མངོན་པ་མཛོད་ཀྱི་ས་བཅད།

From Khyentse Lineage - A Tsadra Foundation Project
Revision as of 14:28, 4 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title mngon pa mdzod kyi sa bcad
Location dpal sprul bka' 'bum
Volume 2, Text 2, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Outlines - sa bcad
[edit]
༄༅། །མངོན་པ་མཛོད་ཀྱི་ས་བཅད་བཞུགས་སོ། །


རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་བརྗོད་བྱ་གཞི་ལྔ་རྗོད་བྱེད་གནས་བརྒྱད་ཀྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པ་ཆོས་མངོན་པའི་མཛོད་འཆད་པ་ལ། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ནི། རྒྱ་གར་སྐད་སོགས། གཉིས་པ་ནི། འཇམ་དཔལ་གཞོན་ནུ་སོགས། གསུམ་པ་ལ་བསྟན་བཅོས་ལ་འཇུག་པའི་ཡན་ལག །བརྩམས་པའི་བསྟན་བཅོས་ཀྱི་ལུས་དངོས་སོ། །དང་པོ་ལ་མཆོད་བརྗོད་སྔོན་དུ་འགྲོ་བས་རྩོམ་པར་དམ་བཅའ་བ་དང་། སྤྲོ་བ་སྔོན་དུ་འགྲོ་བས་མཚན་གྱི་དོན་བཤད་པ། དགོས་པ་སྔོན་དུ་འགྲོ་བས་སྟོན་པས་གསུངས་བར་བསྒྲུབ་པའོ། །དང་པོ་ནི། གང་ཞིག་ཀུན་ལ་སོགས། གཉིས་པ་ནི། ཆོས་མངོན་མཛོད་ཀྱི་སོགས། གསུམ་པ་ནི། ཆོས་རྣམས་རབ་ཏུ་སོགས། གཉིས་པ་བརྩམས་པའི་བསྟན་བཅོས་ཀྱི་ལུས་དངོས་ལ། བརྗོད་བྱ་ངོས་བཟུང་བ་དང་། དེ་རྒྱས་པར་གཏན་ལ་ཕབ་པའོ། །དང་པོ་ནི། ཟག་བཅས་ཟག་པ་སོགས། གཉིས་པ་ལ་འདུས་མ་བྱས་རྒྱས་པར་བཤད་པ། འདུས་བྱས་རྒྱས་པར་བཤད་པའོ། །དང་པོ་ནི། འདུས་མ་བྱས་རྣམས་སོགས། གཉིས་པ་ལ་གནས་བརྒྱད་ཡོད་པ་ལས། དང་པོ་ཁམས་བསྟན་པའི་གནས་ལ་གསུམ། འདུས་བྱས་ཀྱི་ཕྱོགས། མིང་གི་རྣམས་གྲངས། ཕུང་ཁམས་སྐྱེ་མཆེད་རྒྱས་པར་བཤད་པའོ། །དང་པོ་ནི། འདུས་བྱས་ཆོས་རྣམས་སོགས། གཉིས་པ་ལ་སྤྱིར་འདུས་བྱས་ཀྱི་མིང་གི་རྣམ་གྲངས་དང་། བྱེ་བྲག་ཟག་བཅས་ཀྱི་མིང་གྲངས་སོ། །དང་པོ་ནི། དེ་དག་ཉིད་དུ་སོགས། གཉིས་པ་ནི། གང་དག་ཟག་བཅས་སོགས། གསུམ་པ་ལ་ཕུང་ཁམས་སྐྱེ་མཆེད་ཀྱི་རང་བཞིན། ཆོས་གཞན་བསྡུ་བའི་ཚུལ། ཁམས་དང་རྣམ་པའི་རབ་དབྱེའོ། །དང་པོ་ལ་ལྔ། དངོས་དང་། གསུམ་པོ་སོ་སོའི་སྒྲ་དོན་དགོས་པ་དང་བཅས། ཚོར་འདུ་གཉིས་ཕུང་པོ་ལོགས་སུ་འཇོག་པའི་རྒྱུ་མཚན། ཕུང་ཁམས་སྐྱེ་མཆེད་ཀྱི་གོ་རིམ་ངེས་ཚུལ། སྐྱེ་མཆེད་གཉིས་ཀྱི་ངེས་པའོ། །དང་པོ་ལ་བཞི། གཟུགས་ཕུང་གི་རྣམ་བཞག །ཕུང་པོ་བར་བ་གསུམ་གྱི་རྣམ་བཞག །རྣམ་ཤེས་ཀྱི་ཕུང་པོའི་རྣམ་བཞག །རྫས་ཆོས་ལ་དོགས་པ་གཅོད་པའོ། །དང་པོ་ལ་གཉིས། དངོས་དང་དེ་དག་ཁམས་དང་སྐྱེ་མཆེད་དུ་བྱ་བའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། གཟུགས་ནི་དབང་པོ་སོགས། གཉིས་པ་ལ་གསུམ། དབང་པོ་ལྔ་མཚན་ཉིད་ཀྱི་སྒོ་ནས་བསྟན། དོན་ལྔ་མཚན་གཞིའི་སྒོ་ནས་བསྟན། རིག་བྱེད་མ་ཡིན་པའི་གཟུགས་བཤད་པའོ། །དང་པོ་ནི། དེ་དག་རྣམས་ཀྱི་སོགས། གཉིས་པ་ནི། གཟུགས་རྣམས་གཉིས་ཏེ་སོགས། གསུམ་པ་ནི། གཡེངས་དང་སེམས་མེད་སོགས། གཉིས་པ་དེ་དག་ཁམས་དང་སྐྱེ་མཆེད་དུ་བྱ་བ་ནི། དབང་དོན་དེ་དག་སོགས། གཉིས་པ་ཕུང་པོ་བར་བ་གསུམ་གྱི་རྣམ་བཞག་ནི། ཚོར་བ་མྱོང་བ་སོགས། གསུམ་པ་རྣམ་ཤེས་ཕུང་པོའི་རྣམ་བཞག་ནི། རྣམ་ཤེས་སོ་སོར་སོགས། བཞི་པ་རྫས་ཆོས་ལ་དོགས་པ་གཅོད་པ་ནི། ཁམས་བདུན་དག་ཏུ་སོགས། གཉིས་པ་གསུམ་པོ་སོ་སོའི་སྒྲ་དོན་དགོས་པ་དང་བཅས་པ་ནི། སྤུང་དང་སྐྱེ་སྒོ་སོགས། གསུམ་པ་ཚོར་འདུ་གཉིས་ཕུང་པོ་ལོགས་སུ་འཇོག་པའི་རྒྱུ་མཚན་ནི། རྩོད་པའི་རྩ་བར་སོགས། བཞི་པ་ཕུང་ཁམས་སྐྱེ་མཆེད་ཀྱི་གོ་རིམ་ངེས་ཚུལ་ནི། རིམ་ནི་རགས་དང་སོགས། ལྔ་པ་སྐྱེད་མཆེད་གཉིས་ཀྱི་ངེས་པ་ནི། བྱེ་བྲག་དོན་དང་སོགས། གཉིས་པ་ཆོས་བསྡུ་བའི་ཚུལ་ལ་གཉིས། ཆོས་ཀྱི་ཕུང་པོ་བསྡུ་བའི་ཚུལ་དང་། དེ་གཞན་ལའང་སྦྱར་བའོ། །དང་པོ་ནི། ཆོས་ཀྱི་ཕུང་པོ་སོགས། གཉིས་པ་ནི། དེ་བཞིན་གཞན་ཡང་སོགས། གསུམ་པ་ཁམས་ལ་སོགས་པའི་རབ་དབྱེ་ལ། རྒྱས་པ་རབ་དབྱེ་ཉེར་གཉིས་ཡོད་ཀྱང་བརྗོད་བདེ་བའི་དབང་དུ་བྱས་ན་བརྒྱད་ཡོད་དེ། བསྟན་ཡོད་ལ་སོགས་ལྔ་དང་། རྟོག་བཅས་དཔྱོད་བཅས་ལ་སོགས་པའི་དབྱེ་བ། དམིགས་བཅས་ལ་སོགས་པ་ལྔ། འབྱུང་བ་གསུམ་གྱི་རབ་དབྱེ། རྫས་དང་ལྡན་པ་སོགས། མཐོང་སྤང་ལ་སོགས་པའི་རབ་དབྱེ། ལྟ་བ་དང་ལྟ་མིན་གྱི་རབ་དབྱེ། གཉིས་ཀྱིས་ཤེས་པར་བྱ་བ་ལ་སོགས་པ་གསུམ་བཤད་པ་དང་བརྒྱད་དོ། །དང་པོ་ནི། བསྟན་ཡོད་འདི་ནི། གཉིས་པ་ནི་སོགས། རྟོག་དང་དཔྱོད་སོགས། གསུམ་ནི། དམིགས་བཅས་སེམས་ཀྱི་སོགས། བཞི་པ་ནི། རྣམ་པར་སྨིན་ལས་སོགས། ལྔ་པ་ནི། རྫས་དང་ལྡན་གཅིག་སོགས། དྲུག་པ་ནི། བཅུ་ནི་བསྒོམ་པས་སོགས། བདུན་པ་ནི། མིག་དང་ཆོས་ཀྱི་སོགས། བརྒྱད་པ་ནི། གཉིས་ཀྱིས་རྣམ་ཤེས་སོགས། ཆོས་མངོན་པའི་སོགས་མཚན་ཏེ་གནས་དང་པོའོ། །

༈ གཉིས་པ་དབང་པོ་བསྟན་པའི་གནས་ལ་གཉིས། དབང་པོའི་རྣམ་བཞག་དང་། འདུས་བྱས་ཀྱི་ཆོས་ཀྱི་སྐྱེ་ཚུལ་ལོ། །དང་པོ་ལ་དྲུག །དབང་པོའི་རང་བཞིན། སྐབས་སུ་བབ་པའི་ངོ་བོ། རྣམ་པའི་རབ་དབྱེ། དབང་པོ་རྙེད་གཏོང་། དགེ་སྦྱོང་ཚུལ་གྱི་འབྲས་བུ་དབང་པོ་དུས་ཐོབ། དབང་པོའི་ལྡན་ཚུལ་ལོ། །དང་པོ་ལ་དབང་པོའི་བྱེད་ལས། དབང་པོའི་གྲངས་ངེས་སོ། །དང་པོ་ནི། ལྔ་པོ་རྣམས་ནི་སོགས། གཉིས་པ་ནི། སེམས་ཀྱི་རྟེན་དང་སོགས། གཉིས་པ་སྐབས་སུ་བབ་པའི་ངོ་བོ་ལ་གཉིས། ཚོར་བའི་དབང་པོ་ལྔ་བཤད། དབང་པོ་ཐ་མ་གསུམ་བཤད་པའོ། །དང་པོ་ནི། ལུས་ཚོར་སིམ་པ་སོགས། གཉིས་པ་ནི། མཐོང་སྒོམ་སོགས། གསུམ་པ་རྣམ་པའི་རབ་དབྱེ་ལ་བཞི། གྲོགས་ལ། རྒྱུ་འབྲས་ལ། ངོ་བོ་ལ། སྤང་བྱ་ལ་ལྟོས་པའི་རབ་དབྱེའོ། །དང་པོ་ནི། གསུམ་ནི་དྲི་མ་མེད། གཟུགས་ཅན་སྲོག་དང་སོགས། གཉིས་པ་ནི། སྲོག་ནི་རྣམ་སྨིན་སོགས། གསུམ་པ་ནི། ཡིད་དང་ཚོར་གཞན་སོགས། བཞི་པ་ནི། ཡིད་དང་ཚོར་བ་སོགས། བཞི་པ་དབང་པོའི་རྙེད་གཏོང་ལ་རྙེད་ཚུལ་དང་། གཏོང་ཚུལ་ལོ། །དང་པོ་ནི། འདོད་པར་དང་པོ་སོགས། གཉིས་པ་ནི། གཟུགས་མེད་དག་ཏུ་སོགས། ལྔ་པ་དགེ་སྦྱོང་ཚུལ་གྱི་འབྲས་བུ་དབང་པོ་དུས་ཐོབ་ནི། འབྲས་བུ་ཐ་མ་སོགས། དྲུག་པ་དབང་པོའི་ལྡན་ཚུལ་ལ་ངེས་ལྡན་དང་། སྲིད་ལྡན་གཉིས། དང་པོ་ནི། བཏང་སྙོམས་དང་ནི་སོགས། གཉིས་པ་ནི། དགེ་མེད་ནང་ན་སོགས། གཉིས་པ་འདུས་ཆོས་སྐྱེ་ཚུལ་ལ། དངོས་དང་། ཞར་ལ་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་བཤད་པའོ། །དང་པོ་ལ་གཟུགས་ཅན་གྱི་སྐྱེ་ཚུལ་དང་། གཟུགས་ཅན་མ་ཡིན་པའི་སྐྱེ་ཚུལ་ལོ། །དང་པོ་ནི། འདོད་ན་དབང་པོ་སོགས། གཉིས་པ་ལ་བསྟན་བཤད་གཉིས། དང་པོ་ནི། སེམས་དང་སེམས་བྱུང་སོགས། གཉིས་པ་ལ་མཚུངས་ལྡན་གྱི་སྐྱེ་ཚུལ། མཚུངས་ལྡན་མིན་པའི་སྐྱེ་ཚུལ་གཉིས། དང་པོ་ལ། སྡེ་ཚན་དུ་ངེས་པའི་རབ་དབྱེ། མ་ངེས་པ་དང་བཅས་པའི་མཚུངས་ལྡན། འདྲ་བ་ལྟ་བུའི་ཁྱད་པར། ཐ་དད་ལྟ་བུའི་གཅིག་པ་དང་བཞི། དང་པོ་ལ་བསྟན་བཤད་གཉིས། དང་པོ་ནི། སེམས་བྱུང་རྣམ་ལྔ་སྟེ། ས་མང་སོགས། གཉིས་པ་ལ་སེམས་ཀྱི་ས་མང་དང་། དགེ་བའི་ས་མང་དང་། ཉོན་མོངས་ཆེན་པོའི་ས་མང་དང་། མི་དགེ་བའི་ས་མང་དང་། ཉོན་མོངས་ཆུང་ངུའི་ས་མང་སྟེ་ལྔ་ལས། དང་པོ་ནི། ཚོར་དང་སེམས་པ་སོགས། གཉིས་པ་ནི། དད་དང་བག་ཡོད་སོགས། གསུམ་པ་ནི། རྨོངས་དང་བག་མེད་སོགས། བཞི་པ་ནི། མི་དགེ་ལ་ནི་སོགས། ལྔ་པ་ནི། ཁྲོ་བ་དང་། འཁོན་འཛིན་སོགས། གཉིས་པ་སྡེ་ཚན་དུ་མ་ངེས་པ་ནི། འདོད་པའི་དགེ་བའི་སོགས། གསུམ་པ་འདྲ་བ་ལྟ་བུའི་ཁྱད་པར། མ་གུས་ངོ་ཚ་སོགས། བཞི་པ་ཐ་དད་ལྟ་བུའི་གཅིག་པ་ནི། སེམས་དང་ཡིད་དང་སོགས། གཉིས་པ་མཚུངས་ལྡན་མིན་པ་སྐྱེ་ཚུལ་ལ། བསྟན། བཤད། དོན་བསྡུའོ། །དང་པོ་ནི། མི་ལྡན་པ་ཡི་སོགས། གཉིས་པ་ལ་བདུན། ཐོབ་མ་ཐོབ། སྐལ་མཉམ། འདུ་ཤེས་མེད་པ་དང་སྙོམས་འཇུག་གཉིས། སྲོག །མཚན་ཉིད། རྫོགས་བྱེད་བཤད་པའོ། །དང་པོ་ནི། ཐོབ་པ་རྙེད་དང་སོགས། གཉིས་པ་ནི། སྐལ་མཉམ་སེམས་ཅན་སོགས། གསུམ་པ་ནི། འདུ་ཤེས་མེད་པ་སོགས། བཞི་པ་ལ་འདུ་ཤེས་མེད་པའི་སྙོམས་འཇུག་བཤད་པ། འགོགས་པའི་སྙོམས་འཇུག་བཤད་པ། དེ་གཉིས་ཀྱི་རྟེན་ཐུན་མོང་དུ་བཤད་པའོ། །དང་པོ་ནི། དེ་བཞིན་འདུ་ཤེས་སོགས། གཉིས་པ་ནི། འགོགས་པ་ཞེས་པའང་སོགས། གསུམ་པ་ནི། གཉིས་ཀ་འདོད་དང་སོགས། ལྔ་པ་སྲོག་ནི། སྲོག་ནི་ཚེ་ཡིན་སོགས། དྲུག་པ་མཚན་ཉིད་ནི། མཚན་ཉིད་དག་ནི་སོགས། བདུན་པ་རྫོགས་བྱེད་བཤད་པ་ནི། མིང་གི་ཚོགས་ལ་སོགས། གསུམ་པ་དོན་བསྡུ་ནི། འདོད་དང་གཟུགས་གཏོགས་སོགས། གཉིས་པ་ཞར་བྱུང་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་བཤད་པ་ལ། རྒྱུ་འབྲས་བུ་དང་བཅས་པ་བཤད་པ་དང་། རྐྱེན་བཤད་པའོ། །དང་པོ་ལ་རྒྱུ་བཤད་པ་དང་། འབྲས་བུ་བཤད་པ། དེ་གཉིས་ཀྱི་ཐུན་མོང་གི་ཆོས་བཤད་པའོ། །དང་པོ་ལ་བསྟན་བཤད་བསྡུ་གསུམ། དང་པོ་ནི། བྱེད་རྒྱུ་ལྷན་གཅིག་སོགས། གཉིས་པ་ལ་དྲུག་ལས། དང་པོ་བྱེད་རྒྱུ་ནི། རང་ལས་གཞན་པ་སོགས། གཉིས་པ་ལྷན་གཅིག་འབྱུང་བའི་རྒྱུ་ལ་གཉིས། མཚན་ཉིད་དང་། མཚན་གཞིའོ། །དང་པོ་ནི། ལྷན་ཅིག་འབྱུང་གང་སོགས། གཉིས་པ་ལ་གཉིས། སྤྱིར་བསྟན། སེམས་ཀྱི་རྗེས་འཇུག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འབྱུང་བཞིན་སེམས་ཀྱི་སོགས། གཉིས་པ་ནི། སེམས་ལས་བྱུང་དང་སོགས། གསུམ་པ་སྐལ་མཉམ་གྱི་རྒྱུ་ནི། སྐལ་མཉམ་རྒྱུ་ནི་སོགས། བཞི་པ་མཚུངས་ལྡན་རྒྱུ་ནི། མཚུངས་ལྡན་རྒྱུ་ནི་སོགས། ལྔ་པ་ཀུན་འགྲོའི་རྒྱུ་ནི། ཀུན་འགྲོ་ཞེས་བྱ་སོགས། དྲུག་པ་རྣམ་སྨིན་རྒྱུ་ནི། རྣམ་སྨིན་རྒྱུ་ནི་སོགས། གསུམ་པ་དོན་བསྡུ་ནི། ཀུན་འགྲོ་སྐལ་མཉམ་སོགས། གཉིས་པ་འབྲས་བུ་བཤད་པ་ལ། བསྟན་བཤད་གཉིས། དང་པོ་ནི། འདུས་བྱས་བྲལ་བཅས་སོགས། གཉིས་པ་ལ། འབྲས་བུ་གང་རྒྱུ་གང་གི་ཡིན་པ། སོ་སོའི་མཚན་ཉིད་བཤད་པའོ། །དང་པོ་ནི། རྣམ་སྨིན་འབྲས་བུ་སོགས། གཉིས་པ་ནི། རྣམ་སྨིན་ལུང་དུ་སོགས། གསུམ་པ་དེ་གཉིས་ཐུན་མོང་གི་ཆོས་བཤད་པ་ལ་གཉིས། འབྲས་བུ་འཛིན་འབྱིན་གྱི་དུས། དངོས་པོ་གང་རྒྱུ་དུས་སྐྱེད་པའོ། །དང་པོ་ནི། ལྔ་པོ་ད་ལྟ་སོགས། གཉིས་པ་ནི། ཉོན་མོངས་ཅན་དང་སོགས། གཉིས་པ་རྐྱེན་བཤད་པ་ལ། བསྟན་བཤད་གཉིས། དང་པོ་ནི། རྐྱེན་ནི་བཞི་པོ་སོགས། གཉིས་པ་ལ་བཞི། རྐྱེན་སོ་སོའི་མཚན་ཉིད། རྐྱེན་གང་འབྲས་བུ་དུས་གསུམ་པ་གང་ལ་བྱ་བ་བྱེད། དངོས་གང་རྐྱེན་དུས་བསྐྱེད། དེ་མ་ཐག་པའི་རྐྱེན་རྒྱས་པར་བཤད་པའོ། །དང་པོ་ནི། རྒྱུ་ཞེས་བྱ་བ་སོགས། གཉིས་པ་ནི། རྒྱུ་གཉིས་པོ་དག་སོགས། གསུམ་པ་ནི། བཞི་ཡིས་སེམས་དང་སོགས། བཞི་པ་ལ། སེམས་བཅུ་གཉིས་སུ་དབྱེ་བ་དང་། ཉི་ཤུར་དབྱེ་བ་དང་། བཅུ་གཉིས་གང་ལས་གང་གསར་དུ་རྙེད་དཔྱད་པའོ། །དང་པོ་ལ་དངོས་དང་། རྐྱེན་དང་རྐྱེན་ཅན་སྦྱར་བའོ། །དང་པོ་ནི། འདོད་ཡིད་དགེ་དང་སོགས། གཉིས་པ་ནི། འདོད་སེམས་དགེ་བ་སོགས། གཉིས་པ་ཉི་ཤུར་དབྱེ་བ་ནི། བཅུ་གཉིས་དེ་དག་སོགས། གསུམ་པ་བཅུ་གཉིས་གང་ལས་གང་གསར་དུ་རྙེད་དཔྱད་པ་ནི། ཁམས་གསུམ་པ་ཡི་སོགས། ཆོས་མངོན་པའི་སོགས། མཚན་ཏེ་གནས་གཉིས་པའོ། །

༈ གསུམ་པ་འཇིག་རྟེན་བསྟན་པའི་གནས་བཤད་པ་ལ་གཉིས། གང་སྐྱེས་པ་སེམས་ཅན་གྱི་འཇིག་རྟེན་དང་། གང་དུ་སྐྱེ་བ་སྣོད་ཀྱི་འཇིག་རྟེན་ནོ། །དང་པོ་ལ་གསུམ། དབྱེ་བ། ཆོས་ཀྱི་ཁྱད་པར། རང་བཞིན་རྒྱས་པར་བཤད་པའོ། དང་པོར་ཁམས་གསུམ་དུ་དབྱེ་བ། འགྲོ་བ་ལྔར་དབྱེ་བའོ། །དང་པོ་ནི། དམྱལ་བ་ཡི་དྭགས་སོགས། གཉིས་པ་ནི། དེར་ནི་དམྱལ་སོགས། གཉིས་པ་ཆོས་ཀྱི་ཁྱད་པར་ལ་བཞི། རྣམ་ཤེས་ཀྱི་གནས་པ་བདུན། སེམས་ཅན་གྱི་གནས་པ་དགུ། རྣམ་ཤེས་གནས་པ་བཞི། བདུན་དང་བཞིའི་བསྡུ་བ་དཔྱད་པའོ། །དང་པོ་ནི། ལུས་དང་འདུ་ཤེས་སོགས། གཉིས་པ་ནི། སྲིད་རྩེ་དང་འདུ་ཤེས་མེད་སོགས། གསུམ་པ་ནི། གནས་པ་དག་ནི་སོགས། བཞི་པ་ནི། བསྡུ་ན་བཞི་སོགས། གསུམ་པ་རང་བཞིན་རྒྱས་པར་བཤད་པ་ལ་གསུམ། དང་པོར་འཇུག་ཚུལ། བར་དུ་གནས་ཚུལ། མཐར་འགྲོ་ཚུལ་ལོ། །དང་པོ་གཉིས། གང་དུ་འཇུག་པའི་སྐྱེ་གནས། གང་གིས་འཇུག་པའི་བར་སྲིད་དོ། །དང་པོ་ནི། དེར་ནི་སྒོ་ང་སོགས། གཉིས་པ་ལ་ལྔ། ངོ་བོ་དང་། སྒྲུབ་བྱེད། ཤ་ཚུགས། ཆོས་ཀྱི་ཁྱད་པར། སྐྱེ་གནས་སུ་འཇུག་ཚུལ་ལོ། །དང་པོ་ནི། འདིར་གང་འཆི་དང་སོགས། གཉིས་པ་ལ་རིག་པ་དང་ལུང་གི་སྒྲུབ་བྱེད་གཉིས། དང་པོ་ནི། འབྲུ་ཡི་རྒྱུན་དང་སོགས། གཉིས་པ་ནི། མགུར་ནས་གསུང་ཕྱིར་སོགས། གསུམ་པ་ནི། དེ་ནི་འཕེན་པ་སོགས། བཞི་པ་ནི། རིགས་མཐུན་ལྷ་མིག་སོགས། ལྔ་པ་ནི། བློ་ནི་ཕྱིན་ཅི་སོགས། གཉིས་པ་བར་དུ་གནས་ཚུལ་ལ་གཉིས། གང་གནས་པ་སེམས་ཅན་གྱི་རྟེན་འབྲེལ། གང་གིས་གནས་པ་ཟས་ཀྱི་རྟེན་འབྲེལ་ལོ། །དང་པོ་ལ་གསུམ། བསྟན། བཤད། བསྡུ་གསུམ། དང་པོ་ནི། བདག་མེད་ཕུང་པོ་སོགས། གཉིས་པ་ལ་གསུམ། གནས་སྐབས་པའི་རྟེན་འབྲེལ། སྐབས་སུ་བབ་པའི་ངོ་བོ། ཡན་ལག་གསུམ་དཔེ་དང་སྦྱར་བའོ། །དང་པོ་ལ་བཞི། རང་བཞིན་བསྡུ་བ་དཔྱད་པ། གྲངས་ངེས་པའི་རྒྱུ་མཚན། འབྱུང་བྱུང་གི་ཁྱད་པར་རོ། །དང་པོ་ལ་གསུམ། དབྱེ་བ། སོ་སོའི་མཚན་ཉིད། དེ་དག་གི་ངེས་པའོ། །དང་པོ་ནི། དེ་ནི་རྟེན་ཅིང་སོགས། གཉིས་པ་ནི། མ་རིག་ཉོན་མོངས་སོགས། གསུམ་པ་ནི། སྔོན་དང་ཕྱི་མཐའ་སོགས། གཉིས་པ་བསྡུ་བ་དཔྱད་པ་ནི། ཉོན་མོངས་གསུམ་མོ་སོགས། གསུམ་པ་གྲངས་ངེས་ནི། ཉོན་མོངས་པ་ལས་སོགས། བཞི་པ་འབྱུང་བྱུང་གི་ཁྱད་པར། འདིར་ནི་འབྱུང་བ་སོགས། གཉིས་པ་སྐབས་སུ་བབ་པའི་ངོ་བོ་ལ་བཞི། མ་རིག་པ་བཤད་པ། མིང་བཤད། རེག་པ་བཤད་པ། ཚོར་བ་ཁ་འཕང་དང་བཅས་པ་བཤད་པའོ། །དང་པོ་ནི། རིག་པའི་མི་མཐུན་སོགས། གཉིས་པ་ནི། མིང་ནི་གཟུགས་ཅན་སོགས། གསུམ་པ་ནི། རེག་དྲུག་འདུས་ཏེ་སོགས། བཞི་པ་ནི། དེ་ལས་འབྱུང་བའི་སོགས། གསུམ་པ་ཡན་ལག་གསུམ་དཔེ་དང་སྦྱར་བ་ནི། འདིར་ནི་ཉོན་མོངས་སོགས། གསུམ་པ་དོན་བསྡུ་བ་ནི། སྲིད་པ་བཞི་པོ་སོགས། གཉིས་པ་གང་གིས་གནས་པ་ཟས་ཀྱི་རྟེན་འབྲེལ་ལ། བསྟན་བཤད་གཉིས། དང་པོ་ནི། འགྲོ་བ་ཟས་ཀྱི་སོགས། གཉིས་པ་ལ་གསུམ། ཟས་ཀྱི་རང་བཞིན། ཞར་ལ་བར་སྲིད་ཀྱི་མིང་གི་རྣམས་གྲངས། དེ་དག་གི་ངེས་པའོ། །དང་པོ་ནི། ཁམས་ཀྱི་ཟས་ནི་སོགས། གཉིས་པ་ནི། ཡིད་ལས་བྱུང་དང་སོགས། གསུམ་པ་ནི། འདི་ལ་གནས་དང་ནི། བརྟེན་པ་སོགས། གསུམ་པ་མཐར་འགྲོ་ཚུལ་ནི། ཚད་དང་མཚམས་སྦྱོར་སོགས། གཉིས་པ་གང་དུ་སྐྱེ་བ་སྣོད་ཀྱི་འཇིག་རྟེན་བཤད་པ་ལ་གསུམ། རིམ་པ་དང་ཚད་དངོས། ཞར་ལ་སེམས་ཅན་གྱི་ཚད། ཚད་དེ་ཉིད་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། རྟེན་བཤད། བརྟེན་པ་བཤད། སེམས་ཅན་གྱི་གནས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས། རླུང་གི་དཀྱིལ་འཁོར། ཆུ་དང་གསེར་གྱི་དཀྱིལ་འཁོར་བཤད་པའོ། །དང་པོ་ནི། དེ་ལ་སྣོད་ཀྱི་སོགས། གཉིས་པ་ནི། ཆུ་རྔམས་འབུམ་ཕྲག་སོགས། གཉིས་པ་བརྟེན་པ་བཤད་པ་ལ། རི་བཤད། མཚོ་བཤད། གླིང་བཤད་པའོ། །དང་པོ་ནི། དེ་ལ་ལྷུན་པོ་སོགས། གཉིས་པ་ནི། དེ་དག་བར་དུ་སོགས། གསུམ་པ། གླིང་བཤད་པ་ལ། གླིང་གཙོ་བོ། གླིང་ཕྲན། འཛམ་བུ་གླིང་གི་ཆོས་ཀྱི་ཁྱད་པར་བཤད་པའོ། །དང་པོ་ནི། དེ་ལ་ནི། འཛམ་བུའི་གླིང་སྟེ་སོགས། གཉིས་པ་ནི། དེ་ཡི་བར་གྱི་སོགས། གསུམ་པ་ནི། འདི་ནས་བྱང་དུ་སོགས། གསུམ་པ་སེམས་ཅན་གྱི་གནས་བྱེ་བྲག་ཏུ་བཤད་པ་ལ། དངོས་དང་། དེ་དག་གི་སྤྲོས་པའོ། །དང་པོ་ལ་ངན་སོང་དང་། མཐོ་རིས་ཀྱི་གནས་སོ། །དང་པོ་ལ། ཚ་དམྱལ་དང་། གྲང་དམྱལ་ལོ། །དང་པོ་ནི། འདི་འོག་སྟོང་ཕྲག་སོགས། གཉིས་པ་ནི། ཆུ་བུར་ཅན་སོགས། གཉིས་པ་ནི་མིའི་གནས་བཤད་ཟིན་ནས། ལྷའི་གནས་ལ་ས་དང་འབྲེལ་བ་དང་། ས་དང་མ་འབྲེལ་བའོ། །དང་པོ་ལ་རྒྱལ་ཆེན་རིགས་བཞི་དང་། སུམ་ཅུ་རྩ་གསུམ་གྱི་གནས་སོ། །དང་པོ་ལ་གཞལ་མེད་ཁང་ལ་བརྟེན་པ་དང་། རི་ལ་བརྟེན་པའོ། །དང་པོ་ནི། ཉི་ཟླ་ལྷུན་པོའི་སོགས། གཉིས་པ་ནི། འདི་ལ་བང་རིམ་སོགས། གཉིས་པ་སུམ་ཅུ་རྩ་གསུམ་ནི། ལྷུན་པོའི་རྩེ་ན་སོགས། གཉིས་པ་ས་དང་མ་འབྲེལ་བ་ནི། དེ་སྟེང་ལྷ་རྣམས་སོགས། གཉིས་པ་དེ་དག་གི་སྤྲོས་པ་ནི། འདོད་པར་སྐྱེ་སོགས། གཉིས་པ་ཞར་ལ་སེམས་ཅན་གྱི་ཚད། ལུས་ཚད་དང་། ཚེ་ཚད་གཉིས། དང་པོ་ནི། འཛམ་བུ་གླིང་པ་སོགས། གཉིས་པ་ལ་དངོས་དང་ཞར་བྱུང་གཉིས། དང་པོ་ལ། མཐོ་རིས་ཀྱི་ཚེ་ཚད་དང་། ངན་སོང་གི་ཚེ་ཚད་གཉིས། དང་པོ་ནི། སྒྲ་མི་སྙན་སོགས། གཉིས་པ་ངན་སོང་གི་ཚེ་ཚད་ནི། ཡང་སོས་ལ་སོགས་སོགས། གཉིས་པ་ཞར་བྱུང་ནི། སྒྲ་མི་སྙན་མ་སོགས། གསུམ་པ་ཚད་དེ་ཉིད་བྱེ་བྲག་ཏུ་བཤད་པ་ལ། རྩོམ་པའི་དང་པོ་མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། གཟུགས་མིང་དུས་མཐའ་སོགས། གཉིས་པ་ལ་ཡུལ་གཟུགས་ཀྱི་ཚད་དང་། དུས་ཀྱི་ཚད་གཉིས། དང་པོ་ནི། ཕྲ་རབ་རྡུལ་དང་ནི། རྡུལ་ཕྲན་སོགས། གཉིས་པ་ལ། ལོ་བཤད་པ། བསྐལ་པ་བཤད་པའོ། །དང་པོ་ནི། སྐད་ཅིག་མ་བརྒྱ་སོགས། གཉིས་པ་ལ། དངོས་དང་། ཞར་ལས་བྱུང་བའོ། །དང་པོ་ལ། བསྟན་བཤད་དོ། །དང་པོ་ནི། བསྐལ་པ་རྣམ་པ་སོགས། གཉིས་པ། འཇིག་པ། ཆགས་པ་གནས་པ། བསྐལ་པ་ཆེན་པོའོ། དང་པོ་ནི། འཇིག་པའི་བསྐལ་པ་སོགས། གཉིས་པ་ནི། ཆགས་པ་དང་པོ་སོགས། གསུམ་ནི། བར་གྱི་བསྐལ་པ་སོགས། བཞི་པ་ནི། དེ་དག་བརྒྱད་ཅུ་སོགས། གཉིས་པ་ཞར་བྱུང་ལ། བསྐལ་ཆེན་གྱི་ཞར་བྱུང་། འཇིག་བསྐལ་གྱི་ཞར་བྱུང་ངོ་། །དང་པོ་ལ། སངས་རྒྱས། རང་རྒྱལ། འཁོར་ལོས་བསྒྱུར་རྒྱལ་བྱུང་ཚུལ་ལོ། །དང་པོ་ནི། དེ་གྲངས་མེད་གསུམ་སོགས། གཉིས་པ་ནི། རང་སངས་རྒྱས་སོགས། གསུམ་པ་ནི། འཁོར་ལོས་བསྒྱུར་བ་སོགས། གཉིས་པ་འཇིག་བསྐལ་གྱི་ཞར་བྱུང་ལ། འཇིག་པའི་དབྱེ་བ། ལུས་པའི་རྩེ་མོ། འཇིག་པའི་གོ་རིམ་མོ། །དང་པོ་ནི། མེ་དང་ཆུ་དང་སོགས། གཉིས་པ་ནི། བསམ་གཏན་གཉིས་སོགས། གསུམ་པ་ནི། མེ་ཡི་བདུན་ནི་སོགས། ཆོས་མངོན་པའི་སོགས་ལེའུའི་མཚན་ནོ། །

༈ བཞི་པ་ལས་བསྟན་པའི་གནས་འཆད་པ་ལ་གཉིས། མཚམས་སྦྱར་བ་དང་། ལས་དངོས་བཤད་པའོ། །དང་པོ་ནི། ལས་ལས་འཇིག་རྟེན་སོགས། གཉིས་པ་ལ་ལས་ཀྱི་ངོ་བོ། མདོ་ལས་བྱུང་བའི་མིང་གི་རྣམ་གྲངས་སོ། །དང་པོ་ལ་བསྟན་བཤད་དོ། །དང་པོ་ནི། དེ་ནི་སེམས་པ་སོགས། གཉིས་པ་ལ་གསུམ། ལས་ཀྱི་རང་བཞིན། ལས་གསུམ་སྤྱི་ཆོས་ཀྱི་ཁྱད་པར། རྣམ་པར་རིག་བྱེད་མ་ཡིན་པའི་དབྱེ་བའོ། །དང་པོ་ལ། རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པའོ། །དང་པོ་ལ་ལུས་ཀྱི་རྣམ་པར་རིག་བྱེད་དང་། ངག་གི་རྣམ་པར་རིག་བྱེད་དོ། །དང་པོ་ནི། ལུས་རྣམ་རིག་བྱེད་སོགས། གཉིས་པ་ནི། ངག་རྣམ་རིག་སོགས། གཉིས་པ་རིག་བྱེད་མ་ཡིན་པ་ལ་གསུམ། ལུང་གི་སྒྲུབ་བྱེད། རྒྱུ་འབྱུང་བའི་ཁྱད་པར། ཆོས་ཀྱི་ཁྱད་པར་རོ། །དང་པོ་ནི། རྣམ་གསུམ་དྲི་མེད་སོགས། གཉིས་པ་ནི། འདོད་གཏོགས་རྣམ་རིག་སོགས། གསུམ་པ་ནི། རྣམ་རིག་བྱེད་མིན་སོགས། གཉིས་པ་ལས་གསུམ་སྤྱི་ཆོས་ཀྱི་ཁྱད་པར་ལ་དངོས་དང་། ཞར་བྱུང་གཉིས། དང་པོ་ནི། རྣམ་རིག་མིན་ལུང་སོགས། གཉིས་པ་ལ། དགེ་བ་ལ་སོགས་པའི་དབྱེ་བ། ཀུན་སློང་བཤད་པ། ཆོས་ཀྱི་ཁྱད་པར་རོ། དང་པོ་ནི། གང་ཕྱིར་ཀུན་སློང་སོགས། གཉིས་པ་ནི། ཀུན་སློང་རྣམ་གཉིས་སོགས། གསུམ་པ་ནི། རབ་ཏུ་འཇུག་སོགས། གསུམ་པ་རྣམ་པར་རིག་བྱེད་མ་ཡིན་པའི་དབྱེ་བ་ལ་བསྟན་བཤད་དོ། །དང་པོ་ནི། རྣམ་རིག་མིན་སོགས། གཉིས་པ་ལ་བཞི། སྡོམ་པ། ལྡན་ཚུལ། འཐོབ་གཏོང་། ལྡན་པའི་གང་ཟག་བཤད་པའོ། །དང་པོ་ལ་བསྟན་བཤད་དོ། །དང་པོ་ནི། སྡོམ་པ་སོ་སོ་སོགས། གཉིས་པ་ལ་སོ་ཐར་གྱི་སྡོམ་པ། བསམ་གཏན་ཟག་མེད་ཀྱི་སྡོམ་པ། ཞར་བྱུང་ངོ་། དང་པོ་ལ་དབྱེ་བ། ངོ་བོ། སྒྲ་དོན། ལྡན་པའི་གང་ཟག་གོ། དང་པོ་ནི། སོ་སོར་ཐར་ཞེས་སོགས། གཉིས་པ་ནི། སྤང་བྱ་ལྔ་བརྒྱད་སོགས། གསུམ་པ་ནི། ཚུལ་ཁྲིམས་དང་ནི་སོགས། བཞི་བ་ནི། སོ་སོར་ཐར་དང་སོགས། གཉིས་པ་བསམ་གཏན་ཟག་མེད་ཀྱི་སྡོམ་པ་ནི། བསམ་གཏན་སྐྱེས་དང་སོགས། གསུམ་པ་ཞར་བྱུང་ནི། ཐ་མ་གཉིས་ནི་སོགས། གཉིས་པ་ལྡན་ཚུལ་ལ་གསུམ། རྣམ་པར་རིག་བྱེད་མ་ཡིན་པའི་ལྡན་ཚུལ། རྣམ་པར་རིག་བྱེད་ཀྱི་ལྡན་ཚུལ། ལྡན་པའི་མུ་བཞི་བཤད་པས་སོ། །དང་པོ་ནི། སོ་སོར་ཐར་གནས་སོགས། གཉིས་པ་ལ་དངོས་དང་། ཞར་བྱུང་། དང་པོ་ནི། རྣམ་རིག་བྱེད་མིན་སོགས། གཉིས་པ་ནི། སྡོམ་པ་མིན་དང་སོགས། གསུམ་པ་ལྡན་པའི་མུ་བཞི་བཤད་པ་ནི། བར་མ་དོར་གནས་སོགས། གསུམ་པ་འཐོབ་གཏོང་ལ། འཐོབ་ཚུལ། གཏོང་ཚུལ་ལོ། དང་པོ་ལ་སྡོམ་པའི་འཐོབ་ཚུལ། སྡོམ་མིན་གྱི་འཐོབ་ཚུལ། བར་མའི་འཐོབ་ཚུལ་ལོ། །དང་པོ་ལ་ཇི་ལྟར་འཐོབ་པ་དང་། གང་ལས་འཐོབ་པའོ། །དང་པོ་ལ་བསམ་གཏན་ཟག་མེད་ཀྱི་སྡོམ་པ་འཐོབ་ཚུལ། སོ་ཐར་གྱི་སྡོམ་པ་འཐོབ་ཚུལ་ལོ། །དང་པོ་ནི། བསམ་གཏན་ལས་སྐྱེས་སོགས། གཉིས་པ་ལ། དངོས་དང་། ཞར་བྱུང་གཉིས། དང་པོ་ནི། སོ་སོ་ཐར་ཞེས་པ། གཞན་གྱི་རྣམ་རིག་སོགས། གཉིས་པ་ལ་གསུམ། སྡོམ་པ་སྡོམ་མིན་གྱི་དུས་ངེས་པ། བསྙེན་གནས་ཀྱི་སྡོམ་པའི་ཁྱད་པར། དགེ་བསྙེན་གྱི་སྡོམ་པའི་ཁྱད་པར་རོ། །དང་པོ་ནི། ཇི་སྲིད་འཚོ་དང་སོགས། གཉིས་པ་ལ་གསུམ། ལེན་ཐབས། ཡན་ལག་གི་ངེས་པ་རྟེན་གྱི་ངེས་པའོ། །དང་པོ་ནི། དམའ་བར་འདུག་སྨྲས་སོགས། གཉིས་པ་ནི། ཚུལ་ཁྲིམས་ཡན་ལག་སོགས། གསུམ་པ་ནི། གཞན་ལའང་བསྙེན་སོགས། གསུམ་པ་དགེ་བསྙེན་གྱི་སྡོམ་པའི་ཁྱད་པར་ལ་གསུམ། དངོས་དང་། སྐྱབས་འགྲོའི་ཡུལ་བྱེ་བྲག་ཏུ་བཤད་པ། ཡན་ལག་གི་ངེས་པའོ། །དང་པོ་ནི། དགེ་བསྙེན་ཉིད་དུ་སོགས། གཉིས་པ་ནི། གང་ཞིག་གསུམ་སོགས། གསུམ་པ་ནི། ལོག་གཡེམ་ཤིན་ཏུ་སོགས། གཉིས་པ་གང་ལས་འཐོབ་པ་ནི། འདོད་གཏོགས་ཐམས་ཅད་སོགས། གཉིས་པ་སྡོམ་མིན་གྱི་འཐོབ་ཚུལ་ནི། སྡོམ་པ་མིན་པ་སོགས། གསུམ་པ་བར་མའི་ཐོབ་ཚུལ་ནི། ལྷག་མའི་རྣམ་རིག་སོགས། གཉིས་པ་གཏོང་ཚུལ་ལ་གསུམ། སྡོམ་པའི་སྡོམ་མིན་གྱི། བར་མའི་གཏོང་ཚུལ་ལོ། །དང་པོ་ལ་གཉིས། སོ་ཐར་གྱི་སྡོམ་པའི། བསམ་གཏན་ཟག་མེད་ཀྱི་སྡོམ་པའི་གཏོང་ཚུལ་ལོ། །དང་པོ་ནི། བསླབ་པ་ཕུལ་དང་སོགས། གཉིས་པ་ནི། བསམ་གཏན་གཏོགས་པའི་སོགས། གཉིས་པ་སྡོམ་མིན་གྱི་གཏོང་ཚུལ་ནི། སྡོམ་མིན་སྡོམ་པ་སོགས། གསུམ་པ་བར་མའི་གཏོང་ཚུལ་ནི། བར་མ་ཤུགས་བླང་སོགས། བཞི་བ་ལྡན་པའི་གང་ཟག་ནི། ཟ་མ་མ་ནིང་སོགས། གཉིས་པ་མདོ་ལས་བྱུང་བའི་མིང་གི་རྣམས་གྲངས་ལ་བཅོ་ལྔ་ཡོད་པ་ལས། དང་པོ་མཚན་ཉིད་ཀྱི་སྒོ་ནས་དབྱེ་བ་མདོར་བསྟན་པ་ནི། ལས་བདེ་མི་བདེ་སོགས། གཉིས་པ་འབྲས་བུའི་སྒོ་ནས་དབྱེ་བ་ལ་གཉིས། བསྟན་བཤད་དོ། །དང་པོ་ནི། བསོད་ནམས་བསོད་ནམས་སོགས། གཉིས་པ་ལ་བསོད་ནམས་སོགས་བཤད་པ་དང་། བདེ་སོགས་བཤད་པའོ། །དང་པོ་ནི། བསོད་ནམས་འདོད་ཁམས་སོགས། གཉིས་པ་ལ་མྱོང་འགྱུར་གསུམ་སོ་སོའི་མཚན་གཞི། མྱོང་གྱུར་གྱི་དབྱེ་བ། ལས་གང་གི་འབྲས་བུ་ཚོར་བ་གང་ཡིན་པའོ། །དང་པོ་ལ་རང་ལུགས་དང་གཞན་ལུགས་སོ། །དང་པོ་ནི། བསམ་གཏན་གསུམ་པའི་སོགས། གཉིས་པ་ནི། འོག་ནའང་བར་མ་སོགས། གཉིས་པ་མྱོང་འགྱུར་གྱི་དབྱེ་བ་ལ་ལྔར་དབྱེ་བ། རྣམ་སྨིན་མྱོང་འགྱུར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ངོ་བོ་ཉིད་དང་སོགས། གཉིས་པ་ལ། སྤྱིར་བསྟན། མྱོང་ངེས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། ལས་ཀྱི་དབྱེ་བ། ཁམས་དང་འགྲོ་བ་གང་ན་ལས་འཕེན་པ་དུ་ཡོད་གཉིས། དང་པོ་ནི། དེ་ཡང་ངེས་དང་སོགས། གཉིས་པ་ནི། ཐམས་ཅད་དུ་ནི་སོགས། གཉིས་པ་མྱོང་ངེས་བྱེ་བྲག་ཏུ་བཤད་པ་ནི། ཉོན་མོངས་རབ་དང་སོགས། གསུམ་པ་ལས་གང་གི་འབྲས་བུ་ཚོར་བ་གང་ཡིན་པ་ལ་དངོས་དང་། གཡེང་པའི་སེམས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྣམ་པར་རྟོག་པ་སོགས། གཉིས་པ་ནི། གཡེང་པའི་སེམས་སོགས། གསུམ་པ་རྒྱུའི་སྒོ་ནས་དབྱེ་བ་ནི། ཡོན་སྐྱོན་སྙིགས་མར་སོགས། བཞི་བ་རྒྱུ་འབྲས་ཀྱི་སྒོ་ནས་དབྱེ་བ་ལ་བསྟན། བཤད་གཉིས། དང་པོ་ནི། དཀར་ནག་ལ་སོགས་སོགས། གཉིས་པ་ནི། མི་དགེ་གཟུགས་དང་སོགས། ལྔ་པ་རྟེན་གྱི་སྒོ་ནས་དབྱེ་བ་ནི། མི་སློབ་ལུས་ངག་སོགས། དྲུག་པ་བྱེད་པའི་སྒོ་ནས་དབྱེ་བ་ནི། ལེགས་སྤྱད་གསུམ་པོ་སོགས། བདུན་པ་ལེགས་སྤྱད་དང་ཉེས་སྤྱད་བཤད་པ་ལ་གསུམ། ལས་ལམ་གྱི་རྣམ་པར་བཞག་པ། ལོག་འཚོ་ལོགས་སུ་སྟོན་པའི་རྒྱུ་མཚན། ལས་གང་འབྲས་བུ་དུ་དང་བཅས་པའོ། །དང་པོ་ལ་བསྟན་བཤད་དོ། དང་པོ་ནི། ལུས་ཀྱི་ལ་སོགས་སོགས། གཉིས་པ་ལ་བདུན་རིག་བྱེད་དང་རིག་བྱེད་མ་ཡིན་པའི་ངེས་པ། ལས་ལམ་གསུམ་གསུམ་དུ་དབྱེ་བ། མི་དགེ་བའི་ལས་ལམ་བྱེ་བྲག་ཏུ་བཤད་པ། དགེ་རྩ་གཅོད་པ་དང་མཚམས་སྦྱོར་ཚུལ། སེམས་པ་ལས་ལམ་དུ་དང་ལྷན་གཅིག་འབྱུང་བ། ཁམས་དང་འགྲོ་བ་གང་ན་ལས་ལམ་དུ་ཡོད་པ། ལས་ལམ་གྱི་འབྲས་བུའོ། །དང་པོ་ནི། མི་དགེ་དྲུག་ནི་སོགས། གཉིས་པ་ནི། སྦྱོར་བ་རྩ་བ་སོགས། གསུམ་པ་མི་དགེ་བའི་ལས་ལམ་བྱེ་བྲག་ཏུ་བཤད་པ་ལ། མི་དགེ་བའི་ལས་ལམ་གྱི་བྱེད་པ། སོ་སོའི་མཚན་ཉིད། ལས་ལམ་གྱི་སྒྲ་དོན་ནོ། །དང་པོ་ནི། གསོད་དང་གནོད་སེམས་སོགས། གཉིས་པ་སོ་སོའི་མཚན་ཉིད་ལ། རྩ་བ་བཞི། ཐ་སྙད་བཞི། ཡན་ལག་དྲུག་བཤད་པའོ། །དང་པོ་ནི། སྲོག་གཅོད་པ་ནི་སོགས། གཉིས་པ་ནི། མིག་རྣ་ཡིད་ཀྱི་སོགས། གསུམ་པ་ནི། ཕྲ་མ་ཕ་རོལ་སོགས། གསུམ་པ་ལས་ལམ་གྱི་སྒྲ་དོན་ནི། འདི་ལ། གསུམ་ལམ་བདུན་ནི་སོགས། བཞི་པ་དགེ་རྩ་གཅོད་པ་དང་མཚམས་སྦྱར་ཚུལ་ནི། མེད་པར་ལྟ་བས་སོགས། ལྔ་པ་སེམས་པ་ལས་ལམ་དུ་དང་ལྷན་ཅིག་འབྱུང་བ་ནི། མི་དགེ་བརྒྱད་ཀྱི་སོགས། དྲུག་པ་ཁམས་དང་འགྲོ་བ་གང་ན་ལས་ལམ་དུ་ཡོད་ནི། དམྱལ་བ་ན་ནི་སོགས། བདུན་པ་ལས་ལམ་གྱི་འབྲས་བུ་ནི། ཐམས་ཅད་བདག་པོ་སོགས། གཉིས་པ་ལོག་འཚོ་ལོགས་སུ་སྟོན་པའི་རྒྱུན་མཚན་ནི། ལུས་དང་ངག་ལས་སོགས། གསུམ་པ་ལས་གང་འབྲས་བུ་དུ་དང་བཅས་པ་ནི། དྲིར་བཅས་སྤོང་སོགས། བརྒྱད་པ་རིགས་པ་དང་། རིགས་པ་མིན་པས་བསྐྱེད་པའི་ལས་ཀྱི་དབྱེ་བ་ནི། རིགས་མིན་བསྐྱེད་པ་སོགས། དགུ་པ་འཕེན་བྱེད་རྫོགས་བྱེད་ཀྱི་དབྱེ་བ་ནི། གཅིག་གིས་སྐྱེས་པ་སོགས། བཅུ་པ་སྒྲུབ་པ་གསུམ་བཤད་པ་ནི། མཚམས་མེད་པ་ཡི་སོགས། བཅུ་གཅིག་པ་མཚམས་མེད་ལྔ་བཤད་པ་ནི། དགེ་འདུན་དབྱེན་ནི་སོགས། བཅུ་གཉིས་པ་ཉེས་པ་ལྔ་བཤད་པ་ནི། མ་དགྲ་བཅོམ་མ་སོགས། བཅུ་གསུམ་པ་བསོད་ནམས་བྱ་བའི་གཞི་གསུམ་བཤད་པ་ནི། གསུམ་པོ་བསོད་ནམས་སོགས། བཅུ་བཞི་པ་ཆ་མཐུན་གསུམ་བཤད་པ་ནི། བསོད་ནམས་མྱ་ངན་སོགས། བཅོ་ལྔ་པ་རིགས་པས་རབ་ཏུ་བཅུག་པའི་ལས་ནི། རིགས་པས་རབ་ཏུ་སོགས། ཆོས་མངོན་པའི་སོགས། ལེའུའི་མཚན་ནོ། །

༈ ལྔ་པ་ཕྲ་རྒྱས་བསྟན་པའི་གནས་འཆད་པ་ལ་བཞི། མཚམས་སྦྱར་བ། ཕྲ་རྒྱས་དངོས། དེ་སྤོང་བའི་ཚུལ། སྤང་བའི་འབྲས་བུ་ཡོངས་ཤེས་བསྟན་པའོ། །དང་པོ་ནི། སྲིད་པའི་རྩ་བ་སོགས། གཉིས་པ་ལ་བདུན། ཕྲ་རྒྱས་ཀྱི་དབྱེ་བ། རྣམ་པའི་བྱེ་བྲག །སེམས་ཕྲ་རྒྱས་དང་བཅས་པའི་ཚུལ། ཉོན་མོངས་སྐྱེ་ཚུལ། རྣམ་གྲངས། གང་དང་མཚུངས་ལྡན། སྒྲིབ་པ་ལྔ་བཤད་པའོ། །དང་པོ་ལ་གཉིས། དངོས་དང་ཞར་བྱུང་ངོ་། །དང་པོ་ལ་རྩ་བའི་དབྱེ་བ་དང་། ཁྱད་པར་གྱི་དབྱེ་བའོ། །དང་པོ་ནི། དྲུག །འདོད་ཆགས་དེ་བཞིན་སོགས། གཉིས་པ་ནི། དེ་དག་བཅུ་དང་སོགས། གཉིས་པ་ཞར་བྱུང་ལ་ལྔ། སྤང་བྱ་ངེས་པ། ལྟ་བ་སོ་སོའི་མཚན་ཉིད། ལྟ་བ་ཐ་མ་དང་འབྲེལ་བའི་རྩོད་སྤང་། ཕྱིན་ཅི་ལོག་གི་རབ་དབྱེ། ང་རྒྱལ་གྱི་དབྱེ་བ་སྤྲོས་པ་དང་བཅས་པའོ། །དང་པོ་ནི། སྲིད་རྩེ་ལས་སྐྱེས་སོགས། གཉིས་པ་ནི། བདག་དང་བདག་གིར་སོགས། གསུམ་པ་ནི། དབང་ཕྱུག་སོགས་རྒྱུར་སོགས། བཞི་བ་ནི། ལྟ་བ་གསུམ་སོགས། ལྔ་པ་ནི། ང་རྒྱལ་བདུན་རྣམ་སོགས། གཉིས་པ་རྣམ་པའི་བྱེ་བྲག་ལ། རྒྱུ་ལ་ལྟོས་པའི་རབ་དབྱེ། དམིགས་ཡུལ་ལ་ལྟོས་པའི་རབ་དབྱེ། ངོ་བོ་ལ་ལྟོས་པའི་རབ་དབྱེ། དུས་ལ་ལྟོས་པའི་མཚུངས་ལྡན། ཡུལ་ཅན་གྱི་བྱེ་བྲག་གོ། དང་པོ་ནི། སྡུག་བསྔལ་རྒྱུ་མཐོང་སོགས། གཉིས་པ་ནི། འགོགས་དང་ལམ་མཐོང་སོགས། གསུམ་པ་ལ། དངོས་དང་། རྩ་བའི་བྱེ་བྲག །དྲི་བ་ལུང་བསྟན་གྱི་ཞར་བྱུང་ངོ་། །དང་པོ་ནི། གོང་མ་ཐམས་ཅད་སོགས། གཉིས་པ་ནི། འདོད་ན་འདོད་ཆགས་སོགས། གསུམ་པ་ནི། མགོ་གཅིག་དང་ནི་སོགས། བཞི་པ་དུས་ལ་ལྟོས་པའི་མཚུངས་ལྡན་ལ། དངོས་དང་། ཞར་ལ་དུས་གསུམ་གྱི་རྣམ་པར་བཞག་པ་དཔྱད་པ། སྤངས་པ་དང་བྲལ་བའི་ཁྱད་པར་རོ། །དང་པོ་ནི། འདས་དང་ཉེར་གནས་སོགས། གཉིས་པ་ལ་ཡུལ་དུས་གསུམ་རྫས་སུ་བསྒྲུབ་པ་དང་། དེ་ལ་རྩོད་པ་དགོད་པ། དེའི་ལན་གདབ་པའོ། །དང་པོ་ནི། དུས་རྣམས་ཀུན་ཏུ་སོགས། གཉིས་པ་ནི། གསུམ་པ་བཟང་སྟེ་སོགས། གསུམ་པ་ནི། ཆོས་ཉིད་དག་ནི་སོགས། གསུམ་པ་སྤངས་བ་དང་བྲལ་བའི་ཁྱད་པར་ནི། སྡུག་བསྔལ་མཐོང་སྤང་སོགས། ལྔ་པ་ཡུལ་ཡུལ་ཅན་གྱི་བྱེ་བྲག་ནི། སྡུག་བསྔལ་རྒྱུ་མཐོང་སོགས། གསུམ་པ་སེམས་ཕྲ་རྒྱས་དང་བཅས་ཚུལ་ནི། ཉོན་མོངས་ཕྲ་རྒྱས་སོགས། བཞི་པ་ཉོན་མོངས་སྐྱེ་ཚུལ་ནི། རྨོངས་ལས་ཐེ་ཚོམ་སོགས། ལྔ་པ་རྣམ་གྲངས་བཤད་པ་ལ། མདོ་ལས་བྱུང་བའི་རྣམ་གྲངས། བསྟན་བཅོས་ལས་བྱུང་བའི་རྣམ་གྲངས་སོ། །དང་པོ་ལ་ཟག་པ། ཆུ་སྤྱོད། ཉེར་ལེན། དེ་དག་གི་ངེས་པའོ། །དང་པོ་ནི། འདོད་ན་གཏི་མུག་སོགས། གཉིས་པ་ནི། ཆུ་བོ་སྦྱོར་བའང་སོགས། གསུམ་པ་ནི། ཇི་སྐད་བཤད་ཉིད་སོགས། བཞི་པ་ནི། གང་ཕྱིར་དེ་དག་སོགས། གཉིས་པ་བསྟན་བཅོས་ལས་བྱུང་བའི་རྣམ་གྲངས་ལ། བསྟན། བཤད་དོ། དང་པོ་ནི། དེ་དག་ཀུན་ཏུ་སོགས། གཉིས་པ་ལ་ཀུན་སྦྱོར། འཆིང་བ། ཉེ་ཉོན། ཀུན་དཀྲིས་སོ། །དང་པོ་ལ་ཀུན་སྦྱོར་དགུ། འོག་སའི་ཆ་མཐུན་ལྔ། གོང་སའི་ཆ་མཐུན་ལྔའོ། །དང་པོ་ནི། རྫས་དང་མཆོག་སོགས། གཉིས་པ་ནི། ཐ་མའི་ཆ་དང་སོགས། གསུམ་པ་ནི། གོང་མའི་ཆ་དང་སོགས། གཉིས་པ་འཆིང་བ་ནི། ཚོར་བའི་དབང་གིས་སོགས། གསུམ་པ་ཉེ་ཉོན་ནི། ཉོན་མོང་ལས་གཞན་སོགས། བཞི་པ་ཀུན་དཀྲིས་ལ། དངོས་དང་། ཞར་བྱུང་ངོ་། །དང་པོ་ནི། ངོ་ཚ་མེད་དང་སོགས། གཉིས་པ་ལ་དྲི་མ་དྲུག་དང་། ཆོས་ཀྱི་ཁྱད་པར་གཉིས་ལས། དང་པོ་ནི། གཞན་ཡང་ཉོན་མོངས་སོགས། གཉིས་པ་ནི། དེ་ལས་ངོ་ཚ་སོགས། དྲུག་པ་གང་དང་མཚུངས་པར་ལྡན་པ་ལ། རྣམ་ཤེས་གང་དང་མཚུངས་པར་ལྡན། ཚོར་བ་གང་དང་མཚུངས་པར་ལྡན་པའོ། །དང་པོ་ནི། མཐོང་སྤང་བྱ་གཉིད་སོགས། གཉིས་པ་ནི། བདེ་བ་དག་དང་སོགས། བདུན་པ་སྒྲིབ་པ་ལྔ་བཤད་པ་ནི། ཟས་དང་བྱ་བ་སོགས། གསུམ་པ་དེ་སྤང་ཚུལ་ནི། དམིགས་པ་ཡོངས་སུ་སོགས། བཞི་པ་སྤངས་བའི་འབྲས་བུ་ཡོངས་ཤེས་བསྟན་པ་ལ། དབྱེ་བ། ལམ་གང་གི་འབྲས་བུ་གང་ཡིན་པ། གྲངས་ངེས། གང་ཟག་གང་ལ་ལྡན། འཐོབ་གཏོང་བཤད་པའོ། །དང་པོ་ནི། ཡོངས་སུ་ཤེས་དགུ་སོགས། གཉིས་པ་ནི། དྲུག་བཟོད་འབྲས། ལྷག་མ་རྣམས་ནི་སོགས། གསུམ་པ་ནི། བྲལ་བའི་ཐོབ་པ་སོགས། བཞི་པ་ནི། གཅིག་མིན་མཐོང་སོགས། ལྔ་པ་ནི། ལ་ལ་གཅིག་གཉིས་སོགས། ཆོས་མངོན་པའི་སོགས་མཚན་ནོ། །

༈ དྲུག་པ་ལམ་དང་གང་ཟག་བསྟན་པའི་གནས་བཤད་པ་ལ་བཞི། དམིགས་ཡུལ་འཕགས་པའི་བདེན་པ། བདེན་པ་མངོན་པར་རྟོགས་པའི་རིམ་པ། བདེན་པ་མངོན་རྟོགས་ལ་གནས་པའི་གང་ཟག །མངོན་རྟོགས་ཀྱི་ལམ་བསྟན་པའོ། །དང་པོ་ལ་ལྔ། མཚམས་སྦྱར། ལམ་རང་གི་ངོ་བོ། བདེན་བཞི་དངོས། འདུ་བྱེད་ཐམས་ཅད་སྡུག་བསྔལ་དུ་བསྒྲུབ། ཞར་ལ་བདེན་པ་གཉིས་བཤད་པའོ། །དང་པོ་ནི། བདེན་པ་མཐོང་དང་སོགས། གཉིས་པ་ནི། སྒོམ་པའི་ལམ་ནི་སོགས། གསུམ་པ་ནི། བདེན་པ་དག་ནི་སོགས། བཞི་པ་ནི། ཡིད་འོང་ཡིད་དུ་སོགས། ལྔ་པ་ནི། གང་ལ་བཅོམ་དང་སོགས། གཉིས་པ་བདེན་པ་མངོན་པར་རྟོགས་པའི་རིམ་པ་ལ། བསྟན་བཤད་དོ། །དང་པོ་ནི། ཚུལ་གནས་ཐོས་དང་སོགས། གཉིས་པ་ལ་གསུམ། ཤེས་རབ་ཀྱི་རང་བཞིན། རྟེན་སྣོད་དུ་རུང་བའི་ཆོས་ཀྱི་ཁྱད་པར། བསྒོམ་པ་ལ་འཇུག་པའི་ཚུལ་དངོས་སོ། །དང་པོ་ནི། ཐོས་སོགས་ལས་བྱུང་སོགས། གཉིས་པ་ནི། བསྲིང་གཉིས་ལྡན་ཆོག་སོགས། གསུམ་པ་བསྒོམ་པ་ལ་འཇུག་པའི་ཚུལ་དངོས་ལ། ཞི་གནས་དང་། ལྷག་མཐོང་གཉིས། དང་པོ་ལ། བསྟན། བཤད་དོ། །དང་པོ་ནི། དེ་ལ་འཇུག་པ་སོགས། གཉིས་པ་ལ་མི་སྡུག་པ་བསྒོམ་པ་དང་། དབུགས་འབྱུང་རྔུབ་བསྒོམ་པའོ། །དང་པོ་ནི། ཀེང་རུས་ཆགས་བཅས་སོགས། གཉིས་པ་ནི། དབུགས་རྔུབ་དབུགས་འབྱུང་སོགས། གཉིས་པ་ལྷག་མཐོང་ལ། ཚོགས་ལམ། སྦྱོར་ལམ། བདེན་པ་མངོན་པར་རྟོགས་པའི་ལམ་མོ། །དང་པོ་ནི། ཞི་གནས་གྲུབ་པར་སོགས། གཉིས་པ་ལ། སྦྱོར་ལམ་གྱི་རང་བཞིན། ཆོས་ཀྱི་ཁྱད་པར། དོགས་གཅོད་གཞན་བསྟན་པའོ། །དང་པོ་ནི། དེ་ལས་དྲོ་བར་སོགས། གཉིས་པ་ནི། བསྒོམ་བྱུང་མི་ལྕོགས་སོགས། གསུམ་པ་ནི། གཉིས་སློབ་རིགས་ལས་སོགས། གསུམ་པ་བདེན་པ་མངོན་པར་རྟོགས་པའི་ལམ་ནི། འཇིག་རྟེན་པ་ཡི་སོགས། གསུམ་པ་བདེན་པ་མངོན་རྟོགས་ལ་གནས་པའི་གང་ཟག་ལ། དབྱེ་བ་བསྡུས་ཏེ་བསྟན་པ་དང་། མཇུག་བསྡུ་བའོ། །དང་པོ་ལ་ཆགས་བྲལ་སྔོན་སོང་དང་། མཐར་གྱིས་པའོ། །དང་པོ་ལ་ཞུགས་གནས་གཉིས། །དང་པོ་ནི། དབང་པོ་རྣོ་བརྟུལ་སོགས། གཉིས་པ་ནི། གང་གིས་གང་ལ་སོགས། གཉིས་པ་མཐར་གྱིས་པ་ལ་རྒྱུ་མཚན་དང་། རྒྱུ་མཚན་ཅན་གྱི་གང་ཟག་གོ། དང་པོ་ནི། ས་དང་ས་ན་སོགས། གཉིས་པ་ལ། རྒྱུན་ཞུགས་ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་མོ། །དང་པོ་ནི། འབྲས་གནས་བསྒོམ་སྤོང་སོགས། གཉིས་པ་ལ་ཞུགས་གནས་གཉིས། དང་པོ་ནི། གཉིས་པ་ལ་ནི་སོགས། གཉིས་པ་ནི། རྣམ་པ་དྲུག་པ་སོགས། གསུམ་པ་ལ་ཞུགས་གནས་གཉིས། དང་པོ་ནི། གསུམ་པ་ལ་ནི་སོགས། གཉིས་པ་ལ་སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་དགུ་ཟད་པས་སོགས། གཉིས་པ་ལ། དབྱེ་བ། སྤེལ་མ་བསྒོམ་པ། ལུས་མངོན་བྱེད་བཤད་པའོ། །དང་པོ་ལ་དངོས་དང་། དོན་གྱི་ཁྱད་པར་རོ། །དང་པོ་ནི། དེ་ནི་བར་སྐྱེས་སོགས། གཉིས་པ་ནི། གསུམ་ལ་ཡང་སོགས། གཉིས་སྤེལ་མ་བསྒོམ་པ། དང་པོ་བཞི་པ་སོགས། གསུམ་པ་ལུས་མངོན་བྱེད་ནི། འགོགས་པ་ཐོབ་སོགས། བཞི་བ་དགྲ་བཅོམ་ལ། ཞུགས་པ་དང་གནས་པ་གཉིས། དང་པོ་ནི། སྲིད་རྩེའི་བར་ཆད་སོགས། གཉིས་པ་ལ་དངོས་དང་། ཞར་ལ་སྤང་བྱ་སྤོང་ཚུལ། ཤེས་པའི་འབྱུང་ཚུལ། དགེ་སྦྱོང་གི་ཚུལ་གྱི་བསྡུ་བ། ཚངས་པའི་འཁོར་ལོ། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཚུལ་དགྲ་བཅོམ་གྱི་དབྱེ་བའོ། །དང་པོ་ནི། དེ་ཟད་ཐོབ་དང་སོགས། གཉིས་པ་ལ། ལམ་གང་གིས་ས་གང་གི་སྤང་བྱ་སྤོང་། ས་གང་གིས་ས་གང་གིས་སྤང་བྱ་སྤོང་། ཞར་ལ་འཇིག་རྟེན་པའི་ལམ་གྱི་དམིགས་རྣམ་མོ། །དང་པོ་ནི། འཇིག་རྟེན་འདས་ཀྱིས་སོགས། གཉིས་པ་ནི། ཟག་མེད་མི་ལྕོགས་སོགས། གསུམ་པ་ནི། འཇིག་རྟེན་པ་ཡི་སོགས། གསུམ་པ་ཤེས་པའི་འབྱུང་ཚུལ་ནི། གལ་ཏེ་མི་གཡོའི་སོགས། བཞི་པ་དགེ་སྦྱོང་གི་ཚུལ་བསྡུ་བ་ནི། དགེ་སྦྱོང་ཚུལ་ནི་སོགས། ལྔ་པ་ཚངས་པའི་འཁོར་ལོ་ནི། དེ་ཉིད་ཚངས་ཚུལ་སོགས། དྲུག་པ་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཚུལ་ནི། འདོད་པར་གསུམ་ཐོབ་སོགས། བདུན་པ་དགྲ་བཅོམ་གྱི་དབྱེ་བ་ལ། དངོས་དང་། ཆོས་ཀྱི་ཁྱད་པར། ཉམས་པའི་དབྱེ་བ། དབང་པོ་འཕོ་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དགྲ་བཅོམ་དྲུག་འདོད་སོགས། གཉིས་པ་ནི། ཁ་ཅིག་དང་པོ་ནས་སོགས། གསུམ་པ་ནི། ཐོབ་དང་མ་ཐོབ་སོགས། བཞི་པ་ནི། མི་གཡོ་རྣམ་གྲོལ་སོགས། གཉིས་པ་མཇུག་བསྡུ་བ་ནི། སངས་རྒྱས་གཉིས་དང་སོགས། བཞི་བ་མངོན་རྟོགས་ཀྱི་ལམ་བསྟན་པ་ལ་སྦྱོར་སོགས་བཞི་བཤད་པ། གནས་དང་དབང་པོ་ཐམས་ཅད་པའི་ལམ་བཤད་པ། བྱང་ཆུབ་ཕྱོགས་མཐུན་གྱི་ལམ་བཤད་པའོ། །དང་པོ་ནི། མདོར་ན་ལམ་ནི་སོགས། གཉིས་པ་ནི། བསམ་གཏན་དག་གི་སོགས། གསུམ་པ་ལ་མིང་གི་སྒོ་ནས་དབྱེ་བ། རྫས་ཀྱི་སྒོ་ནས་དབྱེ་བ། སྡེ་ཚན་གྱི་གོ་རིམ། ངོ་བོའི་ཁྱད་པར། ས་གང་གིས་བསྡུས། ཞར་ལ་ཤེས་ནས་དད་པ་ཐོབ་ཚུལ། མི་སློབ་པའི་ཆོས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཟད་དང་མི་སྐྱེ་སོགས། གཉིས་པ་ནི། རྫས་སུ་བཅུ། དད་དང་བརྩོན་འགྲུས་སོགས། གསུམ་པ་ནི། སྡེ་ཚན་བདུན་ནི་སོགས། བཞི་པ་ནི། བྱང་ཆུབ་ཡན་ལག་སོགས། ལྔ་པ་ནི། བསམ་གཏན་དང་པོ་སོགས། དྲུག་པ་ནི། བདེན་གསུམ་མཐོང་ན་སོགས། བདུན་པ་ལ། དངོས་དང་། ཞར་ལ་སྤང་བྱ་སྤོང་ཚུལ་གཉིས། དང་པོ་ནི། བཅིང་ཕྱིར་སློབ་པའི་སོགས། གཉིས་པ་ནི། མི་སློབ་སེམས་ནི་སོགས། ཆོས་མངོན་པའི་སོགས། ལེའུའི་མཚན་ནོ། །

༈ བདུན་པ་ཡེ་ཤེས་བསྟན་པའི་གནས་ལ་ལྔ། ཤེས་པའི་གཞི། ཤེས་པའི་རང་བཞིན། ཤེས་པའི་ལྡན་པ། ཤེས་པའི་ཐོབ་པ། ཤེས་པས་བསྡུས་པའི་ཡོན་ཏན་ནོ། །དང་པོ་ནི། དྲི་མེད་བཟོད་རྣམས་སོགས། གཉིས་པ་ལ་ལྔ། བསྡུ་བ་ཡུལ་དང་བཅས་པ། དབྱེ་བ་ཁྱད་པར་དང་བཅས་པ། གྲངས་ངེས་གཉེན་པོའི་བྱེ་བྲག་དང་བཅས་པ། རྣམ་པའི་བྱེ་བྲག །ཆོས་ཀྱི་ཁྱད་པར་རོ། །དང་པོ་ནི། ཤེས་པ་ཟག་བཅས་སོགས། གཉིས་པ་ནི། དེ་དག་ཉིད་བདེན་སོགས། གསུམ་པ་ནི། རང་བཞིན་དང་ནི་སོགས། བཞི་པ་ནི། ཆོས་ཤེས་པ་དང་སོགས། ལྔ་པ་ནི། དང་པོ་རྣམ་གསུམ་སོགས། གསུམ་པ་ཤེས་པའི་ལྡན་པ་ནི། ཟག་མེད་སྐད་ཅིག་སོགས། བཞི་པ་ཤེས་པའི་འཐོབ་པ་ལ། ལམ་གང་དུ་ཤེས་པ་དུ་འཐོབ། ས་གང་དུ་ཤེས་པ་དུ་འཐོབ། འཐོབ་པའི་དབྱེ་བའོ། །དང་པོ་ལ་མཐོང་ལམ་དུ་འཐོབ། སྒོམ་ལམ་དུ་འཐོབ། བཤད་པའི་ལྷག་ལ་དུ་འཐོབ་པའོ། །དང་པོ་ནི། མཐོང་བའི་ལམ་ལ་སོགས། གཉིས་པ་ནི། ཆགས་བཅས་བཅུ་དྲུག་སོགས། གསུམ་པ་ནི། བཤད་པའི་ལྷག་མ་སོགས། གཉིས་པ་གང་དུ་ཤེས་པ་དུ་འཐོབ་ནི། གང་ལས་ཆགས་བྲལ་སོགས། གསུམ་པ་འཐོབ་པའི་དབྱེ་བ་ནི། རྙེད་དང་བསྟེན་ཞེས་སོགས། ལྔ་པ་ཤེས་པས་བསྡུས་པའི་ཡོན་ཏན་ལ། ཐུན་མོང་མ་ཡིན་པའི་ཡོན་ཏན་དང་། ཐུན་མོང་གི་ཡོན་ཏན་ནོ། །དང་པོ་ལ་མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། སངས་རྒྱས་ཆོས་ནི་སོགས། གཉིས་པ་ལ། སྟོབས་བཤད། མི་འཇིགས་པ་བཤད། དྲན་པ་ཉེར་བཞག་བཤད། ཐུགས་རྗེ་ཆེན་པོ་སྤྲོས་པ་དང་བཅས་པ་བཤད་པའོ། །དང་པོ་ལ་ཐུགས་ཀྱི་སྟོབས། སྐུའི་སྟོབས་བཤད་པའོ། །དང་པོ་ནི། གནས་དང་གནས་མིན་སོགས། གཉིས་པ་ནི། སྐུ་ལ་སྲེད་མེད་སོགས། གཉིས་པ་མི་འཇིགས་པ་ནི། མི་འཇིགས་པ་ནི་སོགས། གསུམ་པ་དྲན་པ་ཉེར་བཞག་ནི། དྲན་དང་ཤེས་བཞིན་སོགས། བཞི་པ་ཐུགས་རྗེ་ཆེན་པོ་སྤྲོས་པ་དང་བཅས་པ་བཤད་པ་ནི། ཐུགས་རྗེ་ཆེན་པོ་སོགས། གཉིས་པ་ཐུན་མོང་གི་ཡོན་ཏན་ལ། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ཆོས་གཞན་སློབ་དང་སོགས། གཉིས་པ་ལ། འཕགས་པ་དང་ཐུན་མོང་པ་དང་། སྐྱེ་འཕགས་གཉིས་དང་ཐུན་མོང་པའོ། །དང་པོ་ལ་ཉོན་མོངས་མེད་པ། སྨོན་ནས་ཤེས་པ། སོ་སོ་ཡང་དག་པར་རིག་པ་བཞི་བཤད་པ། ཐོབ་ཚུལ་ལོ། །དང་པོ་ནི། ཉོན་མོངས་མེད་དང་སོགས། གཉིས་པ་ནི། སྨོན་ནས་ཤེས་པ་སོགས། གསུམ་པ་ནི། དོན་དང་ངག་ལ་སོགས། བཞི་པ་ནི། མ་ཚང་པར་ནི་སོགས། གཉིས་པ་སྐྱེ་འཕགས་གཉིས་ཀ་དང་ཐུན་མོང་པ་ལ་ལྔ། དབྱེ་བ། ངོ་བོ། ཆོས་ཀྱི་ཁྱད་པར། མངོན་ཤེས་ཀྱིས་བསྡུས་པའི་ཡོན་ཏན། མངོན་ཤེས་དང་པོ་རྒྱས་པར་བཤད་པའོ། །དང་པོ་ནི། རྫུ་འཕྲུལ་རྣ་བ་སོགས། གཉིས་པ་ནི། མངོན་ཤེས་རྣམ་དྲུག་སོགས། གསུམ་པ་ནི། ལྔ་ནི་བསམ་གཏན་སོགས། བཞི་པ་ལ་རིག་པ་གསུམ་བཤད། ཆོ་འཕྲུལ་གསུམ་བཤད་པའོ། །དང་པོ་ནི། རིག་པ་སྔོན་མཐའ་སོགས། གཉིས་པ་ནི། དང་པོ་གསུམ་པ་སོགས། ལྔ་པ་ལ་རྫུ་འཕྲུལ་གྱི་མངོན་ཤེས་བཤད་པ་དང་། ལྷ་ཡི་མིག་རྣ་བཤད་པ། དོགས་གཅོད་ལྷག་མ་བཤད་པའོ། །དང་པོ་ལ་ངོ་བོ་ཡུལ་བཅས་དང་། སྤྲུལ་སེམས་བཤད་པ། རྫུ་འཕྲུལ་གྱི་དབྱེ་བའོ། །དང་པོ་ནི། རྫུ་འཕྲུལ་ཏིང་འཛིན་སོགས། གཉིས་པ་ནི། སེམས་དག་གིས། དེ་དག་ཀྱང་ནི་སོགས། གསུམ་པ་ནི། རྫུ་འཕྲུལ་གསང་སྔགས་སོགས། གཉིས་པ་ལྷའི་མིག་རྣ་བཤད་པ་ནི། ལྷའི་མིག་དང་སོགས། གསུམ་པ་དོགས་གཅོད་ལྷག་མ་བཤད་པ་ནི། གཞན་ཡང་སྐྱེ་བས་སོགས། ཆོས་མངོན་པའི་སོགས། ལེའུའི་མཚན་ནོ། །

༈ བརྒྱད་པ་སྙོམས་འཇུག་གི་གནས་ལ། སྙོམས་འཇུག་དངོས། དེས་བསྡུས་པའི་ཡོན་ཏན་ནོ། །དང་པོ་ལ་དངོས་གཞི། ཉེར་བསྡོགས། ཁྱད་པར་ཅན། ཏིང་ངེ་འཛིན་གྱི་དབྱེ་བ་དང་བཞིའོ། །དང་པོ་ལ་དབྱེ་བ། བསམ་གཏན་གྱི་ཡན་ལག །ཇི་ལྟར་འཐོབ་ཚུལ། གང་ལས་གང་བྱུང་ཚུལ། ཆོས་ཀྱི་ཁྱད་པར་རོ། །དང་པོ་ལ་རྒྱས་པར་དབྱེ་བ། བསྡུ་བ་བསྟན་པའོ། །དང་པོ་ལ་བསམ་གཏན་གྱི་དབྱེ་བ། གཟུགས་མེད་ཀྱི་དབྱེ་བའོ། །དང་པོ་ནི། བསམ་གཏན་དག་ནི་སོགས། གཉིས་པ་ནི། དེ་བཞིན་གཟུགས་མེད་སོགས། གཉིས་པ་བསྡུ་བ་ནི། དེ་ལྟར་སྙོམས་འཇུག་སོགས། གཉིས་པ་བསམ་གཏན་གྱི་ཡན་ལག་ལ། རྒྱུ་སྙོམས་འཇུག་གི་ཡན་ལག་དང་། འབྲས་བུ་སྐྱེ་བ་ན་ཚོར་བ་དུ་ཡོད་དཔྱད་པའོ། །དང་པོ་ལ་དགེ་བའི་ཡན་ལག་དང་། ཉོན་མོངས་ཅན་གྱི་ཡན་ལག་དང་། བཞི་པ་མི་གཡོ་བར་བཞག་པའི་རྒྱུ་མཚན་ནོ། དང་པོ་ལ་མིང་གི་སྒོ་ནས་དབྱེ་བ། རྫས་ཀྱི་སྒོ་ནས་བསྡུ་བའོ། །དང་པོ་ནི། དང་པོ་ལ་ལྔ་སོགས། གཉིས་པ་ནི། རྫས་སུ་བཅུ་གཅིག་སོགས། གཉིས་པ་ཉོན་མོངས་ཅན་གྱི་ཡན་ལག་ནི། ཉོན་མོངས་ཅན་ལ་སོགས། གསུམ་པ་བཞི་བ་མི་གཡོ་བར་འཇོག་པའི་རྒྱུ་མཚན་ནི། སྐྱོན་བརྒྱད་ལས་ནི་སོགས། གཉིས་པ་འབྲས་བུ་སྐྱེ་བ་ན་ཚོར་བ་དུ་ཡོད་ནི། སྐྱེ་བའི་བསམ་གཏན་སོགས། གསུམ་པ་ཇི་ལྟར་ཐོབ་ཚུལ་ནི། དེ་དང་མི་ལྡན་སོགས། བཞི་པ་གང་ལས་གང་འབྱུང་བ་ལ། གསུམ་པོ་གང་ལས་གང་བྱུང་བ། དག་པ་བྱེ་བྲག་ཏུ་བཤད་པ། ཐོད་རྒལ་གྱི་སྙོམས་འཇུག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་སྙོམས་འཇུག་གི་དབང་དུ་བྱས་པ་དང་། དེ་ལས་གཞན་པའི་དབང་དུ་བྱས་པའོ། །དང་པོ་ནི། ཟག་པ་མེད་པའི་སོགས། གཉིས་པ། འཆི་འཕོ་དག་ལས་སོགས། གཉིས་པ་དག་པ་བྱེ་བྲག་ཏུ་བཤད་པ་ནི། དག་པ་ཉམས་པའི་སོགས། གསུམ་པ་ཐོད་རྒལ་གྱི་སྙོམས་འཇུག་བྱེ་བྲག་ཏུ་བཤད་པ་ནི། ས་བརྒྱད་རྣམ་གཉིས་སོགས། ལྔ་པ་ཆོས་ཀྱི་ཁྱད་པར་ནི། བསམ་གཏན་གཟུགས་མེད་སོགས། གཉིས་པ་ཉེར་བསྡོགས་ནི། དེ་དག་ལ་ནི་སོགས། གསུམ་པ་ཁྱབ་པར་ཅན་ནི། རྟོག་མེད་བསམ་གཏན་སོགས། བཞི་པ་ཏིང་ངེ་འཛིན་གྱི་དབྱེ་བ་ལ། ཁམས་ཀྱི་སྒོ་ནས་དབྱེ་བ། ལམ་གྱི་སྒོ་ནས་དབྱེ་བ། ལམ་སུན་འབྱིན་པའི་སྒོ་ནས་དབྱེ་བ། བྱེད་པའི་སྒོ་ནས་དབྱེ་བའོ། །དང་པོ་ནི། མན་ཆད་རྟོག་དཔྱོད་སོགས། གཉིས་པ་ནི། མཚན་མེད་ཞི་བའི་སོགས། གསུམ་པ་ནི། སྟོང་ཉིད་སྟོང་ཉིད་སོགས། བཞི་པ་ནི། དགེ་བའི་བསམ་གཏན་སོགས། གཉིས་པ་སྙོམས་འཇུག་གི་བསྡུས་པའི་ཡོན་ཏན་ལ་ཚད་མེད། རྣམ་ཐར། ཟིལ་གནོན། ཟད་པ། དེ་དག་གི་སྤྲོས་པ་བཤད་པའོ། །དང་པོ་ནི། ཚད་མེད་པ་ནི་སོགས། གཉིས་པ་ནི། རྣམ་པར་ཐར་བརྒྱད་སོགས། གསུམ་པ་ནི། ཟིལ་གྱིས་གནོན་པའི་སོགས། བཞི་པ་ནི། ཟད་པར་བཅུའོ་སོགས། ལྔ་པ་ནི། འགོག་པ་བཤད་ཟིན་སོགས། ཆོས་མངོན་པའི་སོགས། ལེའུའི་མཚན་ནོ། །བཞི་པ་འཇུག་གི་དོན་ལ། བསྟན་པ་གནས་པའི་ཚད། རང་དགའ་སྤངས་ཤིང་ཁེངས་པ་བསྐྱུང་བ། ཕྱིར་རབ་ལ་བག་ཡོད་བྱ་བར་གདམས་པའོ། །དང་པོ་ནི། སྟོན་པའི་དམ་ཆོས་སོགས། གཉིས་པ་ནི། བདག་གི་མངོན་པའི་སོགས། ཆོས་མངོན་པའི་སོགས། ལེའུའི་མཚན་ནོ། །གསུམ་པ་ནི། སྟོན་པ་འཇིག་རྟེན་སོགས། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ས་བཅད་འདི་ནི་རྗེས་དགེ་འདུན་གྲུབ་ཀྱིས་གསུངས་རྒྱུན་ཟིན་བྲིས་སུ་བཀོད་པ་ལ་བཏུས་ཏེ་འཇམ་མགོན་བླ་མ་མཆོག་གིས་འདུས་སྡེ་རིན་པོ་ཆེར་གསུངས་སྐབས་བཀོད་པ་ཇི་ལྟ་བ་བཞིན་ལགས་སོ། །ཆོས་མངོན་རྒྱ་མཚོ་གཏིང་དཔགས་དཀའ་བའི་དོན། །རྒྱ་བོད་མཁས་པ་སྟོང་ལས་ལེགས་བརྒྱུད་པ། །རྣམ་དཔྱོད་མཆོག་གི་ཐུགས་མཛོད་དུ་འཁྱིལ་བ། །འཇམ་མགོན་བླ་མའི་ཞབས་པད་བརྟན་གྱུར་ཅིག །མངྒལམ།། །།