སྤྱོད་འཇུག་ལེའུ་བཞི་པའི་འགྲེལ་བ་དཔལ་ལྡན་བླ་མའི་ཞལ་རྒྱུན་རབ་གསལ།

From Khyentse Lineage - A Tsadra Foundation Project
Wylie title spyod 'jug le'u bzhi pa'i 'grel ba dpal ldan bla ma'i zhal rgyun rab gsal
Location dpal sprul bka' 'bum
Volume 1, Text 33, Pages (Folios to )
Author འཇིགས་མེད་ཆོས་འཕེལ་བཟང་པོ་
Less details More details
Source Author(s) དཔལ་སྤྲུལ་རིན་པོ་ཆེ་ (Dpal sprul rin po che)
Citation
Genre Commentaries - 'grel pa  ·  Notes - zin bris
Colophon

།ཅེས་མདོ་ཁམས་སྨད་ཀྱི་པཎྜི་ཏ་ཆེན་པོ་དཔལ་དགེ་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞལ་སྔ་ནས་སྤྱོད་འཇུ ག་གི་ཁྲིད་ལན་གྲངས་དགུ་ཙམ་ཐོབ་པའི་སྐབས་ཀུན་ཏུ་བརྗེད་བྱང་འཕྲལ་བྲིས་བགྱིས་ཤིང་། སླད་ནས་རྡོ་རྗེའི་མཆེད་གྲོགས་རྣམས་ཀྱིས་བྲིས་གཞིའི་ཤོག་བུ་བསྩལ་ཏེ་སྤྱོད་འཇུག་ལེའུ་བཞི་མའི་ཟིན་བྲིས་འདི་ལྟ་བུ་ཞིག་བྲིས་ཤིག་ཅེས་གསུངས་གིས་བསྐུ ལ་བ་ལྟར་སྐྱ བས་མགོན་བླ་མ་མཆོག་གི་གྲྭར་འབངས་ཡོངས་ཀྱི་ཐ་ཤལ་རྨོངས་རྟུལ་འཇིག་མེད་ཆོས་འཕེལ་བཟང་པོར་འབོད་པས་སུག་བྲིས་བགྱིས་པ་དགེའོ། །དགེའོ། །དགེའོ།།

/ces mdo khams smad kyi paN+Di ta chen po dpal dge sprul pa'i sku rin po che'i zhal snga nas spyod 'ju_ga gi khrid lan grangs dgu tsam thob pa'i skabs kun tu brjed byang 'phral bris bgyis shing /_slad nas rdo rje'i mched grogs rnams kyis bris gzhi'i shog bu bstsal te spyod 'jug le'u bzhi ma'i zin bris 'di lta bu zhig bris shig ces gsungs gis bsku_la ba ltar skya_bas mgon bla ma mchog gi grwar 'bangs yongs kyi tha shal rmongs rtul 'jig med chos 'phel bzang por 'bod pas sug bris bgyis pa dge'o/_/dge'o/_/dge'o//

[edit]
༄༅། །སྤྱོད་འཇུག་ལེའུ་བཞི་པའི་འགྲེལ་བ་དཔལ་ལྡན་བླ་མའི་ཞལ་རྒྱུན་རབ་གསལ་བཞུགས་སོ། །


དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་གཤེགས་ཤུལ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསྒྲོད་པ་གཅིག་པུའི་ལམ་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་རིན་ཆེན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གཙོ་བོར་སྟོན་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་འདི་ཉིད་བཤད་པར་བྱེད་པ་ལ་བཤད་བྱའི་ཡན་ལག་བཤད་པ་དང་བཤད་བྱ་དངོས་བཤད་པ་གཉིས། དང་པོ་བཤད་གྲུབ་ལ་གཉིས་པ་བཤད་བྱ་དངོས་བཤད་པ་ལ་བསྟན་བཅོས་ཀྱི་མཚན་དང་མཚན་དེ་ལྡན་གྱི་གཞུང་བཤད་པ་གཉིས་ལས། དང་པོ་ལ་མཚན་དངོས་དང་ཞར་བྱུང་འགྱུར་ཕྱག་གཉིས་ལས་དང་པོ་ནི། མཚན་རྒྱ་སྐད་སོགས་བཤད་ནས། མཚན་གྱི་དོན་ནི། ཡེ་ཤེས་དྲ་བ་ལས། དྲི་མ་བྲལ་ཕྱིར་བྱང་བ་སྟེ། །ཡོན་ཏན་རྒྱས་པས་ཆུབ་པ་ཉིད། །ཅེས་གསུངས་པ་ལྟར། སྤང་བྱ་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་ཅིང་བྱང་བས་ན་བྱང་། རྟོགས་བྱའི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཁོང་དུ་ཆུབ་པས་ན་ཆུབ། དེ་ལྟ་བུའི་བྱང་ཆུབ་ནི་ཐོབ་བྱ་མཐར་ཐུག་གི་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡིན་པ་དེ་སྒྲུབ་པའི་ཐབས་མགོ་དང་ཡན་ལག་གི་སྦྱིན་གཏོང་སོགས་ཀྱིས་སེམས་མི་ཞུམ་པར་དཔའ་བས་ན་སེམས་དཔའ་སྟེ། བརྟན་པ་སྡུག་བསྔལ་གྲོགས་ངན་དང་། ཟབ་མོ་ཐོས་པས་མི་གཡོའོ། །ཞེས་སོགས། སྤྱོད་པ་ནི་ཀློང་ཆེན་པས། རྒྱལ་སྲས་རྣམས་ཀྱིས་ཀུན་ལ་བསླབ་བྱ་སྟེ། །གཙོ་བོར་ཕ་རོལ་ཕྱིན་པ་དྲུག་ལ་བསླབ། །ཞེས་གསུངས་པ་ལྟར། རྒྱལ་སྲས་ཀྱི་སྤྱོད་པ་ཐམས་ཅད་ཕྱིན་དྲུག་ཏུ་འདུས། སྤྱོད་པ་དེ་ལ་འཇུག་པ་སྟེ་ཉམས་སུ་ལེན་པའི་ཐབས་གདུལ་བྱ་རིམ་གྱིས་བཀྲི་བ་སངས་རྒྱས་ཀྱི་ཐབས་མཁས་སྒོ་ལྟ་བུ་སྟེ། བརྗོད་བྱའི་དབང་གིས་མཚན་བཏགས་པ་ལེའུ་བཅུའི་སྒོ་ནས་སྟོན་པ་འདིའོ། །མཚན་གྱི་དགོས་པ་ནི་དབང་པོ་རབ་ཀྱིས་དབུ་ཞབས་ཀྱི་དོན་ཐམས་ཅད་ཁོང་དུ་ཆུད། འབྲིང་གིས་ཕྱོགས་ཙམ་རྟོགས། ཐ་མས་སྨན་སྣོད་ལ་ཁ་བྱང་བཏགས་པ་ལྟར་གླེགས་བམ་བཙལ་སླ་བའི་དགོས་པ་ཡོད་དེ། ལང་ཀར་གཤེགས་པ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་མགོན་པོ་ཐབས་མཁས་པས། །ཆོས་རྣམས་མིང་དུ་གདགས་པར་མཛད། །ཅེས་གསུངས་ཤིང་། དང་པོ་དབུ་ནས་མཚན་རྒྱ་སྐད་དུ་སྨོས་པ་ལ་དོན་བཞི་ལས། རྒྱ་གར་ཆོས་ཁུངས་བཙུན་པས་བསྟན་ཆོས་ཁུངས་མར་ཡིད་ཆེས་པའི་དགོས་པ་དང་། སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས་སུམ་ཅུ་རྩ་གསུམ་གྱི་ལྷའི་སྐད་དང་མཚུངས་པ་ལེགས་སྦྱར་གྱི་སྐད་ཀྱིས་ཆོས་གསུངས་ཤིང་། དེའི་སྐད་དུ་བཏོན་པས་རྒྱུད་ལ་བྱིན་རླབ་འཇུག་པ་དང་། མ་འོངས་པ་ན་བྱམས་མགོན་སོགས་ཀྱིས་ཀྱང་དེ་ལྟར་གསུངས་པར་འགྱུར་བས་སྐད་ལ་བག་ཆགས་འཇོག་པ་དང་། མཚན་འདི་ལྟར་གཞུང་ཀུན་རྒྱ་སྐད་དུ་ཡོད་ན་ཚིག་དོན་རྟོགས་དཀའ་བར་ཤེས་ནས་ལོ་ཙཱ་བའི་བཀའ་དྲིན་དྲན་པའི་དགོས་པ་ཡོད་དོ། །གཉིས་པ་འགྱུར་མཐར་ཕྱིན་པའི་ཕྱིར་ལོ་ཙཱ་བའི་འགྱུར་ཕྱག་ནི། མ་རིག་པའི་གཉིད་འཐུག་པོ་ལྟ་བུ་སངས། ཤེས་བྱའི་ཆོས་ཐམས་ཅད་ལ་བློའི་པདྨོ་རྣམ་པར་རྒྱས་པས་ན་སངས་རྒྱས་སོ། །བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྦྱོར་བ་ཕྱིན་དྲུག་གི་ཉམས་ལེན་ལ་བརྩོན་པ་བྱང་སེམས་དང་། དེ་གཉིས་ཀྱི་ཐུགས་རྒྱུད་ན་བཞུགས་པའི་དམ་པའི་ཆོས་ཏེ་དཀོན་མཆོག་གསུམ་ལ་ཕྱག་མཛད་ལ་འདི་ལ་སྡེ་སྣོད་ངོས་འཛིན་གྱི་ཕྱག་ཅེས། འདུལ་བར་ལས་རྒྱུ་འབྲས་ཕྲ་ཞིབ་གསུངས་པ་རྣམས་སངས་རྒྱས་ཉག་ཅིག་ལས་ས་ཐོབ་བྱང་སེམས་ཀྱིས་ཀྱང་མི་དགོངས་པས་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཞེས་དང་། མདོ་སྡེ་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་དང་། མངོན་པར་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རབ་དབྱེ་གསུངས་པ་རྣམས་ཤེས་རབ་ཟབ་མོ་ཞིག་གིས་རྟོགས་བྱའི་ཡུལ་ཡིན་ཕྱིར་འཇམ་དཔལ་ལ་ཕྱག་མཛད་དེ། དེ་ཡང་ཕྱི་ལུས་ངག་གི་སྤྱོད་པས་རང་རྒྱུད་འདུལ་བ་འདུལ་བར་གཏོགས་ཤིང་། ནང་སེམས་ཀྱི་ཐོག་ནས་རང་རྒྱུད་འདུལ་བ་མདོ་སྡེར་གཏོགས་པས། འདིར་མདོ་སྡེ་དང་མཐུན་པར་འགྱུར་ཕྱག་མཛད་ལ། རྒྱལ་པོའི་བཀས་བཅད་ཀྱི་ཕྱག་ཀྱང་ཟེར་ཏེ། འུ་ཤང་རྡོའི་ལྷ་ཁང་། འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་དུ་མངའ་བདག་ཁྲི་རལ་གྱི་དུས་སུ་མདོ་སྡེ་རང་རང་གི་འགྱུར་ཕྱག་མཛད་དགོས་པར་བཀས་བཅད་པའི་ཕྱིར། གཉིས་པ་མཚན་དེ་ལྡན་གྱི་གཞུང་བཤད་པ་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག །བརྩམ་བྱ་བསྟན་ཆོས་ལུས་ཀྱི་རང་བཞིན། མཇུག་ཡོངས་སུ་རྫོགས་པའི་བྱ་བ་དང་གསུམ་ལས། དང་པོ་ལ་མཆོད་བརྗོད། དམ་བཅའ། ཁེངས་སྐྱུང་། སྤྲོ་བ་སྐྱེད་པ་སྟེ་བཞི་ལས། དང་པོ་ནི། བདེ་གཤེགས་སོགས་ཏེ། སུ་ནི་ལེགས་པ་མཛེས་པ་བདེ་བ་གང་རུང་ག་ཏ་གཤེགས་པ། སྤངས་པ་ཕུན་ཚོགས་ཀྱི་ཡོན་ཏན་ནི། འཁོར་བར་གང་གིས་བཅིང་བ་ཤེས་པ་གཅེས། ཞེས་མ་རིག་པ་དང་དེས་ཀུན་ནས་བསླངས་པའི་ཉོན་སྒྲིབ་སྤངས་པ་དོན། མིང་མཛེས་པར་གཤེགས་པ། དཔེ་སྐྱེས་བུ་གཟུགས་མཛེས་པ་ལྟ་བུ། ཉོན་མོངས་པ་ས་བོན་དང་བཅས་པ་སྤངས་པས་འཁོར་བར་མི་ལྡོག་པ་དོན། མིང་སླར་མི་ལྡོག་པར་གཤེགས་པ། དཔེ་འབྲུམ་ནད་བྱང་བའི་སྐྱེས་བུ་ལྟ་བུ། ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པའི་ཤེས་སྒྲིབ་སྤངས་པ་དོན། མིང་མ་ལུས་པར་གཤེགས་པ། དཔེ་བུམ་པ་ལེགས་པར་གང་བ་ལྟ་བུ། སྤང་བའི་ཁྱད་པར་གསུམ་པོ་དེས་རྫོགས་པའི་སངས་རྒྱས་གང་ཟག་གསུམ་ལས་ཁྱད་པར་འཕགས་ཤིང་གང་ཟག་དང་པོ་ཕྱི་རོལ་པའི་ཆགས་བྲལ་ལས་ཁྱད་པར་འཕགས་ཏེ། ཕྱི་རོལ་མུ་སྟེགས་པ་རྣམས་ཀྱིས་ཉོན་མོངས་མངོན་གྱུར་ཙམ་ཞིག་སྤངས་ཀྱང་ས་བོན་མ་སྤངས་པའི་རྐྱེན་དང་ཕྲད་ཚེ་ཉོན་མོངས་སྐྱེ་ལ། སངས་རྒྱས་ཀྱིས་ནི་ཉོན་མོངས་པ་ས་བོན་བཅས་སྤངས་པས་རྐྱེན་གྱིས་མི་ལྡོག །

གཉིས་པ་རྒྱུན་ཞུགས་དང་ཕྱིར་འོང་ལས་ཁྱད་པར་དུ་འཕགས་ཚུལ་ནི། དེ་དག་གིས་འདོད་ཉོན་རགས་པ་སྤངས་ཀྱང་ཕྲ་བ་ཁ་ཅིག་མ་སྤངས་པའི་ཕྱིར་འདོད་ཁམས་སུ་སྐྱེ་ཡང་། རྒྱལ་བས་ཁམས་གསུམ་གྱི་ཉོན་མོངས་ས་བོན་དང་བཅས་པ་སྤངས་པའི་ཕྱིར་འཁོར་བར་མི་སྐྱེའོ། །གང་ཟག་གསུམ་པ་དམན་པའི་དགྲ་བཅོམ་ལས་འཕགས་ཚུལ་ནི། ཉན་རང་དེ་དག་གིས་ཉོན་མོངས་ས་བོན་དང་བཅས་པ་སྤངས་ཀྱང་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པའི་ཤེས་སྒྲིབ་མ་སྤངས་པས་ཤེས་བྱ་ཐམས་ཅད་མཁྱེན་པ་མ་ཡིན་ལ། རྒྱལ་བས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་ནོ། །རྟོགས་པ་ཕུན་ཚོགས་དང་སྦྱར་ན་ཆོས་དང་གང་ཟག་གི་བདག་མེད་གཉིས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་མཁྱེན་པ་དོན། མིང་མཛེས་པར་གཤེགས་པ། སྐྱེས་བུ་གཟུགས་མཛེས་པ་ལྟ་བུ་ཆོས་དང་གང་ཟག་གིས་བདག་མེད་གཉིས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་རྟོགས་པ་དེ་བསྟན་ཞིང་འགྱུར་དོགས་མེད་པ་དོན། མིང་སླར་མི་ལྡོག །དཔེ་འབྲུམ་ནད་བྱང་བའི་སྐྱེས་བུ་ལྟ་བུ། ཆོས་དང་གང་ཟག་གི་བདག་མེད་གཉིས་མ་ལུས་པར་རྟོགས་པ་དོན། མིང་མ་ལུས་པར་གཤེགས་པ། དཔེ་བུམ་པ་ལེགས་པར་གང་བ་ལྟ་བུ། དེ་ལྟ་བུའི་སྤངས་རྟོགས་ཕུན་སུམ་ཚོགས་པ་དེ་བདེ་བར་གཤེགས་པ་རྫོགས་པའི་སངས་རྒྱས་སོ། །དེ་ཡང་དོན་བསྡུ་ན། རྒྱུ་ཉོན་མོངས་སྤངས་པ་དེའི་འབྲས་བུ་སྡུག་བསྔལ་སྤངས་པ། ཤེས་སྒྲིབ་སྤངས་པའོ། །བཀའ་བརྒྱུད་པས་སེམས་ཀྱི་ངོ་བོ་ཞེས་སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་འཕགས་པ་བརྒྱད་སྟོང་ལས་གསུངས་པར་ལྟར། སྒྲིབ་པ་བག་ཆགས་ལས་གྲོལ་བའི་ངོ་བོ་ཉིད་སྐུ་ཆོས་སྐུ། སེམས་ཀྱི་ངོ་བོ་སངས་རྒྱས་ཀྱིས་རྟོགས་ཏེ་ཆོས་འཁོར་བསྐོར་བས་ན་རྒྱུ་མཐུན་ཏེ། རྒྱུད་བླ་མ་ལས། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པ། །དེ་ཡི་རྒྱུ་མཐུན་ཟབ་པ་དང་། །སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་གསུངས་པ་ལྟར། སྟོབས་སོགས་རྟོགས་པ་དང་བསྟན་པ་ལུང་གི་ཆོས་ཏེ། ཀ་ཡ་བསགས་པ་ལའོ་ཞེས་སྒྲའི་བྱིང་གི་ཐོག་ནས་བསྒྲུབས་པས་བསགས་པ་དང་སྤུངས་པ་ལྟ་བུ་ལ་འཇུག་པས་དམ་པའི་ཆོས་ཀྱི་ཕུང་པོ་ཁ་ཚང་ཞིག་སངས་རྒྱས་ལ་མངའ་བས་ཆོས་ཀྱི་སྐུ་མངའ་ཞེས་དང་། སྲས་ནི་སྤྱིར་སྐུའི་སྲས་དགྲ་གཅན་འཛིན། གསུང་གི་སྲས་ཉན་ཐོས་དང་རང་རྒྱལ། ཐུགས་སྲས་བྱང་ཆུབ་སེམས་དཔའ་སྟེ་ཇི་ལྟར་རྒྱལ་པོའི་བུས་རྒྱལ་པོའི་བརྒྱུད་པ་འཛིན་པ་འཁོར་འབངས་མངའ་རིས་སྐྱོང་བ། མཛོད་ཀྱི་ལྡེ་མིག་འཛིན་པ་ལྟར། བྱང་སེམས་ཀྱིས། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་གདུང་བརྒྱུད་འཛིན། དམ་པའི་ཆོས་ཀྱི་མཛོད་འཛིན། གདུལ་བྱའི་ལྷག་མ་སྐྱོང་བས་ན་སྲས་ཏེ། དེ་དང་གཞན་ཡང་ཉན་རང་དང་རང་ལས་གྲིབ་མ་སོར་གཅིག་ཡན་ཆད་ཀྱིས་བསླབ་པ་རྒན་པ་སོགས་ཕྱག་བྱ་བའི་འོས་སུ་གྱུར་པ་ཀུན་ལ་རབ་ལྟ་བ་མཇལ་བའི་ཕྱག་འཚལ་བྱ་འཚལ་བྱེད་གཉིས་མེད་དུ་ཤེས་པ་དང་། འབྲིང་སྒོམ་པ་གོམས་པའི་ཕྱག་དཔག་མེད་བཞི་ལྡན་དང་། ཐ་མ་མོས་གུས་ཀྱི་ཕྱག་ལུས་ངག་ཡིད་གསུམ་གུས་པ་དང་བཅས་པས་འཚལ་བ་གསུམ་ལས་འདིར་ཕྱི་མ་སྟེ་དེ་དག་ནི་གང་འཚལ་བའི་ཡུལ་དང་ཇི་ལྟར་འཚལ་བའི་ཚུལ་ལོ། །སུས་འཚལ་ན་སློབ་དཔོན་ཞི་བ་ལྷས། དུས་བསྟན་བཅོས་རྩོམ་པའི་སྔོན་དུ། དགོས་ཆེད་བསྟན་བཅོས་རྩོམ་པ་ལ་བར་ཆད་མེད་པའི་ཕྱིར་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། བསྟན་བཅོས་བྱེད་པོས་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་པ་ལ། །དད་འདུན་སྐྱེ་བར་བྱ་ཕྱིར་རོ། །ཞེས་དང་། འཕགས་པ་ཀླུ་སྒྲུབ་གྱིས། བསོད་ནམས་ལྡན་པའི་མི་ཡིས་བསམ་པ་རྣམས་ཀྱང་འགྲུབ། །ཅེས་གསུངས་པ་ལྟར་རོ། །གཉིས་པ་བརྩམ་པར་དམ་བཅའ་བ་ནི་བདེ་བར་གཤེགས་པའི་སྲས་ཀྱི་སྤྱོད་པ་ཐམས་ཅད་ཀྱི་སྡོམ་ནི་ཕ་རོལ་ཕྱིན་དྲུག་ཡིན་ཞིང་། དེ་ལ་འཇུག་པའི་ཐབས་བསྟན་བཅོས་འདི་ཕོ་ཚོད་དང་རང་བཟོ་མ་ཡིན་པར་རྒྱལ་བའི་བཀའ་ལུང་བཞིན་དུ་མདོར་བསྡུས་ཏེ་བརྗོད་པར་བྱ་སྟེ། ཚད་མ་རྣམ་འགྲེལ་ལས། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པ་རྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་སོ། །དེ་ཡང་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཀྱི་དཔལ་བེའུ་རུ་བསྐྱིལ། མགུལ་གྱི་བུམ་པ་ནས་བྱུང་། ལྗགས་ཀྱི་པདྨ་དུ་བཀྲམ། དུང་གི་ཚེམས་བར་ནས་ཕྱར་ཏེ་གསུངས་པའི་རྒྱལ་བའི་བཀའ་དྲི་མ་མེད་པ་ཡོད་བཞིན་བརྗོད་ཅི་དགོས་སྙམ་ན། བཀའ་སྡེ་སྣོད་མང་པོའི་ནང་ན་སྤྱོད་པའི་སྒོ་རེ་རེ་དང་ཆོས་ཀྱི་རྣམ་གྲངས་མང་པོ་འཐོར་ཡོད་པའང་འདིར་བསྡུས་ཏེ་བརྗོད་པ་ཡིན་ལ། རྣམ་བཤད་རིག་པར། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་པ་ལྟར། སྤྱིར་འཁྲུགས་པ་བསྡེབ་པའི་བསྟན་བཅོས། གབ་པ་འབྱིན་པའི་བསྟན་བཅོས། འཐོར་བ་སྡུད་པའི་བསྟན་བཅོས། སྒྲུབ་པ་ཉམས་ལེན་གྱི་བསྟན་བཅོས་བཞི་ལས་གཞུང་འདི་ཕྱི་མ་གཉིས་ཀྱི་བསྟན་བཅོས་ཡིན་ཞིང་། དེ་ལྟར་དམ་བཅས་པས་རྩོམ་པ་མཐར་ཕྱིན་པའི་དགོས་པ་ཡོད་དེ། དམ་པས་མང་པོ་ཁས་འཆེ་མི་བྱེད་ཅིང་། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་འགྱུར་བ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཁེངས་པ་བསྐྱུང་བ་ནི། སྔོན་ཆད་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་སོགས་ཀྱིས་མ་གསུངས་པའི་དོན་གཞན་ཞིག་གཞུང་འདིར་བརྗོད་རྒྱུ་མེད་པ་དང་། སློབ་དཔོན་དཔའ་བོའི་སྐྱེས་རབས་སོ་བཞི་པ་དང་། རྒྱལ་པོ་དགེ་བའི་དབང་པོའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་སོགས། དོན་རྒྱལ་བའི་སྐྱེས་རབས་མདོ་སྡེར་གསུངས་པ་དེ་ཉིད་ཡིན་ཀྱང་ཚིག་སྡེབ་སྦྱོར་དང་སྙན་ངག་གིས་བཅིངས་པའི་མཁས་པ་མགུ་བ་བསྐྱེད་པའི་བསྟན་བཅོས་ཡིན་པ་ལྟ་བུའི་སྡེབ་སྦྱོར་མཁས་པའང་ཞི་བ་ལྷ་བདག་ལ་ཡོད་པ་མིན་པ་དེའི་ཕྱིར་སྤྱོད་འཇུག་འདི་ཉིད་ཀྱིས་གཞན་དོན་རྒྱ་ཆེན་པོ་ཞིག་འོང་བསམ་པ་མེད་དོ། །འོ་ན་བསྟན་བཅོས་འདི་ཉིད་བརྩམ་པ་ལ་དགོས་པ་ཅི་ཡོད་སྙམ་ན། རང་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གོམས་ཆ་ལོན་པའི་ཕྱིར་བརྩམ་པ་ཡིན་ནོ། །རང་གི་རྒྱུད་ལ་བྱང་ཆུབ་ཀྱི་སྤྱོད་པ་གོམས་པར་བྱེད་པ་ལ་འཆད་པ་དང་རྩོད་པ་ལས་ཀྱང་བསྟན་བཅོས་བརྩམ་པ་ཁྱད་པར་དུ་འཕགས་པའི་ཚུལ། སློབ་དཔོན་ཙནྜ་གོ་མིས། གང་ཕྱིར་མཁས་པའི་ལས་གསུམ་ལས། །རྩོད་འཆད་དག་ལ་མ་ངེས་པ། །སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ། །ཞེས་གསུངས་པ་ལྟར་རོ། །བཞི་པ་སྤྲོ་བ་བསྐྱེད་པ་ནི། དགེ་བ་བྱང་སེམས་ཀྱི་སྤྱོད་པ་ཕར་ཕྱིན་དྲུག་སྒོམ་པ་ལ་དང་པོ་ཡིད་ཆེས་ཀྱི་དད་པ་ཞིག་དགོས་ལ། བྱང་སེམས་ཀྱི་སྤྱོད་པ་སེམས་ཐོག་ཏུ་བླངས་ཏེ་བསྟན་བཅོས་བརྩམས་པས་ཡིད་ཆེས་ཀྱི་དད་པ་འཕེལ་བར་འགྱུར་ཞིང་། རང་ལས་བློ་ཤེས་རབ་ཞན་པ་དང་རང་དང་མཉམ་པ་དག་གིས་གལ་སྲིད་བདག་གིས་བརྩམས་པའི་བསྟན་བཅོས་འདི་མཐོང་ན་དོན་ཡོད་པའང་སྲིད་དོ། །རྗོད་བྱེད་བསྟན་བཅོས་འདིའི་བརྗོད་བྱ་སྡོམ་པའམ་སྤྱོད་པ། དགོས་པ་དད་པ་འབྲེལ་བ་དང་གཞན་ལ་ཕན་པ། ཉིང་དགོས་རྫོགས་བྱང་ཐོབ་པ། དེ་གསུམ་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་གྲུབ་པ་ནི་འབྲེལ་བ་སྟེ། བརྗོད་བྱ་དང་དགོས་པ་འབྲེལ། ཉིང་དགོས་དགོས་པ་ཐབས་ཐབས་བྱུང་གིས་འབྲེལ། གཉིས་པ་བརྩམ་བྱ་བསྟན་བཅོས་ལ། རྒྱ་གཞུང་དུ་སྡོམ་ཡོད་པ་ལྟར། བརྩམ་བྱ་བསྟན་བཅོས་ཀྱི་ལུས་རྣམ་བཞག་མདོར་བསྟན་པ་ནི། བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་གསུངས་པ་ལྟར། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་སྐྱེད་པར་བྱེད་པའི་ལེའུ་གསུམ་སོགས་ལེའུ་བཅུ་ས་བཅད་བཞིའི་ཁུངས་སུ་བསྡུས་ཏེ་བཤད་པར་བྱེད་པ་ལ། དང་པོ་བྲོད་པ་སྐྱེད་པ་ཕན་ཡོན་གྱི་ལེའུ་ལ་གཞུང་མཚན་གཉིས་ལས། དང་པོ་གཞུང་དོན་ལ། བྱང་ཆུབ་ཀྱི་སེམས་ཀྱི་རྟེན་དང་། བརྟེན་པ་སེམས་བསྐྱེད་ཀྱི་ཕན་ཡོན་གཉིས་ལས། དང་པོ་ལུས་སེམས་ཀྱི་རྟེན་གཉིས་ལས་དང་པོ་ལུས་རྟེན་ནི། བྲལ་ངོས་ནས་དལ། ལྡན་ངོས་ནས་འབྱོར་པའམ། འགལ་རྐྱེན་མེད་པས་དལ་། མཐུན་རྐྱེན་ཚང་བས་འབྱོར། ལྡོག་ཕྱོགས་མི་ཁོམ་པའི་གནས་བརྒྱད་ལ་ལྟོས་ནས་བཞག་པ་ལས་དལ་བའི་ངོས་ནས་གཅིག་ལས་མེད། མི་ཁོམས་བརྒྱད་ནི་ངན་སོང་གསུམ་དང་། འདུ་ཤེས་མེད་པའི་ལྷ་ཞེས། འདུ་ཤེས་མེད་པའི་སྙོམས་འཇུག་བསྒོམ་པའི་འབྲས་བུ་སྟེ། སེམས་རྟོག་མེད་ཀུན་གཞིའི་སྟེང་དུ་ཚོགས་དྲུག་གི་ཤེས་པ་བཀག་ནས་བསྒོམ་པས་གོམས་པ་སྟེ་འདིར་ཉོན་ཡིད་མ་བཀག་པས་འགོགས་པ་དང་མི་མཚུངས་སོ། །ལྷ་དེའི་གནས་འབྲས་བུ་ཆེ་བའི་ལྷ་གནས་ན་གྲོང་ལས་དགོན་པའི་ཚུལ་དུ་ཡོད་དོ། །ལྷ་གནས་གཞན་དུ་ཉན་རང་འཕགས་པས་སྐྱེ་བ་འཛིན་པས་མིན་ལ། ཡང་དག་པའི་ཆོས་དང་གང་ཟག་ལ་ལོག་པར་རྟོག་པའི་ལོག་ལྟ་ཅན་དང་། མཐའ་འཁོབ་དང་མུན་བསྐལ་དང་། ངག་དང་ཡིད་ལྐུགས་པ་དང་། བློ་ལས་སུ་མི་རུང་བའི་ཀླ་ཀློ་དང་བརྒྱད་དུ་མ་སྐྱེས་པས་དལ། འབྱོར་པ་ནི། ཀླུ་སྒྲུབ་ཀྱིས། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་རང་འབྱོར་ལྔ་ལས། ལས་མཐའ་ལོག་པ་གཞུང་ཆེན་པོ་རྣམས་སུ་མཚམས་མེད་ཀྱི་ལས་བྱས་པས་ཚེ་འདིར་མཐོང་ལམ་ཐོབ་པའི་སྐལ་བ་མེད་ལ། ཕྱི་མར་དམྱལ་བར་སྐྱེ་ངེས་ཡང་ན་རྔོན་པ་སོགས་ཀྱི་རིགས་སུ་སྐྱེས་པ་དང་། སྒོ་གསུམ་ཆོས་འགལ་གྱི་བྱ་བ་བྱེད་ཚད། འདི་ལྟ་བུར་དང་པོ་མ་སྐྱེས་ཀྱང་ཕྱིས་སུ་འབྱུང་ཉེ་བས་གཟབ་པར་བྱ། གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་རྗེས་འཇུག་གཞུང་ཆེན་མོར་མཁན་སློབ་སོགས། སྙིང་བརྩེ་བ་རིན་ཆེན་ཕྲེང་བ་དང་གཞུང་ཆེན་མོར་ཡོན་བདག་གོ །དེ་ལྟ་བུའི་ལུས་རྟེན་ཡང་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་གྲོགས་བྱས། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བ་ཞིག་དགོས་ཏེ། དེ་ཡང་སྨོན་ལམ་མ་བཏབ་ན་མི་ལུས་ཐོབ་ཀྱང་ཆོས་ཀྱི་མཐུན་རྐྱེན་མི་ཚང་། པུ་རུ་ཥ་ཞེས་པ་སྙིང་སྟོབས་ལ་འཇུག་པས། སྐྱེས་བུ་སྟེ། སྐྱེས་བུ་གསུམ་གྱི་དོན་སྒྲུབ་ནུས་ཐོབ་པའི་དུས་འདིར། གལ་ཏེ་ཕན་པ་དམ་པའི་ཆོས་ཤིག་མ་བསྒྲུབས་ན་ཕྱིས་སུ་འདི་ལྟ་བུའི་ལུས་རྟེན་མི་ཐོབ་པའི་ཚུལ་བསམ་ཏེ། བློ་ཕར་མི་འདྲི། གྲོས་མར་མི་བྱེད། སྣ་ཐག་རང་མགོར་དཀྲིས། རང་ཐག་རང་གི་བཅད་དེ་ཆོས་པའི་ཕུག་ནོར་བཅུ་ལ་དམ་བཅའ་ནས་སེམས་བསྐྱེད་དམ་པའི་ཆོས་ལ་འབད་དགོས། གཉིས་པ་སེམས་རྟེན་ནི། དཔེར་ན་ཉི་མ་མེད་པའི་མཚན་མོ། ཟླ་བ་མེད་པའི་མུན་ནག །སྐར་མ་མེད་པའི་སྤྲིན་རུམ་ན་གློག་འགྱུ་བས་སྐད་ཅིག་ཙམ་རབ་ཏུ་སྣང་བ་སྟོན་པ་ལྟར། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཉི་མ་མ་ཤར་བའི་མཚན་མོ། བླང་དོར་གྱི་གནས་མི་ཤེས་པའི་མུན་ནག །རྒྱུད་དུག་ལྔ་དུག་གསུམ་གྱིས་བསྒྲིབས་པ་སྤྲིན་རུམ་ལྟ་བུ་འདིར། སངས་རྒྱས་ཀྱི་མཐུས་འཇིག་རྟེན་ཏེ་སོ་སོའི་སྐྱེ་བོའི་རྒྱུད་ལ་བསོད་ནམས་དགེ་བའི་བློ་གྲོས་རེ་འགའ་ཙམ་འབྱུང་སྲིད་ལ། དེ་ལྟ་བུའི་སེམས་རྟེན་དགེ་བའི་བློར་སྐྱེས་པའི་དུས་སུ། དམ་པས། བྱ་བ་འཚགས་ནས་ཆོས་ལ་བྱེད་དུས་མེད། །དྲན་པའི་ཚེ་ན་རྒྱུགས་ཤིག་དིང་རི་བ། །ཞེས་གསུངས་པ་ལྟར། བློ་སྣ་བསྟུངས་ཏེ་ཆོས་རྗེ་རྒྱ་རས་པའི་དྲག་སྔགས་གསུམ་དང་། བུད་བསྙེགས་ཐོབ་གསུམ། གཏད་པ་བཞི། རྡོ་རྗེ་གསུམ་ལྟར་ལས་འཕྲོ་རྦད་ཆོས་བྱས་ཏེ་དམ་པའི་ཆོས་ལ་འཇུག་དགོས་ཏེ་ལུས་སེམས་ཀྱི་རྟེན་གཉིས་བསྒོམས་པ་བློ་ཆོས་སུ་འགྲོ་བའི་རྒྱུ་ཡིན་ནོ། །དྲག་སྔགས་གསུམ་ནི། ཅི་ཡོང་བ་ཤོག །གང་ལྟར་འགྲོ་བ་སོང་། ཅིས་ཀྱང་དགོས་པ་མེད། ཅེས་དང་། རྡོ་རྗེ་གསུམ་ནི། ཐེབས་མེད་རྡོ་རྗེ་སྔོན་ལ་བཏང་། །ཁྲེལ་མེད་རྡོ་རྗེ་རྗེས་ལ་བཞག །ཡེ་ཤེས་རྡོ་རྗེ་རང་དང་འགྲོགས། །ཞེས་པའོ། །བརྟེན་པ་སེམས་བསྐྱེད་ལ་ཡང་གསུམ་ལས། དང་པོ་སེམས་བསྐྱེད་སྤྱིའི་ཕན་ཡོན་ལ་གསུམ་གྱི་དང་པོ་དགེ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་ཕན་ཡོན་ནི། གོང་དུ་བཤད་པ་དེ་ལྟ་བུའི་ཆོས་ཤིག་སྒྲུབ་སྙམ་པ་ལྟ་བུ་དེ་དགེ་སེམས་ཅུང་ཟད་ཙམ་སྐྱེས་པ་དེ་ནི་ཉམ་ཆུང་ལ། དུས་རྟག་ཏུ་ཞེ་སྡང་དྲག་པོ་ལྟ་བུ་གཉེན་པོས་མི་ནོན་པ་སྟོབས་ཆེན་པོ་ངན་སོང་དུ་ལྟུང་བར་བྱེད་པས་མི་བཟད་པ་དེ་ནི་རྫོགས་པའི་བྱང་ཆུབ་ཀྱི་སེམས་མིན་པར། དགེ་བ་གཞན་གྱིས་ཟིལ་གྱིས་མི་ནོན་ལ། བྱང་སེམས་ཀྱིས་ཟིལ་གྱིས་ནོན་པའི་ཚུལ་དུས་བསྐལ་པ་མང་པོར་རབ་དགོངས་མཛད་ཅིང་ཐོས་བསམ་སྒོམ་གསུམ་གྱིས་སྒྲོ་འདོགས་བཅད་པའི་ཐུབ་དབང་རྣམས་ཀྱིས། སྔར་བྱས་ཀྱི་སྡིག་པ་དག་པ། ཕྱིན་ཆད་ཀྱི་སྡིག་རྒྱུན་གཅོད་པ། རང་རྒྱུད་ཀྱི་ཉོན་མོངས་པ་ཟིལ་གྱིས་གནོན་པ་དགེ་རྩ་ཕྲ་མོ་གོང་དུ་སྤེལ་བ་ལ་བྱང་ཆུབ་ཀྱི་སེམས་འདི་ཉིད་ཀྱིས་ཕན་པར་གཟིགས་སོ། །དེ་ཡང་བྱང་ཆུབ་ཀྱི་སེམས་ནི། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པ་ལྟར་སེམས་བསྐྱེད་ཀྱི་ངོ་བོ་ནི་དོན་གཉིས་སམ་ཟུར་གཉིས་དང་ལྡན་པ་སྟེ། གང་གི་ཆེད་དུ་བྱ་བ་སྙིང་རྗེས་གཞན་དོན་ལ་དམིགས་པ་དང་། གང་གི་ཆེད་དུ་བྱ་བ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའོ། །སྤྱིར་སེམས་བསྐྱེད་ལ་རགས་པ་བརྡ་ལས་བྱུང་བ་དང་ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པ་གཉིས་ལས་དང་པོ་ནི། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་གྲོགས་དགེ་བའི་བཤེས་གཉེན་དང་འཕྲད་པ་དང་། རྒྱུ་རིགས་སད་པ། རྩ་བ་སྙིང་རྗེ་སྐྱེས་པ། ཐོས་པའི་སྟོབས། དགེ་བ་གོམས་པ་བསོད་ནམས་ཀྱི་ཚོགས་བསགས་པས་རང་བཞིན་ཤུགས་ཀྱིས་སྐྱེས་པ་སྟེ། སྔ་མ་མི་བརྟན་ཞིང་ཕྱི་མ་བཞི་བརྟན་པའོ། །གཉིས་པ་ནི་བསྒོམ་པས་རང་བཞིན་ཤུགས་ཀྱིས་སྐྱེས་པ་ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པ་དོན་དམ་སེམས་བསྐྱེད་ནི། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་གསུངས་པ་ལྟར་ཡོངས་འཛིན་དམ་པ་རྫོགས་པའི་སངས་རྒྱས་བརྒྱ་མཉེས་པར་བྱ། ཚོགས་དམ་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐལ་པ་གྲངས་མེད་གཅིག་ཏུ་བསགས། རྟོགས་པ་དམ་པས་དང་པོའི་བདེན་པ་རང་གི་ངང་གིས་མཐོང་། བྱང་ཆུབ་ཀྱི་སེམས་འདིས་ནི་མ་འོང་བ་ན་ཚད་མེད་པའི་སྐྱེ་བོ་མང་པོའི་ཚོགས་ཀྱིས་བདེ་བའི་མཆོག་སངས་རྒྱས་ཀྱི་གོ་འཕང་དེ་ལ་དེ་མྱུར་དུ་ཐོབ་པར་བྱེད་ཅིང་དེ་ལྟར་ཡིན་དུས་རང་རྒྱུད་ཀྱི་སྡིག་པའི་སྡུག་བསྔལ་མང་པོ་འཇོམས་པར་འདོད་པ་དང་། སེམས་ཅན་གཞན་གྱི་མི་བདེ་བ་བསལ་བར་འདོད་པ་དང་། རང་གཞན་གཉིས་ཀས་བདེ་བ་བརྒྱ་ཕྲག་མང་པོ་སྤྱོད་པར་འདོད་པ་རྣམས་ཀྱིས་འདོད་དོན་ཀུན་བྱང་ཆུབ་ཀྱི་སེམས་ཡོད་ན་འགྲུབ་པས་སེམས་དེ་གཏོང་བར་མི་བྱའོ། །གཉིས་པ་མིང་དོན་གནས་འགྱུར་བའི་ཕན་ཡོན་ནི། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པ་ཙམ་གྱིས་སྐད་ཅིག་དེ་ཉིད་ལ་འཁོར་བའི་བཙོན་ར་འདིར་བདག་འཛིན་ཉོན་མོངས་ཀྱི་ལྕགས་སྒྲོག་གིས་བསྡམས་པའི་ཉམ་ཐག་གི་འགྲོ་བ་ཞིག་ཡིན་ཡང་རྒྱལ་བའི་སྲས་པོའི་མིང་གི་ཅོད་པན་ཐོབ་ཅིང་ལྷ་མི་ཀུན་གྱི་ཕྱག་འོས་སུ་འགྱུར་ཞིང་ཕྱི་རོལ་བས་དཔེར་ན། ཚེས་ཀྱི་ཟླ་བ་ལ་ཕྱག་བྱ་ཡི་ཟླ་བ་ཉ་བ་ལ་ནི་མ་ཡིན་ནོ་ཟེར་བ་ལྟར། སངས་རྒྱས་ལ་དད་པས་བྱང་སེམས་ལ་ཕྱག་འཚལ་བར་གསུངས་པ་དང་། ཉན་རང་ཤིང་རྟའི་སྟེང་དུ་འདུག་པའི་ཐེག་པར་རྒྱལ་བས་ཕྱག་གིས་རེག་པ་ཙམ་ཡང་མི་རུང་ལ། བྱང་སེམས་བཞུགས་པའི་ཤིང་རྟ་འདྲེན་མཁན་མེད་ཚེ་ཐག་པ་རྒྱལ་བའི་དབུ་ལ་དཀྲིས་ཏེ་དྲངས་ཀྱང་རུང་སྟེ། སངས་རྒྱས་ཕལ་པོ་ཆེར། བྱང་ཆུབ་སེམས་ནི་སངས་རྒྱས་རྣམས་ཀྱི་བླ་མ་ཡིན་པའི་ཕྱིར་རོ་གསུངས། ཕན་ཡོན་དཔེའི་སྒོ་ནས་བསྟན་པ་ལ་དྲུག་ལས། གསེར་འགྱུར་གྱི་དཔེས་སངས་རྒྱས་ཐོབ་པར་བསྟན་པ་ནི། དཔེ་གསེར་འགྱུར་གྱི་རྩི། དཔེ་ཅན་བྱང་ཆུབ་ཀྱི་སེམས། མཚུངས་ཆོས་ངན་པ་ཞིག་བཟང་པོར་བསྒྱུར་བ་དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས། གསེར་འགྱུར་གྱི་རྩིའི་མཆོག་སྨན་སྣ་ཚོགས་ལྕགས་ལ་བྱུགས་པ་བསྲེགས་ཏེ། ལྕགས་སྲང་སྟོང་གསེར་དུ་རྩི་སྲང་གང་གིས་བསྒྱུར་བ་ལྟར། མི་གཙང་བའི་ལུས་འདི་ཉན་ཐོས་ལྟར་སྤང་བར་མི་བྱ་སྟེ། གཞན་དོན་དུ་ཚེ་རབས་མང་པོར་དང་དུ་བླངས་ནས་མཐར་རྒྱལ་བའི་སྐུ་རིན་པོ་ཆེ་རིན་ཐང་གཞལ་དུ་མེད་པར་བསྒྱུར་བར་བྱེད་པས་ན་བྱང་ཆུབ་སེམས་དེ་ཟུངས་ཞེས་སློབ་དཔོན་གྱིས་གདམས་ཀྱང་། རང་གིས་བཟུང་བར་བྱ་ཞེས་དམ་བཅའ་བའོ། །རིན་པོ་ཆེའི་དཔེས་དོན་ཆེ་བར་བསྟན་པ་ནི། དེད་དཔོན་མཁས་པས་ནོར་བུའི་རིན་ཆེ་ཆུང་བརྟགས་པ་ལྟར། འགྲོ་བའི་དེད་དཔོན་གཅིག་པུ་སངས་རྒྱས་ཀྱིས་རྣམ་མཁྱེན་གྱིས་ལེགས་པར་ཏེ་མ་ནོར་བར་ཡོངས་སུ་སྟེ་བསྐལ་པར་བརྟགས་ན་ཆོས་ཀུན་ལས་བྱང་ཆུབ་ཀྱི་སེམས་འདིས་སངས་རྒྱས་ཐོབ་པའི་ཕྱིར་ན་རིན་ཆེ་བས། འགྲོ་བ་དྲུག་གི་གནས་རིས་དང་བྲལ་བར་འདོད་པ་རྣམས་ཀྱིས། དཔེ་རིན་ཆེན་ལྟ་བུའི་དོན་བྱང་ཆུབ་ཀྱི་སེམས་དེ་སྦྱོར་དངོས་མཇུག་གསུམ་ཚང་བའི་ཆོ་གས་ལེགས་པར་འཛིན་ཞིང་། ཕྱི་ནས་དྲན་ཤེས་བག་ཡོད་ཀྱིས་མི་ཉམས་པར་བརྟན་པོར་གཟུང་བར་བྱའོ། །འབྲས་བུ་ཅན་གྱི་ལྗོན་ཤིང་གི་དཔེས་དགེ་རྩ་མི་འཛད་ཅིང་གོང་དུ་འཕེལ་བར་བསྟན་པ་ནི། སེམས་བསྐྱེད་ཀྱིས་མ་ཟིན་པའི་དགེ་བས་མངོན་མཐོའི་འབྲས་བུ་ཐོབ་ནས་འཛད་པར་འགྱུར་བ་ནི། དྲེའུ་མོ་མངལ་འཛིན་པ་དང་། ཆུ་ཤིང་སྡོང་པོར་ནས་ཀྱི་འབྲས་བུ་ལན་གཅིག་སྨིན་ནས་རང་སྐམ་དུ་འགྲོ་བ་ལྟ་བུ་དང་། བྱང་སེམས་ཀྱིས་ཟིན་པའི་དགེ་བས་ལྷ་མིའི་བདེ་འབྲས་ཇི་སྙེད་ཐོབ་ཀྱང་མི་འཛད་པར་མཐར་སངས་རྒྱས་ཀྱི་སྐུ་བསོད་ནམས་ཀྱི་ཕུང་པོའི་ནང་དུ་བགྲང་དུ་ཡོད་པ་ནི་ལྗོན་ཤིང་ལྟ་བུའོ། །སྐྱེལ་མ་དཔའ་བོའི་དཔེས་ངེས་པའི་སྡིག་པ་ཟིལ་གྱིས་གནོན་པར་བསྟན་པ་ནི། ཉེས་ཅན་གྱི་མི་སྐྱེལ་མ་དཔའ་བོ་ལ་བརྟེན་པ་ལྟར། ཆོས་སྤང་མཚམས་མེད་ཀྱི་ལས་བྱས་ཀྱང་བྱང་ཆུབ་ཀྱི་སེམས་བསྐྱེད་སྐྱེས་ནས་མྱོང་འགྱུར་གྱི་ལས་ངན་སོང་དུ་སྐྱེ་བར་མི་འགྱུར་ལ། གལ་ཏེ་སྐྱེས་ཀྱང་དར་གྱི་ཕོ་ལོང་བརྡབས་པ་ཙམ་ལས་མི་མྱོང་ལ། བྱང་ཆུབ་ཀྱི་སེམས་མ་བརྗེད་ན་གཏན་ནས་འབྲས་བུ་སྡུག་བསྔལ་མྱོང་བར་མི་འགྱུར་བས། བྱང་ཆུབ་ཀྱི་སེམས་དེ་ལ་བག་ཡོད་ཅན་རྣམས་ཀྱིས་ཅིའི་ཕྱིར་མི་བརྟེན་ཏེ་བརྟེན་པར་རིགས་སོ། །དུས་མཐའི་མེའི་དཔེས་མ་ངེས་པའི་སྡིག་པ་དྲུང་ནས་འབྱིན་པར་བསྟན་པ་ནི། བྱང་ཆུབ་ཀྱི་སེམས་དེས་ནི་གོང་གི་སྡིག་པ་ལས་གཞན་མི་བརྒྱ་བསད་པ་ལྟ་བུ་ཡང་ལྷག་མེད་དུ་དག་པ་ནི། དུས་མཐའི་མེས་རྩ་སྦུར་བསྲེགས་པ་བཞིན་ནོ། །འདིར་མ་བསྟན་པ་གཞུང་གཞན་དུ་ཞལ་འཕངས་པ་ནི། སེན་ཏ་པ་ཞེས་པ་རྟ་དང་ཆུ་གྲི་སོགས་ལ་འཇུག་ཀྱང་། སེན་ཏ་པ་འོན་ཅིག་ཟེར་ན། དམག་ལ་འགྲོ་ཚེ་རྟ་དང་། ཁྲུས་ཀྱི་ཚེ་ཆུ་ལ་ཟེར་བ། གནས་དུས་སྐབས་ཐོབ་ཀྱི་ཤེས་པ་ལྟར། འདིར་དེ་ཞེས་པ་བྱང་ཆུབ་ཀྱི་སེམས་ཏེ། བྱང་ཆུབ་ཀྱི་སེམས་དེ་ནི་ཕན་ཡོན་དཔག་ཏུ་མེད་པ་བློ་ཤེས་རབ་དང་ལྡན་པ་རྗེ་བཙུན་བྱམས་པས་བྱང་ཆུབ་སེམས་དཔའ་ནོར་བཟང་ལ་བཤད་དེ། དེ་ནི་ནོར་རབ་ཏུ་བརྟན་པའི་བུ་ནོར་བཟང་གིས་འཕགས་པ་འཇམ་དཔལ་གྱི་དྲུང་དུ་སེམས་བསྐྱེད་ཅིང་འཇམ་དཔལ་གྱིས་ལུང་བསྟན་ཏེ་དགེ་སློང་སྤྲིན་གྱི་དཔལ་གྱི་དྲུང་དུ་མངགས་པ་བཞིན་རིམ་པ་ལྟར་དགེ་བའི་བཤེས་གཉེན་བརྒྱ་དང་བཅུ་བསྟེན་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱོད་པ་སྣ་རེ་རེ་ལས་མ་གསུངས་ཤིང་མཐར་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་བྱང་ཆུབ་སེམས་དཔའ་བྱམས་པ་བཞུགས་པའི་དྲུང་དུ་བྱོན་ཚེ་རྗེ་བཙུན་བྱམས་པས་འཁོར་རྣམས་ལ་གསུངས་པ། ལྟོས་ཤིག་བསམ་པ་ཡོངས་སུ་དག་པ་འདི། །ནོར་བཟང་ནོར་རྣམས་རབ་ཏུ་བརྟན་པའི་བུ། །བྱང་ཆུབ་སྤྱོད་པ་དམ་པ་ཡོངས་འཚོལ་ཞིང་། །མཁས་པ་ང་ཡི་དྲུང་དུ་ཉེ་བར་འོང་། །ལེགས་པར་འོངས་སམ་སྙིང་རྗེ་བྱམས་བྱུང་ཁྱོད། །ལ་སོགས་གསུངས་ཏེ་དབུགས་དབྱུང་གཟེངས་བསྟོད་མཛད་པ་ལ་སྔར་གྱི་ལོ་རྒྱུས་ཞུས་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་གསུང་པར་ཞུས་པ་ན། རྗེ་བཙུན་གྱིས་ཁོང་གི་ཕོ་བྲང་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོ་ལ་ལྟོས་ཤིག་གསུངས་པ་ལྟར་མཇལ་བས་ཕོ་བྲང་གི་མིག་ཚེ་རེ་རེ་བཞིན་དབུ་དང་ཡན་ལག་གི་སྦྱིན་པ་གཏོང་བ་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རྗེ་བཙུན་བྱམས་པས་སློབ་ཚུལ་མཐོང་བས། ནོར་བཟང་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་དག་ཐུགས་སུ་ཆུད་ཅིང་། བྱམས་མགོན་གྱིས་བྱང་ཆུབ་སེམས་ཀྱི་ཕན་ཡོན་དཔེ་ཉིས་བརྒྱ་དང་སུམ་ཅུའི་སྒོ་ནས་བསྟན་པ་ཕལ་པོ་ཆེའི་སྡོང་པོས་བརྒྱན་པའི་ལེའུ་ན་ཡོད་པ་ལྟར་རོ། །དེ་ལྟར་ཕན་ཡོན་རྣམས་ལས་སངས་རྒྱས་ཐོབ་པ། དགེ་བ་འཕེལ་བ། སྡིག་པ་དག་པ་གསུམ་གཙོ་བོའོ། །གཉིས་པ་སྨོན་འཇུག་སོ་སོའི་ཕན་ཡོན་བཤད་པ་ལ་གསུམ་ལས་དང་པོ་སྨོན་འཇུག་གི་དབྱེ་བ་ནི། ཚོགས་ལམ་དུ་མོས་པས་སྤྱོད་པའི་སེམས་བསྐྱེད། མ་དག་ས་བདུན་ན་ལྷག་བསམ་རྣམ་དག་གི་སེམས་སྐྱེད། དག་པ་ས་གསུམ་ན་རྣམ་པར་སྨིན་པའི་སེམས་བསྐྱེད་དེ། ས་མཚམས་ཀྱི་དབྱེ་བ་ཉི་ཤུ་རྩ་གཉིས་སུ་དབྱེ་བ་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལྟར་མི་ཟད་པ་བརྒྱད་ཅུ་དང་སྦྱར་བ་སོགས་ཡོད་ཀྱང་། བསྡུ་ན་ངོ་བོའི་སྒོ་ནས་གཉིས་ཏེ་སྨོན་པ་དང་འཇུག་པ་གཉིས་སོ། །དེ་ཡང་འགྲོ་འདོད་པ་དང་འགྲོ་བ་གཉིས་ཀྱི་བྱེ་བྲག་ཤེས་པ་ལྟར་མཁས་པ་བྱང་སེམས་རྣམས་ཀྱིས་སྨོན་འཇུག་གཉིས་ཀྱི་བྱེ་བྲག་རིམ་བཞིན་ཤེས་པར་བྱ་སྟེ། བཀའ་བརྒྱུད་དང་རྙིང་མའི་འཇུག་སེམས་ཀྱི་དུས་ན་སྨོན་སེམས་ཡོད་དེ་འགྲོ་བའི་ཚེ་འགྲོ་འདོད་མི་འདོར་བ་ལྟ་བུའོ། །དེ་ཡང་སྤྱིར་སྨོན་འཇུག་གི་ཁྱད་པར་ལའང་རྒྱ་བོད་ཀྱི་མཁས་པ་རྣམས་བཞེད་པ་མི་འདྲ་བ་མང་དུ་སྣང་སྟེ། ས་ཐོབ་མ་ཐོབ་དང་། ཆོ་གས་བླངས་མ་བླངས་དང་། ཉམས་ལེན་ཀྱི་བྱ་བས་ཟིན་མ་ཟིན་དང་། རྒྱུ་དང་འབྲས་བུ་ལ་དམ་བཅའ་བ་དག་གིས་འཇུག་པ་དང་སྨོན་པའི་ཁྱད་པར་དབྱེ་ཞིང་། སྐྱེ་འཕགས་ཀྱི་སེམས་བསྐྱེད་ལ་འདོད་པ་ཙམ་མ་གཏོགས་གཞན་རྣམས་ཕལ་ཆེར་རྒྱལ་སྲས་ཞི་བ་ལྷའི་ལུང་གི་རྗེས་སུ་འབྲང་བ་འདྲ་ཡང་། བསླབ་བཏུས་སུ་སྨོན་པ་ལས་འཇུག་པ་ཞལ་གསལ་བར་མ་གསུངས་པ་དང་། སྤྱོད་འཇུག་འདིར་དཔེ་ཙམ་ལས་མ་གསུངས་པས་ལུང་དོན་དགོངས་པ་ལེན་ཚུལ་མི་འདྲའོ། །དེ་ཡང་ཡོན་ཏན་མཛོད་དང་། བཀའ་བརྒྱུད། ཀརྨ་པ། ཕྱག་ཆེན་ཁྲིད་ཡིག་སོགས་སུ་རྒྱུ་འབྲས་ལ་དམ་བཅའ་འཇུག་སྨོན་གཉིས་དབྱེ་བ་སྤྱོད་འཇུག་འདིར་མཚུངས་པས་དེས་ཆོག །རྒྱ་བོད་ཀྱི་མཁས་པ་ཀུན་ཇི་ལྟར་སྔོན་གྱི་སོགས་སྨོན་འཇུག་ལེན་བྱེད་ཡིན་པར་མཐུན་ཅིང་། ཉམས་ལེན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པར་བྱ་བསམ་སྟེ། བསླབ་བྱ་ལ་སློབ་འདོད་འཇུག་པ་ཡིན་ཏེ་བསླབ་པར་བགྱི་ཞེས་པ་འཇུག་སྡོམ་ལེན་བྱེད་ཡིན་པའི་ཕྱིར། འགྲོ་བ་ཡི་ཞེས་བསླབ་པ་འདྲ་ཡང་སྦྱིན་པ་གཏོང་བ་འཇུག་པའི་བསླབ་བྱ་སྟེ། ལག་ལེན་བཏབ་པ་བསླབ་པ་ལས་འཇུག་པ་མིན། དགའ་ལྡན་ལུགས་ལམ་རིམ་སོགས་སུ་སྦྱོར་བ་ལག་ལེན་གྱིས་ཟིན་མ་ཟིན་གྱིས་དབྱེ་ཞིང་། རྗེའི་དགོངས་པ་ལྟར་རྒྱལ་ཚབ་ཀྱིས་རྣམ་བཤད་སྙིང་རྒྱན་དུ། གཏོང་སེམས་སྤེལ་བའི་དུས་སུ་རྣམ་མཁྱེན་དོན་གཉེར་གྱི་དྲན་འདུན་དུ་རེ་བ། ཞེས་འཇུག་སེམས་སུ་གསུངས་ཤིང་། སྦྱིན་པ་གཏོང་སེམས་ཡིན་པས་ལག་ལེན་གྱི་དབྱེ་བ་གོང་དང་མཚུངས། ཀུན་མཁྱེན་ཆེན་པོ་ནི་ཐམས་ཅད་ལའང་བསམ་པས་སྨོན་པའི་ཆ་དང་། འཇུག་པ་ལག་ལེན་ལ་ཁྱད་པར་བྱེད་པའི་ཆ་གཉིས་ཡོད་དོ་གསུངས། དེ་ཡང་ཡིན་ཏེ། དཔེར་ན་འདུན་པ་ལྟ་བུ་ལ་ཡང་། བློས་བྱང་སེམས་ལ་འདུན་པ་ཙམ་ནི་སྨོན་སེམས་ཡིན་ལ་འདུན་པ་དེས་དྲངས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་གཞན་ལ་སློབ་པའི་ཆ་ནས་འཇུག་སེམས་ཡིན་ནོ། །སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་ཤོག་བསམ་པས་མངོན་མཐོའི་བདེ་འབྲས་ཁྲི་འབུམ་གྱིས་མི་འཛད་པ་སོགས་སྨོན་པའི་ཕན་ཡོན་ཐོབ་ཀྱང་སྨོན་སེམས་ལེན་བྱེད་སངས་རྒྱས་ཆོས་སོགས་ལ་ཤོག་ལས་བྱ་མི་འདུག་ཀྱང་། སྨོན་སེམས་ཁྱད་པར་བ་ལ་དམ་བཅའ་བའི་ལྕགས་ཀྱུས་ཟིན་པ་ཞིག་དགོས་གསུངས། གཉིས་པ་ཕན་ཡོན་གྱི་ཁྱད་པར་ནི། སྨོན་སེམས་ཙམ་བསྐྱེད་པས་འཁོར་བ་འདིར་འཁོར་ཚེ་ལྷའི་ཚངས་དབང་སོགས་དང་མིའི་འཁོར་སྒྱུར་སོགས་སུ་ལན་མང་སྐྱེ་ཡང་འཇུག་སེམས་བཞིན་དུ། བསོད་ནམས་རྒྱུན་ཆགས་སུ་འབྱུང་མི་ནུས་སོ། །དུས་གང་ནས་བཟུང་སྟེ་སེམས་ཅན་གྱི་ཁམས་མཐའ་མེད་པ་འཁོར་བ་ལས་བསྒྲལ་ཏེ་སངས་རྒྱས་ཐོབ་པའི་ཕྱིར་དུ་ཕྱིན་དྲུག་ལ་སྤྱོད་པར་དམ་བཅའ་དེ་ལས་མི་ལྡོག་བསམ་པའི་སེམས་ཀྱིས་སེམས་བསྐྱེད་ཀྱི་སྡོམ་པ་ཡང་དག་པར་བླངས་པར་གྱུར་ན། དུས་དེ་ནས་བཟུང་སྟེ་གཉིད་ལོག་གམ། རྩེད་མོ་སོགས་བག་མེད་པར་གྱུར་ཀྱང་བསོད་ནམས་ཀྱི་ཤུགས་རྒྱུན་ཆད་མེད་པར་ནམ་མཁའ་དང་མཉམ་པར་འབྱུང་ངོ་། །ཕན་ཡོན་ལུང་རིག་གི་སྒོ་ནས་བསྒྲུབ་པ་ལ། དང་པོ་ལུང་གི་སྒོ་ནས་བསྒྲུབ་པ་ནི། སེམས་བསྐྱེད་ལ་དེ་ལྟ་བུའི་ཕན་ཡོན་ཡོད་པ་འདི་ནི་འཐད་སྒྲུབ་ཀྱི་རིག་པ་བཞིའི་སྒོ་ནས། ལགས་བཟང་གིས་ཞུས་པའི་མདོར། དམན་པ་ཉན་རང་གི་ལམ་ལ་མོས་པ་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པས་གསུངས་ཏེ། དེ་ལ་འཐད་པ་བཞི་ནི། བྱང་ཆུབ་ཏུ་སེམས་བསྐྱེད་ཚེ་དམིགས་ཡུལ་སེམས་ཅན་གྱི་གྲངས། བསལ་བྱ་སྡུག་བསྔལ་གྱི་རྣམ་གྲངས། ཐོབ་བྱ་སངས་རྒྱས་ཀྱི་ཡོན་ཏན། དུས་བསྐལ་པའི་ཡུན་གང་ལ་བསམ་ཀྱང་དཔག་ཏུ་མེད་པའི་ཕྱིར་ན་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་ཕན་ཡོན་དེ་ལྟར་ཡོད་པར་གསུངས་པ་ལ་ཐེ་ཚོམ་སེལ་བར་ནུས་སོ། །དེ་ཡང་ལགས་བཟང་གིས་ཞུས་པའི་མདོར་དུས་དུས་སུའམ་ཅུང་ཟད་ཅུང་ཟད་ཙམ་སྦྱིན་པར་བྱའོ་གསུངས་པ་ལྟར་ཅི་ནུས་སུ་མ་བསྒྲུབས་ན་དགེ་ལ་མི་སྦྱོར་བ་འཇུག་སྡོམ་གཏོང་བྱེད་དུ་དཀོན་བརྩེགས་སུ་གསུངས་ཤིང་། རང་གིས་ཅི་ནུས་སུ་སྒྲུབ་འདོད་ཀྱི་བསམ་པ་ཡོད་ན། གང་ལ་བསམ་པ་དེ་ཡོད་པ། དེ་ནི་དེ་ལ་དོན་གྱིས་ཞུགས། གསུངས་པ་ལྟར་དང་། བསོད་ནམས་རྒྱུན་ཆགས་སུ་འབྱུང་བས། བསོད་ནམས་ཡང་དག་པར་སྡུད་པའི་ཏིང་ངེ་འཛིན་ཞེས་པ་བྱང་ཆུབ་ཀྱི་སེམས་ཡིན་ནོ། །སྡོམ་མིན་དང་ཐེག་དམན་ལ་ཡང་རྒྱུན་ཡོད་ཅིང་སོར་སྡོམ་ལ་བསྲུང་སེམས་མངོན་གྱུར་མེད་པའི་སྐབས་ཀྱང་དགེ་བའི་རྒྱུན་ཡོད་ལ། མལ་སྟན་འཚོ་བ་ནར་མ་དང་། ཞེས་སོགས་གསུངས་པ་ལྟར། རྫས་ལས་བྱུང་བའི་དགེ་བའི་རྩ་བ་གྲལ་གདན་སོགས་མ་ཟད་པར་བསོད་ནམས་རྒྱུན་ཆགས་སུ་འབྱུང་ངོ་། །རིག་པས་སྒྲུབ་པ་ལ་གཉིས་ལས་སྨོན་སེམས་ཀྱི་ཕན་ཡོན་རིག་པས་བསྒྲུབ་པ་ནི། སྔོན་ཁྱིམ་བདག་མཛའ་བོའི་བུ་བུ་མོ་ཞེས་པ་རྒྱ་མཚོར་ནོར་བུ་ལེན་དུ་འགྲོ་ཚེ་མས་གོས་ཀྱི་མཐའ་ནས་བཟུང་སྟེ་ངུས་པས་ང་རང་རྒྱ་མཚོར་འགྲོ་བ་ལ་ཁྱོད་ཀྱིས་བཀྲ་མི་ཤིས་པ་བྱས་ཏེ་ངུ་བ་ཟེར་ནས་མགོ་ལ་རྡོག་པས་བསྣུན་ནས་སོང་བས་རྒྱ་མཚོར་གྲུ་གཟིངས་ཞིག་ཚེ་ཁོས་ཤིང་ལེབ་གཅིག་ལ་འཇུས་པས་མཚོ་གླིང་ཞིག་ཏུ་ཐོན། དགའ་བའི་གྲོང་སོགས་རིམ་པར་བགྲོད་ནས་མཐར་མགོ་ལ་ལྕགས་ཀྱི་འཁོར་ལོ་འཁོར་ནས་སྡུག་བསྔལ་བཟོད་དཀའ་བ་བྱུང་བས་དེའི་རྐྱེན་གྱིས་སྙིང་རྗེ་སྐྱེས་ཏེ་མའི་མགོ་ལ་རྡོག་པ་བསྣུན་པའི་འབྲས་བུ་མྱོང་བ་རྣམས་ཀྱི་སྡུག་བསྔལ་བདག་ལ་སྨིན་ནས་དེ་དག་གིས་མི་མྱོང་བར་ཤོག་ཅིག་བསམ་མ་ཐག་ཏུ་སྡུག་བསྔལ་ལས་གྲོལ་ནས་ཏ་ལ་བདུན་སྲིད་དུ་བདེ་ཆམ་མེར་འདུག །དེ་ལྟར་གཞན་གྱི་ཀླད་ནས་བསལ་འདོད་ཙམ་ལའང་བསོད་ནམས་དཔག་མེད་ལྡན་ན་བྱང་སེམས་ཀྱི་སེམས་ཅན་ཐམས་ཅད་ལ། རེ་རེ་བཞིན་མི་བདེ་བ་བསལ་འདོད་དང་ཡོན་ཏན་དཔག་མེད་དུ་སྒྲུབ་འདོད་ལ་བསོད་ནམས་དཔག་མེད་ཡོད་པ་སྨོས་ཅི་དགོས། བསམ་པ་བཟང་བའི་ཚུལ་ཡང་བསམ་པ་བཟང་བར་རློམ་པ་ཕ་མ་རྣམས་ཀྱང་བདག་གི་བུ་འདིས་སངས་རྒྱས་ཐོབ་ན་ཅི་མ་རུང་བསམ་མི་སྲིད་ལ། དེ་དག་གིས་མི་ཤེས་པས་སོ་སྙམ་ན་མངོན་ཤེས་ལྔ་ལྡན་གྱི་ལྷ་དང་རིག་པའི་གནས་ཆེན་བཅོ་བརྒྱད་ཐུགས་སུ་ཆུད་པའི་དྲང་སྲོང་རྣམས་ལ་ཡང་དེ་ལྟའི་བསམ་པ་མེད་ལ། དེ་དག་ལ་ཕན་སེམས་མེད་པས་མི་འབྱུང་སྙམ་ན། ཚངས་པའི་མངའ་རིས་ལ་བདེ་བ་དང་ལྡན་འདོད་སོགས་ཡོད་ཀྱང་སངས་རྒྱས་ཐོབ་འདོད་མེད་ལ་དེ་རྣམས་ལ་ཕྱིན་ཆད་སྐྱེ་སྲིད་ཀྱང་སྔོན་ཆད་རྨི་ལམ་ཙམ་དུ་མ་སྐྱེས་ན། གཞན་དོན་དུ་ག་ལ་སྐྱེ་སྟེ་སྐྱེ་མི་རིགས་སོ། །ལྷ་སོགས་གཞན་དག་རང་གི་དོན་དུ་ཡང་མི་འབྱུང་རྒྱུའི་བྱང་ཆུབ་ཀྱི་སེམས་ཞེས་སེམས་ཅན་གྱི་དོན་སེམས་པ་གང་ཡིན་པ་འདི་ནི་སེམས་ཀྱི་རྣམ་རྟོག་གི་ནང་ནས་རིན་པོ་ཆེ་ལྟ་བུའི་རྣམ་རྟོག་ཁྱད་པར་ཅན་འདི་ནི་སྔོན་ཆད་རང་གི་རྒྱུད་ལ་སྐྱེ་མ་མྱོང་ཡང་། ད་རེས་ཐེག་ཆེན་གྱི་ཆོས་ཐོས་པ་དང་། དགེ་བའི་བཤེས་གཉེན་གྱི་མཐུས་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་རང་རྒྱུད་ལ་འཁྲུངས་པ་འདི་ནི་ལྷ་ཡུལ་དཔག་བསམ་གྱི་ལྗོན་པ་འཇིག་རྟེན་མི་ཡུལ་ན་སྐྱེས་པ་ལྟ་བུའོ། །བསམ་པ་རྒྱ་ཆེ་བའི་ཚུལ་ཡང་། འགྲོ་བ་ཀུན་གྱི་ཡིད་ཀྱི་མི་བདེ་བ་བསལ་ཏེ་སེམས་དགའ་བའི་རྒྱུ་དང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བའི་རྩི་སྨན་དུ་གྱུར་པ། རིན་ཆེན་བྱང་ཆུབ་ཀྱི་སེམས་ཀྱི་བསོད་ནམས་གང་ཡིན་པ་དེ་ལ་བསོད་ནམས་འདི་ལྟ་བུ་ཞིག་ཡོད་ཅེས་བློས་གཞལ་མི་ནུས་ཏེ། སེམས་ཅན་གྱི་གྲངས་དང་སྡུག་བསྔལ་གྱི་རྣམ་གྲངས་སངས་རྒྱས་ཀྱི་ཡོན་ཏན་རྣམས་གཞལ་གྱིས་མི་ལང་བའི་ཕྱིར་རོ། །གཉིས་པ་འཇུག་སེམས་ཀྱི་ཕན་ཡོན་རིག་པས་བསྒྲུབ་པ་ནི། ཏིང་འཛིན་རྒྱལ་པོ་ལས། བྱེ་བ་ཁྲག་ཁྲིག་གཏམས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཅི་ཡོད་པ། །སྐྱེས་མཆོག་རྣམས་ལ་ཉིན་རེར་རྟག་མཆོད་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད། །ཅེས་གསུངས་པ་ལྟར་གཞན་བདེ་བ་དང་ལྡན་འདོད་ཀྱི་ཕན་སེམས་ཙམ་གྱིས་ཀྱང་རིན་པོ་ཆེ་སྣ་བདུན་གྱིས་སངས་རྒྱས་མཆོད་པ་ལས་ཁྱད་པར་འཕགས་ན། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་ཕྱིར་སྦྱིན་པ་བཏང་བ་སོགས་བདེ་དོན་བརྩོན་པ་ལ་འཕགས་པ་སྨོས་ཅི་དགོས། སེམས་ཅན་རྣམས་ནི་སྡུག་བསྔལ་འདོར་འདོད་ཡོད་ཀྱང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་བཅུ་སྤྱོད་པས་སྡུག་བསྔལ་ལ། བདེ་བ་འདོད་བཞིན་བདེ་བའི་རྒྱུ་དགེ་བཅུ་སྤང་བས་སྔར་གྱི་བདེ་འབྲས་ལས་འཕོས་ནས་ངན་འགྲོར་སྐྱེ་བས་བདེ་བ་འཇོམས་ཤིང་། དེས་ན་སེམས་ཅན་གང་ཞིག་བདེ་བས་ཕོངས་ཤིང་སྡུག་བསྔལ་མང་པོ་དང་ལྡན་པའི་སེམས་ཅན་རྣམས་ལ་བྱམས་པ་ཆེན་པོའི་སྒོ་ནས་བདེ་བས་ཚིམ་པར་བྱེད་ཅིང་། སྙིང་རྗེ་ཆེན་པོའི་སྒོ་ནས་སྡུག་བསྔལ་ཐམས་ཅད་སེལ་བར་བྱེད་ཅིང་། ཤེས་རབ་ཆེན་པོའི་སྒོ་ནས་དགེ་སྡིག་བླང་དོར་གྱི་ཆོས་བཤད་དེ་ལས་རྒྱུ་འབྲས་ལ་རྨོངས་པའི་གཏི་མུག་སེལ་བར་བྱེད་པ་དེ་དང་མཚུངས་པའི་རྒྱུ་དགེ་བ་གཞན་མེད་ཅིང་། བདེ་བ་སྒྲུབ་ཅིང་སྡུག་བསྔལ་སེལ་བ་དང་། བླང་དོར་གྱི་གནས་སྟོན་པ་དེ་ལྟ་བུའི་ཕན་འདོགས་པའི་བཤེས་ཀྱང་མེད་ལ། འབྲས་བུ་བསོད་ནམས་ཀྱང་བྱང་ཆུབ་ཀྱི་སེམས་དེ་དང་འདྲ་བ་ག་ལ་ཡོད་དེ་མེད་དོ། །གསུམ་པ་སེམས་བསྐྱེད་རྒྱུད་ལྡན་གྱི་གང་ཟག་གི་ཆེ་བ་ནི། སྔར་ཕན་བཏགས་པ་ལ་ཕྱིས་ལན་ལྡོན་པ་དེ་ཡང་བསྔགས་པར་འོས་ན། བྱང་ཆུབ་སེམས་དཔའ་མ་བཅོལ་བཞིན་དུ་སེམས་ཅན་གྱི་དོན་སྒྲུབ་པ་བསྔགས་འོས་ཡིན་པ་སྨོས་ཅི་དགོས། རྗེས་སྒྲུབ་ཀྱི་རིག་པ་དཔེ་ལ་བརྟེན་ནས་དོན་ངོ་ཤེས། ཞེས་པ་ལྟར། དཔེ་སྔོན་ལ་བསྟན་ཏེ་དཔེ་ལས་དོན་ལྷག་པར་བཤད་པ་ནི། ཡུལ་དམན་པ་འགྲོ་བ་ཉུང་ཟད་ལ། ནར་མ་སྟེ་རྒྱུན་དུ་སྦྱིན་པ། དངོས་པོ་དམན་པ་ཟས་སྦྱོར་བ་དུས་དམན་པ་བྱ་རྫོགས་ཀྱི་སྐད་ཅིག་མ་ལ། སྦྱོར་བ་དམན་པ་བརྙས་པ་དང་བཅས་པས་ཉིན་གང་ལྟོ་བགྲངས་ཀྱི་སྦྱིན་པ་བཏང་བ་ལ། དགེ་བ་བྱེད་དོ་ཞེས་ཀུན་གྱིས་བསྟོད་ཅིང་བསྐུར་བར་བྱེད་ན། བྱང་ཆུབ་སེམས་དཔའ་དེ་ལྟར་ཡུལ་དམན་པ་མ་ཡིན་པ་སེམས་ཅན་གྲངས་མེད་པ་ལ། དུས་དམན་པ་མ་ཡིན་པ་འཁོར་བ་མ་སྟོང་གི་བར་དུ་དངོས་པོ་དམན་པ་མ་ཡིན་པ་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་བདེ་བ་བླ་ན་མེད་པ། སྦྱོར་བ་དམན་པ་མ་ཡིན་པ་གུས་པས་སྦྱིན་ཡུལ་གྱི་བསམ་པ་རྫོགས་ཏེ་དགའ་བར་བྱེད་པ་རྟག་ཏུ་སྦྱིན་པ་ལྟ་ཅི་སྨོས་ཏེ་སྨོས་ཅི་དགོས། སེམས་ཅན་སུ་གང་ཞིག་གིས་དེ་ལྟ་བུའི་རྒྱལ་བའི་སྲས་པོ་རྫོགས་པའི་སངས་རྒྱས་ཀྱི་བདེ་བ་སྦྱིན་པའི་སྦྱིན་བདག་ཆེན་པོ་དེ་ལ། གལ་ཏེ་ངན་སེམས་བསྐྱེད་པའི་སེམས་ཅན་དེ། ངན་སེམས་སྐྱེས་པའི་དུས་ཀྱི་ཡུན་ལ་སྐད་ཅིག་ཇི་སྙེད་འདས་པ་དེ་སྙེད་ཀྱི་བསྐལ་པའི་གྲངས་ལ་དམྱལ་བར་གནས་དགོས་པར་ཐུབ་པས་གསུངས་ཤིང་། གལ་ཏེ་སེམས་ཅན་སུ་གང་ཞིག་གིས་སེམས་རབ་ཏུ་དགའ་བས་བྱང་ཆུབ་སེམས་དཔའ་དེའི་ཞལ་དུ་བལྟ་འདོད་ན་དེའི་ཡུན་གྱི་སྐད་ཅིག་གི་གྲངས་དེ་སྙེད་ལས་ལྷག་པའི་བསྐལ་པའི་གྲངས་སུ་སྟེང་དགའ་ལྡན་ལྷའི་བདེ་བ་མྱོང་བར་འགྱུར་རོ། །གཞན་ཡང་སེམས་ཅན་ཐམས་ཅད་མིག་ཕྱུང་བ་ལ། བྱམས་པའི་སེམས་ཀྱིས་དེ་དག་གི་མིག་བསྐྱེད་པ་བས། བྱང་ཆུབ་སེམས་དཔའ་ལ་དད་པའི་སེམས་ཀྱིས་བལྟ་ན་འདི་བསོད་ནམས་ནི་སྔ་མ་ལས་གྲངས་མེད་པ་བསྐྱེད་དོ། །རྒྱལ་སྲས་བྱང་སེམས་ལ་དོ་གལ་ཏེ་རྐྱེན་ངན་ཇི་ལྟར་བྱུང་ཡང་སྡིག་པ་མི་འབྱུང་ཞིང་། དགེ་བ་འཕེལ་བ་ནི། སྔོན་བདག་ཅག་གི་སྟོན་པ་རྒྱལ་པོ་གཙུག་ན་ནོར་བུར་སྐྱེ་བ་བཞེས་པའི་དུས་སུ་ཡུལ་དེར་རྒྱལ་པོ་བཟོད་དཀས་དམག་དྲངས་པ་ལ་བཟོད་པ་བསྒོམ་ཤིང་། ཕྱིས་སུ་བཟོད་དཀའི་ཡུལ་དུ་ནད་དང་མུ་གེ་བྱུང་བ་ལ་ཕན་པའི་ཆེད་དུ་གཙུག་ཏོར་བསླངས་པ་ལ་ཕྱིན་ཏེ་འཁྲུག་རྩོད་འཁོན་འཛིན་གྱི་སྡིག་མ་བྱུང་བར་ནད་མུག་ཆད་དེ་མཐར་འཚང་རྒྱ་བའི་དགེ་བ་འཕེལ་བ་ལྟ་བུའོ། །དེ་ཡང་བྱང་སེམས་སྙིང་སྟོབས་ཞན་པ་རྣམས་ནི་རྐྱེན་ངན་ཕྲ་མོ་རེ་བྱུང་ཡང་མི་བཟོད་པ། ལྟོ་འགྲངས་ཉི་མས་དྲོས་ཚེ་ཆོས་པའི་གཟུགས། །རྐྱེན་ངན་ཐོག་ཏུ་བབ་ཚེ་ཐ་མལ་པ། །ཞེས་གསུངས་པ་ལྟ་བུ་དང་བློ་བརྟན་པ་རྣམས་ནི། འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཞེས་པ་ལྟར་བློ་སྦྱངས་པས། གཏམ་མ་ཉེས་ཁ་ཡོག་དགེ་སྦྱོར་གྱི་ལྕགས་འདེབས། །ཁོང་ཆགས་ཞེན་འཇིགས་པའི་བླ་མ་རུ་འདུག་པས། ཞེས་སོགས་དང་། ཐོགས་མེད་ཀྱིས། སྣོད་བཅུད་སྡིག་པས་གང་བའི་ཚེ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར། ཞེས་སོགས་གསུངས་པ་ལྟར། ན་ཚ་སྡུག་བསྔལ་དགྲ་འདྲེ་སོགས་རྐྱེན་ངན་ཅི་བྱུང་ཡང་དེའི་དབང་དུ་མི་གཏོང་བར་བྱང་ཆུབ་སྒྲུབ་པའི་གྲོགས་སུ་འགྲོ་བ་ནི་མར་མེ་དང་ནགས་ཀྱི་མེ་ལ་རླུང་གིས་རིམ་པར་གནོད་པ་དང་གྲོགས་སུ་འགྲོ་བ་ལྟ་བུའོ། །གང་བྱང་ཆུབ་སེམས་དཔའ་ལ་སེམས་ཀྱི་རྣམ་རྟོག་ཐམས་ཅད་ཀྱི་ནང་ནས་དམ་པ་སྟེ་མཆོག་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེས་པའི་རྒྱལ་བའི་སྲས་པོ་དེ་ལ་སློབ་དཔོན་ཞི་བ་ལྷས་ཕྱག་འཚལ་ཞིང་། གང་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པ་བྱས་ཀྱང་བྱང་སེམས་དེའི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུས་ངན་འབྲེལ་འཁོར་བ་མཐའ་ཅན་དུ་འགྱུར་བས་ན་བདེ་བའི་འབྱུང་གནས་ཏེ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་སྐྱབས་སུ་མཆི་ཞེས་སྐྱབས་སུ་སོང་བ་ལྟར་བདག་གིས་ཀྱང་རྒྱལ་སྲས་བྱང་སེམས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་བྱའོ། །དེ་ལྟར་ཡང་མདོ་ལས། རྟག་ཏུ་ཉིན་དང་མཚན་མོ་ལན་གསུམ་དུ། །བྱང་ཆུབ་སེམས་དཔའ་རྣམས་ལ་མགོས་ཕྱག་འཚལ། །ཇི་ལྟར་འདོད་བཞིན་སྤྱད་པ་སྤྱོད་པ་ན། །དེ་དག་འཁྲུལ་པ་ཙམ་ཡང་མི་བཙལ་ལོ། །རིག་པའི་རིམ་དང་བྱ་བའི་རིམ་གྱིས་ནི། །རྒྱལ་བར་འགྱུར་གྱི་ཐང་ཅིག་གིས་ནི་མིན། །ཞེས་གསུངས་པ་ལྟར་བྱང་སེམས་ལས་དང་པོ་བ་རྣམས་ཀྱི་སྐྱོན་ལ་མི་བལྟ་བར་དག་སྣང་སྦྱངས་པ་གལ་ཆེ་སྟེ་སྙིགས་དུས་བྱང་སེམས་གང་ཟག་གཞན་ལ་བརྟེན་པའི་ཉེས་པའི་ཁ་ནས་ཐར་དཀའ་ཞིང་། བྱང་ཆུབ་སེམས་དཔའ་བྱང་སེམས་གཞན་ལ་བརྟེན་པའི་ལོག་ལྟ་སྐུར་འདེབས་ལས་ཉེས་པ་གཞན་བྱང་ཆུབ་ཀྱི་སེམས་ཀྱིས་ཟིལ་གྱིས་གནོན་པར་འགྱུར་བ། སེང་གེ་ཤི་བའི་རོར་རང་གི་ལུས་ལས་སྐྱེས་པའི་སྲིན་བུ་མ་གཏོགས་གཅན་གཟན་གཞན་དྲུང་དུ་ཉེ་བར་ཙམ་ཡང་མི་ནུས་པའི་དཔེ་འོད་སྲུང་གིས་ཞུས་པའི་མདོར་གསུངས་སོ། །ན་མོདྷརྨ་ཡ། ལེའུ་གཉིས་པ་བཤགས་པའི་ལེའུ་ཞེས་བཤགས་པ་མང་བ་ཙམ་གྱིས་དེ་ལྟར་བརྗོད་ཀྱང་ཡན་ལག་བཞི་སྟེ། དང་པོ་མཆོད་པའི་ཡན་ལག་ལ་དངོས་འབྱོར་སོགས་ལྔ་ལས། དང་པོ་དངོས་འབྱོར་ལ་ཡང་གསུམ་གྱི་བདག་པོས་ཡོངས་སུ་བཟུང་བའི་མཆོད་པ་ནི། ཡོན་ཏན་མཛོད་ལས། དཀོན་མཆོག་འབའ་ཞིག་ཡིད་ལ་བྱེད་པ་ཡིས། །མཆོད་ཚོགས་ཕྲུ་མ་གདབ་ལ་དགའ་ཞིང་དགོད། །ཅེས་གསུངས་པ་ལྟར། དང་པོ་ཀོང་བུ་སོགས་ཕྱི་བའི་དུས་ནས་དཀོན་མཆོག་རྗེས་དྲན་གྱི་མདོ་ལྟར་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་བཞིན་དག་པ་རྣམ་པ་གསུམ་གྱི་མཆོད་པ་ལ་བརྩོན་པར་བྱ་སྟེ། དང་པོ་བསམ་པ་དག་པ་ནི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་གཟུང་བའི་ཆེད་དུ་འབུལ་བའོ། །དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་ཚོགས་རྫོགས་པ་དང་། ཐོག་མེད་ཀྱིས་སེམས་དྭངས་པ་ཞིག་གི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བར་གསུངས་ཤིང་། ཚོགས་བསགས་ཐམས་ཅད་ཀྱི་མཆོག་མཆོད་པ་ཡིན་ཞིང་། མཆོད་པ་རྣམ་དག་ཞིག་བཤམས་པས་སེམས་དྭངས་པར་ཡང་འགྱུར་རོ། །དེས་ན་རང་ལ་གང་ཡོད་ཀྱི་ལོངས་སྤྱོད་ཆ་གསུམ་དུ་བྱས་པའི་ཆ་གཅིག་རང་གི་འཚོ་བའི་ཆ་རྐྱེན་དུ་བཞག་ནས་ཆ་གཉིས་དཀོན་མཆོག་གི་མཆོད་པར་སྦྱར་དགོས་པར་གསུངས་ཤིང་། སྔོན་ཇོ་བོར་བོད་ཀྱིས་སེམས་བསྐྱེད་ཞུས་པའི་དུས་སུ་ཡང་ལན་གཉིས་སུ་མཆོད་པ་ངན་པས་སེམས་བསྐྱེད་མི་སྐྱེ་གསུངས་ནས་མ་གནང་བས་མཆོད་པ་གལ་ཆེ་ཞིང་། ཞིང་དག་པ་ནི་ཆོས་ཉིད་དེ་བཞིན་ཉིད་དང་རྗེས་སུ་མཐུན་པར་གཤེགས་པའི་སངས་རྒྱས་དང་། མ་ཕམ་པས། གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོགས་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་གསུངས་པ་ལྟར། གང་གིས་ཆགས་པ་དང་བྲལ་བ་འགོགས་པའི་བདེན་པ་སྟེ་དམ་པའི་ཆོས་དཀོན་མཆོག་དྲི་མ་མེད་པ་དང་། ཆགས་པ་ཞེས་པ་གོས་ཀྱི་དྲི་མ་ལྟར་ཉོན་མོངས་ལས་འདོད་ཆགས་གཅིག་པུ་ཡིན་ནོ། །རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན་རྣམས་ལ། དངོས་པོ་དག་པ་ནི་རྒྱུ་བཟང་བ་སྟེ། མཆི་མའི་གདུང་བཅས་ཆད་པར་བཅས་པ་ཡི། །ཡོན་དེའི་མཆོད་སྦྱིན་མཐུན་པའི་ལམ་མི་འགྲོ། །ཞེས་གསུངས་པ་ལྟར་ལོག་འཚོ་དང་སྡིག་བསམ་བསྒྲུབས། ང་རྒྱལ་དང་ངོམ་ཆོས་སུ་མ་སོང་། སེར་སྣ་དང་འཇུར་གེགས་ཀྱིས་མ་བཅིང་བ་དང་། སྤུས་གཙང་བ་རང་ལ་ཡོད་ཚོད་ཀྱི་དངོས་པོ་གང་ལེགས་གང་གཅེས་གང་དཀོན་པ་དེས་མཆོད་ན་སེར་སྣའི་གཉེན་པོར་ཡང་འགྲོ། གཞན་དུ་མཐུད་ཀྱི་སྔོ་ས་དང་ལོ་མའི་སེར་ས་སོགས་ཀྱིས་མཆོད་ན་བསོད་ནམས་འཛད་པའི་རྒྱུར་འགྲོ་བས་མི་རུང་ངོ་། །བཀོད་ལེགས་པ་སྟེ་མཐོ་དམན་མེད་པར་ཁོད་སྙོམས་པ། ཡོ་འཁྱོགས་མེད་པར་དྲང་བ་བདུན་ཚར་སོགས་ཕྱི་དོར་བྱས་པ། ལེགས་པར་བཀང་བ་ཞིག་དགོས་ཀྱི། ཆུ་སོགས་ཀྱིས་མ་ཁེངས་ན་ལོངས་སྤྱོད་དབུལ་བའི་ཉེས་པ་དང་། ཕྱིར་བོ་ན་ཚུལ་ཁྲིམས་འཆལ་བའི་ཉེས་པ་འབྱུང་ཞིང་། ཡོན་ཆབ་ཏུ་མཆོད་ནས་འཐོར་བས་སྐྲན་ནད་འབྱུང་བ་སོགས་སྐྱོན་དང་བྲལ་བར་བཤམ་མོ། །གཉིས་པ་བདག་པོས་ཡོངས་སུ་མ་བཟུང་བ་ནི། འཇིག་རྟེན་གྱི་ཁམས་སུ་མཁོ་དགུའི་དཔལ་འབྱོར་རང་གིས་མཐོང་ཐོས་གང་ཡོད་འབུལ་བ་སྟེ། མནྡཱ་ར་བ་དང་། མཉྫུ་ཥ་ཀ་སོགས་མེ་ཏོག་དང་། ཀུ་ཤུ་སེ་ཡང་ཛམ་བུ་ཀྲི་ཀའི་འབྲས་བུ། ལ་སྨན་རྡོ་སྨན་ལྡུམ་སྨན་རྩི་སྨན་སོགས་སྨན་དང་། གསེར་དངུལ་པད་རག་བཻཌཱུར་སྨུག་རྡོའི་སྙིང་པོ་མུ་ཏིག་དམར་པོ། ཡིད་བཞིན་གྱི་ནོར་བུ། གདེངས་ཀ་ནོར་བུའི་འོད་ཀྱིས་མུན་པ་སེལ་མཛད་ཅིང་། ཅེས་ས་འོག་གི་མུན་པ་སེལ་བའི་ཀླུའི་ནོར་བུ། བརྒྱ་བྱིན་ཐོག་ས་པའི་ནོར་བུ་ཞེས་ཀུན་ཏུ་བཟང་པོའི་གཙུག་རྒྱན། ལོངས་སྐུའི་རྒྱན་སོགས་མདོ་ལས། བསིལ་དང་ཞིམ་དང་ཡང་དང་འཇམ། དྭངས་པའི་ཆུ་ནི་དྲི་མ་མེད། །འཐུང་ན་ལྟོ་ལ་མི་གནོད་ཅིང་། །མགྲིན་པ་ལ་ནི་མི་གནོད་པ། །ཞེས་དང་། ཇོ་བོས་བོད་ཀྱི་ཆུ་ལེགས་པས་དེ་གཅིག་པུས་ཚོགས་བསགས་ཀྱང་ཆོག་གསུངས། རིའི་རྒྱལ་པོ་རི་རབ་དང་གསེར་གྱི་རི་བདུན་སོགས་དང་། སྲིན་ཡུལ་ཛ་ཏི་ལི་ཤའི་ནགས་ཚལ་ནགས་ཀྱི་མཐོངས་ཞེས་དཀྱིལ་སྤང་ལྗོངས་མཐའ་ཙནྡན་སོགས་ཀྱིས་བསྐོར་བའི་དབེན་གནས། ས་ཕྱོགས་གཡུའི་མཎྜལ་ཕྱིས་པ་ལྟ་བུ་ལ་མེ་ཏོག་སྣ་ཚོགས་ཕྲ་ཚོམ་བཀོད་པ་ལྟར་མཛེས་པ་ཉིན་མོ་མིའི་རྒྱུ་འགྲུལ་དང་མཚན་མོ་སྒྲའི་ཅ་ཅོ་མེད་པ་དབེན་ཞིང་ཉམས་དགའ་བ་ཤིང་ལྗོན་པ་མེ་ཏོག་གིས་སྤྲས་ཏེ་སྤུད་པ་ཞེས་མཛེས་པར་བྱས་པ། ཤིང་གང་ཞིག་རྒུན་འབྲུམ་སོགས་འབྲས་བུ་བཟང་པོའི་ལྕིད་ཡལ་གས་མ་ཐེག་བར་དུད་པ་སྟེ་མགོ་བརྒུས་པ། ལྷ་སོགས་ན་ཙནྡན་ས་མཆོག་སོགས་ཆུ་དང་སྦྱར་ཏེ་ལུས་ལ་བྱུག་པས་བསིལ་ཞིང་དྲི་ཞིམ་པ་དྲིའི་ཤིང་། ཡོངས་འདུ་ས་བརྟོལ་གྱི་ལྗོན་པ་སོགས་བློས་ཇི་ལྟར་དཔགས་ཤིང་བསམ་པ་ལྟར་འབྱུང་བ་དང་། རྩ་བ་སྡོང་པོ་ཡལ་ག་ལོ་མ་མེ་ཏོག་འབྲས་བུ་འདབ་མ་རྣམས་རིན་པོ་ཆེ་སྣ་བདུན་ནས་གཅིག་གི་བར་གྲུབ་པ་བདེ་བ་ཅན་སོགས་ན་ཡོད་པ་དང་། རིན་ཆེན་བྱེ་རུ་མཚོ་འགྲམ་བྱེ་མའི་ཤིང་། །ཞེས་སོགས་དང་། གཤོལ་གྱིས་མ་རྨོས་ས་བོན་མ་བཏབ་པའི་འབྲས་ས་ལུ་སོགས་དང་། དེ་ལས་གཞན་ཡང་མཚོ་ཆེན་པོ་དང་། རྫིང་བུ་ཆུང་ངུ་བསྐྱིལ་བ། ཁ་དོག་སྣ་ལྔ་པདྨས་བརྒྱན་པས་མཚོ་མི་མངོན་པ། ངང་དཀར་དང་ཁྲུང་ཁྲུང་སོགས་ཆུ་བྱ་སྣ་ཚོགས་ཡིད་དུ་འོང་བའི་སྐད་སྙན་སྒྲོགས་པ་སོགས་ནམ་མཁས་གར་ཁྱབ་ཏུ་ཤར་ཉི་ཟླ་གཉིས་ཀྱི་མར་མེ། ལྷོ་ཙནྡན་ནགས་ཀྱི་བདུག་སྤོས། ནུབ་གངས་དཀར་མར་གྱི་ལྷ་བཤོས། བྱང་རྫ་ཆབ་སྔོན་མོའི་མཆོད་ཡོན་སོགས་བདག་པོས་ཡོངས་སུ་མ་བཟུང་བ་ཡོད་དོ་ཅོག་སེམས་ལ་བཟུང་སྟེ་རང་གིས་ཡིན་པར་བསམ་པས་འབུལ་མི་ཐུབ་པའི་ཕོངས་སེམས་མི་འབྱུང་བར་བྱས་ཏེ་ཕུལ་བས་སེར་སྣའི་གཉེན་པོར་འགྲོ་བ། སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་བསྲུང་བ་མེད་པར་ཐུབ་པའི་ཐུབ་པ། འགྲོ་དྲུག་ལས་སྙིང་སྟོབས་ཆེ་བའི་སྐྱེས་བུ་མི་རྣམས་ཀྱི་མཆོག་རྒྱལ་བ་སྲས་བཅས་ལ་ཕུལ་ན་ཡོན་གནས་ཐུགས་རྗེ་ཅན་གྱིས་བདག་ལ་བརྩེ་བས་དགོངས་ཏེ་བདག་གིས་ཕུལ་བ་འདི་དག་བཞེས་ཤིག །བདག་བསོད་ནམས་ཆུང་བས་དབུལ་པོ་ལས་ཀྱང་ཆེས་དབུལ་བར་གྱུར་པས། མཆོད་པའི་ནོར་གཞན་བདག་ལ་མེད་ཕྱིར། རྒྱལ་བ་སྲས་བཅས་ཀྱིས་བདག་ཅག་གི་ཚོགས་རྫོགས་ཕྱིར་རྫུ་འཕྲུལ་གྱིས་བཞེས་ཤིག་ཅེས་སོ། །ལུས་དབུལ་བ་ནི། བདུད་བཞིའི་གཡུལ་ལས་རྒྱལ་བའི་རྒྱལ་བ་སྲས་བཅས་ལ་བདག་གིས་ད་ལྟ་ཕན་ཆད་ཀྱི་ལུས་གཅེས་ཤིང་ཕང་བ་དགོས་ཤིང་མཁོ་བ་མཛེས་ཤིང་ཡིད་དུ་འོང་བ་འདི་ཀུན་གཏན་དུ་དབུལ་བས་རྒྱལ་སྲས་རིགས་གསུམ་སེམས་དཔའ་ཁྱེད་རྣམས་ཀྱིས་བདག་བཞེས་ཤིག་དང་། གུས་པས་ཁྱེད་ཀྱི་འབངས་སུ་འོང་བར་བགྱིའོ། །བདག་ཁྱེད་ཀྱི་བྲན་གྱི་ཚུལ་དུ་རྗེས་སུ་བཟུང་བར་གྱུར་ན་སྲིད་པ་འདིར་འཁོར་བའི་སྡུག་བསྔལ་གྱིས་མི་འཇིགས་པར་སེམས་ཅན་ལ་ཕན་པར་བགྱིའོ། །སྔོན་གྱི་སྡིག་པ་བཤགས་ཤིང་སླན་ཆད་མི་བགྱིད་པར་དམ་བཅའ་བའོ། །གཉིས་པ་ཡིད་སྤྲུལ་གྱི་མཆོད་པ་ནི། འཇིག་རྟེན་གྱི་ཉེར་སྤྱོད་དང་སྒོ་བསྟུན་ཏེ། ཟས་ཀྱི་སྔ་ཕྱིར་ཁྲུས་དང་རྐང་པ་བཀྲུ་བ་དྲིས་བྱུག་པ་མེ་ཏོག་ཕྲེང་བ་མགོ་ལ་བརྒྱན་པ་སོགས་བྱེད་པ་ལྟར། ཁྲུས་དང་སྐུ་ཕྱི་སོགས་འབུལ་བ་ནི། མདུན་གྱི་ནམ་མཁར་ཁྲུས་ཁང་གཅིག་གམ་མང་པོ། ནང་དུ་ཁྲུས་ཆུས་དྲི་ཞིམ་པ་ཤེལ་སྣ་ལྔའི་ས་གཞི་གསལ་ཞིང་འོད་ཟེར་འཕྲོ་བས་འཚེར་བ། ཁོད་སྙོམས་པ་ཞབས་སུ་བུག་པ་ལ་ཐེམ་བུས་བཅད་པ། རིན་ཆེན་བཻ་ཌཱུརྱ་སོགས་ཕྱོགས་མདོག་གི་ཀ་བ་བཞི་འོད་འབར་བ། དེའི་རྩ་བར་འབོ་ར་ཞེས་ཆུ་བརྟེན་པའི་ར་མི་ལང་བའི་སྐེད་པར་སླེབས་པ། ཀ་བ་བཞིའི་སྟོད་ཀྱི་འཕྲེད་དུ་རིན་པོ་ཆེའི་ཀ་སྒྲོག་བཞི་དང་ཀ་བའི་སྟེང་སྐོར་ཁེགས་བྱས་པ་ལ་ནང་ངོས་སུ་གླང་པོའི་སོ་ནང་ནས་བྱུང་བའི་ཀྭཉྫ་མུ་ཏིག་སོགས་མུ་ཏིག་སྣ་ལྔའི་བླ་རེ་དང་ཀ་བར་དུ་དྲ་བ་སོགས། དབུས་ན་རྒྱ་མཐོངས་ཀྱི་སྟེང་ཀ་ཐུང་གིས་བཏེགས་པའི་རྒྱ་ཕིབས་ལ་རིན་པོ་ཆེའི་ཏོག་གིས་བརྒྱན་པར་བསྒོམ། རྒྱལ་བ་རྣམས་ཐུགས་ཆོས་སྐུའི་དགོངས་པ་ལས་མ་གཡོས་བཞིན་དུ་གཟུགས་སྐུ་ཡེ་ཤེས་སྒྱུ་མའི་རྣམ་རོལ་གྱི་སྲས་འཁོར་ཚོགས་རྒྱ་མཚོ་དང་བཅས་བྱོན་པ་རྣམས་ཀྱི་ན་བཟའ་ཀ་སྒྲོག་གི་སྟེང་དུ་བཀལ་ཏེ། རང་ལས་སྤྲུལ་པའི་མཆོད་ལྷས་དར་དཀར་དང་ཀ་ཤི་ཀ་སོགས་ཁྲུས་རས་དཀར་པོ་གཟན་ལྟ་བུ་སྐུ་ཤ་ནི་སྒྲིབ་པ་ཕུལ་ཏེ་མནབ་པ་ལ། ལྷ་མོ་རྣམས་ཀྱིས་དག་བྱེད་ཀྱི་རྫས་དང་གུར་གུམ་སོགས་དྲི་བཟང་གི་ཆུས་སུམ་གཉིས་བཀང་བའི་རིན་པོ་ཆེའི་བུམ་པ་ཟོམ་ཙམ་མང་པོ་ཡོ་བའི་ཚུལ་གྱིས་ཁྲུས་ཀྱི་བསྟན་བཅོས་ལྟར་དབང་ཁྲུས་བྱས་ཏེ། རང་ལུས་མཛེས་པ་དར་དང་རིན་པོ་ཆེའི་བརྒྱན་པའམ་ཡང་ན་མཆོད་ལྷས་ཕུལ་བ་དང་སྐུའི་ཐུགས་ཀ་མན་ཁྱབ་པའི་ཆ་ཕྱག་གིས་བཀྲུ་བ་དང་ཆབས་གཅིག་ཁྲུས་ཁང་གི་ཕྱི་རོལ་འོད་ཀྱི་སྣམ་བུ་སྔོན་པོའི་སྟེང་དུ་མཆོད་པའི་ལྷ་མོ་ལ་ལས་བསྟོད་པའི་གླུ་དང་། ལ་ལས་རོལ་མོ་སྣ་ཚོགས་ཀྱིས་མཆོད། ཁྲུས་ཁང་གི་ཞབས་ཀྱི་ཐེམ་བུ་མཆོད་ལྷས་བླངས་པ་ན་ཁྲུས་ཆུ་ནམ་མཁའ་ནས་བབ་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་། ཁྱད་པར་དུ་ཡུལ་ལྷ་གཞི་བདག་འདྲེ་སྲིན་ནད་བདག་སོགས་ཀྱི་ལུས་བཀྲུས་པས་གནོད་སེམས་གདུག་རྩུབ་ཞི་ཞིང་མི་ནད་ཕྱུགས་ནད་ཀྱི་རྒྱུད་ཆད། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པར་བསམ། ལྷའི་གོས་དང་ཀ་ཤི་ཀ་སོགས་དྲི་ནག་མེད་པས་གཙང་བ་དྲི་ཞིམ་པའི་སྨན་ཕྱེ་སྐམ་པོས་བསྒོས་པས་དཔེར་ན་ཤིང་ཤུན་དང་སྲན་ཕྱེས་ཕྱི་བ་ལྟར་སྐུ་ལུས་ཕྱིས་པས་སྐུའི་རླན་གཤེར་གྱི་ཆ་དག་པར་བསམ། ན་བཟའ་ཁྲུས་རས་སྐུ་ཕྱིས་ཀུན་འོད་དམར་པོའི་རྣམ་པར་བྱིན་བརླབས་དངོས་གྲུབ་ཀྱི་ཚུལ་དུ་རང་གི་སྨིན་མཚམས་སུ་ཐིམ་པར་བསམ། དེ་ནས་རྒྱལ་བ་སྤྲུལ་སྐུ་ཆགས་བྲལ་གྱི་རྣམ་པ་ཅན་རྣམས་ལ། སྔོན་པོ་བཙག་དང་ངུར་སྨིག་རྩི། ཞེས་པ་ལྟར་རམ་གྱི་སྔོ་སྐྱ་དང་ལྕིམ་རྩ་དང་སྐྱེར་ཤུན་གྱིས་སེར་པོ། ས་བཙག་རྡོ་ཚོས་སོགས་ཀྱི་དམར་སྐྱ་རྣམས་ལ་ཁ་དོག་ལེགས་པར་བསྒྱུར་བའི་སྣམ་སྦྱར་སོགས་འཚོ་བའི་ཡོ་བྱད་བཅུ་གསུམ་པོ་དྲི་ཞིམ་པོས་བསྒོས་པ་དང་། ལོངས་སྐུ་སོགས་ཆགས་ཅན་འཁོར་ལོ་སྒྱུར་བའི་ཆས་ཅན་ལ། སྲབ་འཇམ་ཡང་པ་ལྷའི་གོས། ལུས་ལ་བསམ་གཏན་གྱི་བདེ་བ་སྐྱེད་ནུས་པའི་དར་དཀར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་ཚི་གུ་སྟེ་ཁྲ་བོའམ་དམར་སྨུག་གི་ཤམ་ཐབས། དར་སྣ་ཚོགས་ཀྱི་ཅོད་པན་དར་དཔྱང་ཟི་ལྡིར་རྣམས་ཕུལ་ནས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་ཐོབ་པར་གྱུར་ཅིག་བསམ་པ་དང་། རྒྱན་ནི་གསེར་སོགས་ལ་བཻཌཱུརྱ་སོགས་ཀྱི་ཕྲ་རྒྱན་ཅན་གྱི་དབུ་རྒྱན་སྙན་རྒྱན། མགུལ་རྒྱན་ཐུང་བ། འབྲིང་བ་སེ་མོ་དོ་སྣེ་མོ་སྦྲེལ་བ་ལྟེ་བར་སླེབ་པ། རིང་བ་པུས་མོར་སླེབ་པའི་རིན་པོ་ཆེའི་ཕྲེང་བ་དོ་ཤལ། ཕྱག་གདུབ། ཞབས་གདུབ། སྐ་རགས་ཏེ་རིན་པོ་ཆེའི་རྒྱན་བརྒྱད་པོ་ཆ་མང་པོ་མདུན་དུ་སྤུངས་པ་སོགས་ཀྱང་བྱས་ཏེ་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་མཚན་དཔེའི་རྒྱན་ཐོབ་པར་བསམ་པ་དང་། རིན་པོ་ཆེའི་སྣོད་དུང་ཕོར་སོགས་ཙན་དན་དཀར་པོ་སོགས་བསིལ་ཞིང་དྲི་ཞིམ་པའི་ཆུས་བཀང་བ་མཆོད་ལྷས་ཕྱག་ཏུ་ཕུལ་བ་རྒྱལ་བའི་སྐུ་གསེར་སྦྱང་ཞེས་ལན་གྲངས་བཅུ་དྲུག་བཞུ་བཏུལ་བྱས་པ་སྨན་སྣ་ཚོགས་ཀྱི་ནང་ནས་བཙོས་ཏེ་མདངས་འདོན་བྱས་ཤིང་དར་གོས་སོགས་ཀྱིས་ཕྱི་དོར་བྱས་པ་ལྟ་བུའི་ནང་ངོས་སུ་འོད་ཆགས་པ་དང་ཕྱིར་འཕྲོ་བས་འབར་བ་དེའི་མཆན་ཁུང་སོགས་རྔུལ་འབྱུང་བའི་གནས་སུ་བྱུགས་པས་རང་གཞན་སེམས་ཅན་ཐམས་ཅད་ཉོན་མོངས་པའི་ཚ་གདུང་ལས་སྐྱོབ་པར་བསམ་པ་དང་། སྐུ་གསུང་ཐུགས་བསྲུང་བ་མེད་པར་ཐུབ་པའི་ཐུབ་དབང་ལ། མདངས་ལྡན་ཧ་ལོའི་མེ་ཏོག་དྲི་ཞིམ་དབང་ལག་གི་མེ་ཏོག་སོགས་དང་། བོད་དུ་ཤང་དྲིལ་དཀར་སྨུག་སེར་གསུམ་སོགས་ལྷ་ཡུལ་དང་དག་པའི་ཞིང་སོགས་ན་དྲི་ཞིམ་ཞིང་འོད་ཟེར་འཕྲོ་བའི་མེ་ཏོག་སི་ལམ་སྟེ་ཡུ་བ་མེད་པ་ནམ་མཁར་གཏོར་བས་སྤྲུལ་སྐུ་ཆགས་བྲལ་གྱི་རྣམ་པ་ཅན་གྱི་དབུ་གཙུག་ཏུ་མེ་ཏོག་གི་ཁང་བཟང་དང་། གདུགས་བླ་རེ་སོགས་དང་དེ་ལས་མེ་ཏོག་གི་ཆར་བབ་པ་རླུང་གིས་བསྐྱོད་པས་ཕྱོགས་བཅུའི་རྒྱལ་བ་རྣམས་མཆོད་པ་དང་། མེ་ཏོག་སྣ་ལྔའི་ཕྲེང་བ་ཕྲེང་རྒྱུད་མཁན་པོས་བྱས་པ་ལྟ་བུ་སྤེལ་ལེགས་པ་ལོངས་སྐུ་སོགས་ཆགས་ཅན་གྱི་རྣམ་པ་ཅན་རྣམས་ཀྱི་དབུ་ལ་མེ་ཏོག་གི་ཕྲེང་བ་སོགས་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གི་ཚོམ་བུ་བཀྲ་བར་བསམ། ཙནྡན་སྦྲུལ་སྙིང་དང་ཨ་ཀ་རུ་ནག་པོ་སོགས། ལྷན་སྐྱེས་དང་སྦྱར་བྱུང་གི་སྤོས་ཀྱི་རེང་བུ་དང་པོག་ཕོར་སོགས་ཀྱི་དུད་སྤྲིན་ཞིམ་པོ་ཡིག་འབྲུ་དང་རིན་ཆེན་སྣ་བདུན་གྱི་རྣམ་པ་རླུང་གིས་བསྐྱོད་པས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་མཆོད། སྤོས་དྲིས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསལ་ཏེ་བདེ་བའི་ཚིམ་པར་བྱས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྒྱལ་བའི་ཚུལ་ཁྲིམས་ཀྱི་དྲི་བསྲུང་གིས་ཁྱབ་པར་བསམ། ཞལ་ཟས་རོ་བརྒྱ་དང་ལྡན་པ་ཁུར་བ་དང་འབྲས་ཆན་སོགས་བཟའ་བ་དང་བཅའ་བ་བཏུང་བའི་རྒྱུ་བརྒྱད་དང་དཀར་གསུམ་མངར་གསུམ་གྱི་ཁུ་བ་སོགས་བཏུང་བ། ལྷ་ཞེས་རྒྱལ་པོ་སྟེ་དེའི་ཞལ་དུ་བཟའ་ལོ་བའི་ལྷ་བཤོས། ཆུ་མ་རེག་གི་གཏོར་མ་སོགས། མདོར་ན་རང་གི་ཡིད་ལ་གང་འདོད་ཀྱི་བཟའ་བཅའ་བལྡག་མྱང་ཀུན་ཆགས་བྲལ་ལ་ལྷུང་བཟེད་དང་། ཀ་ཏོ་ར་སོགས། སྔགས་བླ་མེད་ཀྱི་ལྷ་ལ་ཐོད་ཕོར་དུ་ཤ་ཁྲག་སོགས་མཆོད་ལྷས་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་གྱིས་ཟས་ཐོབ་པར་བསམ། གསེར་གྱི་པད་སྤུངས་དངར་ཞེས་བསྒྲིགས་པའི་གདན་ལ་ཆུ་ཤེལ་མེ་ཤེལ་བཻཌཱུརྱ་སོགས་ཏོག་གི་འོད་ཀྱིས་འཛམ་གླིང་སོགས་ཁྱབ་པ་དང་། རང་གིས་མར་མེ་ཕུལ་བས་མཚོན་ཀོང་བུ་སྟོང་གསུམ། སྡོང་བུ་རི་རབ། མར་ཁུ་རྒྱ་མཚོ་ཙམ་ལ་འོད་ཁ་དོག་སྣ་ལྔས་ནམ་མཁའ་ཁྱབ་པར་དམིགས་ཏེ་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་མ་རིག་པའི་མུན་པ་བསལ་ཏེ་ཡེ་ཤེས་ཀྱི་སྣང་བ་ཐོབ་པར་བསམ། རིན་ཆེན་སྣ་ཚོགས་ཀྱིས་གཞི་མིག་མང་རིས་སུ་བཀྲ་བ་ཁོད་སྙོམས་པ་མནན་ན་ནེམ་པ་བཏེགས་ན་འཕར་བ་ལ་སྤོས་ཆུ་བ་ལང་གི་ཀོ་བའི་སྲབ་འཐུག་ཙམ་གྱིས་བྱུགས་པ་ལ་མེ་ཏོག་སིལ་མ་ཁ་དོག་སྣ་ལྔ་པོ་ལ་གོང་ནུབ་པའམ་མི་འགྲེང་མང་པོ་བཀྲུམ་པ་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་འདུན་པ་ས་ལྟ་བུའི་སེམས་བསྐྱེད་ཐོབ་པར་བསམ། འདི་མཎྜལ་དུ་བཤད་པའང་ཡོད། རྒྱ་ཁྱོན་དང་བཀོད་པ་གཞལ་དུ་མེད་པའི་ཕོ་བྲང་བརྩེགས་ལྔ་བརྒྱ་པ་སོགས། བརྩེགས་གོང་འོག་གི་བར་བ་གམ་པང་རིམ་སོགས་ན་མཆོད་ལྷས་པི་ཝཾ་བཅས་བསྟོད་པའི་དབྱངས་སྙན་པ་སྒྲོགས་ཤིང་། ཕོ་བྲང་གི་ཕྱིའི་གཤམ་སྣེ་དང་ནང་གི་ཀ་བ་སོགས་ལ་མི་འཇིགས་སེང་གེའི་ཁ་དང་ཙི་པ་ཏྲ་དང་ཆུ་སྲིན་སོགས་ཀྱི་ཁ་ནས་མུ་ཏིག་དམར་པོ་ཞེས་ཡུང་འབྲུ་ཙམ་གྱད་སྟོབས་པོ་ཆེས་གླང་པོ་ཆེའི་སྟེང་ནས་རྡོ་འཕངས་པའི་ཁྱོན་ལ་གསེར་ཐང་མལ་བརྡལ་བ་ཙམ་རི་བ་སོགས་རིན་པོ་ཆེའི་དྲ་བ་དང་དྲ་ཕྱེད་དེ། དྲ་བའི་ཁུག་མགོ་དང་དྲ་ཕྱེད་ཀྱི་སྣེ་ལ་རྔ་ཡབ་དང་དྲིལ་བུ་དང་མེ་ལོང་གིས་བརྒྱན་པ། མེ་ལོང་གི་ངོས་དང་དྲིལ་བུའི་སྒྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟོན་པ། ཙནྡན་གྱི་ཝ་ཁ་ནས་དྲི་བཟང་གི་ཆུ་རྒྱུན་བབ་པས་ཁྲུས་ཀྱི་རྫིང་བུ་འཁྱིལ་བ་ལ་ཆུ་བྱ་སྣ་ཚོགས་སྐད་སྙན་སྒྲོགས་ཤིང་རྩེད་ལ། ནང་གི་མིག་ཚེ་ཁ་ཅིག་ན་ན་བཟའ་སྣ་ཚོགས། དེ་བཞིན་དུ་ལ་ལར་བཟའ་བཏུང་སྣ་ཚོགས་དང་། ཉིན་མོའི་བཞུགས་ཁྲི་དང་མཚན་གྱི་གཟིམ་ཆ་ལྷའི་རས་བཅོས་བུ་སྣ་ཚོགས་བཏང་བ་ལ་གཡས་གཡོན་ནས་རྟེན་མ་དམར་པོ་དང་སྔས་ཁྲ་བོ། ལྷམ་རིན་པོ་ཆེ་གྱོན་པས་དཔག་ཚད་དུ་སླེབས་པ། རྒྱ་མཚོའི་ཀླུའི་པགས་པ་གྱོན་པས་གྲང་དུས་དྲོ་བ་དང་ཚ་དུས་བསིལ་བའི་བདེ་བ་བསྐྱེད་པ། ཉོན་མོངས་པ་མི་འབྱུང་ཞིང་ལུས་ལ་བསམ་གཏན་གྱི་བདེ་བ་བསྐྱེད་པ་སོགས་ཉེ་བའི་རིན་པོ་ཆེ་བདུན་དང་། ཉིན་མོའི་ཇི་བཞིན་མཚན་ཇི་བཞིན་ཞེས་པ་ལྟར་རིན་པོ་ཆེའི་སྒྲོན་མེའི་འོད་ཀྱིས་ཉིན་མཚན་ཀུན་ཏུ་གསལ་བ། རྒྱ་ཁྱོན་ཚད་ལས་འདས་པས་ནམ་མཁའ་ཁྱབ་པ་དེ་དག་རྒྱལ་བ་རྣམས་ལ་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་ཐར་པ་ཆེན་པོའི་གྲོང་ཁྱེར་ཐོབ་པར་བསམ། རིན་པོ་ཆེའི་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཁོར་ཡུག་སྟེ་ཤམ་བུ་ལ་རིན་པོ་ཆེའི་རྒྱན་དཔལ་བེའུ་དང་ཡིག་འབྲུའི་རྣམ་པས་བརྒྱན་པ་དབྱིབས་ལེགས་པ་གྱེན་དུ་བསླང་བ་དང་། རྨ་བྱའི་གདུགས་སོགས་མཆོད་པའི་ལྷ་མོ་དང་རྟ་ཅང་ཤེས་དང་གླང་པོ་སོགས་ཀྱིས་བཟུང་བ་། སྔོན་རྫོགས་པའི་སངས་རྒྱས་ལ་གཡས་ཕྱོགས་ནས་ཚངས་པས་བཻཌཱུརྱ་གདུགས་ལྔ་བརྒྱ་དང་གཡོན་ཕྱོགས་ནས་བརྒྱ་བྱིན་གྱིས་འཛམ་བུའི་ཆུ་གསེར་གྱི་གདུགས་ལྔ་བརྒྱ་ཕུལ་བ་ལྟར་རྒྱལ་བ་སྲས་བཅས་ལ་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་ངན་སོང་གི་ཚ་གདུང་ལས་སྐྱོབ་སྟེ། དཀོན་མཆོག་གསུམ་གྱི་གྲིབ་མ་བསིལ་བའི་སྐྱབས་ཞབས་སུ་ཚུད་པར་བསམ། དེ་ལྟར་ཡིད་སྤྲུལ་རྣམ་གྲངས་བཅུ་གཅིག་གོ །གསུམ་པ་སྨོན་ལམ་སྟོབས་ཀྱི་མཆོད་པ་ནི། སིལ་སྙན་ཡན་ལག་བརྒྱད་ལྡན་སོགས་འབུད་རྡུང་དཀྲོལ་གསུམ་གྱི་རོལ་མོ་དང་། མིའམ་ཅིའི་སྡོང་པོའི་སྒྲ་སྙན་གྱི་སྐད་འོད་སྲུངས་ཆེན་པོས་མ་བཟོད་པར་གར་འཆམས་ལྟ་བུ་དང་། དྲི་ཟའི་རྒྱལ་པོ་རབ་དགས་ཏམ་བུ་རའི་རྒྱུད་བསྒྲེང་བ་ལྟར་སྙན་པ་ཐོས་པ་ཙམ་གྱིས་སེམས་ཅན་གྱི་སྡུག་བསྔལ་སེལ་ཞིང་སིམ་པའི་བདེ་བ་ཐོབ་པའི་སྒྲ། མེ་གྷ་ཞེས་ཚོགས་པ་ལ་འཇུག་པས་སྤྲིན་ཏེ་ཁྱབ་རྒྱ་ཆེ་བའི་དོན་ཡིན་པས་ཕྱོགས་བཅུའི་ཞིང་ཁྱབ་སྟེ་གནས་པར་སྨོན་པ་དང་། དམ་པའི་ཆོས་ཡི་གེ་གླེགས་བམ་གྱི་རྣམ་པར་གནས་པ་དང་། མཆོད་རྟེན་ནི། བདག་ཅག་གི་སྟོན་པ་སྐུ་འཁྲུངས་པའི་དུས་སུ་པདྨ་སྤུངས་པ་སེར་སྐྱར་ཟས་གཙང་གིས་བཞེངས་པ། བང་རིམ་བཞི་པོ་ཟླུམ་པོ་ལ། །པདྨ་དང་ནི་འཁོར་ལོས་སྤྲས་པ། སངས་རྒྱས་པའི་དུས་སུ་བདུད་འདུལ་ལམ་བྱང་ཆུབ་མཆོད་རྟེན་གཟུགས་ཅན་སྙིང་པོ་ལ་སོགས་པས་བཞེངས། མུ་སྟེགས་སྟོན་པ་སྡེ་དྲུག་བཏུལ་བའི་དུས་སུ་ཆོ་འཕྲུལ་མཆོད་རྟེན་ཛེ་ཏའི་ཚལ་དུ་ལི་ཙ་བིས་བཞེངས་པ། བང་རིམ་བཞི་པོ་རང་རང་གི །སུམ་ཆའི་དབུས་མ་འབུར་དུ་དོད། ཞེས་དང་། དགེ་འདུན་དབྱེན་འདུམ་པའི་དུས་སུ་དབྱེན་འདུམ་མཆོད་རྟེན་འོད་མའི་ཚལ་དུ་མ་གྷ་དྷ་བས་བཞེངས་པ། བང་རིམ་བཞི་པོའི་ཟུར་བཞི་ནས། མཉམ་པར་བཅད་པས་ཟུར་བརྒྱད་དང་། ཞེས་དང་། ལྷ་བབ་མཆོད་རྟེན་མི་ཡུལ་གསལ་ལྡན་དུ་བབ་ཚེ་དེ་དག་རྣམས་ཀྱིས་བཞེངས་པ། སུམ་ཆ་གློ་འབུར་གྱིས་བརྒྱན་པའི། དབུས་ནས་ཐེམ་སྐས་བྱས་པའོ། །ཆོས་འཁོར་བསྐོར་ཚེ་བཀྲ་ཤིས་སྒོ་མང་ཝཱ་ར་ཎཱ་སཱིར་ལྔ་སྡེས་བཞེངས་པ། དབུས་སུ་སུམ་ཆའི་གློ་འབུར་རེར། བཞི་བརྒྱད་བཅུ་གཉིས་བཅུ་དྲུག་སྒོ། སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ཚེ་རྣམ་རྒྱལ་མཆོད་རྟེན། མྱང་འདས་མཆོད་རྟེན་རྩྭ་ཅན་དུ་གྱད་ཀྱིས་བཞེངས་པ། བང་རིམ་བཞི་པོ་སྤངས་བྱས་ཏེ། རྨང་དགེའི་སྟེང་དུ་བུམ་གདན་བཞག །ཅེས་པའོ། །པདྨ་སྤུངས་པ་ནས་རིང་བསྲེལ་བྲེ་གང་ཨོ་རྒྱན་ཆེན་པོས་བླངས་ཏེ་བསམ་ཡས་མཆོད་རྟེན་དཀར་པོ་ན་བཞུགས་པ་སོགས་མཆོད་རྟེན་དང་། བཞུ་རུ་གཏུབ་པ་དང་མི་གཏུབ་པའི་རིན་པོ་ཆེ་སྣ་ལྔ་གཅིག་ཏུ་བཞུས་པ་ཛྷཻ་ཀྵིཾ་ལས་གྲུབ་པའི་ཇོ་ཤཱཀ་རྣམ་གཉིས་སོགས་ལུགས་སུ་བླུགས་པ་དང་རིས་སུ་བྲིས་པ་སོགས་སྐུ་གཟུགས་རྣམས་ལ་རིན་པོ་ཆེ་དང་མེ་ཏོག་དང་སྤོས་ཆུ་ལ་སོགས་ཆར་མི་འཆད་པར་སྨོན་པ་སྟེ། ཚུལ་ཁྲིམས་རྣམ་པར་དག་པ་འགྲུབ་པ་དང་། མ་དག་ན་མ་གྲུབ་ཀྱང་ཕན་ཡོན་ཐོབ་བོ། །བཞི་པ་བླ་ན་མེད་པའི་མཆོད་པ་ནི། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རང་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་མི་འདྲ་བ་བྱེ་བ་བརྒྱ་སྟོང་སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་རྡུལ་དང་མཉམ་པར་སྤྲོས། འོད་ཟེར་དེ་རེ་རེའི་རྩེ་ལ་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རང་འདྲ་བ་རེ་རེ་སྤྲུལ། དེ་རེ་རེའི་ཐུགས་ཀ་ནས་སྔར་དང་འདྲ་བའི་འོད་ཟེར་སྤྲོ་ཞིང་། དེའི་རྩེར་ཀུན་ཏུ་བཟང་པོ་སྤྲུལ་པ་སོགས་གྲངས་མེད་བསམ་གྱིས་མི་ཁྱབ་པའི་བར་དུ་སྤྲོས་ཏེ། དེ་དག་རེ་རེས་ཀྱང་མཆོད་རྫས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད་པ་དང་། འཇམ་དཔལ་དབྱངས་སོགས་ཀྱིས་ཇི་ལྟར་མཆོད་པ་ལྟར་བདག་གིས་ཀྱང་རྒྱལ་བ་སྲས་བཅས་མཆོད་པར་བྱའོ་བསམ་པ་དང་། གཞན་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ། སྙིང་རྗེ་བསྒོམ་པ། ཆོས་ཀྱི་ཚིག་དོན་འཛིན་པ་རྣམས་ཀྱང་བླ་ན་མེད་པའི་མཆོད་པ་ཡིན་པས་དེ་ལྟར་བྱ་བ་དང་། ལྔ་པ་བསྟོད་པ་དབྱངས་ཀྱི་མཆོད་པ་ནི། རྒྱལ་བའི་སྐུ་མཚན་དཔེ། གསུང་ཚངས་དབྱངས། ཐུགས་རྣམ་མཁྱེན་གྱི་ཡོན་ཏན་མཐའ་ཡས་པ་རྣམས་ལ་བསྟོད་པ། དབྱངས་ཏེ་སྐད་ཀྱི་གདངས། འདེགས་འཇོག་འགྱུར་ཁུག་ཕྲ་སྦོམ་སྟེ་དྲུག་ལྡན་དང་སྐད་ཀྱི་འགྱུར་བ་བརྒྱས་བསྟོད་པ་དང་། ཡང་ན་ཡན་ལག་ཅེས་པ་ཁ་སྟེ་དཔག་མེད་བཞི་ལྡན་གྱིས་བསྟོད་པ་སོགས་སུ་འགྲེལ་ཚུལ་ཡང་སྣང་། སྤྲིན་ཞེས་པ་མང་བའི་དོན་དང་། དེ་དག་ལས་བརྗོད་པ་དེ་ལས་སམ། དེ་ལ་ཞེས་རྒྱལ་བ་སྲས་བཅས་ལ། ངེས་པར་དུས་ཀུན་ཏུ་འབྱུང་བར་སྨོན་པའོ། །གཉིས་པ་ཕྱག་འཚལ་བའི་ཡན་ལག་ནི། དུས་གསུམ་སོགས་ཏེ། སྔར་འདས་པའི་སངས་རྒྱས་རྣམས་དང་། ད་ལྟ་མངོན་སུམ་བཞུགས་ཡོད་པའི་ཚུལ། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །ཡོངས་སུ་མྱ་ངན་འདའ་བ་སྟོན། །ཞེས་གསུངས་པ་ལྟར། མྱ་ངན་ལས་འདའ་བ་མེད་པ་མཐར་ཕྱིན་པའི་ཏིང་ངེ་འཛིན་ཐོབ་པའི་ཁྱིམ་བདག་ནམ་ཁུག་གིས་འདས་པའི་སངས་རྒྱས་རྣམས་མཇལ་བ་ལྟ་བུ་དང་། མི་མཇེད་ཀྱི་འཇིག་རྟེན་འདིའི་བསྐལ་པ་གཅིག་སངས་རྒྱས་སྣང་མཐའི་ཞིང་གི་ཞག་གཅིག་སྟེ་ཞིང་དེའི་བསྐལ་པ་གཅིག་སངས་རྒྱས་རྡོ་རྗེ་སྙིང་པོའི་ཞིང་ངུར་སྨིག་གི་རྒྱལ་མཚན་གྱི་ཞག་གཅིག་ཏུ་བརྩི་བ་བཞིན་བསྒྲེ་བའི་ཞིང་ཉེར་གཅིག་པ་དཔལ་གྱི་སྙིང་པོ་ན་བཞུགས་པ་སངས་རྒྱས་སྐུ་པདྨ་སོགས་ད་ལྟར་དང་། མ་འོངས་པ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང་གི་མདུན་ན་འདོན་བྲམ་ཟེ་ཚངས་རབ་དང་བཙུན་མོ་ཚངས་ལྡན་མ་གཉིས་ཀྱི་སྲས་སུ་འཁྲུངས་པ་རྗེ་བཙུན་བྱམས་པ་མགོན་པོ་སོགས་མ་འོངས་པའི་སངས་རྒྱས་ཏེ། ཆོས་ཉིད་དེ་བཞིན་ཉིད་ཀྱི་དགོངས་པ་མངོན་དུ་མཛད་དེ་ཡུལ་དང་ཡུལ་ཅན་གཉིས་མེད་དུ་མཁྱེན་པའི་དུས་གསུམ་གྱི་སངས་རྒྱས་རྣམས་དང་། དམ་པའི་ཆོས་རྒྱལ་བའི་ཐུགས་རྒྱུད་ན་བཞུགས་པ། ཞལ་ནས་གསུངས་པ། བྱང་སེམས་སོགས་ཀྱིས་ཐུགས་ཉམས་སུ་བཞེས་པ། གསུང་རབ་པོ་ཏིའི་རྣམ་པར་བཞུགས་པ་རྣམས་དང་། ཐུགས་རྒྱུད་ཀྱི་ཡོན་ཏན་མི་ཕྱེད་པས་འཕགས་པ་དང་། དགེ་འདུན་འདུས་པའི་ཚོགས་རྣམས་དང་། རང་གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་པ་དང་། སེམས་ཅན་ཐམས་ཅད་མིའི་གཟུགས་སུའམ་རང་གི་མཐའ་བསྐོར་དུ་ཡོད་པར་བསམས་ཏེ་རང་གི་གཡས་སུ་ཕ་གཡོན་དུ་མ་མདུན་དུ་དགྲ་བགེགས་བཅས་བྱ་བྱེད་ཐུན་མོང་དུ། ལུས་ཐམས་ཅད་ཀྱིས་ས་ལ་ཕབ་པའམ། མལ་ལྔ་སར་ཕབ་སྟེ། ངག་གིས་ཕྱག་འཚལ་གྱི་ཚིག་འདོན་པ་དང་། ཡིད་ཀྱིས་དཀོན་མཆོག་གསུམ་གྱི་ཆེ་བའི་ཡོན་ཏན་དྲན་བཞིན་དུ། ང་རྒྱལ་གྱི་ཆེ་འགྱིངས་ཕབ་སྟེ་དམའ་བའི་སར་དཔྲལ་བ་གཏུགས་ནས་ཕྱག་འཚལ་བས་ང་རྒྱལ་གྱི་གཉེན་པོར་འགྲོའོ། །བྱང་ཆུབ་ཀྱི་སེམས་ཀྱི་གཞི་ཞེས་ཐེག་ཆེན་གྱི་བཀའ་དང་བསྟན་བཅོས། སྟོན་པའི་སྐུ་བལྟམས་ས་སོགས་དང་། སེམས་བསྐྱེད་གླིང་སོགས་ཆོས་འཆད་ཉན་བྱེད་པའི་གནས་གཞི་རྣམས་དང་། རྒྱལ་བའི་ཐུགས་རྟེན་མཆོད་རྟེན་གྱི་བང་རིམ་བཞིའི་འོག་ནས་རིམ་བཞིན་དྲན་ཉེར་བཞི། ཡན་ལག་སྤོང་བཞི་རྫུ་འཕྲུལ་རྐང་བཞི་དབང་ལྔ་རྣམས་དང་། བུམ་སྟན་གྱིས་སྟོབས་ལྔ། བུམ་པས་བྱང་ཆུབ་ཀྱི་ཡན་ལག་བདུན། བྲེས་འཕགས་ལམ་བརྒྱད་མཚོན་པ་དང་། ཤེས་བཅུ་སྟོབས་བཅུ་མ་འདྲེས་པའི་དྲན་པ་ཉེར་བཞག་གསུམ་རིམ་བཞིན། སྲོག་ཤིང་འཁོར་ལོ་བཅུ་གསུམ་མཚོན་ནོ། །ཐུགས་རྗེས་སྐྱོབས་པ་ཆབ་ཁེབས་གདུགས། །ཉི་ཟླ་འཇིག་རྟེན་མུན་སེལ་འོད། །ཏོག་ནི་འགྲན་ཟླ་བྲལ་བའི་རྟགས། །ཞེས་པ་ལྟར་མཚོན་ལ། དེ་ཡང་བཞུས་པས་རིང་བསྲེལ་མེད་པ་ལ་རྒྱས་པར་འགྱུར་རོ། །ཞེས་དང་། སྐུ་གཟུགས་ལ་རིལ་པོ་གཅིག་ཅེས་གསུངས་སོ། །ཞལ་བཞུགས་དུས་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ཡོད་ཅིང་། །ཡེ་དྷར་དང་རྒྱན་འབུམ་ཆོས་སྐུའི་རིང་བསྲེལ་ལོ། །ཁ་ཅིག་མཆོད་རྟེན་ལ་ས་འཛིན་སྟེང་མ་ཞབས་སུ་སྐྱབས་འགྲོ་ལ་བང་རིམ་ཞིག་དར་ཞེས་སྨྲ། གཞན་ཡང་སྐུ་དང་གསུང་གི་རྟེན་རྣམས་ཀྱང་མཆོད་པའི་རྟེན་ཡིན་པ་དང་། སོ་ཐར་གྱི་མཁན་པོ་དང་། དགེ་ཚུལ་གྱི་སྡོམ་པ་ལས་སློབ་ལས་ཐོབ་ཅིང་། དགེ་སློང་དགེ་འདུན་ལས་ནོད་པས། གསོལ་བཞིའི་ལས་བྱེད་པའི་ལས་སློབ་དང་གསང་སྟོན། ཀློག་སོགས་སློབ་པ་པོ་སློབ་དཔོན་དང་། བྱ་བ་སྔ་མ་བརྟུལ་རྗེས་མ་ལ་ཞུགས་པ་བརྟུལ་ཞུགས་ཏེ། སྟོན་པའི་རྗེས་འཇུག་གི་རྟགས་ཙམ་འཛིན་པ་ཡན་ཆད་བརྟུལ་ཞུགས་མཆོག་སྟེ་ཡུལ་དེ་རྣམས་ལ་མི་ཕྱེད་དད་པས་ཀུན་ནས་བསླངས་ཏེ། ལུས་དྲང་པོར་བསྲངས་པས་རྩ་རླུང་སེམས་རྣམས་དྲང་བར་འགྱུར་བས་དྲང་པོ་བཞི་ལྡན་གྱིས། ཐལ་མོའི་བར་དུ་ནོར་བུ་བཟུང་བར་བསམ་སྟེ་ཐར་པ་ཆེན་པོའི་མདོར། པདྨ་ཁ་འབུས་ཕྱེ་འདྲ་བའི། །ལག་གཉིས་སྤྱི་བོར་ཐལ་སྦྱར་ཏེ། །ལུས་དཔག་མེད་པའི་སྤྲིན་ཚོགས་བཅས། །ཕྱོགས་བཅས་སངས་རྒྱས་ལ་ཕྱག་འཚལ། །ཞེས་པ་ལྟར་ཐལ་སྦྱར་སྤྱི་བོར་འཇོག་པའི་དུས་སུ་རྒྱལ་བ་ཐམས་ཅད་ཀྱི་སྐུའི་ཡོན་ཏན་དྲན་ཏེ་སྐུ་ལ་ཕྱག་འཚལ་བས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྒྲིབ་པ་དག །མཐར་ཐུག་སངས་རྒྱས་རྣམས་ཀྱི་དབུ་གཙུག་ཏོར་བལྟར་མི་མངོན་པ་ཐོབ་པར་གྱུར་ཅིག་སྙམ་པ་དང་། ཐལ་མོ་མགྲིན་པར་འཇོག་པའི་དུས་སུ་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་ཡོན་ཏན་དྲན་ཏེ་གསུང་ལ་ཕྱག་འཚལ་བས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ངག་གི་སྒྲིབ་པ་དག །མཐར་ཐུག་གསུང་ཆོས་ཀྱི་དུང་ཞེས་ཕྱི་དབྱིབས་དུང་གི་རི་མོ་ལྟ་བུ་སྟེ་དེ་ལ་བརྟེན་པའི་གསུང་ཚངས་དབྱངས་ཐོབ་པར་སྨོན་པ་དང་། ཐལ་མོ་སྙིང་གར་འཇོག་པའི་དུས་སུ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་ཡོན་ཏན་དྲན་ཏེ་ཐུགས་ལ་ཕྱག་འཚལ་བས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་སྒྲིབ་པ་དག །རྒྱལ་བ་ཐམས་ཅད་ཀྱི་ཐུགས་གཏིང་ཟབ་པའི་ཕྱིར་ཐུགས་ཀ་དཔལ་གྱི་བེའུའི་རི་མོ་ཡོད་པ་སྟེ་ཐུགས་དཔལ་གྱི་བེའུ་འགྲུབ་པར་གྱུར་ཅིག་བསམ་པ་དང་། པུས་མོ་གཡས་པའི་ལྷ་ང་ས་ལ་འཛུགས་པ་ན་སེམས་ཅན་ཐམས་ཅད་གཡས་ཕྱོགས་ཀྱི་ལམ་ལ་གནས་པར་གྱུར་ཅིག་བསམ་པ་དང་། གཡོན་པ་འཛུགས་པ་ན་སེམས་ཅན་གང་སུ་དག་གཡོན་ཕྱོགས་ཀྱི་ལམ་ལ་གནས་པ་དེ་དག་འཕགས་པའི་ལམ་ལ་གནས་ཤིང་ཡང་དག་པའི་ལམ་ལ་གནས་པར་གྱུར་ཅིག་བསམ་པ་དང་། ལག་པ་གཡས་པ་ས་ལ་འཛུགས་པ་ན་ཇི་ལྟར་དེ་བཞིན་གཤེགས་པས་ཕྱག་གཡས་པ་ས་ལ་བསྣུན་ནས་བདུད་དཔུང་དང་བཅས་པ་བཏུལ་ཏེ་བྱང་ཆུབ་བརྙེས་པ་དེ་བཞིན་དུ་སེམས་ཅན་འདི་དག་གིས་ཀྱང་བདུད་དཔུང་དང་ཕྱིར་རྒོལ་བ་ཆོམས་པར་གྱུར་ཅིག་བསམ་པ་དང་། གཡོན་པ་ས་ལ་འཛུགས་པ་ན་སེམས་ཅན་གང་སུ་དག་བྱིས་པའི་ཆོས་ལ་གནས་ཏེ། གཡོན་ཕྱོགས་ལ་འཛིན་པ་ལ་གདུལ་དཀའ་བ་དེ་དག་ཐམས་ཅད་བསྡུ་བའི་དངོས་པོ་བཞིས་ཤིན་ཏུ་སྡུད་པར་གྱུར་ཅིག་བསམ་པ་དང་། གདོང་དང་དཔྲལ་བ་ས་ལ་གཏུགས་པ་ན་སེམས་ཅན་ཐམས་ཅད་ང་རྒྱལ་མ་མཆིས་པ་འདིས་བླ་མ་རྣམས་ལ་རིམ་གྲོ་བགྱིད་པ་རྙེད་ཅིང་སྤྱི་གཙུག་བལྟར་མི་མཐོང་བ་དང་། དེ་ལྟར་བདག་ཡན་ལག་ལྔས་ཕྱག་འཚལ་བ་འདིས་སེམས་ཅན་ཐམས་ཅད་སྒྲིབ་པ་རྣམ་པ་ལྔ་སེལ་བ་དང་། དབང་པོ་ལྔ་རྫོགས་པ་དང་། འདོད་པའི་ཡོན་ཏན་ལྔ་ཡོངས་སུ་ཤེས་པ་དང་། མངོན་པར་ཤེས་པ་ཉམས་པ་མེད་པ་ཐོབ་པ་དང་། མིག་ལྔ་ཡོངས་སུ་དག་པ་དང་། སེམས་ཅན་འགྲོ་བ་ལྔར་སྐྱེས་པ་རྣམས་འགྲོ་བ་ལྔ་ལས་ཁྱད་པར་དུ་འཕགས་པ་དང་། ཟག་མེད་ཀྱི་ཕུང་པོ་ལྔ་ཁྱད་པར་འཕགས་པར་གྱུར་ཅིག་ཅེས་བརྗོད་ཅིང་བསམ་མོ། །ཕན་ཡོན་ནི་ཀུན་མཁྱེན་ཆེན་པོས། །ལུས་བཏུད་དབང་ཆེན་བར་གྱི་རྡུལ་དག་དང་། །མཉམ་པའི་འཁོར་ལོས་སྒྱུར་བའི་གྲངས་འགྲོ་ཞིང་། ། མཐར་ཐུག་ཞི་བ་མཆོག་གི་གོ་འཕང་འཐོབ། །ཅེས་གསུངས་པ་ལྟར། འདི་ནས་གསེར་གྱི་ས་གཞིའི་བར་དཔག་ཚད་བཞི་ཁྲི་དང་མངོན་མཛོད་ལྟར་ན་དཔག་ཚད་བརྒྱད་ཁྲི་ཡོད་པར་གསུངས་སོ། །གསུམ་པ་སྐྱབས་སུ་འགྲོ་བའི་ཡན་ལག་ལ། སྐྱབས་འགྲོའི་རྒྱུ། དབྱེ་བ། སྐྱབས་སུ་འགྲོ་བའི་ཡུལ། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ། བསླབ་བྱ། ཕན་ཡོན་དང་དྲུག་ལས། དང་པོ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། སྟོང་ཉིད་རིག་པས་ཀྱང་ནི་གོ་ནུས་ཀྱི། །ཤིན་ཏུ་རྟོགས་དཀའ་རྒྱུ་འབྲས་ཟབ་མོ་ཡིན། །ཞེས་གསུངས་པ་ལྟར་སྐྱབས་འགྲོའི་ཕན་ཡོན་ལ་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པའོ། །གཉིས་པ་ལ་གནས་སྐབས་རྒྱུའི་སྐྱབས་འགྲོ་དང་མཐར་ཐུག་འབྲས་བུའི་སྐྱབས་འགྲོ་གཉིས་ཏེ། གཞན་རྒྱུད་ལ་བྱོན་ཟིན་གྱི་དཀོན་མཆོག་གསུམ་ལ་འཇིགས་པ་ལས་སྒྲོལ་བའི་སྐྱབས་སུ་འཛིན་པ་རྒྱུའི་སྐྱབས་འགྲོའི་མཚན་ཉིད་དང་རྒྱུད་ལ་འབྱོན་འགྱུར་གྱི་དཀོན་མཆོག་གསུམ་ལ་འཇིགས་པ་ལས་སྒྲོལ་བའི་སྐྱབས་སུ་འཛིན་པ་འབྲས་བུའི་སྐྱབས་འགྲོའི་མཚན་ཉིད། རྒྱུ་ཡི་སྐྱབས་འགྲོ་ལ་ཡང་ཚེ་འདིར་འཇིགས་པ་ལས་སྐྱོབ་པའི་ཆེད་དང་། ཕྱི་མ་སྐྱེས་བུ་གསུམ་གྱི་ཀུན་སློང་གིས་དབྱེ་བས་གསུམ་མོ། །འབྲས་སྐྱབས་ལ་ཡང་ཉན་ཐོས་རང་རྒྱལ་བྱང་སེམས་གསུམ་གྱིས་རིམ་བཞིན་དགེ་འདུན་ཆོས་སངས་རྒྱས་གསུམ་མཐར་ཐུག་གི་འབྲས་བུར་འདོད་ཚུལ་གྱིས་གསུམ་དུ་དབྱེའོ། །གསུམ་པ་ཡུལ་ནི་སྤྱིར་དཀོན་མཆོག་གསུམ་དུ་འདོད་པ་འདྲ་ཡང་ངོས་འཛིན་ཚུལ་མི་འདྲ་སྟེ། ཐེག་དམན་ལྟར་ན། མངོན་པ་མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་སྟེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་པ་དང་། །མྱང་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་གསུངས་པ་ལྟར། སངས་རྒྱས་སངས་རྒྱས་སུ་བྱེད་པའི་ཆོས་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་ལམ་བདེན་བདག་མེད་གཉིས་རྟོགས་ཀྱི་མཁྱེན་པ་དེ་སངས་རྒྱས་དཀོན་མཆོག་དང་། དགེ་འདུན་དགེ་འདུན་དུ་བྱེད་པའི་ཆོས་དགེ་འདུན་ཟུང་བཞིའི་ཐུགས་རྒྱུད་ཀྱི་ལམ་བདེན་གང་ཟག་གི་བདག་མེད་རྟོགས་པའི་མཁྱེན་པ་དེ་དགེ་འདུན་དཀོན་མཆོག་སྟེ། སངས་རྒྱས་མི་སློབ་པ་དང་། དགེ་འདུན་ལས་དགྲ་བཅོམ་པ་མི་སློབ་པ་དང་གཞན་གསུམ་སློབ་པ་སྟེ་གཉིས་ཀ་དང་། ཆོས་ནི་སངས་རྒྱས་དགེ་འདུན་གཉིས་ཀྱི་ཐུགས་རྒྱུད་ཀྱི་སྤང་བྱ་སྤངས་པའི་ཆ་འགོགས་བདེན་མྱ་ངན་ལས་འདས་པའོ། །ཐེག་ཆེན་གྱིས་སངས་རྒྱས་ནི་སྐུ་བཞིའི་ཡེ་ཤེས་ལྔ་ལྡན་སྟེ། སྐུ་བཞི་ནི། མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ། ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་སེམས་ཀྱི་གནས་ལུགས་སྟོང་པ་ཉིད་སྒྲིབ་པ་ཐམས་ཅད་དང་བྲལ་བ་ཆོས་སྐུའི་དེ་བཞིན་ཉིད་ངོ་བོ་ཉིད་སྐུ། མཁྱེན་ཆ་ཡེ་ཤེས་ཀྱི་རྣམ་གྲངས་རྟོགས་པའི་ཆོས་རྣམས་ཡེ་ཤེས་ཆོས་སྐུ། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་འོག་མིན་དུ་བཞུགས་པའི་སངས་རྒྱས་གཟུགས་སྐུ་མཚན་དཔེའི་བདག་ཉིད་ཅན་ས་བཅུའི་བྱང་སེམས་ལ་སྣང་བ་ལོངས་སྐུ་དང་། གང་གི་སྲིད་པ་ཇི་སྲིད་དུ། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཞེས་གདུལ་བྱ་གང་ལ་གང་འདུལ་དུ་སྣང་བ་སྤྲུལ་སྐུ་དང་བཞིའོ། །ཡེ་ཤེས་ལྔ་ནི། ཆོས་ཉིད་ཇི་ལྟ་བ་བཞིན་མཁྱེན་པ་ཆོས་དབྱིངས་ཡེ་ཤེས། མེ་ལོང་དྭངས་པའི་གདངས་ལྟར་ཡེ་ཤེས་ཀྱི་གསལ་ཆ་མ་འགགས་ཤིང་དེར་འཛིན་མེད་པ་ཡེ་ཤེས་ཕྱི་མ་གསུམ་གྱི་འཆར་གཞིར་གྱུར་པ་མེ་ལོང་ཡེ་ཤེས་ཏེ། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །ཞེས་པ་བཞིན་ནོ། །ཤེས་བྱའི་ཆོས་ཀུན་མ་འདྲེས་སོ་སོར་མཁྱེན་པ་སོར་རྟོགས་ཡེ་ཤེས། གང་ཤར་ལ་བཟང་ངན་ཆགས་སྡང་བྲལ་བ་མཉམ་ཉིད་ཡེ་ཤེས། གཞན་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་བྱ་གྲུབ་ཡེ་ཤེས་སོ། །ཆོས་ནི། སྟོན་པའི་བསྟན་པ་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་ལུང་གི་ཆོས་སྡེ་སྣོད་གསུམ་དང་རྟོགས་པའི་ཆོས་བསླབ་པ་གསུམ་མོ། །དགེ་འདུན་ནི། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་ཏེ། །མྱ་ངན་འདས་དང་འཁོར་མི་གནས། །ཞེས་ཐེག་ཆེན་འཕགས་པའི་དགེ་འདུན་ནོ། །ཐེག་དམན་ལས་ཁྱད་པར་གསུམ་ལྡན་ཏེ། ཡུལ་གྱི་ཁྱད་པར་བཤད་མ་ཐག་པ་ལྟར་ལ། བསམ་པའི་ཁྱད་པར་ཐེག་དམན་རང་དོན་དང་། ཐེག་ཆེན་གཞན་དོན་ཡིན་ཞིང་། དུས་ཀྱི་ཁྱད་པར་ཐེག་དམན་གྱིས་ཇི་སྲིད་འཚོའི་བར་སོགས་དང་། ཐེག་པ་ཆེན་པོ་ཕྱི་ལྟར་ན་བྱང་ཆུབ་སྙིང་པོའི་ཤིང་གི་དྲུང་དུ་འདུག་གི་བར་དང་། ནང་ལྟར་ན་རིག་པ་བདེར་གཤེགས་སྙིང་པོའི་གནས་ལུགས་མངོན་དུ་མ་གྱུར་གྱི་བར་དུ་སྐྱབས་སུ་འགྲོའོ། །མཐར་ཐུག་གི་སྐྱབས་ནི་སངས་རྒྱས་གཅིག་པུ་ཡིན་ཞིང་། ལུང་རྟོགས་ཀྱི་ཆོས་ཐུགས་རྒྱུད་ན་བཞུགས་ཤིང་དགེ་འདུན་གྱི་མཐར་ཐུག་ཡིན་པས་དཀོན་མཆོག་གསུམ་གའང་ཚང་སྟེ། རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ནི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་གོ །ཞེས་གསུངས་པ་ལྟར་རོ། །ཆོས་དང་དགེ་འདུན་མཐར་ཐུག་གི་སྐྱབས་གནས་མ་ཡིན་ཏེ། སྔ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །འགོགས་ལམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་གསུངས་པ་ལྟར། འབྲས་བུའི་དུས་ལམ་གཟིངས་ལྟར་སྤང་བྱ་དང་། ལམ་བདེན་འདུས་བྱས་ཏེ་བསླུ་བའི་ཆོས་ཅན་དང་། འགོགས་བདེན་སྤང་བྱ་སྤངས་པའི་ཆ་ཙམ་ལས་མེད་པའི་ཕྱིར། དགེ་འདུན་ཡང་སྤང་རྟོགས་མཐར་མ་ཕྱིན་པས་འཇིགས་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །གནས་སྐབས་སྐྱབས་གསུམ་དུ་འཇོག་པའི་རྒྱུ་མཚན་ནི། མ་ཕམ་པས། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས་པ་ལྟར་ཐེག་ཆེན་གྱི་འབྲས་བུའི་མཐར་ཐུག་སངས་རྒྱས་དང་རང་རྒྱལ་གྱིས་རྟེན་འབྲེལ་ཟབ་མོ་བསྒོམས་པས་འབྲས་བུ་ཐོབ་པའི་ཕྱིར་འབྲས་བུའི་མཐར་ཐུག་ཆོས་སུ་འདོད། ཉན་ཐོས་ཀྱིས་རང་ལམ་གྱི་འབྲས་བུ་དགྲ་བཅོམ་ཡིན་པའི་ཕྱིར་དགེ་འདུན་མཐར་ཐུག་གི་འབྲས་བུར་འདོད་པ་དང་། མཆོག་གསུམ་སོ་སོའི་བསྙེན་བཀུར་རྟེན་བཞེངས་སོགས་བྱེད་ལས་གང་ལ་མོས་པ་དེའི་ངོར་གསུམ་དུ་བཞག་པའོ། །བཞི་པ་ལ་རྒྱུའི་སྐྱབས་སུ་འགྲོ་ཚུལ་དང་། འབྲས་བུའི་སྐྱབས་སུ་འགྲོ་ཚུལ་གཉིས་ལས། དང་པོ་ནི། སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ་བ་ལ། སྐྱབས་འགྲོའི་ངོ་བོ་དམ་བཅའ་སྟེ། བདག་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པ་པོ་སངས་རྒྱས་ཡིན་པས། དེའི་བཀའ་བཞིན་བསྒྲུབ་པར་བྱ་བསམ་སྟེ་དམ་བཅའ་བ་ནི་སངས་རྒྱས་ལ་སྟོན་པའི་ཚུལ་གྱིས་སྐྱབས་སུ་འགྲོ་བའོ། །བདག་གི་ལམ་ནི་དམ་པའི་ཆོས་ཡིན་པས་སྡེ་སྣོད་གསུམ་ནས་ཇི་ལྟར་གསུངས་པ་ལྟར་ཉམས་སུ་བླང་བར་བྱ་བསམ་པ་ནི་ཆོས་ལ་ལམ་གྱི་ཚུལ་དུ་སྐྱབས་སུ་འགྲོ་བའོ། །བདག་གི་ལམ་སྒྲུབ་པའི་གྲོགས་ནི་ཐེག་ཆེན་འཕགས་པའི་དགེ་བའི་བཤེས་གཉེན་རྣམས་ཡིན་པས་དེ་དག་གི་མཛད་སྤྱོད་རྣམ་ཐར་གྱི་རྗེས་སུ་སློབ་པར་བྱ་བསམ་སྟེ་དམ་བཅའ་བ་ནི་དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ་བའོ། །གཉིས་པ་ནི་གོང་མས་རང་རྒྱུད་ལ་དཀོན་མཆོག་གསུམ་འགྲུབ་པའི་རྐྱེན་བྱས་ནས། གཞན་དོན་དུ་སངས་རྒྱས་ཐོབ་པའི་ཆེད་དུ་ལུང་གི་ཆོས་ལ་ཐོས་བསམ་དང་རྟོགས་པའི་ཆོས་ལ་ཉམས་ལེན་བྱས་པས་རང་རྒྱུད་ལ་ཆོས་དང་དགེ་འདུན་ཞོར་ལ་འགྲུབ་ཅིང་མཐར་སངས་རྒྱས་ཐོབ་པའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། འདི་ནི་དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་བརྩེ་ལས་རིགས་བྱ། ཞེས་གསུངས་པ་ལྟར་རོ། །ལྔ་པ་བསླབ་བྱ་ལ་ཐུན་མོང་མ་ཡིན་པ་དང་། ཐུན་མོང་པ་གཉིས་ལས། དང་པོ་ལ་དགག་སྒྲུབ་ཆ་མཐུན་གསུམ་གྱི་དང་པོ་དགག་པའི་བསླབ་བྱ་ནི། མྱང་འདས་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་གསུངས་པ་ལྟར། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཁོར་བར་འཁོར་བའི་ལྷ་ལ་གཏན་གྱི་སྐྱབས་སུ་བཟུང་ནས་ཕྱག་མཆོད་མི་བྱ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་མཚན་རྨི་ལམ་དུ་ཡང་མི་བྱ་བར་ཅི་ནུས་སུ་འབད་པས་བསྲུང་། དགེ་འདུན་ལ་སྐྱབས་སུ་སོང་ནས་རང་གི་བླ་མ་དང་ཆོས་ལ་མི་དད་ཅིང་སྐུར་པ་འདེབས་པ་དང་མི་འགྲོགས། གཉིས་པ་སྒྲུབ་པའི་བསླབ་བྱ་གསུམ་ནི། པད་དཀར་ལས། སྐུ་གཟུགས་རྣམ་པ་མང་པོ་དེར་སྤྲུལ་ནས། །འགྲོ་བ་དགེ་ལ་སྤྱོད་པའི་དོན་བྱེད་དོ། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་སྐུ་རྟེན་དང་། ཐུགས་རྟེན་སཱཙྪའི་ཆག་དུམ་ཙམ་ལ་ཡང་སངས་རྒྱས་དཀོན་མཆོག་གི་འདུ་ཤེས་བཞག་སྟེ་གུས་པས་མཆོད། སྤྱི་བོས་བཏེག །ཆོས་ལ་སྐྱབས་སུ་སོང་ནས་ཆོས་ཡི་གེ་འབྲུ་གཅིག་ཡན་ཆད་ལ་ཆོས་དཀོན་མཆོག་གི་འདུ་ཤེས་བཞག་སྟེ་མ་གུས་པ་སྤང་ཞིང་གསུང་རབ་ཡི་གེ་ས་རྗེན་དུ་འཇོག་པ་དང་། འགོམ་ཡུག་དང་། གཞན་ཡང་ཡིག་ལྡེབ་བསྒྱུར་བའི་ཚེ་མཛུབ་མོ་མཆིལ་མས་བསྒོས་པ་དང་། སོ་དྲག་སོགས་ཀྱིས་མི་གཙང་བ་སྤང་སྟེ་གུས་པར་བྱེད་དགོས་ཏེ། སྙན་གྱི་གོང་རྒྱན་དུ། ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ཉིད་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་གསུངས་སོ། །དགེ་འདུན་ལ་ཡང་རབ་བྱུང་གི་རྟགས་སྐེ་རགས་སེར་པོ་བཅིང་བ་ཡན་ཆད་དང་། ཐ་ན་ལྷན་པ་དམར་སེར་ཙམ་ལ་ཡང་དགེ་འདུན་དཀོན་མཆོག་གི་འདུ་ཤེས་བཞག་སྟེ་གུས་པར་བྱེད་དགོས་སོ། །དེ་སྐད་དུ། མ་འོངས་ཐུབ་པའི་བསྟན་པ་ནུབ་པའི་ཚེ། །དམར་དང་སེར་པོའི་གོས་ཀྱི་རས་མ་ཀུན། །ལྷ་རྣམས་ཀྱིས་བསྡུས་དད་པའི་རྟེན་དུ་ཁྱེར། །རི་རབ་རྩེ་རུ་མཆོད་རྟེན་བྱེད་པར་གསུངས། །ཞེས་གསུངས་པས་སོ། །གསུམ་པ་ཆ་མཐུན་གྱི་བསླབ་བྱ་གསུམ་ནི། རང་ལ་བླང་དོར་གྱི་གནས་སྟོན་པའི་བླ་མ་དགེ་བའི་བཤེས་གཉེན་ལ་སངས་རྒྱས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་སྟེ། ཞབས་ཏོག་བསྙེན་བཀུར་ལ་འབད། དེའི་བཀའ་བསྩལ་བའི་གསུང་རྣམས་ལ་ཆོས་དཀོན་མཆོག་གི་འདུ་ཤེས་བཞག་སྟེ། ཅི་གསུང་དང་དུ་ལེན་ཞིང་གསུང་གི་ཟུར་ཙམ་ཡང་མི་བཅག །བླ་མའི་འཁོར་གྲྭ་སློབ་རྣམས་ལ་དགེ་འདུན་དངོས་ཀྱི་འདུ་ཤེས་བཞག་སྟེ་སྒོ་གསུམ་གུས་པས་བསྟེན། མི་མཉེས་པ་སྐད་ཅིག་ཙམ་ཡང་མི་བྱ་སྟེ། རྔ་བོ་ཆེའི་མདོར། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ང་ཉིད་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཐུན་མོང་བ་ནི། མངའ་རིའི་པཎ་ཆེན་གྱིས། སྲོག་དང་བྱ་དགར་དཀོན་མཆོག་གསུམ་མི་སྤང་། །དགོས་གལ་ཆེ་ཡང་ཐབས་གཞན་མི་འཚོལ་ཞིང་། །དུས་མཆོད་མི་བཅག་རང་གཞན་སྐྱབས་འགྲོར་དགོད། །གར་འགྲོའི་ཕྱོགས་ཀྱི་སངས་རྒྱས་ལ་ཕྱག་འཚལ། །ལྔ་རྣམས་ཐུན་མོང་བསླབ་བྱར་ཇོ་བོས་བཞེད། །ཅེས་སྲོག་གི་ཕྱིར་ཡང་དཀོན་མཆོག་གསུམ་མི་སྤང་བ་འཇིགས་པས་འགྲོ་བ་མ་ཡིན་པ་དང་། བྱ་དགའི་ཆེད་དུ་དཀོན་མཆོག་གསུམ་མི་སྤང་བ་འདུན་པས་འགྲོ་བ་མ་ཡིན་པ་དང་། དགྲ་ལ་བསྡོ་བའི་ཆེད་དུ་མི་སྤང་བ་ཞེ་སྡང་གིས་འགྲོ་བ་མ་ཡིན་པ་དང་། ཕྱི་རོལ་པ་སོགས་དཀོན་མཆོག་གསུམ་ལས་ཁྱད་པར་དུ་འཕགས་བསམ་པ་གཏི་མུག་གིས་འགྲོ་བ་མ་ཡིན་པ་སྟེ་བཞི་དང་། དགོས་པའི་གལ་ཇི་ལྟར་ཆེ་ཡང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལས་ཐབས་གཞན་མི་འཚོལ་བ་སྟེ་མོ་རྩིས་སྨན་སོགས་ཀྱང་དཀོན་མཆོག་གི་ཕྲིན་ལས་སུ་ཤེས་པས་འཇུག་པ་དང་། དུས་ཀྱི་མཆོད་པ་མི་བཅག་པ་སྟེ་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་དཀོན་མཆོག་མཆོད་པ་དང་། ཕན་ཡོན་ཤེས་པས་རང་སྐྱབས་སུ་འགྲོ་ཞིང་གཞན་སྐྱབས་སུ་འགྲོ་བར་གཞུག་པ་དང་། གར་འགྲོ་བའི་ཕྱོགས་ཀྱི་སངས་རྒྱས་སོགས་ལ་ཕྱག་མཆོད་བྱས་ཏེ་འགྲོ་བའོ། །དྲུག་པ་ཕན་ཡོན་ནི། སྐྱབས་སུ་སོང་བས་ཐར་པའི་ས་བོན་ཐེབས་པ་དང་། ཕྱི་ནང་སྐྱབས་འགྲོའི་ཁྱད། ཅེས་ནང་པ་སངས་རྒྱས་པའི་གྲལ་དུ་ཚུད་པ་དང་། སྐྱབས་འགྲོ་བདུན་ཅུ་པ་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པ་ལྟར་སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་དང་། གནས་སྐབས་སུ་འཇིགས་པ་ཐམས་ཅད་ལས་སྐྱོབ་ཅིང་མཐར་སངས་རྒྱས་ཐོབ་པ་སྟེ། ཉི་མའི་སྙིང་པོའི་མདོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་གྱུར་ཀྱང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་གསུངས་པ་ལྟར། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་ལས་ལྷག་པར་འགྱུར། །ཞེས་གསུངས་པ་ལྟར་མཐའ་ཡས་སོ། །བཞི་པ་སྡིག་པ་བཤགས་པའི་ཡན་ལག་ནི། སེམས་ཉིད་ངལ་གསོ་ལས། ཇི་ལྟར་ཁྲུས་ཀྱིས་སྦྱངས་པའི་རས་ཡུག་ནི། །ཚོན་གྱིས་བསྒྱུར་བས་ཁ་དོག་གསལ་བ་བཞིན། །ཞེས་པ་བཞིན། རས་སྣམ་སོགས་དྲི་ནག་མེད་པ་ལ་ཚོས་འགོ་བ་ལྟར་སྡིག་པ་དག་ན་རྒྱུད་ལ་སེམས་བསྐྱེད་སྐྱེ་བས། དེ་ལ་བཤགས་ཡུལ་མངོན་དུ་བྱ་བ་དང་བཤགས་པ་དངོས་གཉིས་ཀྱི་དང་པོ་ནི། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་ལུས་ཐལ་མོ་སྦྱར་ཏེ་ངག་གིས་ཞུ་བ་འབུལ་བ་ནི། བཤགས་པ་དངོས་ལ་སྡིག་ལྟུང་སྤྱིར་བཤགས་པ་དང་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་པ་གཉིས་ཀྱི་དང་པོ་ནི། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། ཞེས་ཐོག་མ་མེད་པའི་མཚན་ཉིད་དང་ལྡན་པའི་འཁོར་བ་ནས་འཁོར་བའི་ཚེ་བདག་གིས་མ་ཤེས་པས་སྡིག་བགྱིས་པ་དང་། བགྱིད་དུ་བསྩལ་བ་ལ་རྒྱུ་མཐུན་ཚེ་ཐུང་བ་སོགས་གསོད་པ་པོར་འབྱུང་ཡང་རྣམ་སྨིན་ངན་སོང་དུ་ལྟུང་བ་གསོད་དུ་བཞུག་པ་པོར་འབྱུང་བ་དང་། རྗེས་སུ་ཡི་རང་བགྱིས་པའི་ཉེས་པ་རྣམས་ཤེས་པར་བྱས་ནས་ཁ་ཙམ་མ་ཡིན་པས་རྒྱལ་བ་སྲས་བཅས་ལ་བཤགས་ཏེ། དེ་ཡང་ཉེས་པ་ཆེ་ཤོས་ལ་ཡོན་ཏན་གྱི་ཞིང་དཀོན་མཆོག་གསུམ་སྟེ་སངས་རྒྱས་དང་། ཆོས་དཀོན་མཆོག་ལ་བརྟེན་པ་ནི། ཆོས་ཀྱི་དཀོར་དང་། ཆོས་འཆད་པ་པོའི་ཡོ་བྱད་སོགས་བརྐུས་པ་དང་། མ་ཕམ་པས། གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། ཅེས་དང་། གྲུབ་ཐོབ་སྐྱེར་སྒང་པའི་སྐུ་ལུས་ཨཱཿདཀར་པོས་ལན་མང་ཕུག་ནས་ན་ཚ་དྲག་པོ་བྱུང་བ་བརྒྱད་སྟོང་པའི་ཚ་བ་ཡོན་བདག་གིས་དྲངས་པའི་རྣམ་སྨིན་དུ་གསུངས་པ་སོགས་དང་། དགེ་འདུན་པའི་དཀོར་ཡང་། དགེ་འདུན་གྱི་ནི་རྡོ་རྗེ་དང་འདྲའོ། །དགེ་འདུན་གྱི་ནི་དུག་དང་འདྲའོ། །དུག་ལ་ནི་གཉེན་པོ་ཡོད་ཀྱི། །དགེ་འདུན་གྱི་ནི་མ་ཡིན་ནོ། །དགེ་འདུན་གྱི་ཕྲུ་བ་སྟེ་རྫ་ཁོ་ལ་ལོངས་སྤྱོད་པས་དེ་ལྟ་བུའི་དམྱལ་བར་སྐྱེས་པའི་ལོ་རྒྱུས། ཞལ་དུ་འདུ་བའི་སྒོ་ཞེས་གསོལ་རྒྱུ་རྣམས་ཉེས་པ་ལྷག་པར་ལྕི་བ་དང་། ཕན་འདོགས་པའི་ཞིང་ཕ་མ་སོགས་དང་བླ་མ་གཞན་ཏེ་རང་ལས་ལྷག་ཚད་ལ་ཀུན་སློང་ཉོན་མོངས་པ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བའོ། །ཞེས་པ་ལས། དགེ་སློང་རང་གི་ཕ་རྒན་ལ། །མྱུར་འདོང་ཞེས་ནི་བསྐུལ་བ་ཡིས། །ཕུལ་བས་དེ་ནི་ཤི་གྱུར་ཀྱང་། །མཚམས་མེད་སྦྱོར་བ་མ་ཡིན་ནོ། ། ཞེས་གསུངས་པ་ལྟར་ཕན་སེམས་ཀྱིས་ཉེས་པ་མི་བསྐྱེད་ཅིང་། སྒོ་གསུམ་གྱི་ཉེས་སྐྱོན་སེམས་རྒྱུད་ལ་ལྕགས་ལ་བཙའ་ལྟར་ཆགས་པ་མི་བཟད་དམྱལ་སོགས་སུ་སྐྱེ་བྱེད་ཐམས་ཅད་འདྲེན་པ་རྣམས་ལ་བཤགས་སོ། །བདག་སྡིག་པ་མ་བྱང་བར་སྔོན་དུ་ཤི་བར་གྱུར་ན་མ་རུང་བས། སྡིག་པ་འདི་ལས་ངེས་པར་ཐར་པ་ཞིག་མྱུར་དུ་མཛད་པར་གསོལ་བ་གདབ་པ་སྟེ། མྱུར་བའི་ཚུལ་ཞེས་མཁས་པའི་བསྟན་བཅོས་ཀྱི་ཉམས་ལྡན་གྱི་རྒྱན་ཏེ་འགྱོད་པ་དྲག་པོ་དགོས་པའི་དོན་ནོ།། །།

གཉིས་པ་གཉེན་པོ་སྟོབས་བཞིའི་བཤགས་པ་ལས། དང་པོ་སུན་འབྱིན་པའི་སྟོབས་ནི། འགྱོད་པ་སྐྱེ་ཕྱིར་འཆི་བ་མི་རྟག་པ་བསྒོམ་དགོས་པ། ཡིད་ཆེས་མི་རུང་བའི་འཆི་བདག་འདི། རང་གི་བྱ་བའི་མགོ་བརྩམས་པ་དང་མ་བརྩམ་པ་རྩོམ་འདོད་ཡོད་པ་སྒྲུབ་ལོང་མེད་ཅིང་། ན་མི་ན་ཀུན་གློ་བུར་དུ་འཆི་བས་ཡིད་ཆེས་དཀའ་ཞིང་། ལོངས་སྤྱོད་སོགས་བོར་ཏེ་ཆས་འགྲོ་དགོས་པ་མ་ཤེས་ནས་དགྲ་གཉེན་གྱི་དོན་དུ་སྡིག་བྱས་ཀྱང་དགྲ་གཉེན་རང་དང་བཅས་པ་མེད་པར་གྱུར་ཏེ་མདང་གི་རྨི་ལམ་བཞིན་འདོད་པའི་ཡུལ་ཀུན་དྲན་པ་ཙམ་ལས་མི་མཐོང་ཞིང་། ཚེ་འདིའི་དགྲ་གཉེན་ཤི་བའི་དོན་དུ་བྱས་པའི་སྡིག་པ་རྣམས་ཀྱི་འབྲས་བུ་ད་ལྟ་ནས་གྲུབ་ཚར་བ་དགའ་བོ་དམྱལ་བར་ཁྲིད་པས་རང་སྐྱེ་གནས་དམྱལ་ཟངས་མེ་འབར་བ་མཐོང་བ་ལྟ་བུའོ། །བདག་མགྲོན་པོ་གློ་བུར་འགྲོ་རྒྱུ་ལྟ་བུ་ཡིན་པར་མ་ཤེས་ནས་ཚེ་རབས་ཀྱི་འདུག་གནས་ཡིན་པར་རློམ་ནས་དུག་གསུམ་གྱི་དབང་གིས་སྡིག་པ་བསགས་ཤིང་། ཚེ་སྐད་ཅིག་ཙམ་ཡང་མི་འཛད་པའི་དུས་མེད་པས་འཆི་ངེས། འཆི་ཚེ་གཉེན་བཤེས་ཀྱིས་བསྐོར་བཞིན་གནད་ཆད་པའི་ཚེ་གནད་གཅོད་ཀྱི་སྡུག་བསྔལ་བདག་གཅིག་པུས་མྱོང་བར་འགྱུར་ཞིང་ཐིམ་རིམ་དུས་གཤིན་རྗེའི་ཕོ་ཉས་ཞགས་ནག་སྐེར་བཞག་སྟེ་ཟིན་པའི་དུས་སུ་གཉེན་བཤེས་ཀྱིས་ཕན་པ་མེད་ཅིང་། སེམས་བསྐྱེད་དང་། སྟོང་ཉིད་སོགས་བློ་གདེངས་ཁེལ་བའི་བསོད་ནམས་ཤིག་ཡོད་ན་དེ་གཅིག་པུས་སྐྱབས་ཀྱང་། མེད་ན་ཐོས་ལོ་སྒྲུབ་ལོ་ཙམ་གྱིས་མི་འོང་ངོ་། །མགོན་པོ་ཞེས་སྡུག་བསྔལ་གྱི་འོ་དོད་བོས་ཏེ། བག་མེད་པ་བདག་གིས་གནད་གཅོད་གཤིན་རྗེའི་འཇིགས་པ་འོང་བ་མ་ཤེས་ནས་སྡིག་པ་བསགས་པ་རྣམས་ནི་དཔེར་ན་ཡན་ལག་ཙམ་གཅོད་དགོས་ཀྱང་སྔར་ལས་ཉམས་ངན་ན། གཤིན་རྗེའི་ཕོ་ཉ་མོ་ལུས་གསུམ་ཙམ་པ་གཅེར་བུ་སྟག་ཤམ་ཅན་མིག་གྲུ་གསུམ་ཤེལ་མིག །བ་སྤུ་ཁེར་སྐྱེས་ཀུར་ཤ་ལྟ་བུ། རྒྱུད་ཁྲོས་པས་བསྡིགས་པ། ཤའུ་ཞེས་བཤུག་པའི་འཐོར་རླུང་འབུད་པ་ཟངས་ལྕགས་ཀྱི་སེན་མོས་སྐྲ་ནས་དྲུད་སྙམ་པའི་ཚེ་ཉམ་ཐག་པ་སྨོས་མ་དགོས་ཤིང་། འཆི་ཁ་གནད་གཅོད་གཤིན་རྗེའི་དང་འཇིགས་རུང་བར་དོའི་འཕྲང་བཟོད་དཀའ་ངན་འགྲོའི་གཡང་གི་འཇིགས་པ་རྣམས་ལས་སུ་ཞིག་གིས་སྐྱོབ་ཅེས། སྐྱི་བུང་ཞེས་བྱེད་པ་ཞེས་མགོ་ལྤགས་ཀུན་ལྟག་པར་བསྡུས་ཏེ་མིག་ཁྲ་ཅེར་རེ་བཅིངས་པ་འགུལ་རྒྱུ་མེད་པར་ཕྱོགས་ཀུན་ཏུ་སྐྱབས་བཙལ་ཀྱང་མ་རྙེད་ཅིང་འཆི་བའི་ཐག་ཆོད་དེ་ཡིད་མུག་པར་གྱུར། འཆི་བའི་གནས་སྐབས་སུ་རྒྱལ་པོ་ལ་གདམས་པའི་མདོར་སྐྱབས་ནི་མེད་མགོན་ནི་མེད་སོགས་གསུངས་པ་ལྟར། སྐྱབས་གནས་གཞན་མེད་པ་དེའི་ཚེ་བྱ་ཐབས་བྲལ་ལོ། །རྟེན་གྱི་སྟོབས་ནི། དཔེར་ན་བདུད་བཞིའི་གཡུལ་ལས་རྒྱལ་བའི་རྒྱལ་བ་འགྲོ་བའི་སྐྱབས་མགོན་གཅིག་པུ་འགྲོ་དོན་ལ་བརྩོན་པ། སྟོབས་བཅུ་མངའ་བ་རྒྱལ་བའི་བཀའ་བཞིན་བསྒྲུབས་ན་འཇིགས་པ་སེལ་ནུས་ལ། དུས་དེ་རིང་ནས་སྐྱབས་སུ་འགྲོ་དགོས། རྒྱལ་བ་དེའི་ཐུགས་སུ་ཆུད་པའི་དམ་པའི་ཆོས་ཉམས་སུ་བླངས་ནས་འཁོར་བའི་འཇིགས་པ་ཐམས་ཅད་སེལ་ངེས་པ་ཆོས་དང་། བྱང་སེམས་འཕགས་པ་རྣམས་ལ། སངས་རྒྱས་ལ་དེ་རིང་ནས་སྐྱབས་སུ་སོང་བ་ལྟར་སྐྱབས་སུ་འགྲོའོ། །བདག་འཆི་ཁ་བར་དོ་ངན་སོང་གི་འཇིགས་པས་སྐྲག་ནས། ཉེ་སྲས་བརྒྱད་ལས་ཐུགས་བསྐྱེད་སྔ་བ་ཀུན་ཏུ་བཟང་པོ་དང་འཇམ་དཔལ་སོགས་ལ་ལུས་དབུལ་ཞིང་། ཕྱི་མཚུངས་པ་གསལ་བྱེད་ན་ཡོན་ཏན་དེ་ལྡན་ཞེས། ཕྱིའི་སྤྱོད་པས་ནང་གི་ཡོན་ཏན་སྙིང་རྗེ་ཅན་དུ་མཚོན་ནུས་པ་སྤྱན་རས་གཟིགས་ལ། ཉམས་ཐག་པའི་ངུ་ངག་གིས་འཇིགས་པ་ལས་བསྐྱབས་པར་གསོལ་བ་དང་། ལྟུང་བ་བྱུང་བ་རྣམས་ཀྱི་མཁར་བ་ལྟ་བུ་ནམ་སྙིང་སོགས་ཐུགས་རྗེ་ཆེ་བའི་མགོན་པོ་ཀུན་ལ་ཞེ་ཐག་པ་ནས་སྐྱབས་བཙལ་ཞིང་། གང་མཐོང་བ་ཙམ་གྱིས་ལས་མཁན་བྱ་ཁྱི་སོགས་སྐྲག་ནས་འཐོར་བར་བྱེད་པ་རྒྱལ་བ་རྣམས་ཀྱིས་དབང་བསྐུར་བས་དབང་རྟགས་ཀྱི་རྡོ་རྗེ་ཕྱག་ན་བསྣམས་པ་དེ་ལ་སྐྱབས་སུ་འགྲོ་སྟེ། ད་ལྟ་རྒྱལ་སྲས་རིགས་གསུམ་སེམས་དཔའ་སོགས་རང་གང་མོས་ཀྱི་ཡི་དམ་གྱི་ལྷ་གཅིག་ཆོག་མ་ཞིག་མེད་ཐབས་གཏན་ནས་མེད་པས། གང་ཡིན་དེའི་དབང་ཞུས་ལྷ་སྒོམ་སྔགས་བཟླས་ཞལ་མཚན་མི་བརྗེད་པར་འཇིགས་སྐྲག་ནམ་བྱུང་དང་མཚན་རྨི་ལམ་གྱི་དུས་སུ་ཡང་དྲན་ཐུབ་པ་ཞིག་དགོས། སྔོན་ཆད་སྐྱབས་ཡུལ་རྣམས་ཀྱི་བཀའ་ལས་འགལ་ཀྱང་འགྱེལ་སར་འཇུ་བ་ལྟར་རྒྱལ་བ་སྲས་བཅས་ལ་སྐྱབས་སུ་འགྲོ་བས་འཇིགས་པ་སོལ་ཞེས་གསོལ་བ་འདེབས་པའོ། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། གཉེན་པོར་འབད་ནུས་ཕྱིར་ཚེ་འདིར་ཉོན་མོངས་པའི་ནད་ཀྱིས་བཏབས་ཏེ་བཤགས་དགོས་པའི་རྒྱུ་མཚན་ནི་རླུང་མཁྲིས་བད་ཀན་སོགས་ཐ་མལ་གྱི་ནད་ལ་སྐྲག་པའང་སྨན་པས་ཇི་ལྟར་སྨྲས་པ་བཞིན་བྱེད་ན། ཉོན་མོངས་པའི་ནད་ཀྱིས་དུས་རྟག་ཏུ་བཏབ་པས་རང་རེ་རྒྱལ་བའི་བཀའ་ལྟར་བླང་དོར་གྱི་གནས་ལ་བག་ཡོད་པར་བྱེད་དགོས་པ་སྨོས་མ་དགོས་ཏེ། ཉོན་མོངས་སྣ་གཅིག་གིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བརླག་པར་བྱེད་ལ། དེ་གསོ་བའི་སྨན་དམ་པའི་ཆོས་ལས་གཞན་རྙེད་མི་སྲིད་ལ། ནད་དེ་ལ་སྨན་པ་ཐམས་ཅད་མཁྱེན་པ་ལུས་སེམས་གཉིས་ཀའི་ཟུག་རྔུ་རྩ་བ་ནས་འབྱིན་པ་རྒྱལ་བའི་བཀའ་ལྟར་མི་སྒྲུབ་བསམ་མཁན་དེ་ནི་ཤིན་ཏུ་གཏི་མུག་པ་དམ་པ་རྣམས་ཀྱིས་སྨད་པའི་གནས་སོ། །ངན་སྤྱོད་ཅན་ལ་གཏི་མུག་དང་། ངན་སྤྱོད་ངོ་སོར་འཁྱེར་བ་མི་གཏི་མུག་ཅན་ཞེས་གྲགས། ཕྱི་མ་ངན་སོང་གི་གཡང་ས་ལ་བསམས་ཏེ་བཤགས་དགོས་པའི་རྒྱུ་མཚན་ནི། སྐས་འགོ་སོགས་གཡང་ས་ཆུང་ངུར་བག་ཡོད་བྱེད་ན། འདི་ནས་དཔག་ཚད་ཉི་ཁྲིའི་ས་འོག་གི་དམྱལ་བར་བར་བསྐལ་གྱི་ཡུན་དུ་སྡུག་བསྔལ་བའི་གནས་སུ་ལྟུང་བའི་གཡང་ས་ལ་བག་ཡོད་བྱེད་པ་སྨོས་མི་དགོས་ལ། འཆི་བའི་གནས་སྐབས་བསམ་སྟེ་བཤགས་དགོས་པའི་ཚུལ་ནི། དེ་རིང་ཙམ་མི་འཆི་ཟེར་བདེ་བར་གནས་པ་མི་རིགས་ཏེ་ཐེ་ཚོམ་མེད་པར་བདག་མེད་པར་འགྱུར་ངེས། ཁྱོད་དེ་རིང་ཙམ་མི་འཆི་ཞེས་སངས་རྒྱས་སོགས་སུ་གང་གིས་ཀྱང་མི་འཇིགས་པ་མ་བྱིན་པས། འཆི་བ་འདི་ལས་ཇི་ལྟར་ཐར་ཏེ་ཐར་མི་སྲིད་དེ། མཚན་མོ་བཟང་པོའི་མདོར། སང་ཙམ་འཆིའམ་སུས་ཤེས་ཀྱི། །དེ་རིང་ཉིད་ཏུ་བསྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །ཁྱོད་ཉིད་བཤེས་པ་མ་ཡིན་ནོ། །ཞེས་དང་། དམ་པས། བྱ་བ་འཚགས་ནས་ཆོས་ལ་བྱེད་དུས་མེད། །དྲན་པའི་ཚེ་ན་རྒྱུག་ཤིག་དེང་རི་བ། །ཞེས་པ་ལྟར་རོ། །གདོན་མི་ཟ་བར་མེད་འགྲོ་བ་ཤེས་བཞིན་དུ་ཇི་ལྟར་བདེ་བར་འདུག་ཏེ་འདུག་མི་རིགས་སོ། །འདོད་ཡོན་ལ་ཞེན་པ་སྤང་ཕྱིར་འདི་ལྟར་བསམས་ཏེ། སྔོན་ཆད་འདོད་ལྔའི་ལོངས་སྤྱོད་མྱོང་ཚད་དེ་མ་ཐག་ཞིག་ཅིང་སྙིང་པོ་མེད་པ་ལྟར། ཕྱིན་ཆད་ཞེན་ཆགས་སྤང་མི་ཐུབ་རྒྱུའི་ཆང་སོགས་ཀྱང་མྱོང་ཙམ་གྱི་ཡུལ་ཤེས་ཕྲད་པའི་བདེ་བ་སྐད་ཅིག་མ་དེ་ལས་རྟག་ཏུ་མི་འབྲལ་རྒྱུའི་སྔར་ལས་ལྷག་པ་ཅི་ཞིག་ཡོད་དེ་མེད་པས་ན། བདག་ཤ་ཆང་སོགས་ལ་ཞེན་ནས། བླ་མའི་བཀའ་དང་འགལ་བར་བྱེད་པ་མི་རིགས་སོ། །གསོན་པའི་ཚེ་སོགས་སྤངས་ཏེ་གཅིག་པུར་འགྲོ་ཡུལ་རྒྱུས་མེད་པ་ག་ཤེད་དུ་འགྲོ་དགོས་པས་ན། དེ་དུས་མཛའ་མི་མཛའ་ཀུན་གྱིས་ཅི་བྱེད་དེ་ཕན་གནོད་གང་ཡང་མེད་ལ། ལས་མི་དགེ་བ་ལས་སྡུག་བསྔལ་འབྱུང་བས་ན་མི་དགེ་བ་དེ་ལས་ཇི་ལྟར་བྱས་ན་ངེས་པར་ཐར་པར་འགྱུར་སྲིད་སྙམ་པ་འདི་ཉིན་མཚན་ཀུན་ཏུ་འདི་གཅིག་པུ་བསམ་རིགས་སོ། །བཤགས་པ་དངོས་འདོན་རྒྱུ་ལྟ་བུ་འདི་ལྟ་སྟེ། བདག་གིས་མི་ཤེས་པའི་དབང་གིས་མི་དགེ་བ་བཅུ་ལྟ་བུ་རང་བཞིན། ཨ་པ་རྒྱ་ཞེས་པ་བོད་སྐད་དུ་མི་སྨྲ་བ་སྟེ། ལོ་ཙཱ་རྣམས་ཀྱིས་ཁ་ན་མ་ཐོ་ཞེས་བརྗོད་པ་ཁར་ཕུད་མི་ཕོད་པ་གསང་རྒྱུ་ཞིག་ལ་ཟེར། དེ་བསྲུང་ནུས་པའི་ཆེད་དུ་བཅས་པའི་སྡིག་པ་ཕྱི་དྲོའི་ཁ་ཟས་བཟའ་བ་སོགས་བསྲུང་དགོས་ཏེ། གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །སླ་བར་སེམས་ཅན་འདའ་བར་གང་བྱེད་པ། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་ཐོབ། །སྨྲིག་ཚལ་བྲེག་པས་ཨ་སྨྲའི་ཚལ་ཉམས་ལྟར། །དུད་འགྲོར་སྐྱེ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་གསུངས་པ་ལྟར། བཅས་པ་དང་རང་བཞིན་གྱི་ཉེས་པ་གང་བྱས་རྣམས། མགོན་པོ་རྒྱལ་བ་སྲས་བཅས་ཀྱི་སྤྱན་སྔར་སྦ་གསང་མེད་པར་མངོན་སུམ་དུ་བརྗོད་ཅིང་ལུས་ཐལ་མོ་སྦྱར་ཏེ་འགྱོད་པ་དྲག་པོས་སྡུག་བསྔལ་ངན་སོང་དུ་ལྟུང་བ་ལ་འཇིགས་སེམས་ཀྱིས་ཡང་ཡང་ཕྱག་འཚལ་ཏེ་སྡིག་ལྟུང་ཐམས་ཅད་བཤགས་པར་བགྱིའོ། །ཡང་དང་ཡང་ཞེས་ཉམས་ལྡན་གྱི་ཚིག་འགྱོད་པ་དྲག་པོའི་དགོས་པ་ཤེས་པའི་ཕྱིར་རོ། །འདྲེན་པ་བཤགས་ཡུལ་རྣམས་ཀྱིས་བདག་གིས་ཉེས་པ་བྱས་པ་ཡིན་པ་ཐུགས་ལ་བཟུང་བར་གསོལ་བ་བཏབ་པའོ། །སྡོམ་པའི་སྟོབས་སམ་སོར་ཆུད་པའི་སྟོབས་ནི། སྡིག་ལྟུང་འདི་རྣམས་ལེགས་པོ་མ་ཡིན་པས། སླན་ཆད་མི་བགྱིད་པར་དམ་བཅའ་བ་སྟེ། ཕྱིན་ཆད་སྡོམ་སེམས་མེད་ན་མི་འདགས་པས། །ཕྱིན་ཆད་སྲོག་ལ་བབ་ཀྱང་མི་དགེའི་ལས། །ད་ནས་མི་བགྱིད་སེམས་ལ་དམ་བཅའ་བཟུང་། །ཞེས་གསུངས་པ་ལྟར། དེ་ལྟར་བཤགས་ན་ཆོས་ཀྱི་རྒྱལ་མཚན་བསྒྲེངས་པ་དང་། བདུད་ཀྱི་རྒྱལ་མཚན་བསྙིལ་བ་ནི་གཉིས་ཏེ། ཉེས་པ་མི་འབྱུང་བ་དང་། བྱུང་ཡང་བཤགས་པས་དག་པར་བྱེད་པའོ། །དེ་ལྟར་ཡང་། བཤེས་སྤྲིང་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ཡང་། །ཕྱི་ནས་བག་དང་ལྡན་པར་གྱུར་པ་ན། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམས་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་པ་ལྟར་རོ། །གསུམ་པ་བྱང་སེམས་ཡོངས་བཟུང་གི་ལེའུ་ལ། སྦྱོར་བ་སྔོན་དུ་འགྲོ་བའི་ཆོས། །དངོས་གཞི་དམ་བཅའ་བ། མཇུག་རང་གཞན་དགའ་བ་སྒོམ་པ་གསུམ་ལས། དང་པོ་ལ་ཡང་ཚོགས་བསགས་པ་དང་བློ་སྦྱང་བ་གཉིས་ལས། དང་པོ་ལ་ཚོགས་བསགས་ཡན་ལག་བདུན་ཀྱི་སྔ་མ་གསུམ་ལེའུ་གཉིས་པའི་སྐབས་སུ་བཤད་ཟིན་ལ། འདིར་རྗེས་སུ་ཡི་རང་བ། ཆོས་འཁོར་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། དགེ་རྩ་གཞན་དོན་དུ་བསྔོ་བའི་ཡན་ལག་སྟེ་བཞི་ལས། དང་པོ་རྗེས་སུ་ཡི་རང་གི་ཡན་ལག་ལ་སྐྱེས་བུ་ཆུང་ངུའི་བསོད་ནམས་ཆ་མཐུན་གྱི་དགེ་བ་ལ་རྒྱུ་འབྲས་གཉིས་ལས། རྒྱུ་ལ་རྗེས་སུ་ཡི་རང་བསྒོམ་པ་ནི། སེམས་ཅན་ཐམས་ཅད་ཀྱི་ངན་སོང་གི་སྡུག་བསྔལ་ལས་ངལ་གསོ་བ་ལྟ་བུ་ལྷ་མིའི་བདེ་འབྲས་ཐོབ་བྱེད་ངེས་འབྱུང་དང་བྱང་སེམས་ཀྱིས་མ་ཟིན་པའི་དགེ་བ་སྒྲུབ་པ་དང་། འབྲས་བུ་ལ་ཡི་རང་བསྒོམ་པ་ནི། སྡུག་བསྔལ་གྱི་སྡུག་བསྔལ་ཅན་ངན་སོང་གསུམ་ལས་ཐར་ཏེ་གནས་སྐབས་ལྷ་མའི་བདེ་འབྲས་ལ་སྤྱོད་པ་ལ་ཕྲག་དོག་གི་བསམ་པ་སྤངས་ཏེ། རྗེས་སུ་ཡི་རང་སྒོམ་པ་དང་། སྐྱེས་བུ་འབྲིང་གི་ཐེག་དམན་ཐར་པ་ཆ་མཐུན་སྟེ་ངེས་འབྱུང་གི་བསམ་པས་ཟིན་ཞིང་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པའི་དགེ་རྩ་སྒྲུབ་པ་རྒྱུ་དང་། ཉན་རང་གི་བྱང་ཆུབ་ཐོབ་ཟིན་འབྲས་བུ་སྟེ་དེ་དག་ལ་རྗེས་སུ་ཡི་རང་སྒོམ་པ་དང་། སྐྱེས་བུ་ཆེན་པོའི་ཐེག་ཆེན་ཐར་པ་ཆ་མཐུན་ལ་རྒྱུ་འབྲས་གཉིས་ལས། འབྲས་བུ་ལ་མཐར་ཐུག་གི་འབྲས་བུ་བྱང་ཆུབ་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། གནས་སྐབས་ཀྱི་འབྲས་བུ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ས་ལ་རྗེས་སུ་ཡི་རང་སྒོམ་པ་དང་། རྒྱུ་ལ་རྗེས་སུ་ཡི་རང་བསྒོམ་པ་ནི། བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སྦྱོར་བ་ཕར་ཕྱིན་དྲུག་གི་ལག་ལེན་གྱིས་སེམས་ཅན་ལ་ཕན་པར་མཛད་པ་ལ་ཕྲག་དོག་དང་འགྲན་སེམས་སྤངས་ཏེ་རྗེས་སུ་ཡི་རང་གི་དགའ་བ་སྒོམ་པའོ། །སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་གཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་གསུངས་པ་ལྟར། ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རང་སྒོམ་པ་འདི་ནི་ང་རྒྱལ་དང་ངོམ་ཆོས་སུ་མི་འགྲོ་ཞིང་ཚེགས་ཆུང་ལ་བསོད་ནམས་རྒྱ་ཆེན་པོ་མྱུར་དུ་འགྲུབ་པའི་མན་ངག་ཡིན་པས་གཞན་གྱི་དགེ་རྩ་མཐོང་ཐོས་གང་ཡོད་ལ་བསྒོམ་པར་བྱའོ། །གཉིས་པ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི། སྔོན་བདག་ཅག་གི་སྟོན་པས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། །ཞེས་གསུངས་ཏེ་ཆོས་མི་གསུང་བའི་ཚུལ་གནང་ཚེ། ཚང་རིས་ཀྱི་ལྷ་རྣམས་ཀྱིས་འདི་ལྟར་ཞུས་ཏེ། ཀྱེ་མ་འདུ་བྱེད་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེ་ཞིང་འཇིག་པར་འགྱུར་བས་ན། །དེ་བས་ཡང་སྲིད་མེད་པ་བདེ། །ཞེས་སོགས་ཆོས་ཚིག་བཞི་རེ་རེའི་ཆེད་དུ་སྐུ་ལུས་ལ་ལྕགས་ཀྱི་གཟེར་བུ་སྟོང་བཏབ་པ་དང་། སྐུ་ལུས་ལ་ཤའི་ཀོང་བུ་སྟོང་བྲུས་ཏེ་མར་མེ་བཅས་པ་སོགས་ཀྱི་ལོ་རྒྱུས་ཞུས་ཏེ། དེ་ལྟར་དཀའ་བ་དཔག་ཏུ་མེད་པས་བསྒྲུབས་ཏེ། དམ་པའི་ཆོས་ཀྱི་མཛོད་བརྙེས་པའི་དུས་སུ་ཆོས་ཀྱི་འཁོར་ལོ་ཅིའི་ཕྱིར་མི་བསྐོར་ཞེས་དང་ཚངས་པས་གསེར་འཁོར་རྩིབས་སྟོང་དང་། བརྒྱ་བྱིན་གྱིས་དུང་དཀར་གཡས་སུ་འཁྱིལ་བ་སོགས་ཕུལ་ཏེ་ཆོས་འཁོར་བསྐོར་བར་གསོལ་བར་བཏབ་པས། ཚངས་པ་མ་གྷ་དྷཱ་ཡི་སེམས་ཅན་རྣམས། །རྣ་བར་ལྡན་ཞིང་དད་དང་ཤེས་རབ་ལྡན། །མི་འཚེ་འདུ་ཤེས་རྟག་ཏུ་ཆོས་ཉན་པ། །དེ་དག་རྣམས་ལ་བདུད་རྩིའི་སྒོ་དབྱེའོ། །ཞེས་གསུངས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལྟར། ཕྱོགས་བཅུ་ན་རྒྱལ་བ་རྣམས་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་མི་གསུངས་པར་བཞུགས་པ་རྣམས་རྣམ་མཁྱེན་གྱི་ཐུགས་ཀྱིས་དགོངས། ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས། རྫུ་འཕྲུལ་གྱི་སྙན་གྱིས་གསན་བདག་ལ་དེ་དག་ལྐོག་ཏུ་གྱུར་ཀྱང་དེ་དག་ལ་བདག་ལྐོག་ཏུ་མ་གྱུར་པས་བདག་གིས་ལུས་ཐལ་མོ་སྦྱར་ཏེ་ཞུ་བ་འབུལ་བ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་བླང་དོར་གྱི་གནས་ལ་རྨོངས་པ་གཏི་མུག་གི་མུན་པ་སྟུག་པོར་འཐོམས་པ་རྣམས་ལ་དམ་པ་ཆོས་ཀྱི་སྒྲོན་མེ་སྦར་བར་གསོལ་བ་ཏབ་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་ཞལ་གྱིས་བཞེས་པར་བསམ་པའོ། །གསུམ་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་ནི། སྔོན་བདག་ཅག་གི་སྟོན་པར་དགེ་བསྙེན་ཙུན་ཏས་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པས་སྐུ་ཚེ་ཟླ་བ་གསུམ་དུ་བསྲིང་པ་ལྟར་ཕྱོགས་བཅུའི་ཞིང་ན་རྒྱལ་བ་རྣམས་མཛད་པ་གཞན་ཐམས་ཅད་མཐར་ཕྱིན་ཏེ་ཐ་མ་མྱ་ངན་ལས་འདའ་བར་བཞེད་པ་རྣམས་ལ་ལུས་ཐལ་མོ་སྦྱར་ཏེ་ཞུ་བ་ནི། འགྲོ་བ་འདི་རྣམས་ལོང་བའི་གནས་སུ་མི་བཀོད་པར་བསྐལ་བརྒྱའི་བར་དུ་བཞུགས་པར་གསོལ་བའོ། །ཆོས་འཁོར་བསྐོར་བ་དང་མྱ་ངན་ལས་མི་འདའ་བར་ཞལ་གྱིས་བཞེས་པར་བསམ་དགོས། བཞི་པ་དགེ་རྩ་གཞན་དོན་དུ་བསྔོ་བའི་ཡན་ལག་ལ། སེམས་བསྐྱེད་ཀྱི་སྔོན་དུ་སྙིང་རྗེ་བསྒོམས་ཏེ་བློ་སྦྱང་དགོས་པས། སྙིང་རྗེ་བསྒོམ་པ་དང་བསྔོ་བ་ཆབ་གཅིག་ཏུ་བྱེད་པ་ནི། དེ་ལྟར་གོང་དུ་བཤད་པ་ཡན་ལག་བདུན་པོ་འདི་ཀུན་བྱས་པའི་དགེ་བ་དེས་སྤྱིར་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མཐའ་དག་བསལ་བར་སྨོན་པ་དང་། བྱེ་བྲག་ཏུ་འགྲོ་བ་ནད་པ་རྣམས་ལ་ནད་མ་སོས་ཀྱི་བར་དུ། སྔོན་རྒྱལ་པོ་པདྨ་ལྟར་སྨན་དང་། ཁྱེའུ་ཆུ་འབེབས་ལྟར་སྨན་པ་དང་བདག་ཅག་གི་སྟོན་པས་དགེ་སློང་ནད་པའི་ལུས་མི་གཙང་བས་གོས་པ་སྨྱུག་མས་བྲད་ཅིང་སྟན་བརྗེ་བ་སོགས་མཛད་ཅིང་། ནད་གཡོག་བྱེད་དགོས་པར་བཅས་པ་མཛད། ནད་པའི་རིམ་གྲོ་བྱ་བ་སྤོངས། གསུངས་པ་ལྟར། ནད་གཡོག་བྱེད་པར་སྨོན་པའོ། །ཟས་དང་བཏུང་བའི་ཆར་པ་ཕབ་སྟེ་སེམས་ཅན་རྣམས་ཀྱི་བཀྲེས་སྐོམ་གྱི་གནོད་པ་བསལ་བ་དང་། སྐྱེ་དགུའི་ཚེ་ལོ་བརྒྱ་ཉི་ཤུ་ཐུབ་པའི་དུས་སུ་སངས་རྒྱས་བྱོན་ཞིང་ད་ལྟ་ཚེ་ཚད་གྱ་ལྔ་ཙམ་རེ་ལོ་བརྒྱ་ཡི་མཚམས་ན་ལོ་རེ་ཕྲི་བས་ཚེ་ལོ་བཅུ་པའི་དུས་སུ་མི་རྣམས་ཀྱི་ངན་སྤྱོད་མི་དགེ་བའི་ལས་བྱས་པས་ལྷ་རྣམས་ཕམ་ཞིང་ལྷ་མིན་རྒྱལ་བས། ལྷ་མིན་འཁྲུགས་པའི་ཁ་རླངས་ལས་ནད་སྤྲིན་དམར་པོ་དེ་ལས་རྟ་བླ་དམར་པོ་ལྟ་བུའི་འབུ་སྣ་ནས་ཞུགས་ཏེ་གཉན་རིགས་བཅོ་བརྒྱད་སོགས་འབྱུང་ཞིང་། ལྷས་ཆར་མ་ཕབ་པས། ནས་སོགས་སྣོད་ཁ་སྲ་བ་ལ་བཅུག་སྟེ་ཁ་ལྕགས་(གཟེར་)བཏབ་པ་གབ་ཚེ་བ་ཞེས་ཕྱིན་ཆད་ཆར་རེ་འབབ་སྲིད་ན་ས་བོན་དགོས་སྙམ་པ་དང་། ཐུར་མས་ཚོལ་བ་རུས་གོང་དཀར་པོ་རྣམས་འབྱུང་བ་མུ་གེའི་བསྐལ་པ་བར་སྐབས་སུ་འབྱུང་བའི་དུས་བདག་ཟས་དང་སྐོམ་དུ་འགྱུར་བ་དང་། དབུལ་ཕོངས་རྣམས་ཀྱི་སྔོན་དུ་བདག་ཡོ་བྱད་མཁོ་དགུ་འཛད་མེད་དུ་གྱུར་ནས་ལོངས་སྤྱོད་ཕྱིར་བསྔོ་བ་དང་། གཉིས་པ་བློ་སྦྱོང་བ་ནི། བྱང་ཆུབ་ཀྱི་སེམས་ཀྱི་ཉེ་བ་ལེན་པའི་རྒྱུ་སྟེ། རང་འདོད་ཀྱི་འཁྲི་བ་མ་བཅད་ན། གཞན་ཕན་གྱི་བསམ་པ་མི་སྐྱེ་བའོ། །བློ་སྦྱོང་བ་གལ་ཆེ་བས་དེ་ལ་ཡང་བློ་སྦྱོང་བ་དངོས། དེའི་འཐད་པ་དགོད་པ། ལུས་བྱེ་བྲག་ཏུ་གཏོང་བ། བློ་སྦྱོང་གི་འབྲས་བུ་སེམས་ཅན་ལ་བསྔོ་བ་དང་བཞི་ལས་དང་པོ། ཇི་སྐད་དུ། སེམས་ཅན་ཁམས་ནི་དཔག་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །གཞན་ཕན་ལས་ལ་མཐུ་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཞེས་གསུངས་པ་ལྟར། བདག་ཏུ་འཛིན་པའི་གཞི་གསུམ་བཏང་སྟེ་བློ་སྦྱོང་བ་སྟེ་ལས་དང་པོ་བས་དངོས་སུ་མི་གཏོང་སྟེ། མི་ནུས་དེར་བརྩོན་དེ་ཡི་གཟུགས་བརྙན་ཡིན། ཞེས་གསུངས་པ་ལྟར་རོ། །བློས་གཏོང་བ་ནི་རང་གི་ལུས་དང་ལོངས་སྤྱོད་དང་དུས་གསུམ་གྱི་དགེ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེ་ཐག་པ་ནས་གཏོང་བར་བྱ་ཞིང་གཞི་གསུམ་པོ་དེ་གཞན་ལ་བྱིན་ཟིན་པས་ན་ད་ནི་རང་ལ་སྦྱིན་འབྲས་ཀྱི་དགེ་བ་ཡང་མེད་པར་བསམ་ཏེ་རང་རྒྱུད་ལ་བརྟགས་ཚེ་བློ་བདེ་འབོལ་ལེ་སོང་ན་བཞག་ལ། བདག་འཛིན་ནམ་སྐྱེས་ཀྱི་དུས་སུ་བློ་དེ་བཙན་ཐབས་སུ་བཅད་དེ། ལུས་དང་སོགས་བཏོན་ཏེ་གཏོང་སེམས་སྒོམ་ཞིང་ཕཊ་བརྗོད་དམ་མ་བརྗོད་ཀྱང་ཆོག །གཅོད་པ་རྣམས་ལ་ཡང་འདི་ལས་ལྷག་པ་བསྒོམ་རྒྱུ་མེད། བསྲུང་ཞིག་སྐྱོབས་ཤིག་བརྒྱ་བས། ཟོ་ཞིག་ཁྱེར་ཅིག་གཅིག་གིས་དགའ་ཡང་། གཏོང་ལོག་མི་བྱ་གསུངས་པའི་ནད་གདོན་སོགས་ལ་ཕན་དུ་རེ་ནས་སྦྱིན་པ་སྤངས་ཏེ་གཞན་ལ་ཕན་པ་ཁོ་ནའི་ཆེད་དུ་གཏོང་བར་བྱའོ། །གཉིས་པ་དེའི་འཐད་པ་དགོད་པ་ནི། ཅུང་ཟད་བདག་ཏུ་བཟུང་ཡང་སྡུག་བསྔལ་གྱི་རྒྱུར་འགྱུར་ཏེ། ས་ར་ཧས། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། །ནམ་ཡང་སྡུག་བསྔལ་འབའ་ཞིག་བསྐྱེད་པར་ཟད། །ཅེས་པ་ལྟ་བུ་དང་བདག་བློས་མྱང་འདས་འདོད་ཅིང་སྒྲུབ་ལ། ལུས་སོགས་བདག་ཏུ་མ་བཟུང་བར་བཏང་བས་བྲལ་འབྲས་མྱང་འདས་འཐོབ་པ་དང་། ད་ལྟར་བློས་མ་བཏང་ཡང་ལུས་སོགས་མཐར་ངེས་པར་གཏོང་བར་འགྱུར་བས་དེས་ན་ད་ལྟ་སེམས་ཅན་ལ་བློས་བཏང་ན་མཆོག་ཡིན་པས་ཀྱང་གཏོང་བར་འཐད་དོ། །


གསུམ་པ་ལུས་བྱེ་བྲག་ཏུ་གཏོང་བ་ནི། ཚིག་གིས་བཀྲོལ་ཏེ་བདག་གིས་སེམས་ཅན་ཀུན་ལ་ལུས་འདི་གང་འདོད་དུ་བྱིན་ཟིན་པས། བདག་གསོད་སྨོད་བརྡེག་སོགས་ཅི་འདོད་བྱེད་ཆོག ། བདག་ལུས་ལ་རྩེད་བྱེད་དེ་རྐང་ལག་ནས་དྲུད་པ་དང་། ཅོ་འདྲི་ཞེས་སྤོ་རྩོང་ཅི་ཟེར་བལྟ་བ་སོགས། ག་ཞ་གད་མོ་དགོད་པའི་མིང་། ཞེས་ཁ་སྣ་གཅིག་ལ་རིགས་འདུག་ཟེར་བ་དང་འཕྱ་སྨོད་སོགས་ཅི་བྱེད་ཀྱང་བདག་གིས་ལུས་འདི་སེམས་ཅན་རྣམས་ལ་བྱིན་ཚར་བས། ལུས་འདིའི་དོན་བསྒྲུབ་སྟེ་ཅི་བྱ། སྲོག་གཅོད་རོགས་སོགས་སྦྱིན་ཡུལ་ལ་གནོད་པའི་ལས་བཅོལ་ཡང་མི་སྒྲུབ། གཞན་ལས་གང་ཡང་ལུས་འདིར་བྱེད་དུ་ཆུག །བདག་ལ་དམིགས་ནས་ཆོས་དང་ཟང་ཟིང་གང་འདོད་འགྲུབ་པ་དང་མཐོང་ཐོས་དྲན་རེག་སོགས་དོན་དང་ལྡན་པ་དང་། བདག་ལ་དམིགས་ཏེ་ཁྲོས་པ་ཡང་ཉེས་པར་མི་འགྱུར་བ་དང་། ཁྲོ་དད་ཀྱི་བསམ་པ་བསྐྱེད་པས་རྟག་ཏུ་དོན་ཀུན་འགྲུབ་པ་དང་། ཁ་ཟེར་ཞེས་མངོན་དུ་སྨོད་པ་དང་། རྐུ་འཕྲོག་སོགས་གནོད་པ་དང་། ལྐོག་ནས་འཕྱ་བ་སོགས་ཐམས་ཅད་བྱང་ཆུབ་གསུམ་གང་རུང་དང་ལྡན་པར་བསྔོ་བའོ། ཡབ་སྲས་མཇལ་བའི་མདོར་གང་གིས་བདག་ལ་སོགས་གསུངས་པ་ལྟར་རོ། །

བཞི་པ་བློ་སྦྱོང་གི་འབྲས་བུ་སེམས་ཅན་ལ་བསྔོ་བ་ནི། བདག་སེམས་ཅན་ཁས་ཞན་དབང་ཆུང་མགོན་མེད་པས་ཉམས་ཐག་པ་རྣམས་ཀྱི་མགོན་དང་། ཚོང་པ་ལམ་ཞུགས་རྣམས་ཀྱི་དེད་དཔོན་དང་། ཆུ་ཆེན་པོ་ལ་གཟིངས་དང་འབྲིང་པོ་ལ་གྲུ། ཆུང་ངུར་ཟམ་པར་གྱུར་ནས་སྒྲོལ་བ་དང་། དྭི་པ་ཞེས་པ་གླིང་དང་མར་མེ་ལ་འཇུག་ཅིང་། རྒྱ་གཞུང་ལ་ཚིག་རྐང་བཞི་ཤ་སྟག་ཡིན་པའི་དབང་དུ་བྱས་ནས་མར་མེ་མེད་པ་ཡང་ཡོད། ཡུན་རིང་རྒྱ་མཚོའི་ཆུ་དབུས་ནས་སོང་བས་སྐྱོ་ནས་གླིང་འདོད་པ་རྣམས་ལ་གླིང་དང་། ཡི་གེ་སོགས་མཚན་མོ་བལྟ་འདོད་དང་རྟག་ཏུ་མུན་གླིང་དུ་གནས་པ་རྣམས་ལ་མར་མེ་དང་འདུག་པའི་གནས་དང་ཉལ་སའི་མལ་འདོད་པ་ལ་གནས་དང་མལ་བཟང་པོ་དང་། སེམས་ཅན་ནད་པ་རྒན་པོ་སོགས་བྲན་ཁོལ་འདོད་པ་ལ་བྲན་དང་། གླིང་བཞི་སོགས་ལ་གང་འདོད་ཀྱི་ཆར་འབེབས་ནུས་པ་ཡིད་བཞིན་གྱི་ནོར་བུ་དང་། བྱིན་རླབས་བུམ་པ་བཟང་པོའི་དངོས་གྲུབ་དང་འདྲ་ཞིང་། བུམ་པ་བཟང་པོ་དང་། རིག་སྔགས་ཀྱིས་སྨན་བསྒྲུབ་པ་གཏོར་བས་ཀུན་གྱིས་གྲུབ་པ་ཐོབ་པ་དང་། ཚེ་ཉི་ཟླ་ལྟ་བུ་སོགས་དང་། དུས་མིན་མེ་ཏོག་ལྡན་ཞིང་བྱིན་གྱིས་རློབ། ཅེས་པ་ལྟར་དང་། ལྷ་སྔགས་སོགས་གྲུབ་པ་དང་སྨན་མཆོག་རྒྱལ་པོ་ཨ་རུ་ར་རྣམ་རྒྱལ་རོ་དྲུག་ནུས་པ་བརྒྱད། ཡོན་ཏན་བཅུ་བདུན་རྫོགས་པ་སོགས་དང་། འཚོ་བྱེད་གཞོན་ནུས་སྦྱར་བ་མཐོང་རེག་ཀུན་གྱི་ནད་སེལ་བ་ལྟ་བུ་སྨན་དང་། བློས་ཇི་ལྟར་དཔག་པ་ལྟར་འབྱུང་བ་དཔག་བསམ་ཤིང་དང་། ཇི་འདོད་ཀྱི་འོ་མ་འབྱུང་བ་འདོད་འཇོའི་བ་དང་། དེ་དག་ཀྱང་དཔེར་ས་འདི་ཀུན་གྱི་རྟེན་དང་ཆུས་བཏུང་བ་མེས་མི་འཇིག་པར་སྡུད་པ། རླུང་གིས་སྲོག་གསོན་པ། ནམ་མཁས་གོ་འབྱེད་པ་ལྟར། བདག་སེམས་ཅན་དཔག་ཏུ་མེད་པའི་ཟས་གོས་སོགས་རྣམ་མང་ཉེ་བར་འཚོ་བའི་རྒྱུར་འགྱུར་ཕྱིར་བསྔོ་བ་སྟེ་ཁྱབ་པ་རྒྱ་ཆེ་བའི་སྨོན་ལམ་དང་། དེ་བཞིན་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཀུན་ལ་དུས་རྣམ་པ་ཀུན་ཏུ། སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པའི་གོ་འཕང་མ་ཐོབ་ཀྱི་བར་ཏུ། བདག་ཉེ་བར་འཚོ་བའི་རྒྱུར་འགྱུར་བར་སྨོན་པའོ། །འདི་ནི་གནས་པ་རྒྱུན་རིང་བའི་སྨོན་ལམ་མོ། །གཉིས་པ་དངོས་གཞི་དམ་བཅའ་བ་ནི། སྤྱིར་སེམས་བསྐྱེད་ལ་རྒྱལ་པོ་ལྟ་བུ་འདོད་ཆེ་བའི་སེམས་བསྐྱེད། བྱམས་མགོན་སོགས་མཉན་པ་ལྟ་བུ་ཡེ་ཤེས་དམ་པའི་སེམས་བསྐྱེད། རྫི་བོ་ལྟ་བུ་དཔེ་མེད་པའི་སེམས་བསྐྱེད། རྗེ་བཙུན་འཇམ་དབྱངས་ལྟ་བུ་གསུམ་ལས་གང་ལྟར་ཡིན་ཀྱང་ཆོག་ཅིང་། དང་པོ་དགོངས་སུ་གསོལ་བ་གསུམ་གྱིས་སད་བྱས་ནས། ཞེས་སངས་རྒྱས་བྱང་སེམས་རྣམས་ལ་སྙན་གསན་ཕབ་སྟེ་བླ་མ་ལས་ལེན་ན་སློབ་དཔོན་དགོངས་སུ་གསོལ་ཞེས་བརྗོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ་ཞེས་པ་སྔགས་ལུགས་ཡིན་ཀྱང་དབང་ཐོབ་ཕྱིར་འདོན་རུང་། དེ་ལྟར་དགོངས་གསོལ་སྔོན་དུ་འགྲོ་བས་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ཏེ། སྐྱབས་སེམས་སྦྲེལ་ཏེ་འདོན་པ་ད་ལྟའི་བླ་མ་རྣམས་ཀྱི་ཕྱག་ལེན་ལྟར་ལེན་ཅིང་། དེ་ལྟར་ཇི་ལྟར་སྔོན་གྱི་སོགས་ཏེ་སོ་བྱང་སྔགས་གསུམ་གའི་སྡོམ་པ་ལེན་ཚེ་སྔོན་གྱི་དཔེ་ལྟར་ལེན་པ་མཚུངས་ཤིང་། དེ་ཡང་འདིར། སྔོན་བདག་ཅག་གི་སྟོན་པ་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ་ཤཱཀྱ་ཐུབ་པ་ཆེན་པོའི་མདུན་དུ་རྫའི་བུམ་པ་འཇམ་གྱིས་བཀང་པ་མེ་ལོང་གིས་ཁ་བརྒྱན་པ་ཞིག་ཕུལ་ཏེ་སེམས་བསྐྱེད་པ་དང་། སངས་རྒྱས་སྤྱན་ཆེན་པོའི་མདུན་དུ་དགེ་སློང་མི་འཁྲུགས་པས་ཐུགས་བསྐྱེད་པ་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའི་བསླབ་བྱ་ཕར་ཕྱིན་དྲུག་ལ་རྒྱལ་བ་དེ་དག་གིས་ལམ་དུས་སུ་རིམ་བཞིན་བསླབ་པ་ལྟར་དུ། བདག་གིས་ཀྱང་འགྲོ་བ་ཐམས་ཅད་ལ་ཕན་པའི་དོན་དུ། སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བྱང་སེམས་ཀྱི་བསླབ་བྱ་ཕར་ཕྱིན་དྲུག་ལ་བློ་ནུས་དང་བསྟུན་པར་བསླབ་པར་བྱ་ཞེས་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་ལྟར་ཡང་བསླབ་བཏུས་སུ། བསླབ་པ་རང་ཉིད་ཀྱི་སྟོབས་དང་སྦྱར་ཏེ་བླངས་བར་བྱ་སྟེ། ཞེས་གསུངས་པ་ལྟར་རོ། །རིམ་པ་བཞིན་དུ་ཞེས་པ་འདིར་ས་སྐྱ་པ་རྣམས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལ། བྱང་སེམས་དབང་རྣོན་གྱིས་བསླབ་བཏུས་སུ་གསུངས་པའི་རྩ་ལྟུང་བཅོ་བརྒྱད་པོ་ཡོངས་རྫོགས་བསྲུང་དགོས་ཤིང་། དབང་འབྲིང་གིས་བྱང་ཆུབ་སེམས་ནི་ཡོངས་འདོར་དང་། སོགས་རྩ་ལྟུང་བཞི་བསྲུང་བས་ཆོག་ལ། ལས་དང་པོ་བས་སྨོན་སེམས་མི་འདོར་བ་གཅིག་པོ་བསྲུང་བས་ཆོག་པས་དེ་ལྟར་བསླབ་པར་བཞེད། ཁ་ཅིག་ཚོགས་ལམ་དུ་མི་དགེ་བཅུ་སྤངས་སོགས་ཉེས་སྤྱོད་སྡོམ་པ་དང་། སྦྱོར་ལམ་དུ་དགེ་བ་ཆོས་སྡུད་ཕར་ཕྱིན་དྲུག་ལ་སློབ་པ་དང་། འཕགས་ལམ་དུ་སྦྱིན་མཚུངས་དེ་སྟོན་ལེན་འཇུག་དང་ཞེས་པ་ལྟར་བསྡུ་དངོས་བཞིའི་སེམས་ཅན་དོན་བྱེད་ཀྱིས་ཚུལ་ཁྲིམས་ལ་བསླབ་པར་གསུངས། རྗེ་ཡབ་སྲས་ཀྱིས། ཚོད་མ་ལ་སོགས་སྦྱིན་པ་ལ། སོགས་གསུངས་པ་ལྟར། ལས་དང་པོ་པའི་དུས་སུ་དངོས་པོ་དམན་པ་སྔོ་ཚོད་སོགས་སྦྱིན་ནུས་པ་བྱིན་པས་མཐར་གོམས་པའི་ཚེ་ལུས་ཀྱང་གཏོང་ནུས་པས་དེས་ན་བློའི་ནུས་པ་དང་བསྟུན་ནས་བསླབ་པ་ལ་གསུངས་པར་བཞེད། རྩ་ལྟུང་ཐམས་ཅད་ལས་དང་པོ་བས་ཀྱང་བསྲུང་དགོས་པར་གསུངས། ཀྲིས་ཎ་པཎྜི་ཏ། དགྲ་ལས་རྣམ་རྒྱལ། ནག་པོ་པས་སྤྱོད་འཇུག་དཀའ་འགྲེལ་སོགས་སུ་སྨོན་སེམས་སོ་སོར་ཚིག་བཞིས་ལེན་ཆོག་པར་གསུངས། སྔོ་ཆོག་ལན་གསུམ་བརྗོད་པ་སོ་ཐར་ལ་སྐྱབས་བརྗོད་བདག་བརྗོད་གཞན་བརྗོད་དེ་ལས་བརྗོད་པ་གསུམ་གྱི་ཐ་མ་ལ་སོར་སྡོམ་ཐོབ་པ་བཞིན་འདིར་ཐོབ་མཚམས་བརྗོད་པ་གསུམ་གྱི་མཐའ་ལའོ། །གསུངས་པ་ལྟར་ཐ་མའི་ཚེ་སྡོམ་པ་ཐོབ་པ་ཡིན་ནོ། །དང་པོས་སྨོན་པ་གཉིས་པས་འཇུག་པ་གསུམ་པས་དེ་ཉིད་བརྟན་པར་བྱས་པ་སོགས་འདིར་མི་འཐད་པར་གསུངས། གསུམ་པ་མཇུག་རང་གཞན་དགའ་བ་སྒོམ་པ་གཉིས་ལས་དང་པོ་རང་དགའ་བ་བསྒོམ་པ་ནི། དེ་ལྟར་སོགས་སྔ་འགྲེལ་ལ་མཚམས་སྦྱོར་གྱི་ངག་ཞེས་ཚིག་གོང་མའི་དོན་བསྡུས་ཏེ་འགབ་མ་འགྲེལ་དགོས་སོ། །མཚམས་སྦྱོར་ཡིག་ཆུང་འདི་བཏོན་མ་བཏོན་འདྲ། དེ་ལྟར་བློ་ལྡན་བྱང་སེམས་ཀྱིས། སེམས་དྭངས་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་བཟུང་ནས། དེ་ལ་སྦྱོར་དངོས་མཇུག་གསུམ་ཚང་དགོས་པས་དེས་ན་མཇུག་མཐར་ཕྱིན་པའི་ཆེད་དུ་སེམས་འདི་ལྟར་གཟེང་བསྟོད། མཇུག་ཆོག་དངོས་ནི། དེ་དག་གི་དུས་འདིར་བདག་གི་ཚེ་འདི་ཡང་འབྲས་བུ་ཡོད་པར་གྱུར་ཏེ། ལེགས་ན་ཐར་པའི་གྲུ་གཟིངས་ལུས་འདི་ཡིན། །ཉེས་ན་འཁོར་བའི་གཏིང་རྡོ་ལུས་འདི་ཡིན། །ཞེས་པ་ལྟར། མིའི་སྐྱེ་བ་ལེགས་པར་ཐོབ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་དེ་རིང་ནས་བཟུང་སངས་རྒྱས་ཀྱི་རིགས་སུ་སྐྱེས་ཤིང་སྲས་སུ་གྱུར་པས། ད་ནི་ཅི་ནས་ཀྱང་ཐེག་ཆེན་བརྒྱུད་པའི་བླ་མ་ཐམས་ཅད་སྐྱོན་མེད་དེ་རྒྱུད་ལ་རྩ་ལྟུང་གིས་མ་གོས་ཤིང་བཙུན་པའི་རིགས་ཏེ་ཐེག་དམན་གྱི་སེམས་མ་བསྐྱེད་པར་གོང་མའི་རྗེས་སུ་བསླབ་པར་བྱའོ། ། བྱང་ཆུབ་ཀྱི་སེམས་རྙེད་དཀའ་བའི་ཚུལ་ཡང་དཔེར་ན་ལོང་བས་ཕྱག་དར་གྱི་ཁྲོད་ནས་རིན་ཆེན་ལོན་པ་ལྟར། དེ་བཞིན་དུ་ཇི་ཞིག་ལྟར་ན་སྟེས་དབང་ཙམ་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བདག་རྒྱུད་ལ་སྐྱེས་པ་འདི་ནི་འགྲོ་བ་ཐམས་ཅད་ཀྱི་འཆི་བདག་གི་བདུད་འཇོམས་པའི་བདུད་རྩི་སྟེ། ཤི་འགྲོ་བ་ལ་བདུད་དེ་འཇོམས་པ་ལ་རྩི་སྟེ་དེ་ཡང་ལྷ་མིའི་བདུད་རྩིའི་ལོ་གྲངས་ཉི་ཚེའི་འཆི་བ་ཙམ་ལས་འཇོམས་མི་ནུས་ཀྱང་། རྒྱུད་བླ་མ་ལས། འཆི་མེད་ཞི་བའི་གནས་ཐོབ་ལ། །ཤི་བདུད་རྒྱུ་བ་མེད་པའི་ཕྱིར། །ཅེས་པ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སངས་རྒྱས་ཐོབ་ཚེ་གཏན་དུ་འཆི་མི་དགོས་ཤིང་། ད་ལྟ་ཡང་དུས་མིན་འཆི་བ་བཟློག་པས་ན་བདུད་རྩི་མཆོག་དང་། ས་བརྒྱད་པར་ཡོ་བྱད་ལ་དབང་བས་འགྲོ་བའི་དབུལ་བ་སེལ་བའི་མི་ཟད་པའི་གཏེར་ཡང་བྱང་ཆུབ་ཀྱི་སེམས་འདི་ཡིན་ཞིང་། འགྲོ་བའི་ལུས་སེམས་ཀྱི་ནད་ཞི་བར་བྱེད་པའི་སྨན་གྱི་མཆོག་ཡིན་པ་དང་། སྲིད་པའི་ལམ་འདིར་འཁྱམས་ཤིང་དུབ་པའི་འགྲོ་བ་རྣམས་ལ་བྱང་སེམས་ཀྱི་ལམ་ཤེས་པས་ཉན་ཐོས་ཀྱི་ལམ་བསྟན་ཏེ། ངལ་གསོ་བའི་གནས་ཤིང་ལྗོན་པའི་བསིལ་གྲིབ་ལྟ་བུ་ཉན་རང་གི་འབྲས་བུ་ལ་བཀོད་པའང་ཡིན་ཞིང་། འགྲོ་རྣམས་བསོད་ནམས་ཆ་མཐུན་གྱི་འབྲས་བུ་ངན་འགྲོ་ལས་བསྒྲལ་ཏེ་ལྷ་མའི་བདེ་འབྲས་ལ་བཀོད་པ་སྤྱིའི་སྟེགས་བུ་ཞེས་བྱ་མལ་ཁྲི་ལྟ་བུ་ཡིན་པ་དང་། འགྲོ་བའི་ཉོན་སྒྲིབ་ཀྱི་ཚ་གདུང་སེལ་བའི། བྱང་ཆུབ་ཀྱི་སེམས་ནི་ཟླ་འོད་བསིལ་བ་ལྟ་བུ་དང་། འགྲོ་བའི་ཤེས་སྒྲིབ་ཀྱི་རབ་རིབ་སེལ་བའི་ཉི་མ་ཆེན་པོ་སྟེ་སྟོང་གསུམ་ཅིག་ཅར་དུ་གསལ་བའི་ཉི་འོད་ལྟ་བུ་དང་། འོ་མ་ལས་མར་གྱི་སྙིང་ཁུ་ཕྱུང་བ་བཞིན། དམ་པའི་ཆོས་ཐམས་ཅད་ཀྱི་ཡང་སྙིང་ཡིན་པ་དང་། འགྲོ་བའི་འགྲོན་པོ་སྲིད་པའི་ལམ་དུ་རྒྱུ་ཞིང་། བདེ་བའི་ལོངས་སྤྱོད་འདོད་པ་རྣམས་ལ། བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཀྱི་སེམས་ཀྱི་མཐུས་འགྲོ་བ་ཐམས་ཅད་ཀྱི་སྔོན་དུ་ཉེ་བར་གནས་ཏེ། མགྲོན་ཚན་ཏེ་གཏན་དུ་སྡོད་སར་ཐོན་རྒྱུ་མེད་པའི་འགྲོ་བ་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་བདེ་བས་ཚིམ་པར་བྱེད་པ་ཡང་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་ནོ། །གཉིས་པ་གཞན་དགའ་བ་བསྒོམ་དུ་གཞུག་པ་ནི། བཤད་གཞི་སྔོན་དུ་བླང་བ། སྙན་ངག་པའི་གསལ་བྱེད་ཀྱི་ངག་སྟེ། མགྲོན་དུ་འབོད་པ་ཡིན། སུས་འབོད་ན་བདག་གིས། ནམ་འབོད་ཅེ་ན་དེ་རིང་། འབོད་ཚུལ་སྐྱོབ་པ་ཐམས་ཅད་ཀྱི་སྤྱན་སྔར་དེ་དག་དཔང་པོར་བཞག་སྟེ། སུ་འབོད་ན་འགྲོ་བ་བོས་ཏེ་ཅི་སྦྱིན་ན་བདེ་བར་གཤེགས་པའི་བདེ་བ་བླ་ན་མེད་པ་དང་། དེ་ཚུན་ལ་འཕྲལ་གྱི་བདེ་བ་ཀུན་སྦྱིན་པས་ན། གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་སོགས་ལྷ་དང་ལྷ་མིན་དང་དཀར་ཕྱོགས་ཀྱི་འབྱུང་པོ་ཀུན་ལ་དགའ་བ་བསྒོམ་དུ་བཅུག་པས་རྗེས་སུ་ཡི་རང་གི་ཕན་ཡོན་གྱི་དགེ་བའི་བགོ་སྐལ་ཐོབ་པ་དང་། གཙང་རིས་ཀྱི་ལྷ་རྣམས་སེམས་བསྐྱེད་ཀྱི་དཔང་པོར་བཞག་པས་རང་གི་ངོ་ཚ་དང་ཁྲེལ་ཡོད་ཀྱི་རྟེན་དུ་འགྱུར་བའི་དགོས་པ་ཡོད་དོ། །ནཱ་མོ་མ་ཧཱ་ཀ་རུ་ཎི་ཀ་ཡེ། ལེའུ་བཅུ་པ་མཇུག་བསྔོ་བ་སྨོན་ལམ་གྱི་ལེའུ་བཤད་པ་ནི། བྱམས་སྙིང་རྗེའི་སྒོ་ནས་བློ་སྦྱོང་བ་དང་བསྔོ་བ་ཆབས་ཅིག་ཏུ་བྱེད་པ་ཡིན་པས་དེ་ནི། མདོ་རྒྱན་ལས། དེ་ཡི་རྩ་བའི་སྙིང་རྗེར་འདོད། །སྙིང་རྗེའི་ཆུ་བ་བྱམས་པ་སྟེ། །ཞེས་གསུངས་པ་ལྟར། དཔེར་ན་ས་འོག་ན་ཆུ་བ་ཞེས་རྩ་རྒྱུས་ལྟ་བུ་ནས་ཆུའི་རླན་དྲངས་ཏེ་སྡོང་པོའི་རྩ་བ་ནས་ཞུགས་ཏེ་དེའི་ཡལ་ག་ལོ་འདབ་རྒྱས་པ་ལྟར། སེམས་ཅན་རྣམས་ལ་ཡིད་འོང་གི་བྱམས་པ་སྐྱེས་ན་སྡུག་བསྔལ་དང་འབྲལ་འདོད་ཀྱི་སྙིང་རྗེ་སྐྱེ་བས་དེས་བྱང་ཆུབ་ཀྱི་སེམས་རྒྱས་པར་བྱེད་པ་ཡིན་ཞིང་། སྙིང་རྗེ་མ་སྐྱེས་ན་སྟོང་ཉིད་ཐོས་བསམ་གྱིས་གཏན་ལ་ཕབ་ཀྱང་གོ་མི་ནུས། ས་ར་ཧ་པའི་དོ་ཧ་ལས་ཀྱང་། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ལྟ་བ། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ། །ཞེས་དང་། ལར་སྒོམ་སྟོང་ཉིད་ཀྱི་ཏིང་འཛིན་རྒྱུད་ལ་སྐྱེ་དཀའ། རྒྱུད་ལ་སྐྱེས་སམ་མ་སྐྱེས་ཤེས་དཀའ། སྙིང་རྗེ་བསྒོམ་ན་དེ་སྐྱེས་མ་སྐྱེས་ཤེས། སྐྱེས་ན་ཕྱག་རྫོགས་ཀྱི་ལྟ་བ་རྒྱུད་ལ་སྐྱེ་ངེས་པ། བླ་མ་དྷརྨ་རཀྵཱའི་ཏ་ལྟ་བུ་དང་། ལྟ་བ་རྣམ་དག་རྒྱུད་ལ་སྐྱེ་བའི་གེགས་སྡིག་སྒྲིབ་འདག་པ་དང་ཡི་དམ་ལྷའི་ཞལ་མཐོང་བ་འཕགས་པ་ཐོགས་མེད་ལྟ་བུའོ། །ཏིང་ངེ་འཛིན་རྒྱུད་ལ་མ་སྐྱེས་ཀྱང་སྙིང་རྗེ་སྐད་ཅིག་མ་ཞིག་སྐྱེས་ཀྱང་ཕན་ཡོན་བསམ་ལས་འདས་ཤིང་ཆོས་ཡང་དག་པར་སྡུད་པའི་མདོ་ལས། ཇི་སྐད་དུ། བྱང་ཆུབ་སེམས་དཔས་ཆོས་མང་པོ་ལ་བསླབ་པར་མི་བྱ་སྟེ་གཅིག་ལ་བསླབ་པར་བྱ་སྟེ་རྩ་བ་སྙིང་རྗེ་ཆེན་པོའོ་ཞེས་གསུངས་པ་དང་། །སྔོན་པུ་ཏོ་བས་ཁྲོམ་ཚོགས་པ་སྟོང་ཕྲག་མང་པོར་ཆོས་བསྟན་པ་དང་། དགོན་པ་བས་བསྒོམ་མཛད། ཕུ་ཆུང་བས་རྟེན་གསུམ་བཞེངས། ཁམས་པ་ལུང་པས་གྲོག་སྟོང་སྟེ་ཆུ་མེད་ཀྱི་ལུང་པ་རེར་སོང་ནས་བཤུམ་པ་འབའ་ཞིག་མཛད་པ་ལ་བསྔགས་བརྗོད་ལྷག་པར་མཛད་པ་སོགས་ལ་བསམས་ནས། དཔེ་ཆ་ཕྱི་ཡི་ཡུལ་གྱིས་ཆོག །སྣ་ཚོགས་ཐར་པའི་ལམ་དཔེ་ཡིན། །ཞེས་གསུངས་པ་ལྟར། དྲན་པ་ཉེར་བཞག་ཏུ་རྒྱུ་འབྲས་ཀྱི་རྣམ་དབྱེ་གསུངས་པ་རྣམས་ཤེས་པར་བྱས་ནས། གཞན་སེམས་ཅན་རྣམས་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ལ་སྦྱོང་བ་རྣམས་ལ་བྱམས་སྙིང་རྗེ་སྤེལ་བར་བསྒོམ་ཏེ་བསྔོ་བ་ལ། དང་པོ་བསྔོ་དགོས་པའི་རྒྱུ་མཚན་ནི། བློ་གྲོས་རྒྱ་མཚོས་ཞུས་པའི་ལུང་དོན་ལྟར། །ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྟུང་། །རྒྱ་མཚོ་མ་སྐམ་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་དང་། དྭགས་པོས་བསྔོ་བ་མི་ཟད་ལམ་ཡིན་ཏེ། །སྤེལ་དང་བསྒྱུར་བའི་ཆོས་ཅན་ཡིན། །ཞེས་དང་། ཚོགས་གཉིས་ཡིད་བཞིན་གྱི་ནོར་བུ་ལ། སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པ་ལྟར། དེ་ལྟར་བསྔོ་བ་ཡང་འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པ་གལ་ཆེ་ཡང་། བསྔོ་བ་དུག་མེད་དགོས་ཏེ་སོ་སོའི་སྐྱེ་བོའི་ས་འདིར་དཀའ་བས། སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས་ཇི་ལྟར་བསྔོས་པ་དེ་ལྟར་བསྔོས་ན་འཁོར་གསུམ་ཡོངས་སུ་དག་གི་བསྔོ་བའི་གོ་ཆོད་པས་ལྟུང་བཤགས་དང་བཟང་སྤྱོད་སོགས་ནས་གསུངས་པ་ལྟར་བསྔོས་པས་དགེ་བ་འཛད་པའི་རྒྱུ་བཞི་སོགས་ཀྱིས་མི་འཛད་ཅིང་མང་པོར་སྤེལ་བ་དང་བྱང་ཆུབ་ཆེན་པོར་བསྒྱུར་བ་ལ་སོགས་པའོ། །དགེ་བ་འཛད་པའི་རྒྱུ་བཞི་ནི། མ་བསྔོས་པ་དང་ལོག་པར་བསྔོས། །གཞན་ལ་བགྲངས་དང་འགྱོད་པ་བསྐྱེད། །ཞེས་སོ་ཇི་ལྟར་བསྔོ་བའི་ཚུལ་ནི། བླ་མ་རྣམས་དང་རྒྱལ་བ་སྲས་བཅས་བསྔོ་བའི་དཔང་པོ་དང་། སྨོན་ལམ་གྱི་མཐུན་གྱུར་མཛད་ཕྱིར་རྣམ་མཁྱེན་གྱི་ཐུགས་ཀྱིས་དགོངས། རྫུ་འཕྲུལ་གྱི་སྙན་གྱིས་གསན། ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པའི་མདུན་དུ་བསྔོ་བ་སྟེ། བསྔོ་ཞེས་སྦྱིན་པའི་དོན་ནོ། །དེ་ལ་དང་པོ་བསྔོ་བ་བསྡུས་ཏེ་བསྟན་པ་ནི། བདག་གིས་སོགས་ཏེ། སུས་བསྔོ་ན། བདག་གིས། གང་བསྔོ་ན་སྔོན་སློབ་དཔོན་གྱིས་བསྟན་བཅོས་བརྩམས་པའི་དགེ་བ་དང་། རང་རེ་རྣམས་ཀྱིས་སེམས་བསྐྱེད་ཀྱིས་ཟིན་པའི་དགེ་རྩ་གང་བསྒྲུབས་བྱང་སེམས་ཀྱི་སྤྱོད་པ་ལ་འཇུག་པ་རྣམ་པར་བརྩམས་པ་ཡིན་ཞིང་། བསྔོ་ཡུལ་སེམས་ཅན་ཐམས་ཅད་ལ། ཆེད་དུ་བྱ་བ་ཐེག་ཆེན་སྤྱིའི་འབྲས་བུ་རྫོགས་བྱང་གི་ཆེད་དུ་བསྔོ་བ་དང་། འདིར་ལམ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་པའི་རྒྱུར་བསྔོ་བ་གཉིས་དོན་གཅིག་ཏུ་ངེས་སོ། །གཉིས་པ་རྒྱས་བཤད་ལ་གསུམ་ལས་དང་པོ་གཞན་དོན་ཕན་དང་བདེ་བའི་རྒྱུར་བསྔོ་བ་ལའང་གཉིས་ཏེ། དང་པོ་དམན་པ་སྡུག་བསྔལ་དང་བྲལ་བར་བསྔོ་བ་ལ་སྤྱི་དང་བྱེ་བྲག་གཉིས་ཀྱི་དང་པོ་ཁམས་གསུམ་སྤྱི་ལ་ཁྱབ་པའི་སྡུག་བསྔལ་དང་བྲལ་བར་བསྔོ་བ་ནི། ཕྱོགས་རྣམས་སོགས་ཏེ། དང་པོ་སྡུག་བསྔལ་གྱི་སྡུག་བསྔལ་ཞེས་པ་ཕྱོགས་བཅུ་ན་ལུས་སྡུག་བསྔལ་གྱི་ནད་དང་སེམས་མྱ་ངན་གྱིས་གདུང་བའི་སེམས་ཅན་ཇི་སྙེད་ཡོད་པ་རྣམས། བདག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཐོས་བསམ་སྒོམ་གསུམ་གྱིས་ཞུགས་པའི་བསོད་ནམས་དགེ་བའི་མཐུས་དུས་ད་ལྟ་ཉིད་དུ་མྱུར་བ་ཉིད་དུ་སྐད་ཅིག་ཐང་ཅིག་ཡུད་ཙམ་འདི་ཉིད་ལ་སེམས་ཅན་དེ་དག་རྒྱུ་མི་དགེ་བ་དང་འབྲས་བུ་སྡུག་བསྔལ་གཉིས་དང་བྲལ་བར་གྱུར་ཅིག །བྲལ་ན་ཅི་མ་རུང་། བྲལ་བ་ཞིག་བདག་གིས་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་དཀོན་མཆོག་གསུམ་གྱིས་བྱིན་གྱིས་རློབས་ཤིག །ཅེས་བསམ་ཤིང་བརྗོད་པས། རྒྱལ་བ་སྲས་བཅས་ཀྱི་གསུང་ཚངས་པའི་དབྱངས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་ཅེས་མཐུན་གྱུར་མཛད་པས་སྡུག་བསྔལ་རྣམས་དང་བྲལ་སོང་བར་བསམས་ཤིང་། དེ་ལྟར་བྲལ་བར་གྱུར་ན་བདག་ལ་སྙིང་རྗེ་བསྒོམས་པའི་ཕན་ཡོན་མེད་ཀྱང་སླ་སྙམ་པའི་བསམ་པ་སྐྱེས་ན་བློ་འབྱོངས་པ་ཡིན་ཏེ་དེ་ནི་སྡུག་བསྔལ་རྣམས་དང་བྲལ་འདོད་ཀྱི་སྙིང་རྗེ་ཡིན་ཞིང་། གོང་བཞིན་བདག་གི་དགེ་བས་སེམས་ཅན་དེ་རྣམས་ཀྱི་ལུས་ལ་བདེ་བ་དང་སེམས་ལ་དགའ་བ་རྒྱ་མཚོ་སྟེ་མཐའ་ཡས་པ་ཐོབ་པར་གྱུར་ཅིག་ཅེས་ཐོབ་ཕྱིར་སྨོན་ལམ་སོགས་གོང་ལྟར་བསམ་ཞིང་བརྗོད་པས་གྲུབ་པར་བསམ་པ་ནི་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་ཡིན་ཏེ། དེ་ལྟར་བསྒོམས་པས་སེམས་རྒོད་པར་གྱུར་ན་སྙིང་རྗེ་བསྒོམ་ཞིང་། སྙིང་རྗེ་བསྒོམས་པས་སེམས་སྐྱོ་བར་གྱུར་ནས་སྙིང་རླུང་ལངས་ན་དམིགས་རྣམ་བརྗེས་ནས་བྱམས་པ་སྒོམ་པ་སོགས་བྱིང་རྒོད་ཀྱི་སྐྱོན་སེལ་བའི་ཐབས་ལ་མཁས་པར་བྱའོ། །གཉིས་པ་འགྱུར་བའི་སྡུག་བསྔལ་དང་བྲལ་བར་བསྔོ་བ་ནི། སྔར་བཞིན་བདག་གི་དགེ་མཐུས། གནས་སྐབས་ཀྱི་བདེ་བ་དང་ལྡན་པའི་སེམས་ཅན་རྣམས་བདེ་བ་དེ་དང་མི་འབྲལ་བར་གྱུར་ཅིག་སོགས་བརྗོད་ཅིང་སྙིང་རྗེ་དང་བྱམས་པ་སྒོམ་ཚུལ་སྔ་མ་ལྟར་རོ། །གསུམ་པ་ནི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་ཡོད་པ་དེ་སྲིད་དུ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་མི་འབྲལ་བས་ཟག་བཅས་ཉེར་ལེན་གྱི་ཕུང་པོའི་བདེན་ཞེན་གྱི་འཆིང་བ་ཐམས་ཅད་བཅད་ནས། ཟག་མེད་མི་གནས་པའི་མྱང་འདས་ཀྱི་བདེ་བ་དང་ལྡན་འདོད་ཀྱི་དམིགས་རྣམ་བསྒོམས་ཏེ་གོང་ལྟར་བསྔོ། དེ་ལྟར་རྒྱུ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་ཚུལ་བསམ་ཏེ་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་དང་། འཁོར་བ་འདིར་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཚུལ་ཤེས་པར་བྱས་ནས་འཁོར་བར་ཞེན་ལོག་གི་ངེས་འབྱུང་དང་། སྡུག་བསྔལ་གྱིས་མནར་བའི་སེམས་ཅན་དེ་རྣམས་རང་གི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པར་བསམ་ན་གཞན་ཕན་དོན་གཉེར་གྱི་བློ་འབྱོངས་པས་སྐྱེས་བུ་གསུམ་གྱི་ལམ་འདིར་ཚང་བ་ཡིན་ནོ། །གཉིས་པ་འགྲོ་དྲུག་སོ་སོའི་སྡུག་བསྔལ་བྱེ་བྲག་དང་བྲལ་བར་བསྔོ་བའི་དང་པོ་དམྱལ་བར་སྐྱེ་བའི་རྒྱུ་ཞེ་སྡང་སོགས་དང་འབྲས་བུ་དམྱལ་ཁམས་བཅོ་བརྒྱད་ཀྱི་སྡུག་བསྔལ་ལ་སྤྱོད་པ་རྣམས་བདག་གི་དགེ་བའི་མཐུས་བདེ་བ་ཅན་གྱི་ཞིང་གི་བཀོད་པ་སྟེ། ཆོས་ཀྱི་རྒྱལ་པོ་སྣང་མཐའི་སྐུ་དང་། གཤིན་རྗེའི་སྐྱེས་བུ་རྣམས་ཉེ་སྲས་བརྒྱད་སོགས། དམྱལ་གནས་སེམས་ཅན་ཀུན་ཀྱང་ལྷ་ལུས་མཚན་དཔེས་བརྒྱན་པར་འགྱུར་བ་དང་འབྲས་བུ་དང་། རྒྱུ་འོད་དཔག་མེད་ཀྱི་མཚན་བརྗོད་པ་དང་། དགེ་བ་གང་བསྒྲུབས་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་བསྔོ་ཞིང་། སྨོན་ལམ་འདེབས་པ་དང་། ཞིང་ཡིད་ལ་བྱེད་པ་སོགས་སྐྱེ་བའི་རྒྱུ་སྒྲུབ་ཕྱིར་གོང་ལྟར་བསྔོ་བ་བྱའོ། །གྲང་དམྱལ་དུ་སྐྱེ་བའི་རྒྱུ་ཆོས་ཀྱི་གདོང་དར་ལེན་པ་དང་། ཆོས་སྤང་སོགས་ཆོས་ལ་བརྟེན་པ་དང་། ཕ་མ་སོགས་དང་གཞན་གྱི་གོས་བཤུས་པས་གྲང་དམྱལ་དུ་སྐྱེས་ཚེ་སྤྱི་མཐུན་གནས་དེའི་གཞི་ཁོར་ཡུག་ཐམས་ཅད་གངས་རི་དང་ཆབ་རོམ་གྱི་ཁྲོད་ཕྱོགས་བཞིའི་བུ་ཡུག་ཁ་འཐབ་པའི་བར་དུ་མུན་ནག་གི་ནང་ན་ལུས་གྲང་བས་ཆུ་བུར་བྱུང་བ་དེ་རྡོལ་བས་རྨར་སོང་བ། སོ་འཚིར་བས་སོ་ཐམ་ཐམ་པ། སྨྲེ་སྔགས་འདོན་པས་ཨ་ཆུ་ཆུའི་སྐད་ཀྱི་གདང་ཆག་པས་ཤུགས་རིང་གིས་ཀྱི་ཧུད་འདོན་པ། ཕྱི་ལྤགས་སྔོན་པོར་སོང་སྟེ་བཞི་ཚལ་དུ་གས་པ། ཤ་འུ་དམར་པོ་ཕྱིར་ཐོན་ཏེ་བརྒྱད་ཚལ་སོགས་སུ་གས་པ་དང་། དེ་ཡང་དམར་ནག་ཏུ་གྱུར་ཏེ་མང་པོར་གས་པའི་རྨ་ནང་དུ་སྲིན་བུ་ལྕགས་ཀྱི་མཆུ་ཅན་མང་པོ་ཞུགས་ནས་ཟ་བ་པདྨ་དང་པདྨ་ཆེན་པོ་ལྟར་གས་པའོ། །ཚེ་ཚད་མ་གྷ་དྷའི་གྲེ་ཞེས་ཟོ་ཆེན་ཙམ་དེའི་བརྒྱད་ཅུ་ཏིལ་གྱིས་ཕྱུར་བུར་བཀང་བ་ལས་ལོ་བརྒྱའི་མཚམས་ནས་ཏིལ་རེ་བླངས་པས་ཏིལ་ཀུན་ཟད་ཚེ་ཆུ་བུར་ཅན་གྱི་གནས་ནས་འཕོ་རན་པ་ཡིན་ཞིང་དེ་ལས་ཉི་ཤུའི་འགྱུར་གྱིས་ལྷག་མ་རྣམས་ཚེ་ཚད་རིམ་པར་འཕེལ་ལོ། །དེར་ཕ་མ་དང་མཛའ་བཤེས་སོགས་སྐྱེས་པར་བསམ་པ་དང་གྲང་བའི་དུས་གཅེར་བུར་བསྡད་དེ་སྒོམ་པ་སོགས་ཐབས་ཚུལ་གང་དྲག་གིས་སྙིང་རྗེའི་དམིགས་རྣམ་སྦྱངས་པ་དང་། བདག་གི་དགེ་བའི་སྟོབས་ཀྱིས་ཉི་མའི་དཀྱིལ་འཁོར་ནམ་མཁའ་ཤར་བའི་འོད་ཀྱིས་གྲང་དམྱལ་གྱི་གཞི་ཁོར་ཡུག་གི་གངས་རི་ཆབ་རོམ་ལྷག་མེད་དུ་ཞི་ཞིང་ལྷ་ཡུལ་ལྟ་བུར་གྱུར་ནས་ལུས་ལ་ལྷའི་གོས་དྲོ་འཇམ་ཡང་བའི་བདེ་བ་འབྱུང་བ་དང་། དེ་ལྟ་བུའི་རྒྱུ་རྟེན་གསུམ་ལ་ཞལ་ཁེབས་ཕུལ་བ་ཉམ་ཐག་རྣམས་ལ་གོས་སྦྱིན་པ་སོགས་ཀྱི་དགེ་བ་ལ་བརྩོན་པར་གྱུར་ཅིག་བསམ་སྟེ་བྱམས་པ་སྒོམ་པ་སོགས་སྡུག་བསྔལ་འོག་མ་རྣམས་ཡང་རིགས་འགྲེ་ཤེས་པར་བྱའོ། །རྒྱུ་ཞེ་སྡང་གི་འབྲས་བུ་ཚ་དམྱལ་རྣམས་ནི་གཞི་དང་ཁོར་ཡུག་ཐམས་ཅད་ལྕགས་བསྲེགས་ཀྱི་རང་བཞིན་ལ་མེ་ལྕེ་གྲུ་གང་ལྷབ་ལྷབ་ཏུ་འབར་བ། མེ་སྟག་གི་ཚ་ཚ་ཐོར་རོ་རོ་འཕྲོ་བའི་དབུས་ན་ཉམ་ཐག་པ་རྣམས་ལ། བྱང་སེམས་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་རྫུ་འཕྲུལ་གྱི་སྟོབས་ཀྱིས་ནམ་མཁར་སྤྲིན་ནག་འཁྲིགས་པ་ལས་ཆར་རྒྱུན་བབས་པས་ཚ་བའི་སྡུག་བསྔལ་དང་བྲལ་ནས་བསིལ་བའི་བདེ་བ་ལྡན་པར་བསམ། རལ་གྲི་ལོ་མའི་ནགས་ཚལ་ནི། གྲིས་སེམས་ཅན་བསད་ཅིང་བཤའ་གཏུབ་བྱས་པ་དང་། མནར་མེད་ཀྱི་ལས་ཀྱི་ལྷག་མ་སྟེ། རྒྱང་རིང་པོ་ནས་ནགས་ཚལ་སྔོན་པོ་མཐོང་བའི་གྲིབ་མ་བསྙེགས་ཏེ་བྱིན་པ་ཁྱི་སྲེ་བོ་སོགས་ཀྱི་དེད་པས་སྡོང་པོ་རལ་གྲི་སོ་གཉིས་སྐྱེས་པས་ལུས་བཅད་གཏུབ་སྡུག་བསྔལ་དང་བྲལ་ནས་གྲོང་ཁྱེར་བལྟ་ན་སྡུག་གི་ཤར་ན་ཤིང་རྟ་སྣ་ཚོགས་ཀྱི་ཚལ། ལྷོ་ན་འདྲེས་པའི་ཚལ། ནུབ་ན་དགའ་བའི་ཚལ་སོགས་སུ་བྱ་རིགས་སྣ་ཚོགས་སྙན་པའི་ཅ་ཅོ་སྒྲོགས་ཤིང་ལེགས་པའི་མེ་ཏོག་ཞིམ་པའི་ཤིང་འབྲས་སོགས་ལ་སྤྱོད་པ་དང་། ལྷ་ཡུལ་ལྷའི་བུ་མོ་སོགས་ཀྱི་རྩེ་དགའི་བདེ་བ་དང་ལྡན་ཕྱིར་བསྔོ་བ་དང་། ཕ་མ་ལྷག་སྦྲུམ་མ་ཉིན་མོ་འདོད་ལོག་དང་། སྲེག་གཅོད་རྣམས་ཀྱི་འབྲས་བུར། རི་ཤལ་མ་རིར་ཤིང་ཤལ་མ་ལི་ཞེས་པ་ལྕགས་ཀྱི་ཚེར་མ་སོར་བཅུ་དྲུག་པའི་དྲུང་དུ། ཁྱི་སྲེ་བོ་རི་ཙམ་པ་སྐད་འབྲུག་ལྟར་ཆེ་བ་རྔ་མ་སོག་ལེ་ལྟ་བུས་དེད་ནས་བྲང་འོག་ནས་ཚེར་མས་ཕུག་པ། མགོ་ནས་རྐང་པའི་བར་གྱི་བཟའ་བ་སྲོག་གཅོད་ཀྱི་འབྲས་བུ་དང་། འདོད་ལོག་གིས་རི་དང་ཤིང་རྩེར་སྔར་དགའ་གདུང་ཡོད་པའི་གྲོགས་དེས་འབོད་པར་མཐོང་ནས་ཕྱིན་པས་ལུས་ཚེར་མས་འབིགས་ཤིང་ཝ་དང་བྱ་རྒོད་སོགས་ཀྱིས་མིག་ཚིལ་འབྲུ། རྩེར་ལྕགས་ཀྱི་སྐྱེས་པ་དང་བུད་མེད་སོགས་ཀྱིས་འཁྱུད་ཅིང་བསྡམས་པས་གློ་སྙིང་ཁར་ཐོན་པ་དང་། མགོ་བོ་ཁར་བཅུག་སྟེ་བལྡད་པས་འགྲམ་ཕུག་གཉིས་ནས་ཀླད་པ་སྐྱ་ཙིར་གྱིས་འོང་ཞིང་། ཡང་རྩ་བ་ནས་འབོད་པ་སོགས་སྔར་ལྟར་རོ། །དེ་དང་བྲལ་ནས་བྱང་ཤར་ཡོང་འདུ་ས་བརྟོལ་གྱི་ལྗོན་པ་སོགས་ཀྱི་ལོ་མ་ལས་དར་ཟབ་ཀྱི་གོས་འབྲས་བུ་རིན་པོ་ཆེའི་རྒྱན་ཆ་ཞིམ་པའི་ཤིང་ཐོག །ལྷའི་བདུད་རྩིའི་རྒྱུན་ལོ་མ་ནས་འབབ་པ་སོགས་ལ་ལོངས་སྤྱོད་ཕྱིར་བསྔོ་བ་དང་། རྒྱུའི་གཙོ་བོ་འདོད་ཆགས་དང་མནར་མེད་ནས་ཐར་པས་རྒྱང་རིང་པོ་ནས་ཆུ་ཀླུང་མཐོང་སྟེ་དགའ་བས་ཕྱིན་པ་དང་རོ་རུལ་བའི་འདམ་དྲི་ཤིན་ཏུ་ང་བའི་ནང་དུ་མགོའི་བར་ནུབ་ཅིང་སྲིན་བུ་ལྕགས་ཀྱི་མཆུ་རྣོན་ཅན་རྣམས་ཀྱིས་སྙིང་གི་བར་བཟའ་བར་བྱེད་པ་དང་། གཙོ་བོ་ཞེ་སྡང་དང་མནར་མེད་ཀྱི་ལས་སྲབ་པས་གྲིབ་མ་ནག་ངམ་མེ་བའི་འོབ་མཐོང་ནས་ཕྱིན་པས་འདག་མེ་འབར་བའི་འོབ་ཏུ་ཚུད་པའོ། །སྡུག་བསྔལ་དེ་དག་གི་རྒྱུ་ཆགས་སྡང་གཉིས་དང་འབྲས་བུ་སྡུག་བསྔལ་དང་བྲལ་ནས་དྭངས་ཤིང་བསིལ་བའི་མཚོ་མཐར་སྨན་སྣ་ལྔ་དྲི་བསུང་ལྡན་པས་ཁྱབ་པ་ལ་གསེར་གྱི་སྦྲང་མ་གཡུའི་ཐིག་ལེ་བཀྲ་བ་འཁོར་ཞིང་། མཐིང་རིལ་སོགས་བྱ་རིགས་ཁྱོ་ཤུག་དགའ་བའི་འཕུར་ལྡིང་གཡོ་བ། སྙན་པའི་ཅ་ཅོ་སྒྲོགས་པ་སོགས་ཀྱིས་ཉམས་དགའ་བའི་བདེ་བ་དང་ལྡན་ཕྱིར་བསྔོ་བ་དང་། རྒྱུ་ཆོས་སྤོངས་དང་མཚམས་མེད་སོགས་ཀྱིས་མནར་མེད་དུ་སྐྱེས་ཚེ་ལྕགས་བསྲེགས་ཀྱི་སོལ་མེས་བསྲེགས་པ། མེ་སྒོ་རེ་ཙམ་ཕྱེས་ཚེ་ཐར་འདོད་ཀྱིས་བྲོས་པར་རློམ་པ་ན་བདེ་སྣང་སྐྱེ་བ་ན་མགོ་ལ་ཐོ་ལུམ་བསྣུན་ཏེ་དྲན་པ་ཉམས་པ་ཡང་བདེ་བར་སྒོམ་པའི་སྡུག་བསྔལ་ལོ། །ཞེས་གསུངས་པ་ལྟ་བུའོ། །ཁྲོ་ཆུ་ཁོལ་མ་ཁར་བླུག་པ་སོགས་དམྱལ་བ་གོང་མ་བདུན་པོའི་སྡུག་བསྔལ་ཚང་བར་མྱོང་ལ་ཚེ་ཚད་བར་བསྐལ་གཅིག་དེ་དང་བྲལ་ནས་ལྷ་མིའི་གནས་སུ་རིན་པོ་ཆེ་དགོས་འདོད་ཀུན་འབྱུང་གི་ཕུང་པོར་ལོངས་སྤྱོད་པའི་བདེ་བ་དང་ལྡན་ཕྱིར་བསྔོ་བ་དང་། ཚ་དམྱལ་གྱི་ས་གཞི་མགར་གྱི་ལྕགས་བསྲེགས་ལྟ་བུ་མེ་ལྕེ་འབར་བའི་ཀློང་ཤིན་ཏུ་དབལ་ཚ་བའི་སྡུག་བསྔལ་དང་བྲལ་ནས། ཚོན་སྣ་བརྒྱ་བཀྲ་བའི་ཤེལ་གྱི་ས་གཞི་པཉྩ་ལི་ཀའི་གོས་ལྟར་རེག་བྱ་འཇམ་པ་མནན་ན་ནེམ་པ་བཏེགས་ན་འཕར་བ་མཐོ་དམན་མེད་པར་ལོངས་སྤྱོད་པའི་བདེ་བ་དང་ལྡན་ཕྱིར་བསྔོ་བ་དང་། ར་ལུག་རི་དྭགས་སོགས་དང་སེན་བར་ནས་ཤིག་བསད་པས་བསྡུས་འཇོམས་སུ་མི་ལུས་སུམ་འགྱུར་གྱི་ལས་མཁན་མིག་སྔར་མིག་ཟུར་གསུམ་དུ་ལྟ་བ། ཀི་སྒྲས་ཀླད་པ་འགེམས་པ། སོད་སོད་རྒྱོབ་རྒྱོབ་ཟེར་ཞིང་སེམས་ཅན་གྲངས་མེད་ལུང་གཞོང་དུ་དེད་པས་རི་དྭགས་སོགས་གང་བསད་ཀྱི་ར་རྩེར་མེ་འབར་བ་ཐོད་པར་མེ་སྟག་འཕྲོ་བ་རི་ཙམ་རྡུང་ཁ་ཚད་པའི་བར་དུ་བཙིར་བས་ཁྲག་ཆུ་རྒྱུན་ལྟར་འབབས་པ་རི་བར་ཕྱེས་ཚེ་སྔར་ལྟར་སོས་ནས་སྡུག་བསྔལ་བ་དང་། གཞན་ཡང་ལྕགས་གཏུན་དུ་རྡུང་བ་སོགས་སོ། །དེ་དང་བྲལ་ནས་བསྡུས་འཇོམས་ཀྱི་རི་རྣམས་རིན་པོ་ཆེའི་རི་བོ་ལ་རིན་ཆེན་སྣ་ལྔའི་གཞལ་ཡས་ཁང་གི་འདོད་སྣམ་དུ་མཆོད་པའི་ལྷ་མོ་རྣམས་ཀྱིས་ཉེར་སྤྱོད་ལྔ་སོགས་ཐོགས་ཏེ་དབུས་སུ་སེང་ཁྲིར་རྒྱལ་བ་འཁོར་བཅས་ཆོས་སྟོན་པ་ལ་མཆོད་པ་སོགས་མཇལ་བའི་དགའ་སྟོན་ལ་ལོངས་སྤྱོད་པར་བསྔོ་བ་དང་། རྒྱུ་ཚིག་ངན་སྐུར་འདེབས་དམོད་ཚིག །དད་ཟས་གསོལ་ཚེ་ཁ་ཤག་གཟའ་འཛད་སོགས། འབྲས་བུ་མེ་འདག་སོགས་ཀྱི་ཆར་པས་གནོད་པའི་སྡུག་བསྔལ་དང་བྲལ་ནས། བདེ་བ་ཅན་དུ་མེ་ཏོག་གི་ཆར་མི་འགྲེང་བདུན་ཙམ་དང་། རྒྱལ་ཆེན་རིགས་བཞིའི་གནས་སུ་པུས་ནུབ་ཙམ་འབབ་པ་ལྟར་མེ་ཏོག་སྣ་ལྔའི་ཆར་བབས་ནས། མེ་ཏོག་གི་འོད་ཀྱིས་ནམ་མཁར་འཇའ་སྤྲིན་འཁྲིགས་ཤིང་། མེ་ཏོག་དེ་དག་མནན་ན་ནེམ་ཞིང་བཏེགས་ན་འཕར་བ་ལ་ལོངས་སྤྱོད་པའི་བདེ་བ་དང་ལྡན་པར་བསྔོ་བ་དང་། སྲོག་གཅོད་དམེ་འཁྲུགས་སོགས་ཀྱིས་ཡང་སོས་སུ་སྐྱེས་པ་ན་འཕེན་བྱེད་ཞེ་སྡང་གིས་འཕངས་པས་ཕན་ཚུན་དགྲ་མི་ཤ་བོ་རང་མཐོང་བ་ལྟར་ཞེ་སྡང་སྐྱེས་ཏེ་འཐབ་ནས། ལས་ཀྱི་སྤྲུལ་པའི་མཚོན་ཆས་གཅིག་གིས་གཅིག་བསད་དེ་ཐམས་ཅད་ཤི་བ་ན་ནམ་མཁའ་ནས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་ཐོས་མ་ཐག་ཐམས་ཅད་སོས་ཏེ་སྔར་བཞིན་འཐབ་པའི་སྡུག་བསྔལ་ལོ། །དེ་རུ་གནས་པའི་སེམས་ཅན་རྣམས་ཀྱང་ལྷ་དང་ལྷ་མོའི་ལུས་སུ་གྱུར་ཅིང་། གཅིག་ལ་གཅིག་སེམས་དགའ་ཞིང་ཡིད་དགའ་བཞིན་རྩེད་མོའི་ཆེད་དུ་མེ་ཏོག་འཕེན་པ་སོགས་ཀྱི་བདེ་བ་དང་ལྡན། ཆུ་གནས་གསོད་པ་དང་བུ་ཁྱེའུ་བུ་མོ་ཆུང་ངུར་འདོད་ལོག་སྤྱད་པ་དགེ་འདུན་སྤྱིའི་དཀོར་རྐུ་བར་རློམ་པ་རྣམས་ཆུ་བོ་རབ་མེད་དུ་སྐྱེས་ཚེ་ཆུ་མདོག་སྔོ་བས་ཁྱེའུ་དང་བུ་མོ་མགོ་ནག་རྡོག་རྡོག་བྱེད་བཞིན་ཁྱེར་བའི་ལག་མགོ་ཆུ་ཁར་ཕུད་ཙམ་བྱས་ནས་ཁོ་བོ་ལོང་ཟེར་བ་དང་། ཆུའི་ཕ་རོལ་ཏུ་དགེ་འདུན་སྤྱིའི་དཀོར་རྫས་མཐོང་བ་ལ་རྔམས་ཤིང་ལེན་འདོད་དང་། ཉ་སྲམ་སོགས་གསོད་ཕྱིར་ཕྱིན་པ་དེར་ལྟུང་སྟེ་ཁྲོ་ཆུའི་རྦ་རླབས་གནམ་དུ་འཕྱུར་བས་ཡང་ཡར་བཏེགས་ཏེ་ཆུ་གཏིང་དུ་རྡོ་གྲུ་གསུམ་གཏོར་མ་ལྟ་བུའི་རྩེར་མར་བརྒྱབ་པས་ལུས་དུམ་བུར་འཐོར་བ་དང་འོག་ནས་ཉ་སྲམ་སོགས་ཀྱིས་བཟའ་ཞིང་། ཁར་གཡེང་ཚེ་ཁྭ་ཏ་རྡོ་རྗེའི་མཆུ་ཅན་གྱིས་མིག་འབྲུ་བ་དང་སྣ་སོགས་བཏོག་པ་དང་། ཆུ་ཚན་གྱིས་ཤ་རུས་སོ་སོར་ཕྱེས་ཏེ་རུས་གོང་དཀར་པོ་རླབས་ཀྱིས་འཕངས་པ་རླུང་གིས་བུས་པས་མིར་གྱུར་ཏེ་སྔར་ལྟར་སྤྱོད་པའི་སྡུག་བསྔལ་དང་བྲལ་ནས། ལྷའི་ཆུ་བོ་དལ་གྱིས་འབབ་པ་ཁྭ་ཏ་ཆད་དུ་གནས་པ་བྱ་རོག་གིས་བཏུང་དུ་རུང་བ་ཆུ་འགྲམ་གསེར་གྱི་བྱེ་མ་དང་མེ་ཏོག་གིས་བརྒྱན་པའི་དྲུང་ན་འདོད་པའི་སྒྱུ་རྩལ་ལ་མཁས་པའི་ལྷའི་བུ་མོ་རྣམས་དང་རྩེ་དགའི་བདེ་བ་དང་ལྡན་ཕྱིར་བསྔོ་སྟེ། འདི་རྣམས་རང་སྟོབས་ཀྱིས་དམྱལ་བའི་སྡུག་བསྔལ་ཞི་བར་སྨོན་པ་དང་། བྱང་སེམས་གཞན་སྟོབས་ཀྱིས་འགྲོ་བའི་སྡུག་བསྔལ་སེལ་བར་བསྔོ་བ་ནི། ཇི་སྐད་དུ། སྔགས་པ་ཆང་གིས་མྱོས་གྱུར་ན། །ངུ་འབོད་གནས་སུ་འཆོད(འཆོར)བར་འགྱུར། །ཞེས་གསུངས་པ་ལྟར། དམྱལ་བ་ངུ་འབོད་པ་ནི། ལྕགས་བསྲེགས་ཀྱི་ཁང་པ་ཉིས་རིམ་དུ་བཅུག་ནས་སྒོ་ལ་ལྕགས་ཞུན་གྱི་ཞལ་བ་བྱས་པས་ནང་མ་ལས་ཐར་ཀྱང་ཕྱི་མ་ལས་མི་ཐར་སྙམ་པའི་འོ་དོད་འབོད་པའོ། །ཞེ་སྡང་སོགས་ཀྱིས་དེར་སྐྱེས་ཀྱང་སྔར་གསང་བའི་བདག་པོའི་དབང་ཐོབ་ལྷ་བསྒོམ་ཞིང་དྲག་སྔགས་བཟླ་བ་སོགས་གང་རུང་བྱས་པས། ལས་མཁན་སྟག་གཟིག་སོགས་ཀྱི་མགོ་བརྙན་ཅན་རྣམས་དང་བྱ་སོགས་སྐྲག་པའི་རྣམ་འགྱུར་གྱིས་གྱེན་དུ་ནམ་མཁར་བལྟ་བ་དང་། དམྱལ་བའི་ཡུལ་གྱི་མུན་ནག་བསལ་ཏེ་ལུས་ལ་བདེ་བ་དང་སེམས་ལ་དགའ་བ་སྐྱེས་པའི་ཚེ་འདི་ལྟ་བུའི་ལེགས་པའི་མཐུ་འདི་སུ་ཞིག་གི་མཐུ་སྟོབས་ཡིན་ནམ་སྙམ་ནས་བལྟས་པས་ནམ་མཁར་དཔལ་ཕྱག་ན་རྡོ་རྗེ་རྒྱལ་བ་ཐམས་ཅད་ཀྱིས་དབང་བསྐུར་བའི་དབང་རྟགས་ཀྱི་རྡོ་རྗེ་རྩེ་བརྒྱ་པ་བསྣམས་པ་འོད་དང་འོད་ཟེར་འཕྲོ་བ་མཐོང་བ་ན་སྔར་སྐུ་བཞེངས་པ་དང་འཆི་ཁར་དབང་ཐོབ་པ་སོགས་ཀྱིས་ལྷ་ངོ་ཤེས་ནས། དང་བའི་མོད་ལ་སྡིག་ཀུན་ཟད་ནས་གསང་བའི་བདག་པོ་དང་ལྷན་ཅིག་ལྕང་ལོ་ཅན་གྱི་གནས་སུ་སྐྱེ་བར་སྨོན་པ་དང་། རྒྱུ་ཞེ་སྡང་སོགས་ཀྱིས་དམྱལ་བ་ཚ་བར་སྐྱེས་ན་ཁྲོ་ཆུ་ཁོལ་མར་འཚོད་པ་དང་། སྟེང་དུ་ཐོན་པའི་ཚེ་མྱོང་བ་ཐོ་ལུམ་གྱིས་བསྣུན་ཏེ་དྲན་པ་ཉམས་པའི་ཚེ་བདེ་བར་སྒོམ་པའི་སྡུག་བསྔལ་ལོ། །རབ་ཏུ་ཚ་བ་ནི། ལྕགས་ཀྱི་གསལ་ཤིང་མེ་འབར་བས་རྐང་མཐིལ་གཉིས་དང་འོག་སྒོ་ནས་ཕུག་ཅིང་ཕྲག་པ་གཉིས་དང་སྤྱི་བོ་ནས་ཐལ་མར་འབྱིན་ཞིང་ལྕགས་བསྲེགས་ཀྱི་སྣམ་བུས་ལུས་ཀྱི་ཕྱི་ནས་དཀྲིས་པའི་སྡུག་བསྔལ་ཏེ། ཚེ་ཚད་བར་བསྐལ་བྱེད་དོ། །ཚེ་འདིར་འཕགས་པ་སྤྱན་རས་གཟིགས་ཀྱི་མངོན་རྟོགས་བསྒོམས་པ་ལ་སོགས་པའི་མཐུས། མེ་ཏོག་གི་ཆར་སྤོས་ཆུའི་རྒྱུན་དང་འདྲེས་པ་བབ་པས་དམྱལ་མེ་རྣམས་ཆིལ་ཆིལ་ཞེས་ལྷག་མེད་དུ་བསད་ནས་ལུས་སེམས་བདེ་བས་ཚིམ་པ་འདི་ལྟ་བུ་ཅི་ཞིག་གི་མཐུ་ཡིན་སྙམ་སྟེ་བལྟས་པས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་གསལ་ཞལ་ནས་གསུང་མཆོག་ཡི་གེ་དྲུག་མའི་སྒྲ་སྒྲོགས་པ། ཕྱག་གཡོན་དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱས་པདྨ་དཀར་པོའི་ཡུ་བ་ནས་འཛིན་པ་མཐོང་བའི་མོད་ལ་དང་བའི་ཤུགས་ཀྱིས་གནས་མཆོག་རི་བོ་ཏ་ལར་སྐྱེ་བའི་རྒྱུར་བསྔོ་བ་དང་། ཞེ་སྡང་སོགས་ཀྱིས་དམྱལ་བ་ཐིག་ནག་ཏུ་སྐྱེས་ཚེ་ལྕགས་བསྲེགས་ཀྱི་ས་གཞིའི་སྟེང་དུ་ལུས་བསྒྱེལ་ཏེ་ཐིག་མང་པོ་བཏབ་པའི་སྟེང་དུ་ལྕགས་ཀྱི་སོག་ལེ་མེ་འབར་བས་དྲ་བ་སོགས་ཀྱི་སྡུག་བསྔལ་ལ་སྤྱོད་ཀྱང་། ཚེ་འདིར་འཇམ་དཔལ་དབྱངས་ཀྱི་སྐུ་བསྒོམ་པ་སོགས་བྱས་པའི་སེམས་ཅན་ལས་སྲབ་པ་ཞིག་གིས་ཡར་བལྟས་པས་འཇམ་དཔལ་དབྱངས་ཀྱི་སྐུ་མཐོང་བ་ནས་དམྱལ་གནས་སེམས་ཅན་གཞན་རྣམས་ལ་བོས་ཏེ། གྲོགས་པོ་དག་དམྱལ་བའི་སྡུག་བསྔལ་གྱི་འཇིགས་སྐྲག་བོར་ལ་འདིར་ཤོག་དང་འུ་ཅག་གི་ཐད་ན་གང་རྒྱལ་སྲས་འཇམ་དཔལ་དཔའ་བོ་བཞུགས་པའི་མཐུས་བདག་གི་ལུས་ཀྱི་སྡུག་བསྔལ་ཀུན་དང་བྲལ་ཞིང་སེམས་ལ་དགའ་བའི་ཤུགས་ཕྱིན་པ། འགྲོ་བ་ཀུན་ཡོངས་སུ་སྐྱོབ་འདོད་ཀྱི་བྱང་ཆུབ་ཀྱི་སེམས་དང་བརྩེ་བའི་སྙིང་རྗེ་སྐྱེས་པར་གྱུར་པའམ། ཡང་ན་བྱང་ཆུབ་སེམས་དཔའི་བརྩེ་བའི་སྙིང་རྗེ་ཐུགས་རྒྱུད་ན་སྐྱེས་པར་གྱུར་པ་གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཅན། རལ་པ་མཐིང་ནག་ཐོར་ཅོག་མཛད་པར་སྐྲ་ཆིང་གིས་དབུ་སྐྲའི་སྟེང་འོག་གཉིས་ནས་བཅིང་བའི་འབུར་གོང་འོག་གཉིས་ཀྱི་གཡས་གཡོན་བཞི་སྟེང་དང་ལྡན་རིན་པོ་ཆེའི་ཏོག་གིས་བརྒྱན་པ། མཚན་དཔེའི་གཟི་འོད་འབར་བ་དམྱལ་བའི་འཇིགས་པ་སེལ་བར་བྱེད་པ་སུ་གང་ཞིག་ཡིན་པས་དེ་འདིར་བྱོན་པས་ན། དམྱལ་གནས་སེམས་ཅན་ཁྱོད་ཀྱིས་ལྟོས་དང་ལྷ་བརྒྱ་སྟེ་མང་པོས་སྤྱི་བོའི་ཅོད་པན་གྱིས་ཞབས་གདན་གྱི་པདྨ་ལ་བཏུད་དེ་མཆོད་ཅིང་སྡུག་བསྔལ་བའི་སེམས་ཅན་ལ་བརྩེ་བའི་སྙིང་རྗེའི་ཤུགས་ཀྱིས་སྤྱན་ཆབ་བྱུང་བས་སྤྱན་བརླན་ཞིང་། དབུ་ལ་རྒྱལ་བ་སྲས་བཅས་ཀྱིས་མེ་ཏོག་གིས་ཆར་འབེབས་པ་ཡིད་དུ་འོང་བའི་གཞལ་ཡས་ཁང་བརྩེགས་མང་པོ་ཅན་ན་ཤིན་ཏུ་མཛེས་པའི་ལྷའི་བུ་མོ་རྣམས་ཀྱིས་སྙན་པའི་ངག་གིས་སྐུ་གསུང་ཐུགས་ཀྱི་བསྟོད་པ་སྒྲོགས་པ་འདིར་ལྟོས་ཞེས་བསྐུལ་བའི་མོད་ལ་དགའ་བའི་ཅ་ཅོ་འདོན་པའི་བདེ་བ་དང་ལྡན་ཕྱིར་བསྔོ་བ་དང་། དེ་ལྟར་བདག་གི་དགེ་རྩས་བྱང་སེམས་ཀུན་ཏུ་བཟང་པོ་སོགས་བྱང་སེམས་ཀུན་གྱི་ཞལ་མཇལ་གསུང་ཐོས་ལ་སྒྲིབ་པའི་ཉེས་པ་མེད་ཅིང་ཞེས་པའམ། ཡང་ན་སྒྲིབ་པ་རྣམ་སེལ་སོགས་བྱང་སེམས་རྣམས་ཀྱི་ཐུགས་བསྐྱེད་རྫུ་འཕྲུལ་གྱིས་ནམ་མཁར་སྤྲིན་འཁྲིགས་པ་ལས་ལུས་ལ་བདེ་བ་བསྐྱེད་པ་དང་བསིལ་ཞིང་དྲི་ཞིམ་པའི་བདུད་རྩིའི་ཆར་འབེབས་པ་མཐོང་བའི་མོད་ལ་ཚ་དམྱལ་གྱི་སེམས་ཅན་གྱི་ཡིད་ལ་དགའ་བའི་བདེ་བ་དང་ལྡན་ཕྱིར་བསྔོ་བ་དང་། ཚ་དམྱལ་གོང་མ་དྲུག་གི་ཚེ་ཚད་ནི། །མི་རྣམས་ཚེ་ལོ་ལྔ་བཅུ་ལ། །འདོད་ལྷའི་འོག་མའི་ཉིན་ཞག་སྟེ། །དེ་ཡིས་ཚེ་ལོ་ལྔ་བརྒྱའོ། །གོང་མ་གཉིས་ཀ་ཉིས་འགྱུར་ཉིད། །ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེ་ཡིས་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་མཉམ་པ་ཡིན། །ཞེས་དང་། དུད་འགྲོར་སྐྱེ་བའི་རྒྱུ་ཆོས་ཉན་བཤད་ལ་མི་དགའ་ཞིང་། རྒྱབ་སྟོན་པ་འཕྱ་བ་སོགས་ཏེ། དུད་འགྲོ་ལ་ཡང་བྱིངས་ན་གནས་པ་དང་ཁ་འཐོར་གཉིས་ལས་སྔ་མ་མཐའི་རྒྱ་མཚོ་ཆེན་པོའི་ནང་ན་ཉ་དང་འབུ་སྲིན་སོགས་ཆང་འགག་གི་སྦང་མ་བཞིན་ལྕིག་ལྕིག་ཡོད་པ་ལ་ཆེ་བས་རི་རབ་ལ་ལན་མང་པོའི་བར་དཀྲི་བ་དང་། ཆུང་བ་རྡུལ་ཕྲན་ལྟ་བུའི་བར་ཡོད་ཅིང་། ཆེ་བས་ཆུང་ཆུང་རྣམས་ཁྱུར་མིད་བྱེད། ཆུང་ངུས་ཆེན་པོ་རྣམ་ཐལ་མར་འབིགས་ཤིང་། སྲོག་ཆགས་ཆེ་བ་རེ་རེའི་ལུས་ལ་ཆུང་ངུར་མང་པོས་ཚང་བཅས་ནས་ཟས་སུ་བྱེད་པ་དང་། ཁ་འཐོར་བའི་དུད་འགྲོ་རྣམས་བླུན་རྨོངས་བཀོལ་སྤྱོད་ཀྱི་སྡུག་བསྔལ་དང་རི་དྭགས་སོགས་འཇིགས་སྐྲག་གི་སྣང་བ་ཁོ་ན་ལ་སྤྱོད། མིས་བདག་ཏུ་བཟུང་བ་རྣམས་ཁས་འགེལ་བ་དང་བྱ་གཅོད་པ་སོགས་སྡུག་བསྔལ་མཐའ་ལས་འདས་པ། དྲག་ཤོས་ཀླུ་རྣམས་ལ་ཡང་བླུན་ཞིང་རྨོངས་པ་དང་བྱེ་ཚན་གྱི་ཆར་འབེབས་པ་མཁའ་ལྡིང་གིས་འཚེ་བ་སོགས་དང་ཉེས་བྱས་ཀྱི་ལྟུང་བས་ཀླུར་སྐྱེས་པ་རྣམས་ལ་ཡང་སྡུག་བསྔལ་འབྱུང་བའི་ཚུལ། འདི་ན་ལ་ལ་རྒྱལ་པོའི་ཚིག་ཆེན་ལས། ལན་འགའ་འདས་ཀྱང་ཆད་པ་ཐོབ་མིན་ལ། །ཐུབ་པའི་བཀའ་ལུང་ཚུལ་མིན་འདའ་བྱེད་ལ། །དུད་འགྲོར་སྐྱེ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་གསུངས་པ་ལྟར་ཀླུའི་རྒྱལ་པོར་གྱུར་ཀྱང་ཤིང་ཨེ་ལ་སྟེ་སུག་སྨེལ་གྱི་སྡོང་པོ་འགོར་སྐྱེས་ནས་སྡུག་བསྔལ་མྱོང་བ་ལྟ་བུའོ། །དེ་ལྟར་དུད་འགྲོའི་སྡུག་བསྔལ་དང་བྲལ་ནས་ཆོས་ལྡན་གྱི་མི་ལུས་ཐོབ་སྟེ་སྐྱེས་ཐོབ་དང་སྦྱངས་སྟོབས་ཀྱི་ཤེས་རབ་ཕུན་སུམ་ཚོགས་པས་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་སྤྲོ་བཞིན་དུ་སྤྱོད་པའི་བདེ་བ་དང་ལྡན་ཕྱིར་བསྔོ་བ་དང་། གཞན་ནོར་ལ་རྔམ་སེམས་དང་རང་གི་ཟས་ནོར་ལ་སེར་སྣ་བྱས་པས་རིམ་པ་བཞིན་ཡི་དྭགས་ཕྱི་ནང་གི་སྒྲིབ་པ་ཅན་དུ་སྐྱེ་བས་ཚེ་ཚད་ནི། ཟླ་བ་ཉིན་ཞག་གིས་ལྔ་བརྒྱ། ཞེས་གསུངས་པ་ལྟར་དེ་ལ་བྱིངས་ན་གནས་པ་མཁའ་རྒྱུ་གཉིས་ཀྱི་དང་པོ་བྱིངས་ན་གནས་པ་ནི་རྒྱལ་པོའི་ཁབ་ཀྱི་འོག་ན་ཡོད་པ་སྟེ། ལོ་བརྒྱ་སྟོང་ཕྲག་མང་པོའི་བར་དུ་ཆུའི་མིང་ཡང་མི་གྲགས་པས་བཀྲེས་ཤིང་སྐོམ་པས་གདུངས། དུས་རྟག་ཏུ་བཟའ་བཏུང་ཞིག་དོན་དུ་གཉེར་ནས་འགྲོ་ཡང་ཆུ་ཅུང་ཟད་ཀྱང་མི་རྙེད། སྐྲ་དང་སྤུས་ལུས་གཡོགས་པ་སོགས་ལུས་མི་སྡུག་པའི་མཚན་མ་བཅོ་བརྒྱད་དང་། བྱེ་ཚན་གྱི་ཐར་ནས་འགྲོ་ཚེ་ཡི་དྭགས་ཀྱི་སྒོ་བཞིས་ཉ་ཡུ་སྦོམ་པོ་ཅན་ལྕགས་དབྱུགས་འདོམ་སྐོར་བཟུང་བས་དེད་ནས་བརྡུང་བ་དང་། བྱ་ཁྱི་སོགས་ཀྱིས་འཚེ་བ་དང་། རྡོ་བསྲེགས་དང་བྱེ་ཚན་གྱི་ཆར་འབབ་ཞིང་གནོད་པ་དང་འཇིགས་སྐྲག་རྒྱུན་མི་འཆད་ལ་འགྲོ་ཚེ་མིད་པར་ཁྱོག་ཁྱོག་ཚིགས་བར་ནས་ཁྲོག་ཁྲོག་ཅེས་གྲགས་ཤིང་ཚིགས་བར་གྱི་རུས་པ་བརྡར་བས་མེ་འབར་བ་སོགས་དང་རེས་འགའ་ཆུ་ཀླུང་སྔོན་པོ་རེ་རྒྱང་རིང་པོ་ནས་མཐོང་ཡང་ཐང་ཆད་ཆད་དུ་ཕྱིན་པས་དྲུང་དུ་སླེབས་ཚེ་ཆུ་ཐམས་ཅད་སྐམ་ནས་གྲམ་པ་ཙམ་ལུས་པས་ཤིན་ཏུ་སྡུག་བསྔལ་བ་དང་། དེ་བཞིན་དུ་ལྗོན་ཤིང་ཐོག་གུ་ཅན་མཐོང་ཡང་ཁྲ་མའི་སྡོང་པོར་གྱུར་པ་དང་། ཡང་བཟའ་བཏུང་བཟང་པོ་མཐོང་ཡང་དྲུང་དུ་སླེབས་ཚེ་སྐྱེས་བུ་གོ་མཚོན་ཐོགས་པས་བསྲུང་ནས་དེད་དེ་བརྡུངས་པའི་སྡུག་བསྔལ་ཅན་ནི་ཕྱིའི་སྒྲིབ་པ་ཅན་ནོ། །ནང་སྒྲིབ་ཅན་ནི་ཁ་ཁབ་མིག་ཙམ་པས་ཆུ་བཏུང་ཡང་མགྲིན་པ་རྟ་རྔ་ཙམ་གྱི་ནང་དུ་མི་ཆུད་པའི་བར་ལ་ཁའི་དུག་གིས་སྐམ་པ་དང་། ཅུང་ཟད་མགྲིན་པར་ཆུད་ཀྱང་ལྟོ་བ་ཡུལ་ལྗོངས་ཙམ་དེ་མི་ཁེངས་པ་དང་། ལྟོ་བ་དེ་ཙམ་རེ་ལྟོ་བར་སོང་ཡང་མཚན་མོའི་རིང་དེ་ལ་མེ་འབར་གློ་སྙིང་ནང་ཁྲོལ་བསྲེགས་པས་སྡུག་བསྔལ་ལོ། །སྒོས་ཁུར་གྱི་སྒྲིབ་པ་ཅན་ནི། ཡི་དྭགས་རེ་རེའི་ལུས་ལ་མང་པོས་ཚང་བཅས་ནས་བཟའ་བ་སོགས་དང་། སློབ་དཔོན་ཛེ་ཏ་རི་དང་གྲོ་བཞིན་སྐྱེས་ཡི་དྭགས་ཀྱི་ཡུལ་དུ་བྱོན་པའི་ལོ་རྒྱུས་དང་འཛིང་འཐབ་བྱས་ཏེ་ལུས་ལ་རྨ་བྱུང་བའི་ཁྲག་གིས་རང་དང་གཞན་གྱི་ཟས་ཀྱི་ཚབ་བྱེད་པ་དང་། མཛོད་ལས། ཟླ་བ་ཉིན་ཞག་གིས་ལྔ་བརྒྱ། །ཞེས་གསུངས་པ་ལྟར་མིའི་ཟླ་གཅིག་ཡི་དྭགས་ཀྱི་ཞག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཚེ་ཚད་དོ། །ཡི་དྭགས་མཚུན་ལྷས་དུར་སར་རོ་བསྲེགས་བརྡུངས་བྱས་ཤུལ་དུ་བསྣམས་པས་མི་དེའི་ཚེ་དེའི་སྤྱོད་ལམ་ཤེས་པས་ཤི་བོར་བརྫུ་བ་དང་། ཆོས་ཀྱི་སྦྱིན་པ་བཟའ་བ་ཚིག་བཞི་རེ་བཏོན་ཏེ་ཡི་དྭགས་ཀྱིས་ཐོས་པར་བསྔོས་པས་ཟས་ཀྱི་གོ་ཆོད་པ་དང་། ཨོཾ་ཛྙཱ་ན་ཨ་ཝ་སོགས། ཡེ་ཤེས་སྐར་མདའི་སྔགས་ལན་བདུན་བརྗོད་དེ་འཁྱོར་བར་ཆུ་བླུགས་ཤིང་ཕུས་བཏབ་ནས་ཆུ་འདོད་པ་ཀུན་གྱིས་ཐོབ་པར་གྱུར་ཅིག་བརྗོད་ན་ཡི་དྭགས་གཱང་གཱའི་ཀླུང་གི་བྱེ་མའི་གྲངས་ཚིམ་པ་དང་། ཡི་དྭགས་གཏོར་མ་བཟའ་བ་འཁུ་ལྡོག་ཅན་ཞེས་སྙིགས་དུས་འདིར་དཀྱིལ་འཁོར་གཉེན་པོའི་མདུན་དུ་བསད་ཤས་དམར་མཆོད་བྱས་ཚེ་ཡེ་ཤེས་ཀྱི་ལྷ་གཏན་ནས་མི་ཉེ་བས། དེར་ཤ་ཁྲག་ལ་དགའ་བའི་མཁའ་རྒྱུའི་ཡི་དྭགས་འཁོར་ནས་རེ་ཞིག་གནས་སྐབས་ཀྱི་འཕྲལ་རྐྱེན་ཕྲན་བུ་རེར་ཕན་སྙམ་བྱུང་ཡང་། ཅུང་ཟད་ཙམ་གྱིས་འཁུ་ལྡོག་འབྱུང་ཞིང་གནོད་ཚབས་ཆེ་བ་འདི། ཡི་དྭགས་ལྷ་རུ་མཐོང་བའི་དུས། །བོད་སྡུག་པའི་དུས་ལ་བབ་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་མཁའ་ལ་རྒྱུ་བའི་བཙན་རྒྱལ་པོ་ཤི་འདྲེ་སོགས་རྟག་ཏུ་གཞན་ལ་བསམ་པ་ངན་ཞིང་གནོད་པའི་ལས་ལ་བརྩོན་པས་ཤི་ནས་ངན་སོང་དུ་ལྟུང་བ་མང་ངོ་། །ཞག་བདུན་ཕྲག་རེའི་མཚམས་སུ་སྔར་རང་ཉིད་མཚོན་སོགས་གང་གིས་ཤི་བའི་སྡུག་བསྔལ་མྱོང་ནས་འཆི་ཞིང་ཡང་སྐྱེ་བ་དང་། སྡུག་བསྔལ་དེ་གཞན་ལ་སྤོ་བར་འདོད་པས་གང་དུ་ཕྱིན་པ་དེར་གནོད་ཅིང་རང་ལ་མི་ཕན་སྔོན་གྱི་མཛའ་བཤེས་སོགས་ཀྱི་དྲུང་དུ་དགའ་ནས་ཕྱིན་ཚེ་དེ་དག་ལ་ནད་དང་སྨྱོ་འབོགས་སོགས་འབྱུང་ཞིང་། གཞན་ནུས་མཐུ་ཅན་གྱིས་མནན་བསྲེགས་འཕངས་གསུམ་བྱས་པས། ས་འོག་མུན་པའི་གནས་སུ་བསྐལ་པའི་བར་དུ་མནན་པ་དང་། སྦྱིན་སྲེག་གིས་བསྲེགས་པ། ཡུངས་ཐུན་སོགས་ཀྱིས་ཐང་ལས་ལུས་དུམ་བུ་སྟོང་དུ་འགྲོ་བ་སོགས་དང་། དགུན་ཉི་མ་གྲང་ཞིང་དབྱར་ཟླ་བ་ཚ་བ་སོགས་ལོག་པའི་སྣང་བ་རྣམས་ཀྱང་ཡི་དྭགས་སྤྱི་དང་མཐུན་པར་འཆར་རོ། །དེ་ལྟར་བསམ་ནས་འདྲེ་གདོན་རྣམས་ལ་ཡང་། གནོད་བྱ་གནོད་བྱེད་རྒྱུ་འབྲས་ལས་ཀྱིས་འབྲེལ། །ཞེས་པ་ལྟར་བསམ་ནས་ཆུང་སྲི་བྱིས་པ་གཉིས་ལ་སྙིང་རྗེ་སྒོམ་པའི་ཡུལ་དུ་མཉམ་པར་བལྟས་ནས། ནད་པ་སོགས་ལ་ཕན་ཕྱིར་འདྲེ་གདོན་ཨར་ལ་གཏད་པའི་དྲག་ལས་སྤངས་ཏེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྣམས་སྒོམ་པ་འཕྲལ་ཕུགས་གཉིས་ཀར་ཕན་པའི་མན་ངག་དམ་པའོ། ། དེ་ལྟར་ཡི་དྭགས་ཀྱི་སྡེ་ཚན་སུམ་ཅུ་རྩ་དྲུག་ཏུ་སྐྱེ་བའི་རྒྱུ་སེར་སྣ་སོགས་དང་འབྲས་བུ་སྡུག་བསྔལ་གཉིས་དང་བྲལ་ནས་བྱང་སྒྲ་མི་སྙན་དུ་མི་རེ་སྐྱེས་ཚེ་ཤིང་རེ་སྐྱེས་པ་ལས་ཟས་གོས་སོགས་གང་འདོད་འབྱུང་ཞིང་ལོངས་སྤྱོད་བདག་བཟུང་མེད་པ། མི་རྒྱུད་འཇམ་ཞིང་རང་བཞིན་གྱི་དགེ་བ་ཅན། མི་དགེ་བཅུ་མི་སྤྱོད་པས་ཤི་ཚེ་སུམ་ཅུ་རྩ་གསུམ་དུ་སྐྱེ་བ་ཤ་སྟག་གོ །དེ་ལྟ་བུའི་བདེ་བ་དང་ལྡན་པ་དང་། འཕགས་པ་སྤྱན་རས་གཟིགས་ཡི་དྭགས་ཀྱི་ཡུལ་དུ་བྱོན་ཏེ་ཕྱག་གི་སོར་མོ་བཅུ་དང་ཞབས་ཀྱི་སེན་མོ་བཅུ་སྐུའི་བ་སྤུའི་བུ་ག་ཐམས་ཅད་ནས་རོ་མངར་ཞིང་རེག་བྱ་བསིལ་བའི་བདུད་རྩི་འོ་མའི་ཆུ་རྒྱུན་བབས་པས་ཡི་དྭགས་རྣམས་ཀྱི་རྒྱུད་ཚིམ་ཤིང་ཚ་བས་གདུང་བ་སེལ་བར་མཛད་ཅིང་ཁ་ཆེ་མགྲིན་པ་ཡངས་པར་གྱུར་ཏེ་ཟས་སྣ་ཚོགས་ཀྱི་ཆར་བབས་པས་བཀྲེས་པས་གནོད་པ་ཞི་བར་གྱུར་པ་ལ་ཡི་གེ་དྲུག་མའི་ཆོས་སྒྲ་བསྒྲགས་པས་ཡི་དྭགས་རྣམས་ཀྱིས་འཛམ་བུའི་གླིང་དུ་ཡར་བལྟས་པ་ན་ཆོས་ཀྱི་གཎྜི་བརྡུངས་པ་ཐོས་པ་དང་། ཕ་མའི་ཞབས་ཏོག་དང་། མཆོད་རྟེན་སོགས་ཀྱི་གས་སྲུབས་གསོ་རྒྱུ་ཡོད་པར་མཐོང་ནས་དེ་ལྟ་བུ་ངོ་མཚར་ཆེ་བསམ་པའི་མོད་ལ་བྱང་ཆུབ་སེམས་དཔའ་འདོད་པའི་སྦྱིན་ཞེས་བྱ་བ་མིང་མཐུན་པ་ཤ་སྟག་ཏུ་གྱུར་ཏེ་བདེ་བ་ཅན་དུ་སྐྱེས་པ་ལྟར་བདེ་བ་དང་ལྡན་ཕྱིར་བསྔོ་བ་དང་། མར་མེ་བརྐུས་པ་དང་བསད་པ་དང་། ཆོས་ཀྱི་སྣང་བ་ལ་བར་ཆད་བྱས་པ་དང་། ཆོས་ལ་ལོག་ལྟ་སྐུར་འདེབས་མིག་ལོག་དང་ཐོས་བསམ་མ་བྱས་པ་དང་། མཚམས་མེད་ཆོས་སྤོང་འཕགས་པར་སྐུར་འདེབས། གླེགས་བམ་བྲིས་པ་འཇིག་པར་བྱེད་པ། གཞན་གྱི་མི་འཇིག་པར་བྱས་པ་རྣམས་ཀྱི་ལྷག་མ་ལུས་པ་རྣམས་ཀྱིས་ལོང་བར་སྐྱེ་བས། སྔོན་གྱི་དུས་སུ་རྒྱལ་པོ་མིག་བཟང་གིས། ཀླུ་མིག་མེད་པ་འབྲས་བུ་ཉམས་ཆུང་བའི་དོན་དུ། རྒྱལ་པོ་མིག་བཟང་དབྱུང་སྟེ་སོགས་བདེན་ཚིག་དང་གཟུངས་སྔགས་བརྗོད་པས། ཀླུ་དེ་དང་ཀླུ་གཞན་སྟོང་ཕྲག་ལྔ་བཅུ་རྩ་གསུམ་དང་། གཞན་གནོད་སྦྱིན་ཡི་དྭགས་ཤ་ཟ་དང་། མི་ཁྲག་ཁྲིག་ཕྲག་བརྒྱད་ཅུ་རྩ་བཞི་ནི་སྔོན་གྱི་ལས་སྒྲིབ་ཟད་ཅིང་མིག་ཡོངས་སུ་དག་པར་གྱུར། ཡང་འཁོར་དེར་ཀླུ་མོ་ལོང་བ་ཁ་སྲིན་བུས་གང་ཞིང་གཅིན་རུལ་བ་ལྟ་བུའི་རྣག་དྲི་ང་བ་ཟག་པ། ལུས་ཐམས་ཅད་རུལ་ཞིང་རྣག་འཛག་པ་ཕོལ་མིག་དང་སྲིན་བུས་གང་བ་ལ་ཤ་སྦྲང་སོགས་ཀྱིས་ཟ་བ་ལ་སྟོན་པས་ཕྱག་གཉིས་རྨ་རྩི་སྦོས་དང་སྦྱར་བའི་ཆུ་བཞེས་ཏེ་བདེན་པ་བརྗོད་དེ་ཁར་བླུགས་ཤིང་ལུས་ལ་གཏོར་བས་ནད་ཞི་བར་གྱུར་པ་ལྟར་བདག་གི་བསོད་ནམས་དགེ་བའི་མཐུས་འཇིག་རྟེན་གྱི་ཁམས་ན་ལོང་བ་ཇི་སྙེད་ཡོད་པ་དང་། དེའི་རྒྱུ་སྒྲུབ་པ་ཀུན་ཀྱང་སྡུག་བསྔལ་གྱི་རྒྱུ་འབྲས་གཉིས་དང་བྲལ་ནས། མར་མེ་འབུལ་བ་སོགས་རྒྱུ་སྒྲུབ་པ་དང་། མིག་མཐོང་ཞེས་སྒྲ་བསྡུས་པ་སྟེ་ཡེ་ཤེས་ཀྱི་སྤྱན་སོགས་ཐོབ་ཕྱིར་བསྔོ་བ་དང་། རྟེན་མདུན་རོལ་མོའི་རྒྱུན་བཅད་པ་སོགས་ཀྱིས་འོན་པར་སྐྱེས་པ་རྣམས་དེ་དང་བྲལ་ནས་ལྷའི་རྣ་བའི་མངོན་ཤེས་སོགས་ཐོབ་ཕྱིར་བསྔོ་བ་དང་། བུད་མེད་སྦྲུམ་མ་རྣམས་བུ་འབྱུང་བའི་དུས་སུ་བུ་ལའང་ལྕགས་ཀྱི་འཇུར་མིག་ནས་དྲངས་པ་ལྟ་བུའི་སྡུག་བསྔལ་དང་བཙའ་སྒོ་དོག་པ་རྣམས་ལ་མ་བུ་གཉིས་ཀ་འཆི་བའམ་འཆི་ལ་ཐུག་པའི་སྡུག་བསྔལ་མྱོང་སྟེ། ཨོ་རྒྱན་ཆེན་པོས། མ་བུ་གཉིས་ཀ་གཤིན་ཡུལ་གོམ་ཕྱེད་འབོར། །ཞེས་དང་། མ་ཡི་ཁ་རུས་མ་གཏོགས་རུས་ཚིགས་ཕྱེ། །ཞེས་གསུངས་པ་ལྟ་བུའི་སྡུག་བསྔལ་དང་བྲལ་ནས་བདག་ཅག་གི་སྟོན་པ་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་ན་གནས་ཚེ་ཆོས་ཀྱི་རྣམ་གྲངས་མང་པོ་ཤེས་ཤིང་ནད་པར་ཟས་སྦྱིན་པ་ཟོས་སམ་ཕྱག་གཉིས་རེག་པས་ནད་ལས་གྲོལ་ཞིང་། བསམ་གཏན་བཞི་པའི་བདེ་བ་མྱོང་བཞིན་རྩིབ་ལོག་གཡས་པའི་གོ་བར་ནས་ཡུམ་ལ་གནོད་པ་མེད་པར་འཁྲུངས་པའི་བདེ་བ་དང་ལྡན་ཕྱིར་བསྔོ་བ་དང་། སྐུ་གསུང་ཐུགས་རྟེན་གྱི་ན་བཟའ་དང་ཕ་མའི་གོས་བཤུས་པ་ཤིག་གྲང་བར་འཕང་པ་སོགས་གོས་མེད་གཅེར་བུར་སྐྱེས་པའི་སྡུག་བསྔལ་དང་བྲལ་ནས་ལྷའི་གོས་ཕུན་སུམ་ཚོགས་པ་དང་། རྒྱ་མཚོ་ཀླུའི་པགས་པ་ཞེས་གྲང་བའི་དུས་དྲོ་བ་དང་ཚ་བའི་དུས་བསིལ་བའི་བདེ་བ་བསྐྱེད་པའི་གོས་ལ་ལོངས་སྤྱོད་ཕྱིར་བསྔོ་བ་དང་། རྒྱུ་ཞལ་ཟས་སོགས་ལ་མི་དབང་བར་སྤྱད་པས། ལྟོགས་ངར་ཆེ་བ་ཀོ་ཡོར་དང་། རྡོའི་ཕྱེ་མ་དག་གི་ཁ་ཟས་ཅན་ཕུག་རོན་དང་ཁྱི་སོགས་བཀྲེས་པའི་སྡུག་བསྔལ་དང་བྲལ་ནས། རོ་བརྒྱ་ལྡན་པའི་ཟས་ལ་ལོངས་སྤྱོད་ཕྱིར་བསྔོ་བ་དང་། ཡོན་ཆབ་ཕོ་བ་སོགས་ཀྱི་འབྲས་བུ་སྐོམ་པའི་སྡུག་བསྔལ་དང་བྲལ་ནས། ཆུ་སྦྱིན་སོགས་རྒྱུ་དེས་འབྲས་བུ་བཏུང་བའི་རྒྱུ་བརྒྱད་དང་ལྷའི་བདུད་རྩི་མངར་གསུམ་གྱི་ཁུ་བ་སོགས་ལ་ལོངས་སྤྱོད་པའི་བདེ་བ་དང་ལྡན་ཕྱིར་བསྔོ་བ་དང་། རྐུ་འཕྲོག་སོགས་བྱས་པའི་ལས་ཀྱིས་དབུལ་པོར་སྐྱེས་པའི་སྡུག་བསྔལ་དང་བྲལ་ནས། སྦྱིན་འབྲས་ལོངས་སྤྱོད་ཕུན་སུམ་ཚོགས་པའི་བདེ་བ་དང་ལྡན་ཕྱིར་བསྔོ་བ་དང་། སེམས་མྱ་ངན་གྱིས་གདུང་བ་རྣམས་ཡིད་ལ་དགའ་བའི་བདེ་བ་དང་ལྡན་ཕྱིར་བསྔོ་བ་དང་། རེ་ཆེ་བའི་བཤེས་གཉེན་གྱིས་བསླུས་པ་དང་། ལུགས་གཉིས་ཀྱི་བྱ་བ་མ་འགྲུབ་པ་སོགས་དེ་ལས་ལྡོག་པ་དང་། བརྟན་པ་སྟེ་འགྲུབ་ངེས་ཀྱིས་སེམས་ལ་དཔའ་གདེངས་ཐོན་པའི་བདེ་བ་དང་ལྡན་ཕྱིར་བསྔོ་བ་དང་། བརྡུང་བཙོག་གི་འབྲས་བུ་ནད་ཀྱིས་གདུང་བ་རྣམས་དང་བྲལ་ནས་ནད་མེད་ཀྱི་བདེ་བ་དང་ལྡན་ཕྱིར་བསྔོ་བ་དང་། ངན་སོང་གསུམ་གྱི་སེམས་ཅན་ལ་ནད་ཀྱང་ཡོད་པར་གསུངས་ཤིང་འགྲོ་བའི་ནད་ཀུན་མི་འབྱུང་བའི་ཕྱིར་བསྔོ་བ་དང་། རྒྱལ་པོ་དང་ཆོམ་རྐུན་སོགས་ལ་འཇིགས་པ་རྣམས་སྐྲག་པ་མེད་པ་དང་། རྙི་སོགས་ཀྱིས་བསད་པ་ལ་སྡིག་གསུམ་ཡོད་པར་གསུངས་པ་ཡང་སྡུག་བསྔལ་དང་འཇིགས་སྐྲག་ཆེ་བའི་ཕྱིར་ཡིན་པས་བྱ་སོགས་དེ་ལ་ཐར་པ་དང་། བཙོན་རར་བཅིངས་པ་རྣམས་གྲོལ་བ་དང་། མཐོ་རྒྱལ་པོ་ནས་འབུ་སྦྲང་ཡན་ཆད་ཁས་ཞན་པ་རྣམས་མཐུ་དང་ལྡན་པ་དང་། དབང་ཆེ་བ་རྣམས་ནང་འཁྲུགས་ཀྱི་རྩོད་པ་སོགས་དང་བྲལ་ཞིང་རྒྱུད་འཇམ་ཞིང་མཉེན་པས་གཅིག་སེམས་གཅིག་ལ་བརྩེ་བའི་གཉེན་བཤེས་ལྟར་འགྲོགས་པ་དང་། ཚོང་མགྲོན་སོགས་གང་དུ་སོང་ཡང་མི་ནད་ཕྱུགས་ནད་ཞི་ཞིང་དགྲ་རྐུན་གྱི་གནོད་པ་མེད་པ་དང་ལུགས་གཉིས་གང་གི་ཆེད་དུ་འགྲོ་ཡང་དོན་དེ་རྩོལ་མེད་གྲུབ་པ་དང་། གྲུ་དང་གྲུ་ཆེན་ཏེ་གཟིངས་ཆེན་པོར་ཞུགས་ཏེ་སོང་བ་རྣམས་ཀྱང་གང་འདོད་ཀྱི་རེ་འབྲས་གྲུབ་སྟེ་ཆུའི་ངོགས་ཏེ་ཚུར་རོལ་ཏུ་སླེབས་ནས་ཕ་མ་གཉེན་བཤེས་སོགས་ལ་དགའ་བའི་གཏམ་སོགས་བྱེད་པ་དང་། མྱ་ངན་སྟེ་རྩ་ཆུ་མེ་ཤིང་གིས་དབེན་པ་དང་། ནགས་སྟུག་པོར་ལམ་སྟོར་བ་རྣམས་མགྲོན་པོ་ལམ་རྒྱུས་ཡོད་པ་དང་ཕྲད་དེ་ཆོམ་རྐུན་སོགས་དང་བྲལ་ནས་དཀའ་ཚེགས་ངལ་དུབ་མེད་པར་བདེ་མྱུར་དུ་འོང་བ་དང་། དགོན་པ་སྟེ་ས་སྟོང་གྲོང་ལས་རྒྱང་གྲགས་ཞེས་འདོམ་ལྔ་བརྒྱའི་གནས་སོགས་སུ་ལམ་འགྲུལ་མེད་ཅིང་འདྲེ་སྲིན་སོགས་གནས་སར་གྲགས་པ་དང་བྲག་རི་གཟེངས་མཐོ་བ་སོགས་འཇིགས་ཆུམས་མེ་བའི་གནས་སུ་བྱིས་པ་གཞོན་ནུ་དང་རྒན་པོ་ལོ་ལོན་མགོན་མེད་སྤྲང་པོ་སོགས་གཉིད་ཅིང་རུ་འཐུག་པོས་ནོན་ཏེ་བླ་འཁྱམས་པ་རྣམས་འདྲེ་སྲིན་སོགས་ཀྱིས་ཟ་བར་བྱེད་པས་དེ་ལ་གཙང་རིས་ཀྱི་འཕགས་པ་རྣམས་དང་འགོ་བའི་ལྷ་ལྔ་ཡུལ་ལྷ་སོགས་ཀྱིས་བསྲུང་བ་དང་དེ་ཡང་བྱས་པ་ཤེས་ཤིང་དྲིན་གཟོ་བའི། མི་ལ་དཔལ་མགོན་ཉེ་བར་གནས། །ཞེས་གསུངས་པ་ལྟར་ཕ་མ་ཞང་བོ་རྣམས་བསྙེན་བཀུར་བྱས་པས་ཕ་ལྷ་མ་ལྷ་ཞང་ལྷ་རྣམས་དབུ་འཕང་མཐོ་ཞིང་ཚེ་ཐར་སྲོག་བསླུ་བྱས་པ་ཚེ་ལྷ་དར་ཞིང་། ཁ་ཕུད་ཀྱི་དུས་སུ་ཡུལ་ལྷར་གཏོར་མ་སྦྱིན་པ་དང་ཆོས་སྦྱིན་བྱ་བ་རྣམས་ལ་བརྩོན་པར་བྱའོ། །མི་ཁོམ་པའི་གནས་བརྒྱད་ལས་ཐར་ཏེ་དལ་བའི་ལུས་རྟེན་ཐོབ་པ་དང་། རང་རྒྱུད་ལོག་ལྟས་བསླད་པ་རྣམས་སྣོད་ཁ་སྦུབ་ལྟ་བུར་སངས་རྒྱས་བྱོན་ཀྱང་དོན་དུ་མི་འགྱུར་བས། བདེན་བཞི་དཀོན་མཆོག་ལ་ཡིད་ཆེས་ཀྱི་དད་པ་དང་། བླུན་རྨོངས་ལུག་ལྟར་ལྐུགས་པ། ལག་བརྡ་བྱེད་པ་རྣམས་སྐྱེས་ཐོབ་དང་སྦྱངས་སྟོབས་ཀྱི་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པ་དང་། གདོལ་སྤྱོད་གསོད་ལ་དགའ་བ། སྡིག་ལ་རྔམ་པ་སྙིང་རྗེ་མེད་པ། ལག་པ་ཁྲག་གིས་བསྒོས་པ་རྣམས་བརྩེ་བའི་སྙིང་རྗེ་ཆེན་པོ་དང་ལྡན་པ་དང་། མ་དག་པའི་ཟས་ནི། རིན་ཆེན་ཕྲེང་བ་ལས། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པ་སྟེ། །ཁ་གསག་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་འཇམ་སྔར་ནི་སྨྲ་བའོ། །གཞོགས་སློང་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པའོ། །ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་བྱེད་པའོ། །རྙེད་པས་རྙེད་པ་རྣམས་འདོད་པ། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། །ཞེས་གསུངས་པ་ལྟ་བུའི་ལོག་པའི་འཚོ་བ་ལྔ་སོགས་དང་བྲལ་ནས། མཐུན་པར་གྱུར་པ་བསོད་སྙོམས་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་དང་གང་བྱུང་དེས་ཆོག་གིས་འཚོ་བ་དག་པ་དང་། སྤྱོད་ངན་པ་བར་བརྙས་སྨོད་དམར་ཁེ་བཤས་ཚོང་ཧོར་ཆས་སོགས་དང་། སྡོམ་པ་མི་གཙང་བ་ལ་རུལ་བ་དང་། ཚུལ་འཆོས་མཁན་ལ་ཟ་མ་ཏོག །ཤུ་ནེ་པ་གཞན་མགོ་གཡོགས་པ་ལ་ཆོམ་རྐུན་པ་ཞེས་ལྷ་རྣམས་ཀྱིས་བརྗོད་པ་དེ་ལྟ་བུའི་སྤྱོད་པ་སྤངས་ཏེ་ཡ་རབས་དམ་པའི་སྤྱོད་པ། མནའ་མི་བཟའ། ཆང་མི་འཐུང་། རྫུན་མི་བཤད། མི་ཆོས་གཙང་མ་བཅུ་དྲུག་གིས་གཞུང་བཟུང་། ལྷ་ཆོས་འཕགས་པའི་ནོར་བདུན་གྱིས་རྒྱུད་བསྡམས་ཏེ་སྤྱོད་པ་ཀློག་སྤོང་ལ་བརྩོན་པ་དང་། །རྒྱལ་བུ་ལྐུགས་འབྱིའི་གཏམ་རྒྱུད་ལྟར་ཚེ་རབས་དྲན་པ་དང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དང་། རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་འབྱུང་བ་དང་ལོངས་སྤྱོད་མི་རྙེད་པ་དང་འཛད་སླ་བ་རྐུ་འཕྲོག་གིས་བསྒྲུབས་པ་དང་། དེ་ལ་ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་དགོས་པའི་དགྲ་རྐུན་གྱིས་འཚེ་བ་དང་། རྒྱུ་རྫས་སྤྱོད་མི་བྲ་བས་རང་དབང་མེད་པ་རྣམས་དེ་ལས་ལྡོག་སྟེ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་མཆོད་སྦྱིན་ལྟ་བུ་ལ་སེམས་ཅན་ཐམས་ཅད་ཀྱིས་ལོངས་སྤྱོད་ཕྱིར་བསྔོ་བ་དང་། སེམས་ཅན་གཟི་བརྗིད་ཆུང་བ་རྣམས་གཞན་གཟི་བརྗིད་ཆེ་བའི་ཟིལ་གྱིས་མནན་ནས་སྡུག་བསྔལ་བའི་ལྷ་སོགས་གཟི་བརྗིད་ཕུན་སུམ་ཚོགས་པ་དང་ལྡན་ཕྱིར་བསྔོ་བ་དང་། དཀའ་ཐུབ་ཀྱིས་གདུང་བའི་ལུས་ཞན་པ་རྣམས་གཟུགས་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་བསྔོ་བ་དང་། བུད་མེད་རྣམས་དབང་ཆུང་བ་དང་མངལ་འཛིན་པ་དང་མནང་(ནོངས)སོ་གཉིས་སོགས་ནད་མང་བའི་སྡུག་བསྔལ་དང་བྲལ་ནས་སྐྱེས་པའི་དབང་པོ་དང་ལྡན་པ་དང་། རྟ་བཤའ་རོ་ཁུར་བཤན་པ་སོགས་མ་རབས་རྣམས་ཀུན་གྱིས་བརྙས་སྨོད་ཀྱི་ཡུལ་དུ་གྱུར་པ་དང་བྲལ་ཏེ་གཞན་གྱི་བཀུར་འོས་སུ་གྱུར་པ་དང་། དེ་ལྟར་གྱུར་ཀྱང་རྒྱུད་ང་རྒྱལ་གྱི་ཆེ་འགྱིང་དང་བྲལ་བ་དང་། བདག་གི་བསོད་ནམས་དགེ་བའི་མཐུས། སེམས་ཅན་ཐམས་ཅད་ཀྱིས་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་སྡིག་པ་སྤངས་ཤིང་བདེ་བའི་རྒྱུ་དགེ་བ་བྱེད་པ་དང་། སེམས་ཅན་ཐམས་ཅད་བསམ་པ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ཞིང་སྦྱོར་བ་ཕྱིན་དྲུག་གིས་ཉམས་ལེན་ལ་བློ་ཁ་ཕྱོགས་ཏེ་དང་དུ་ལེན་པ་དང་། ཉམས་ལེན་བརྩོན་འགྲུས་ཅན་ལ་བདུད་ནི་ལྷག་པར་ལྡང་། ཞེས་བརྩོན་འགྲུས་ཆེ་ཡང་ཤེས་རབ་མེད་ན་བར་ཆད་བྱེད་དེ་བདུད་བཤེས་གཉེན་དུ་སྤྲུལ་ནས་འོང་སྟེ། ཁྱོད་སྔོན་སྟོན་ཚུལ་ཡང་འདི་འདྲའོ་ཞེས་བརྗོད་དེ། ཞེས་གསུངས་པ་ལྟར་ལུང་སྟོན་པ་དང་། ཁ་ཐོན་འདོན་པ་གཅིག་པུས་ཆོག་ཟེར་བ་སོགས་དང་། བླ་སློབ་སྦྱོང་བ་མ་མཐུན་པས་ཆོས་ཉན་བཤད་ལས་པ་དང་། སེམས་ཅན་འདི་དག་ཁྲིམས་ལྡན་འདི་དག་ཁྲིམས་འཆལ་ཞེས། །སྣ་ཚོགས་འདུ་ཤེས་ཞུགས་པ་ཤིན་ཏུ་ཚུལ་ཁྲིམས་འཆལ། །ཞེས་གསུངས་པ་ལྟར། རང་གི་ཚུལ་ཁྲིམས་སོགས་ལ་མཆོག་འཛིན་དང་། གཞན་ཡང་བརྙས་པ་དང་། འདོད་ཡོན་བདུད་ཀྱི་གཡབ་མོ་ཡིན། །ཞེས་གསུངས་པ་ལྟར། མངོན་ཤེས་རྙེད་བཀུར་སོགས་ཀྱང་བདུད་ལས་ཡིན་ནོ། །བདུད་ལས་དང་འདྲ་བ། ཤེར་ཕྱིན་འཆད་ཚེ་དོན་མི་ཁྲོལ་ཞེས་ལངས་ཏེ་འགྲོ་བ་ལེ་ལོ་ཅན་ལ་བདུད་མེད་དེ་དེ་ཉིད་བདུད་ཡིན་པར་གསུངས་སོ། །ཤེས་རབ་ཅན་ལ་བདུད་མེད་དེ། སྡུད་པ་ལས། རྒྱུ་རྣམས་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་གསུངས་པ་ལྟར། སྟོང་ཉིད་རྟོགས་པ་དང་། སེམས་ཅན་བློས་མི་གཏོང་བ་དང་། དམ་བཅས་པ་ཉམས་འོག་ཏུ་ཆུད་པ་དང་། སངས་རྒྱས་རྗེས་སུ་དྲན་པས་སངས་རྒྱས་མི་བཞུགས་པའི་ཞིང་དུ་སྐྱེས་ཀྱང་སངས་རྒྱས་རྣམས་ཀྱི་ཐུགས་ཀྱིས་དགོངས་ནས་མངོན་སུམ་དང་མངོན་སུམ་མ་ཡིན་པས་བྱིན་གྱིས་རློབ་པར་འགྱུར་བས་བར་ཆད་མི་ནུས་སོ། །སེམས་ཅན་རྣམས་ཚེ་རིང་སྟེ་བདེ་བར་འཚོ་ཞིང་འཆི་བའི་སྒྲ་ཙམ་ཡང་མི་གྲགས་པ་དང་། ཁམ་བུ་ཤུ་ཤུ་སེ་ཡབ་སོགས་དཔག་བསམ་གྱི་ཤིང་གི་དྲུང་སྐྱེད་མོའི་ཚལ་དུ་ལ་ལར་སངས་རྒྱས་དང་ལ་ལར་བྱང་སེམས་ཆོས་སྟོན་པས་ཕྱོགས་ཐམས་ཅད་གང་བ་དང་། བྱང་སེམས་ཀྱིས་ལམ་དུས་སུ་ཞིང་སྦྱོང་བ། སྨོན་ལམ་རྫོགས་པ། འཁོར་སྨིན་པ་གསུམ་ལས། ཞིང་སྦྱོང་བའི་སྨོན་ལམ་ནི། ས་གཞི་རྣམས་གསེག་མ་སྟེ་རྡོ་བྱེ་དང་། ཚེར་མ་སོགས་མེད་ཅིང་གཞོན་ནུ་མའི་ལག་མཐིལ་ལྟར་ཁོད་སྙོམས་པ། ལྷའི་གོས་ཀ་ཙ་ལི་ཀས་དང་བཻཌཱུརྱའི་རང་བཞིན་ལྟར་འཇམ་པར་འགྱུར་བ་དང་། གནས་གཞི་གཙུག་ལག་ཁང་ལ་སོགས་པར་བྱང་སེམས་བླ་མ་དང་རྒྱལ་པོའི་ཚུལ་བཟུང་བ་ལ་གྲྭ་སློབ་དང་བློན་འབངས་ཀྱིས་བསྐོར་བ་འཛིན་པ་ཡོད་དོ་ཅོག་ལ། བྱང་སེམས་རང་ཉིད་ཀྱི་ཐུགས་བསྐྱེད་བསོད་ནམས་ཀྱི་སྟོབས་ལས་བྱུང་བ་ཟང་ཟིང་ནོར་གྱི་འབྱོར་པ་དང་། དམ་པ་ཆོས་ཀྱི་འབྱོར་པ་ཕུན་སུམ་ཚོགས་པས་བརྒྱན་ཏེ་བཞུགས་པ་དང་། སངས་རྒྱས་མི་བཞུགས་པའི་དུས་སུ་ཡང་སེམས་ཅན་རྣམས་ལ་ངང་པའི་རྒྱལ་པོ་དུས་བཟང་དང་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་དང་། ལྷའི་བུ་བསྙེན་གནས་ཀྱི་གཏམ་རྒྱུད་ལྟར་ཤིང་དང་། སངས་རྒྱས་ཀྱི་སྐུའི་འོད་ཟེར་གྱིས་ཆོས་སྟོན་པ་དང་། བྱང་སེམས་ཀྱིས་ཏིང་ངེ་འཛིན་གྱིས་ནམ་མཁའ་ལ་གཏེར་སྦས་པ་རྙེད་པ་དང་སྒྲ་ཐོས་པ་སོགས་ཡོད་པ་ལྟར་རྒྱུན་མི་ཆད་པར་འབྱུང་བ་དང་། སེམས་ཅན་དེ་དག་རྒྱལ་བ་སྲས་བཅས་དང་ཕྲད་ནས། ཡོན་ཏན་གྱི་ཞིང་ལ་བསོད་ནམས་ཀྱི་ས་བོན་འདེབས་པ་སྟེ་མཆོད་སྤྲིན་མཐའ་ཡས་པས་འགྲོ་བའི་བླ་མ་སངས་རྒྱས་མཆོད་པ་དང་། མདོ་སྡེ་སྤྲིན་ཆེན་པོའི་སྤྲིན་རབ་བཏོན་པས་ཆར་འབབ་པ་དང་། གླུད་གཏོར་སོགས་ཀྱིས་ཀླུ་ཆེན་པོ་རྣམས་བྱོན་པར་གྲགས་ཤིང་། སྐྱེ་དགུའི་དགེ་སྟོབས་ཀྱིས་ལྷ་རྣམས་རྒྱལ་ཞིང་ལྷ་མིན་ཕམ་པ་ན་རྒྱལ་ཆེན་བཞིས་གསོ་ཆུར་བཅུག་སྟེ་སྤྲུགས་པས་ཆར་འབེབས་ཤིང་ལོ་ཏོག་རྒྱས་པ་དང་། རྒྱལ་ཁམས་བདེ་བའི་རྒྱུ་རྒྱལ་པོ་རྣམས་ཆོས་བཞིན་བྱེད་པ་དང་། ཕྱི་སྣོད་ཀྱི་འཇིག་རྟེན་རྣམས་འབྱོར་ཞིང་རྒྱས་པ་དང་། ནང་བཅུད་ཀྱི་སེམས་ཅན་རྣམས་བདེ་ཞིང་སྐྱིད་པ་དང་། ཚ་གྲང་གི་ནད་སེལ་བ་འཚོ་བཅངས་དང་། ཞུན་མར་སོགས་ཞག་བདུན་པ། ཇ་སོགས་ཐུན་ཚོད་དུ་རུང་བ། འབྲས་ཆེན་སོགས་དུས་རུང་གི་སྨན་རྣམས་བཅུད་དང་ནུས་པ་དང་ལྡན་པ་དང་། ནད་གདོན་ཞི་བ་དང་། མཆོག་ཐུན་སྒྲུབ་པའི་རིག་སྔགས་འགྲུབ་སླ་བ་དང་། མཁའ་ལ་རྒྱུ་བའི་འདྲེ་སྲིན་རྣམས་གནོད་སེམས་གདུག་རྩུབ་ཞི་ཞིང་བྱམས་སྙིང་རྗེའི་སེམས་དང་ལྡན་པ་དང་། མདོར་ན་སེམས་ཅན་འགལ་སྟེ་གཅིག་ཙམ་ལ་ཡང་ལུས་ལ་སྡུག་བསྔལ་དང་སེམས་ལ་འཇིག་སྐྲག་དང་གཞན་གྱིས་བརྙས་པ་དང་ཡིད་མི་བདེ་བ་སོགས་འབྱུང་བར་མི་འགྱུར་བ་དང་། དེ་ནས་རབ་བྱུང་གི་དོན་དུ་བསྔོ་བ་ནི། གཙུག་ལག་སྟེ་སྡེ་སྣོད་ཀྱི་ཁང་པ་རྣམས་ཀློག་པ་ཐོས་བསམ་དང་། མདོ་སྡེ་ཐུགས་སུ་བཟུང་བ་རྣམས་མི་བརྗེད་པའི་ཕྱིར་འདོན་པའི་ཁ་ཏོན་སོགས་ཀྱིས་དར་ཞིང་རྒྱས་ལ་ལེགས་པར་གནས་པ་དང་། དགེ་འདུན་འཁྲུགས་རྩོད་བྱས་པའི་ཤུལ་དུ་ཉམས་རྟོགས་ཀྱི་ཡོན་ཏན་སྐྱེ་མི་སྲིད་དེ་གང་ན་རྩོད་པ་རྣམས་འཕེལ་བའི་དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་ཞེས་གསུངས་པའོ། །དེས་ན། དགེ་འདུན་མཐུན་པ་བདེ་བ་སྟེ་སོགས་གསུངས་པ་ལྟར་ཐུགས་མཐུན་པ་དང་། ཉ་སྟོང་གི་གསོ་སྦྱོང་རྣམས་ཀྱིས་ཚུལ་ཁྲིམས་མཐུན་པར་བྱེད་པ་དང་། མུ་སྟེགས་ཀྱི་ལྟ་བ་ཅན་དང་། ཆང་འཐུང་བ་སོགས་བསླབ་པ་འདིས་མི་གནོད་ཁོ་བོས་ཤེས་ཟེར་བ་ལྟ་བུ་སྔོན་དགེ་སྦྱོང་འཆི་ལྟས་ལྟ་བུ་བསྐྲད་པར་བྱ་དགོས་ཏེ། འཐབ་མོ་སྤངས་ཏེ་གཎྜི་བརྡུངས་ནས་ཀྱང་། ཆུ་ཤིང་རུལ་བ་བཞིན་དུ་བསྐྲད་པར་བྱ། །ཞེས་གསུངས་པ་ལྟར་གནས་ནས་དབྱུང་བ་དང་། ཞི་གནས་ཀྱི་གསོ་སྦྱོང་སོགས་ཀྱིས་ལྟ་བ་མཐུན་པར་བྱས་ཏེ། དགེ་འདུན་དོན་ཏེ་ཞི་བ་མྱ་ངན་ལས་འདས་པ་ཐོབ་པ་དང་། བསླབ་པ་འདོད་པ་རྣམས་ཕྱི་འདུ་འཛི་དང་རྣམ་རྟོག་ཁྱད་པར་གྱིས་དབེན་པ་རང་དོན་ཡིད་བྱེད་དང་བྲལ་བ་དང་། སེམས་ཀྱི་རྣམ་གཡེང་ཐམས་ཅད་སྤངས་ནས། བཞག་ན་གཡོ་མེད་རི་ཡི་རྒྱལ་པོ་ལྟར། །བཏང་ན་དགེ་བའི་དམིགས་པ་ཀུན་ལ་འཇུག །ཅེས་གསུངས་པ་ལྟར། སེམས་བཏང་འགྲོ་བཞག་སྡོད་ལ་དབང་བའི་ལུས་སེམས་ཤིན་སྦྱང་གི་བདེ་བ་ཐོབ་པ་དང་། དགེ་སློང་མ་རྣམས་བསོད་སྙོམས་ཆོས་གོས་སོགས་ཀྱི་རྙེད་པ་དང་ལྡན་ཞིང་ནང་འཁྲུགས་དང་། གཞན་གྱིས་ཚུལ་ཁྲིམས་འབེབས་པ་སོགས་ཀྱི་གནོད་པ་མི་འགྱུར་བ་དང་རབ་བྱུང་ཀུན་ལ་ལྟུང་བ་ཕྲ་མོ་ཙམ་ཡང་མི་འབྱུང་ཞིང་། གལ་ཏེ་བྱུང་ན་འགྱོད་པ་དྲག་པོས་བཤགས་ནས་སྡིག་ལྟུང་དག་པ་དང་རྣམ་སྨིན་གྱི་འབྲས་བུས་ངན་སོང་དུ་མི་སྐྱེ་ཞིང་བདེ་འགྲོར་སྐྱེས་ནས། བྱེད་པ་རྒྱུ་མཐུན་གྱི་འབྲས་བུས་ཚུལ་ཁྲིམས་ཉམས་པར་མི་འགྱུར་བ་དང་། མཁས་པ་རྣམས་ལ་གཞན་གྱིས་བཀུར་བ་དང་བསོད་སྙོམས་འབུལ་བ་དང་། དེ་ལྟར་གྱུར་ན་རིག་གནས་མོ་རྩིས་སོགས་ཀྱང་སེམས་ཅན་ལ་ཕན་པའི་སངས་རྒྱས་ཀྱི་ཕྲིན་ལས་ཡིན་པས་རྒྱུན་མི་འཆད་པ་དང་། མཁས་པ་རྣམས་ཀྱང་ང་རྒྱལ་གྱི་དབང་གིས་གཞན་ལ་ཁྱད་གསོད་དང་། གྲུབ་མཐའ་གཞན་ལ་སྨོད་པའི་ཆོས་སྤོང་གི་བྱ་བ་སོགས་སྤངས་ཏེ་རྒྱུད་ཡོངས་སུ་དག་པ་དང་། ཏིང་འཛིན་རྒྱལ་པོ་ལས། ཚུལ་ཁྲིམས་འཆལ་བས་ངན་འགྲོར་དེ་འགྲོ་སྟེ། །དེ་ལ་ཐོས་པ་མང་པོས་སྐྱོབ་མི་འགྱུར། །ཞེས་གསུངས་པ་ལྟར། ཐོས་པ་དང་ལྡན་ཡང་ཚུལ་ཁྲིམས་ཉམས་ཏེ་ཚེ་འདིར་གྲགས་པ་མ་ཡིན་པ་དང་ཕྱི་མ་ངན་སོང་གི་སྡུག་བསྔལ་འབྱུང་བར་མི་འགྱུར་བར་ཚེ་འདིར་ཕྱོགས་ཀུན་ཏུ་སྙན་པར་གྲགས་ཤིང་ཕྱི་མ་དལ་འབྱོར་གྱི་མི་ལུས་ཐོབ་སྟེ། དཀའ་ཚེགས་མེད་པར་བདེ་བླག་ཏུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བསྔོ་བ་དང་། གཉིས་པ་མཆོག་གི་དགོངས་པ་རྫོགས་པར་བསྔོ་བ་ནི། སེམས་ཅན་རྣམས་ཀྱིས་སངས་རྒྱས་ཐམས་ཅད་མཆོད་ཅིང་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་ཟག་མེད་ཀྱི་བདེ་བས་སེམས་ཅན་རྣམས་བདེ་བ་དང་། ཡང་ན་བདག་གི་དགེ་བས་སངས་རྒྱས་ཀྱི་ཐུགས་བདེ་བར་སྨོན་པ་མདོ་སྤར་སྣང་གསུངས། བྱང་སེམས་རྣམས་ཀྱི་འགྲོ་དོན་ཐུགས་བཞེད་ལྟར་འགྲུབ་པ་དང་། མགོན་པོ་རྒྱལ་བ་སྲས་བཅས་ཀྱི་གང་དགོངས་པ་བཞིན་སེམས་ཅན་རྣམས་ཕན་བདེའི་འབྱོར་པ་དང་ལྡན་པ་དང་། ཉན་རང་རྣམས་ཀྱང་སྙིང་རྗེ་སྒོམ་པའི་ཡུལ་དུ་རུང་བར་གསུངས་པས་སྡུག་བསྔལ་དང་བྲལ་ནས་བདེ་བ་དང་ལྡན་ཕྱིར་བསྔོ་བའོ། །གཉིས་པ་རང་དོན་བྱང་ཆུབ་སྤྱོད་པའི་རྒྱུར་བསྔོ་བ་ནི། བདག་ཀྱང་ད་འཇམ་དཔལ་དབྱངས་ཀྱི་བཀའ་དྲིན་གྱིས་ས་དང་པོ་མ་ཐོབ་བར་དུ་དུས་རྟག་པར་ཚེ་རབས་དྲན་པ་དང་། ཇི་སྐད་དུ། ཁམས་གསུམ་བདག་པོ་སྔར་ཡང་ལན་བརྒྱར་བྱས། །ངུར་སྨྲིག་རྒྱལ་མཚན་བསྒྲེངས་པ་ད་རེས་ཙམ། ཞེས་གསུངས་པ་ལྟར། ཁྱད་པར་དུ་འཕགས་པའི་ལུས་རྟེན་རབ་ཏུ་བྱུང་བ་ཁོ་ན་ཐོབ་ཕྱིར་བསྔོ་བ་དང་། བདག་ཁ་ཟས་ཕལ་བ་ངན་ངོན་ཙམ་གྱིས་ལུས་ཉམས་སྟོབས་དང་ལྡན་ཞིང་འཚོ་ནུས་པ་དང་། ཚེ་རབས་ཐམས་ཅད་དུ་དབེན་ཞིང་གནས་ཕུན་སུམ་ཚོགས་པ་ཉིན་མོ་མིའི་རྒྱུ་འགྲུལ་དང་མཚན་མོ་སྒྲས་ཅ་ཅོ་མེད་པ། ཆོས་སྒྲུབ་པའི་མཐུན་རྐྱེན་མ་ཚང་བ་མེད་པ་ཐོབ་པ་དང་། དུས་གང་སེམས་སྐྱོ་བའི་ཚེ་འཇམ་དཔལ་དབྱངས་ཀྱི་ཞལ་མཇལ་འདོད་པ་དང་། ཚིག་དོན་གྱི་གནས་ཅུང་ཟད་ཙམ་ཞིག་དྲི་བར་འདོད་ཀྱང་། མགོན་པོ་འཇམ་དཔལ་དབྱངས་ཀྱི་ཞལ་མི་མཇལ་བའི་སྒྲིབ་པ་ཐམས་ཅད་བྲལ་ནས་ཞལ་མཐོང་བ་དང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཕྱོགས་བཅུར་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་གྱི་དོན་དུ་དཔེ་མེད་པའི་སེམས་བསྐྱེད་དེ་རྒྱལ་སྲས་ཀྱི་སྤྱོད་པ་ལ་དེ་ལྟར་བསླབ་པ་ལྟར་བདག་གི་སྤྱོད་པའང་དེ་འདྲ་བར་སྨོན་པ་དང་། ཇི་སྲིད་ནམ་མཁའ་གནས་ཀྱི་བར་དུ་འགྲོ་རྣམས་གནས་པ་དེ་སྲིད་དུ་བདག་གནས་ནས་འགྲོ་བའི་སྡུག་བསྔལ་སེལ་བ་དང་། འགྲོ་བའི་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་སྨོན་པ་སྟེ་འདི་ནི་འགྲུབ་པར་མི་འགྱུར་ཡང་བློ་སྦྱོང་གི་སྨོན་ལམ་ཡིན་ཞིང་ཕན་ཡོན་ཚད་ལས་འདས་སོ། །བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་ཐུགས་བསྐྱེད་སྨོན་ལམ་གྱིས་འགྲོ་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བ་སྤྱོད་པར་སྨོན་པའོ། །གཉིས་དོན་བསྟན་པ་དར་རྒྱས་སུ་བསྔོ་བ་ནི། འགྲོ་བ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་སེལ་བའི་སྨན་གཅིག་པུར་གྱུར་པ། གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐམས་ཅད་འབྱུང་བའི་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡིན་ཏེ། དེ་ནི། སྟོན་པའི་བསྟན་པ་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ལུང་གི་ཆོས་ལ་ཐོས་བསམ་དང་རྟོགས་པའི་ཆོས་ལ་ཉམས་ལེན་བྱས་ཏེ། ཆོས་གོས་གསུམ་གྱིས་ལུས་བརྒྱན། ལུང་སྡེ་སྣོད་གསུམ་གྱིས་ངག་བརྒྱན། ལམ་བསླབ་པ་གསུམ་གྱིས་སེམས་བརྒྱན་དེ། བཤད་བསྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་འཛིན་པ་ལ། དད་གཏོང་འབྱོར་པ་ཕུན་སུམ་ཚོགས་པའི་བསྟན་པའི་སྦྱིན་བདག་རྣམས་ཀྱིས་རྙེད་པ་དང་བཀུར་སྟི་ལྡན་བཞིན་ཡུན་རིང་དུ་གནས་པའི་ཆེད་དུ་བསྔོ་བ་ལ། གནས་པར་གྱུར་ཅིག་ཅེས་སྨོན་ལམ་དང་འབྲེལ་བ་དང་། གནས་ན་ཅི་མ་རུང་ཞེས་འདུན་པ་དང་འབྲེལ་གནས་པ་ཞིག་བདག་གིས་བྱའོ་ཞེས་དམ་བཅའ་དང་འབྲེལ། དེ་ལྟར་བྱེད་ནུས་པར་བླ་མ་དཀོན་མཆོག་གསུམ་གྱི་བྱིན་གྱིས་རློབས་ཤིག་ཅེས་གསོལ་འདེབས་དང་འབྲེལ་བ་སྟེ། འབྲེལ་བ་བཞི་ལྡན་ནོ། །གསུམ་པ་མཇུག་ཡོངས་སུ་རྫོགས་པའི་བྱ་བ་ལ་བཞི་ལས། དང་པོ་བཀའ་དྲིན་དྲན་པའི་ཕྱག་ནི། སློབ་དཔོན་གྱིས་སྤྱོད་འཇུག་བརྩམས་པའི་དགེ་བློའམ། ཡང་ན་བློ་ཆོས་སུ་འགྲོ་བ། ལྷག་པའི་ལྷ་གང་། རྒྱལ་སྲས་འཇམ་དཔལ་དཔའ་བོའི་བཀའ་དྲིན་དང་། ཐུགས་རྒྱུད་ཀྱི་ཡོན་ཏན་གྱི་ལུས་དར་བ། མཁན་པོ་རྒྱལ་བའི་ལྷ་སོགས་ལ་བརྟེན་པས་དེ་དག་ལ་ཕྱག་མཛད་པ་ལྟར་བདག་ཅག་རྣམས་ཀྱང་རྒྱལ་སྲས་འཇམ་དཔལ་དབྱངས་དང་། གཞན་ཡང་རང་རྒྱུད་ལ་ལུང་རྟོགས་ཀྱི་ཡོན་ཏན་ཅུང་ཟད་ཅིག་ཐོབ་པ་དེ་སུ་ཞིག་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་ཀྱང་དེ་དག་རང་གི་བླ་མར་བཟུང་ནས་ཕྱག་བྱ་བ་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི་བྱང་ཆུབ་སོགས། གསུམ་པ་གང་གིས་བརྩམས་པའི་མཛད་བྱང་ནི། བྱང་ཆུབ་སོགས་ཏེ། ངོ་མཚར་ཅན་གྱི་གཏམ་བདུན་སོགས་ལོ་རྒྱུས་རྒྱས་བསྡུས་ཅི་རིགས་དང་། བཞི་པ་ལོ་ཙཱ་བའི་འགྱུར་བྱང་ནི། རྒྱ་གར་གྱི་མཁན་པོ་ཐམས་ཅད་མཁྱེན་པའི་ལྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བསྙེན་ཙུན་དའི་སྐྱེ་མཐའ་སྐ་བ་དཔལ་བརྩེགས་ཀྱིས་མ་དག་པ་ཞུས་ཏེ་འཆད་ཉན་གྱིས་གཏན་ལ་ཕབས། སླད་ནས་མཁན་པོ་ཆོས་དཔལ་བཟང་པོ་དང་། ཕྱི་འགྱུར་གྱི་ལོ་ཙཱ་བའི་ཐོག་མ་རིན་ཆེན་བཟང་པོ་དང་། འབྲེ་བན་ཀར་བ་ཤཱཀྱ་བློ་གྲོས་ཀྱིས་མ་དག་པ་བཅོས། རྒྱ་གར་གྱི་སྐད་ལས་བོད་དུ་བསྒྱུར་ཏེ་གཏན་ལ་ཕབས། ཕྱིས་སུ་མཁན་པོ་ལེགས་པའི་བློ་གྲོས་གྲགས་པ་དང་ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཏེ་གཏན་ལ་ཕབས་པའོ།། །།

འཇམ་མགོན་བླ་མས་དམ་ཆོས་བདུད་རྩིའི་ཆར། །ཡང་ཡང་ཕབ་ཚེ་དད་མོས་དྲག་པོ་ཡིས། །རང་གིས་བརྗེད་ཕངས་བརྩོན་པས་བསྒྲིམས་ནས་སུ། །མི་བརྗེད་ཐོ་ཡིག་འཕྲལ་གྱིས་བགྱིས་རྣམས་ལ། །ཚིག་སྦྱོར་གོང་འོག་འགྲིགས་འགྲིགས་བྱེད་བློ་མིན། །རང་བཟོའི་བཅོས་བསླད་འདྲེས་དོགས་སོར་བཞག་བྱས། །ཁོ་བོ་སྐྱེས་ཐོབ་ཤེས་རབ་ཞན་པ་དང་། །ཚེ་འདིར་སྦྱངས་སྟོབས་གོམས་འདྲིས་ཆུང་བའི་ཕྱིར། །བླ་མའི་ཞལ་རྒྱུན་རྣལ་མ་ཡིན་ནོ་ལས། །སྤྱི་བརྟོལ་བསྐྱེད་དེ་སྨྲ་བར་ནུས་མིན་པས། །མ་རྟོགས་ལོག་རྟོགས་འགལ་འཁྲུལ་མཆིས་རྣམས་ཀུན། །སྐྱབས་གཅིག་བླ་མའི་སྤྱན་སྔར་སྙིང་ནས་འཆག །ཐེག་ཆེན་ཆོས་ལ་མོས་པའི་བག་ཆགས་ཙམ། །བཞག་པའི་དགེ་དེས་འགྲོ་ཀུན་བྱང་ཆུབ་ཀྱི། །སྤྱོད་པ་མཐར་སོན་རྒྱལ་བའི་དབང་པོ་ཡི། །གོ་འཕང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །ཅེས་མདོ་ཁམས་སྨད་ཀྱི་པཎྜི་ཏ་ཆེན་པོ་དཔལ་དགེ་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞལ་སྔ་ནས་སྤྱོད་འཇུ ག་གི་ཁྲིད་ལན་གྲངས་དགུ་ཙམ་ཐོབ་པའི་སྐབས་ཀུན་ཏུ་བརྗེད་བྱང་འཕྲལ་བྲིས་བགྱིས་ཤིང་། སླད་ནས་རྡོ་རྗེའི་མཆེད་གྲོགས་རྣམས་ཀྱིས་བྲིས་གཞིའི་ཤོག་བུ་བསྩལ་ཏེ་སྤྱོད་འཇུག་ལེའུ་བཞི་མའི་ཟིན་བྲིས་འདི་ལྟ་བུ་ཞིག་བྲིས་ཤིག་ཅེས་གསུངས་གིས་བསྐུ ལ་བ་ལྟར་སྐྱ བས་མགོན་བླ་མ་མཆོག་གི་གྲྭར་འབངས་ཡོངས་ཀྱི་ཐ་ཤལ་རྨོངས་རྟུལ་འཇིག་མེད་ཆོས་འཕེལ་བཟང་པོར་འབོད་པས་སུག་བྲིས་བགྱིས་པ་དགེའོ། །དགེའོ། །དགེའོ།། །།