SPCD-KABUM-02-KHA-024

From Khyentse Lineage - A Tsadra Foundation Project
Revision as of 16:27, 3 June 2024 by Jeremi (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title
Location 'phags mchog bka' 'bum
Volume 2, Text 24, Pages (Folios to )
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. '. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. : . Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre
[edit]
ཕྲིན་བཅོལ་བཞུགས། ཀྱཻ། ལུང་རྟོགས་རྒྱ་མཚོའི་བསྟན་སྲུང་ཡེ་ཤེས་ཀྱི་སྤྱན་མངའ། །རྣམ་ཀུན་ལེགས་ཉེས་སྟངས་འཛིན་དྲག་རྩལ་གྱི་སྟོབས་ལྡན། །དཔལ་གྱི་མགོན་པོ་མ་ནིང་སྔགས་སྲུང་གི་རྒྱལ་མོ། །གཟའ་མཆོག་རྒྱལ་པོ་དམ་ཅན་རྡོར་ལེགས་སོགས་འཁོར་ཚོགས། །རྒྱུན་དུ་མཆོད་བསྟོད་ཕྲིན་ལས་བཅོལ་བ་ཡི་དོན་དེ། །རྣལ་འབྱོར་སྒྲུབ་པ་པོ་ཡིས་ད་ལན་དུ་བསྐུལ་འཚལ། །ངེས་འབྱུང་སྐྱོ་ཤས་དྲག་པོས་རང་རྒྱུད་འདི་རྙེད་དེ། །སྒྲུབ་བརྒྱུད་གོང་མའི་རྣམ་ཐར་སྙིང་དབུས་སུ་འཆར་བྱུང་། །ཤིན་ཏུ་དབེན་པའི་རི་སུལ་གཏན་དུ་རང་བཅས་ནས། །གཉིས་འཛིན་སེམས་ཀྱི་འཁྲུལ་སྣང་སྒྱུ་མ་རུ་གཤེགས་ཤིང་། །ཡང་དག་ཡེ་ཤེས་སྣང་བའི་ལམ་གསང་ཉིད་བགྲོད་ཕྱིར། །གཅིག་པུར་སྒོ་གསུམ་རྣལ་དབབ་ཉིན་མཚན་ཀུན་དྲིལ་ཚེ། །སྙིགས་མའི་དབང་གིས་ལོག་སྒྲུབ་བར་ཆད་ཅན་སྲིད་དེ། །ཆོས་བརྒྱད་ཆོས་ལྟར་འཆོས་པས་ཆོས་དྲེད་དུ་ལྷག་པའི། །འཁོར་བའི་བྱ་བ་ཆེ་ལས་ལྡོག་པ་ནི་མེད་བཞིན། །ཀུ་ཅོ་རྩིང་སྤྱོད་དྲག་པོས་དབེན་གནས་འདི་བཅུམ་བཞིན། །བསླུ་བྲིད་མཁས་པའི་གཡོ་ཟོལ་ཁོག་འགྱིངས་ཅན་འགའ་ཡང་། །སྔར་ཡང་སྲིད་དེ་ད་ཡང་ངེས་མེད་དུ་འདུག་ན། །ཕྱི་ནང་ཁྱད་མེད་དམ་སྲི་ཉམས་པ་ཡི་ཚོགས་ལ། །འགལ་རྐྱེན་ངན་པའི་རྟགས་མཚན་ནོན་ངེས་རེ་ཆོད་ལ། །ཡུལ་ཕྱོགས་འདི་ཡི་རྒྱངས་སུ་མྱུར་བར་གྱིས་བཏོན་ཏེ། །དེ་ལྟའི་བྱུང་དང་འབྱུང་རྒྱུའི་ཁ་མཚམས་ཀུན་སྲུངས་ཤིག །ཡང་དག་ལམ་ལ་དད་ཅིང་གཞོལ་བ་ནི་སུ་འང་། །བསམ་དོན་བཞིན་དུ་མཐུན་རྐྱེན་ཆར་བཞིན་དུ་བསྙེལ་ཅིང་། །བཤད་སྒྲུབ་ཐོས་བསམ་སྒོམ་པའི་འདབ་སྟོང་དག་གྲོལ་ཏེ། །རིས་མེད་བུང་བ་ཚོགས་པའི་ཕྲིན་ལས་དེ་མ་གཡེལ། །རྒྱལ་བ་གོང་མའི་སྒྲུབ་པའི་རྒྱལ་མཚན་རང་འཛིན་ཅིང་། །གཞན་དོན་ཕྲིན་ལས་རྒྱ་མཚོ་འབད་མེད་དུ་བརྙེས་མོད། །འཁོས་ཉམས་ཞན་རུང་ལྷག་བསམ་ཚུལ་བཞིན་དུ་ཕྱོགས་པའི། །རྣལ་འབྱོར་བདག་གི་སྡོང་གྲོགས་བརྟན་པོ་རུ་མཛོད་ཅིག །ཅེས་པའང་། འལ་འོལ་ཟང་ཟིང་ཕྲན་བུ་བྱུང་སྐབས་དངངས་སྐྲག་གིས་བསྙད་བཏགས་ཏེ་ཕྲིན་བཅོལ་དོན་ལྡན་ཞིག་འབྲི་འདོད་བྱུང་ཡང་། བླུན་པོའི་ཚིག་ལ་རྩོམ་པའི་གནས་དབེན་བཞིན་གང་དྲན་ཤར་མར་དུ་འབྲི་བ་པོ་སྲས་མིང་ལྷུན་གྲུབ་རྒྱལ་པོས་སོ། །དགེའོ།། །།