རྡོར་སེམས་བསྒོམ་བཟླས།

From Khyentse Lineage - A Tsadra Foundation Project
Revision as of 11:44, 4 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title rdor sems bsgom bzlas
Location dpal sprul bka' 'bum
Volume 1, Text 32, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Sadhanas - Evocation Ritual - sgrub thabs
Deity rdo rje sems dpa'
[edit]
༄༅། །རྡོར་སེམས་བསྒོམ་བཟླས་བཞུགས།


ཨེ་མ་ཧོ། རང་ལུས་ཐ་མལ་པ་ཡི་སྤྱི་གཙུག་སྟེང་། །རེག་ཐོག་མེད་ཙམ་རང་བྱུང་པདྨ་དང་། །ཐབས་ཤེས་ཉི་ཟླའི་གདན་ལ་ཧཱུྃ་ཡིག་དཀར། །འོད་ཟེར་སྤྲོ་བསྡུས་དོན་གཉིས་ལེགས་བྱས་ཏེ། །ཚུར་འདུས་རྡོ་རྗེ་སེམས་དཔའ་སྟོན་ཟླ་མཛེས། །ཉ་གང་མ་འདྲ་ཞི་བའི་ཉམས་དགུ་དང་། །ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆ་བཅུ་གསུམ་ཚང་། །ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པས་དངུལ་དཀར་དྲིལ་བུ་དཀུར་བརྟེན་པ། །ཐ་མལ་གདོས་བཅས་མ་ཡིན་སྣང་སྟོང་སྐུ། །ཞབས་གཉིས་སྐྱིལ་ཀྲུང་ཆེ་ཆུང་སྣ་ཚོགས་སྤྲུལ། །ཐུགས་ཀར་ཟླ་བའི་དཀྱིལ་དུ་ཧཱུྃ་ཡིག་དཀར། །སྤུས་བྲིས་ལྟ་བུའི་མཐའ་སྐོར་སྔགས་ཕྲེང་བསྐོར། །ཤེལ་དཀར་འཕྲེང་བ་འདྲ་བའི་འོད་དང་ཟེར། །དཀར་སེར་དམར་ལྗང་ཕྱོགས་བཅུའི་ཞིང་དུ་སྤྲོས། །སངས་རྒྱས་ཐམས་ཅད་ཐུགས་དམ་རྒྱུད་བསྐུལ་ཏེ། །བྱིན་རླབས་འདུས་པ་དེ་ལ་གསོལ་བཏབ་བོ། །དེ་ནས་ཡི་གེ་བརྒྱ་པ་ཅི་ནུས་བཟླས། །སྐུ་ལས་བདུད་རྩིའི་རྒྱུན་བབས་ཚངས་བུག་ཞུགས། །བདག་གིས་ཐོག་མེད་དུས་ནས་ད་ལྟའི་བར། །སྡིག་སྒྲིབ་ཉེས་ལྟུང་ཅི་བསགས་བཀྲུ་བཤལ་བྱས། །འོག་སྒོ་ནས་ཐོན་རྣག་ཁྲག་དུད་ཁུ་དང་། །སྦལ་སྦྲུལ་སྡོམ་སྡིག་འདྲ་བའི་སྲོག་ཆགས་དབྱིབས། །མང་བྱུང་ས་གས་འོག་ནས་འཆི་བདག་འཐོན། །ཅིབ་བཅིབ་བཏུང་བས་དུས་མིན་འཆི་བ་བཟློག །གདོན་བགེགས་ཚིམ་པའི་བཟའ་བཏུང་མཆོག་ཏུ་གྱུར། །དེ་ནས་སྤྱི་བོའི་ལྷ་དེ་འོད་དུ་ཞུ། །རྡོ་ཚན་སྟེང་དུ་ཁ་བ་བབས་པ་འདྲའི། །རང་གི་སྙིང་གར་རྡོར་སེམས་ཚོན་གང་ཙམ། །འོད་ཟེར་ལམ་ལམ་ཙ་ཀླུས་ཤར་བལྟས་པའི། །དབྱིངས་རིག་བསྲེས་ཏེ་ཉམས་སྦྱོང་འཆར་སྒོ་སྣང་། །ཐིག་ལེ་ཐིག་ཕྲན་རྩིབ་ཤར་གྱེན་འགྲེང་དང་། །ལུག་རྒྱུད་ཉ་མིག་ལྟ་བུའི་དབྱིབས་འཆང་དང་། །པདྨ་སྟོང་ལྡན་མཆོད་རྟེན་ཟ་ར་ཚགས། །ཐིག་ལེའི་ནང་དུ་དབྱངས་གསལ་ཡི་གེའི་འབྲུ། །རིགས་ལྔ་ཞི་ཁྲོའི་སྐུ་སོགས་ཆུང་དང་ཆེ། །སྣ་ཚོགས་སྣང་བ་དེ་ལ་འཛིན་ཞེན་མེད། །ཁྲེགས་ཆོད་ཐོད་རྒལ་ཉམས་ལེན་མཐར་ཕྱིན་ཤོག །དགེ་དེས་སེམས་ཅན་ཐམས་ཅད་འདྲེན་པ་དང་། །བདག་དང་རྡོ་རྗེ་སེམས་དཔའ་དབྱེར་མེད་ཤོག །འཁྲུལ་སྣང་རང་གྲོལ་བློ་འདས་དེ་ཡི་ངང་། །ཉིན་མཚན་གཅིག་ཏུ་འདྲེས་པའི་རྣལ་འབྱོར་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་ཚིག་བཞི་འདོན། ཨོ་རྒྱན་ཆེ་མཆོག་དག་སྣང་གོ །འདི་མཐོང་ཡི་གེ་བརྒྱ་པ་ཟློས། །སྡིག་སྒྲིབ་དག་པའི་སྨོན་ལམ་ཐོབ། །

དགེའོ།། །།