་སྒྲོ་ཕྲ་མོ་བྲག་གི་སྒྲུབ་གནས་སུ༔ མཚོ་རྒྱལ་ཡུམ་ལ་གཏད་པའི་གདམས་པ་འདི༔ བདག་ཉིད་ཀཱི་ལ་ཡ་ཡི་སྒྲུབ་པའི་ཐབས༔ བྱ་སླ་ཁྱེར་བདེ་བྱིན་རླབས་ཚན་ཆེ་བཿ མ་འོངས་དམ་སྲི་ལོག་འདྲེན་དར་བའི་ཚེ༔ ཟབ་གསང་གདམས་པ་བསྲུང་བའི་ཆ་ལག་ཏུཿ རྩེ་གཅིག་བྱང་ཆུབ་སྒྲུབ་པའི་ལག་ཆ་སྟེཿ སྐལ་ལྡན་སྙིང་གི་བུ་དང་འཕྲད་པར་ཤོགཿ བཀའ་དང་གཏེར་གྱི་སྲུང་མས་ཐུབ་པར་སྲུངས༔ ས་མ་ཡཱ༔ སྐུ་གསུང་ཐུགས་ཀྱི་རྒྱ༔ བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་བདེ་བའི་རྡོ་རྗེའི་ཌཱཀྐི་ཆེན་མོས་བརྡ་གྲོལ་སྐབས་ཆུ་ལུག་དབོ་ཟླ་བའི་ཟླ་བ་ཉ་གང་བའི་དུས་སུ་དག་པར་ཕབ་པའི་ཡི་གེའི་འདུ་བྱེད་ཆོས་བདག་རིག་པའི་ཡེ་ཤེས་ཀྱིས་བགྱིས་པ་མ་རུང་བདུད་ཀྱི་སྡེ་ཚོགས་བརླག་པའི་ནུས་ལྡན་དུ་གྱུར་ཅིགཿ