SPCD-KABUM-01-KA-005

From Khyentse Lineage - A Tsadra Foundation Project
Revision as of 15:26, 3 June 2024 by Jeremi (talk | contribs)
Wylie title SPCD-KABUM-01-KA-005.pdf
Location 'phags mchog bka' 'bum
Volume 1, Text 5, Pages (Folios to )
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. '. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. : . Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre
[edit]

ཐུན་མོང་སྔོན་འགྲོའི་ས་བཅད་བཞུགས་སོ།།

ངེས་འབྱུང་ཆེན་པོས་འཁོར་བའི་སྐྱོན་དང་བྲལ། །དོན་གཉེར་ཆེན་པོས་ཐར་ལམ་མྱུར་དུ་བགྲོད། །སྙིང་རྗེ་ཆེན་པོས་གང་ལ་གང་འདུལ་སྟོན། །དོན་གཉིས་རླབས་ཆེན་འགྲུབ་ལ་གུས་ཕྱག་འཚལ། །བླ་མ་བཅུད་ལྡན་སློབ་བུ་སྣོད་ལྡན་པའི། །རྟེན་འབྲེལ་རྣམས་ནི་ཡོངས་སུ་འགྲིགས་གྱུར་ཚེ། །ཆོས་དང་གདམས་པ་རིམ་གྱིས་སྤེལ་བར་བྱ། །དེ་ཡང་མདོར་བསྡུས་ཙམ་ཞིག་བརྗོད་བྱེད་ན། །སངས་རྒྱས་རྣམས་ཀྱིས་རྫུ་འཕྲུལ་གསུམ་གྱིས་འཆད། །དགྲ་བཅོམ་རྣམས་ཀྱིས་དག་པ་གསུམ་གྱིས་འཆད། །རྒྱ་བོད་མཁས་པ་པཎྜི་ཏ་རྣམས་ཀྱིས། །བཀའ་རྣམས་ཕུན་སུམ་ཚོགས་པ་ལྔ་ལྡན་དང་། །བསྟན་བཅོས་རྩིས་འགོ་ཡན་ལག་ལྔ་ཡིས་འཆད། །དེ་ཡང་དོན་དུ་བསྡུ་ན་སྤང་བླང་གཉིས། །ཟོག་པོའི་འུར་ཁྲིད་འདོད་པའི་དཔུང་ཁྲིད་དང་། །སྐུ་ཆེན་སྤོམ་ཁྲིད་ཤེས་ཆུང་དཔེ་ཁྲིད་སོགས། །ཡང་དག་མིན་ཕྱིར་དེ་དག་རབ་སྤངས་ཏེ། །པཎྜི་ཏས་ཚིག་ཁྲིད་སྒོམ་ཆེན་དམར་ཁྲིད་དང་། །རྣལ་འབྱོར་མྱོང་ཁྲིད་རྒན་མོའི་མཛུབ་ཁྲིད་སོགས། །ངེས་ངེས་དཀྲིག་དཀྲིག་སྒོ་ནས་ཆོས་བསྟན་བྱ། །དེ་ཡང་ཕར་ཕྱིན་དྲུག་དང་ལྡན་དགོས་ཏེ། །རྙེད་བསྟོད་སྙན་གྲགས་རེ་བ་མ་ཡིན་པ། །ཕན་སེམས་སྒོ་ནས་འཆད་པ་སྦྱིན་པའོ། །གཞན་ལ་ཟུར་ཟ་ཁྱད་གསོད་མ་ཡིན་པར། །དག་སྣང་སྒོ་ནས་འཆད་པ་ཚུལ་ཁྲིམས་དང་། །ཡང་ཡང་དྲིས་ཀྱང་ཁྲོ་བར་མི་བྱ་སྟེ། །ཁོང་ཡངས་ངང་ནས་འཆད་པ་བཟོད་པ་དང་། །ཉིན་གྱི་རྣམ་གཡེང་མཚན་གྱི་གཉིད་སྤངས་ཏེ། །རྒྱུན་ཆད་མེད་པར་འཆད་པ་བརྩོན་འགྲུས་དང་། །ཚིག་དོན་གོང་འོག་བརྡ་དོན་མ་ནོར་བར། །དགོངས་པའི་ངང་ནས་འཆད་པ་བསམ་གཏན་དང་། །ཐོས་བསམ་སྒོམ་པའི་སྒྲོ་འདོགས་ཆོད་ངེས་པ། །སློབ་མའི་རྒྱུད་ལ་བསྐྲུན་པ་ཤེས་རབ་སྟེ། །ཕར་ཕྱིན་དྲུག་ལྡན་ངང་ནས་འཆད་དགོས་སོ། །དེ་ལྟར་ཕན་ཡོན་བསམ་མི་ཁྱབ་པ་ཡོད། །འཇིག་རྟེན་ཁམས་སུ་རྒྱལ་སྲིད་སྣ་བདུན་དང་། །རིན་ཆེན་སྣ་ཚོགས་མར་མེ་སོགས་བཀང་སྟེ། །སངས་རྒྱས་རྣམས་ལ་མཆོད་པ་ཕུལ་བ་བས། །གང་ལ་དམ་ཆོས་ཚིག་གཅིག་སྟོན་པ་འཕགས། །དེ་བཞིན་འཇིག་རྟེན་ཁམས་འདིར་ཐམས་ཅད་དུ། །གསེར་དངུལ་རིན་ཆེན་སྣ་ཚོགས་ཀྱིས་བཀང་སྟེ། །སེམས་ཅན་ཀུན་ལ་སྦྱིན་པ་གཏོང་བ་བས། །དམ་ཆོས་ཟབ་མོ་ཚིག་གཅིག་སྟོན་པ་འཕགས། །དེ་ཕྱིར་གཞན་ལ་ཕན་པ་སྲོག་ཕྱིར་ཡང་། །རང་གི་ནུས་པ་ལྷོད་པར་མི་བྱེད་དེ། །སྐྱེས་བུ་དམ་པ་ཁུར་ཆེན་འཁུར་བ་རྣམས། །ཉམ་ངའི་གནས་སུ་ནམ་ཡང་འདོར་མི་བྱེད། །ཕན་ཡོན་ཀུན་གྱི་མཐར་ཐུག་བླ་ན་མེད། །ཉམ་ཐག་འགྲོ་ལ་སྙིང་རྗེའི་ཤུགས་བསྐྱེད་དེ། །ལམ་དང་ལམ་སྟེགས་འབྲས་བུ་དངོས་སྦྱོར་ཕྱིར། །ཆོས་དང་གདམས་པའི་རིམ་པ་འཆད་པ་ལ། །ཁྱེད་ཐུགས་གཅིག་ཏུ་སྤྲོ་བའི་བཀའ་དྲིན་ཞུ། །ཐར་པ་དམ་པའི་དོན་གཉེར་བློ་ཅན་རྣམས། །ཐོག་མར་མདོ་རྒྱུད་རྣམས་ལས་གསུངས་པ་བཞིན། །ཀུན་སློང་གཉིས་དང་ཀུན་སྤྱོད་སྤང་བླང་རྣམས། །ལེགས་པར་གསལ་བཏབ་ངང་ནས་གསན་དགོས་ཏེ། །དེ་ཡང་ཀུན་སློང་སྐྱོན་ཅན་བསལ་བྱ་ནི། །འཇིགས་སྐྱོབ་ལེགས་སྨོན་འགྲན་སེམས་ལུང་མ་བསྟན། །དེ་དག་ཚེ་འདིའི་དོན་དུ་གཉེར་བས་ན། །ཡང་དག་ལམ་ལ་ཕྱོགས་ཙམ་མི་ཉེ་བས། །ཐར་འདོད་རྣམས་ཀྱིས་ཡོངས་སུ་སྤང་བར་མཛོད། །དགེ་བའི་ཀུན་སློང་རབ་འབྲིང་ཐ་གསུམ་སྟེ། །ཐ་མས་ངན་སོང་གསུམ་ལས་སྐྱོབ་ཕྱིར་དང་། །འབྲིང་གིས་རིགས་དྲུག་གནས་ལས་ཐར་འདོད་ཙམ། །དེ་འདྲས་དོན་གཉིས་ཡང་དག་འགྲུབ་མིན་ཕྱིར། །སེམས་བསྐྱེད་ཆུང་འབྲིང་གཉིས་པོ་སྤང་བྱའོ། །རང་རེ་ཐེག་པ་ཆེན་པོའི་སྒོར་ཞུགས་ནས། །མཐའ་གཉིས་མི་གནས་དོན་གཉིས་འགྲུབ་དགོས་པས། །རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་ཕྱིར་དུ། །ཡང་དག་བྱང་ཆུབ་སེམས་མཆོག་བསྐྱེད་བྱས་ན། །བྱ་བ་རླབས་ཆེན་ཕན་པ་མཆོག་ཏུ་འགྱུར། །དགོས་པ་དོན་ཆེ་མཛད་པ་རྒྱུན་རིང་བས། །ཐོག་མར་བྱང་ཆུབ་སེམས་ཀྱི་ཀུན་སློང་འཆོས། །སྐྱེ་གནས་བཞིས་བསྡུས་སེམས་ཅན་མ་ལུས་པ༑ །སྐྱེ་ཤི་གྲངས་མེད་ད་ལྟའི་སྣང་བ་ལྟར། །རང་རེའི་ཕ་མ་མ་གྱུར་གཅིག་ཙམ་མེད། །དེ་ཡང་ལན་རེ་མ་ཡིན་བགྲང་ལས་འདས། །དེ་ལྟར་དྲིན་ཆེན་ཡིན་པ་གཞིར་བཅས་ཏེ། །སྔ་ཕྱི་ངོས་མི་ཟིན་དང་ཆ་ཡོད་མེད། །མ་གཏོགས་ཚེ་འདིའི་དྲིན་ཆེན་ཕ་མ་དང་། །ཁྱད་པར་མེད་པ་ཤ་སྟག་ཞིག་ཡིན་རུང་། །དེ་དག་རྣམས་ནི་བླུན་ཅིང་གཏི་མུག་པས། །བདེ་བ་འདོད་ཀྱང་དགེ་བ་བསྒྲུབ་མི་ཤེས། །སྡུག་བསྔལ་མི་འདོད་དེ་རྒྱུ་སྤང་མི་ནུས། །ཞེ་འདོད་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར། །ཉམ་ཐག་ཕ་མ་སེམས་ཅན་སྙིང་རེ་རྗེ། །ད་རེས་བདག་གིས་དམ་ཆོས་ཡང་དག་ཅིག །ཉན་ནས་ཉམས་སུ་ལེགས་པར་བླངས་བྱས་ཏེ། །སངས་རྒྱས་གོ་འཕང་མྱུར་དུ་བསྒྲུབ་སྙམ་དགོས། །རྩ་བ་སྨན་ཡིན་ཡལ་ག་ལོ་འབྲས་སོགས། །སྨན་གྱི་རང་བཞིན་ཉིད་ལས་འདའ་ས་མེད། །རྩ་བ་དུག་ཡིན་ཡལ་ག་ལོ་འབྲས་སོགས། །དུག་གི་རང་བཞིན་ཉིད་ལས་མ་འདས་བཞིན། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་ལ་མི་ལྟོས། །གཞི་ནས་བསམ་པ་དག་ལ་རག་ལས་པས། །ཀུན་སློང་བཟང་ངན་ལུང་མ་བསྟན་ལ་སོགས། །ཇི་ལྟར་རེད་ཀྱིན་དང་པོ་རིམ་པར་དཔྱོད། །མདོར་ན་དགེ་བ་ཆེ་ཕྲ་ཅི་སྒྲུབ་ཀྱང་། །ཡང་དག་ཀུན་སློང་དེ་འདྲས་ཟིན་ངེས་མཛོད། །དེ་བཞིན་ཐབས་ཆེན་གསང་སྔགས་ཀུན་སློང་ནི། །ཕུན་སུམ་ཚོགས་པ་ལྔ་ལྡན་གསལ་བཏབ་དགོས། །སྤྱིར་ནི་ཆོས་རྣམས་ཐམས་ཅད་སེམས་ཀྱིས་བྱས། །གསང་སྔགས་དག་སྣང་ཆེ་བས་ཁྱད་པར་འཕགས། །ཡིན་ཕྱིར་སྟོན་པ་གྲོགས་མཆེད་ལ་སོགས་པ། །ཐ་མལ་མ་དག་སྣང་བར་མི་འཛིན་ཏེ། །སྟོན་པ་ཆོས་སྐུ་རྡོ་རྗེ་འཆང་ཆེན་དངོས། །ཐེག་ཆེན་ཆོས་ལས་འབྲས་བུ་གསང་སྔགས་ཉིད། །འཁོར་ཡང་བྱང་སེམས་དཔའ་བོ་མཁའ་འགྲོ་སོགས། །དུས་ཀྱང་རྟག་པ་རྒྱུན་གྱི་འཁོར་ལོ་སྟེ། །ཡེ་ནས་ཡིན་པ་བཞིན་དུ་ངེས་ཤེས་བསྐྱེད། །དེ་ནས་ཀུན་སྤྱོད་སྤང་བྱའི་རིམ་པ་ལ། །དང་པོ་སྣོད་ཀྱི་སྐྱོན་གསུམ་བསྟན་པ་ནི། །ཆོས་ལ་རྣ་བའི་ཤེས་པ་མ་གཏད་ན། །སྣོད་ཁ་སྦུབ་ནང་བཅུད་ནི་མི་འགྲོ་བཞིན། །ཐོས་བྱེད་རྣ་བའི་ཤེས་པ་ལེགས་པར་གཏོད། །ཐོས་པའི་ཚིག་ཀྱང་ཡིད་དུ་མ་བཟུང་ན། །ཞབས་རྡོལ་སྣོད་དུ་བཅུད་ཀྱང་མི་ཆགས་བཞིན། །འཛིན་བྱེད་ཡིད་ལ་ངེས་ཕྱིར་ལེགས་པར་ཟུང་། །ཐོས་ཤིང་ཡིད་དུ་ངེས་པར་གྱུར་ན་ཡང་། །བཟང་ངན་ཐམས་ཅད་ཀུན་སློང་རག་ལས་པས། །འདིར་སྣང་ཆོས་བརྒྱད་འདྲེས་མས་ཉན་གྱུར་ན། །དུག་ཅན་སྣོད་དུ་བཅུད་བཟང་བླུགས་པ་ལྟར། །དེ་ཕྱིར་བསམ་པ་རྣམ་པར་དག་པས་ཉོན། །གཉིས་པ་དྲི་མ་དྲུག་གི་རྣམ་པ་ནི། །རང་ལ་ཆོས་དང་འཇིག་རྟེན་གང་ཐད་ནས། །ཡོན་ཏན་ལྡན་པའི་ང་རྒྱལ་སྐྱེས་གྱུར་ན། །རང་རྒྱུད་མི་ཐུལ་གཞན་དག་སྐྱོན་དུ་མཐོང་། །དེས་ན་རང་རྒྱུད་སྐྱོན་ལ་བརྟག་ཤེས་དགོས། །བླ་མ་ཆོས་ལ་དད་པ་མེད་གྱུར་ན། །ཐར་པའི་ལམ་གྱི་འཇུག་སྒོ་འགག་པ་ཡིན། །དེས་ན་སྙིང་ཁུང་རུས་པའི་གཏིང་རུམ་ནས། །དད་པ་རྣམ་བཞིའི་རྩེ་གཅིག་བཏུད་པར་བྱ། །དམ་ཆོས་སྒྲུབ་པ་ཕྱི་མའི་གཏན་དོན་ཏེ། །མ་ངེས་ཁ་ཙམ་ཕྱོགས་ལམ་བསྒྲུབས་བྱས་ན། །འཆི་བའི་དུས་སུ་རང་གིས་རང་བསླུས་པས། །དབེན་པར་ཉམས་ཕབ་སྒོ་གསུམ་ཆིག་དྲིལ་དགོས། །དབང་པོའི་ཤེས་པ་ཕྱི་རོལ་གཡེང་གྱུར་ཚེ། །སེམས་ནི་ཆོས་གྲལ་ཡོད་པ་མ་ཡིན་པས། །ལུས་ནི་ཆོས་གྲལ་ཡོད་མེད་དང་འདྲ་བས། །དྲན་ཤེས་བག་ཡོད་ལྡན་པས་ཉན་པར་དགོས། །ཧ་ཅང་ནང་དུ་ཤེས་པ་སྡུད་ཆེས་ན། །ཐོས་བསམ་གོ་འགགས་གཉིད་རྨུགས་ལྷག་པར་ལྡང་། །སྐད་ཅིག་གཅིག་གིས་འཐིབ་ཏུ་འགྲོ་བས་ན། །དེ་ཕྱིར་གྲིམ་ལྷོད་ཤིན་ཏུ་སྙོམས་པར་དགོས། །ཆོས་ཐུན་རིང་དང་རླུང་ཆར་ཉི་མས་གདུང་། །ལྟོགས་སྐོམ་སོགས་ཀྱིས་ཆོས་སྤང་ལས་གསོག་པས། །ཆོས་ཕྱིར་དཀའ་ཚེགས་ཚ་གྲང་ཅི་བྱུང་ཡང་། །བཟོད་པར་བྱས་ནས་སྤྲོ་བ་ཆེར་བསྐྱེད་དགོས། །གསུམ་པ་མི་འཛིན་པ་ཡི་དྲི་མ་ལྔ། །ཚིག་གི་རྣམ་གྲངས་ངེས་ཀྱང་དོན་མི་ཤེས། །ཚིག་ལ་མ་བརྟེན་དོན་ཡང་ཤེས་ཐབས་མེད། །གོང་འོག་ནོར་ན་ཉམས་སུ་ལེན་མི་ཤེས། །བརྡ་དོན་འཛོལ་ན་ཆོས་དང་རྒྱབ་འགལ་འགྲོ། །དོན་ཡང་མ་ངེས་ལོག་རྟོག་རྒྱུན་འབྱམས་པས། །ཚིག་དོན་ཟུང་འཇུག་བརྡ་དོན་གོང་འོག་རྣམས། །མ་ནོར་ཞིབ་རྒྱས་ཡིད་དུ་ངེས་པར་དགོས། །དེ་ནས་ཀུན་སྤྱོད་བླང་བྱའི་རིམ་པ་ལ། །དང་པོ་འདུ་ཤེས་བཞི་ཡི་རྣམ་བཞག་ནི། །ལས་ཉོན་རྒྱུ་ཡི་འབྲས་བུ་སྡུག་བསྔལ་བཞིས། །ཐོག་མེད་མནར་བ་ཡུན་རིང་ནད་པ་འདྲ། །དགེ་བཤེས་སྨན་པ་ལྟ་བུ་ལེགས་བསྟེན་ལ། །དམ་ཆོས་སྨན་འདྲ་ཉམས་སུ་མྱངས་བྱས་ཏེ། །སྨན་སྤྱོད་སྤང་བླང་སྨན་པའི་ངག་བཞིན་དུ། །སྤྱད་ན་མྱུར་དུ་ནད་ལས་གྲོལ་བ་ལྟར། །བླ་མས་དགེ་སྡིག་སྤང་བླང་རིམ་པ་རྣམས། །ཇི་ལྟར་བསྒོས་བཞིན་ཉམས་སུ་བླངས་གྱུར་ཚེ། །འཁོར་བའི་སྡུག་བསྔལ་མཐའ་དག་ལས་གྲོལ་བའི། །ཐབས་ཟབ་ཡོད་བཞིན་འདུ་ཤེས་ལེགས་འཇོག་འཚལ། །གཉིས་པ་ཕར་ཕྱིན་དྲུག་གི་རིམ་པ་ཡང་། །བླ་མས་དམ་ཆོས་ཟབ་མོ་གསུང་བའི་དུས། །མེ་ཏོག་མཎྜལ་འབུལ་སོགས་སྦྱིན་པ་དང་། །ཕྱོགས་དེར་ཕྱག་དར་བྱས་ནས་སྤྱོད་ལམ་ཀུན། །མ་གུས་རྣམ་པ་སྡོམ་པ་ཚུལ་ཁྲིམས་དང་། །གྲོགས་མཆེད་གཙོས་ལ་གནོད་འཚེ་འགྲོ་དོགས་ཀྱིས། །འཕྲལ་རྐྱེན་ཇི་ལྟར་བྱུང་ཡང་བཟོད་པ་དང་། །བླ་མ་ཆོས་ལ་འཕྲད་དཀའི་འདུ་ཤེས་ཀྱིས། །དད་མོས་དགའ་སྤྲོ་ལྡན་པ་བརྩོན་འགྲུས་དང་། །རྣ་བའི་ཤེས་པ་གཞན་དུ་མི་གཡེང་བར། །གྲིམ་ལྷོད་རན་པས་ཉན་པ་བསམ་གཏན་དང་། །བླ་མའི་ཞལ་སྔར་ཆོས་ཀྱི་ཚིག་དོན་རྣམས། །སྒྲོ་འདོགས་ཡང་ཡང་གཅོད་པ་ཤེས་རབ་ཡིན། །དེ་ལྟར་ཕར་ཕྱིན་དྲུག་དང་ལྡན་པར་བྱོས། །གསུམ་པ་སྤྱོད་ལམ་གཞན་ལྟར་བསྟན་པ་ནི། །མདོར་ན་ལུས་ངག་ཡིད་གསུམ་གུས་པར་བྱ། །གདན་ཐོག་མི་འདུག་གདུགས་ནི་མི་ཕུབ་ཅིང་། །སྐྲ་ལོ་ཕབ་ནས་ཞྭ་ཡང་གྱོན་མི་བྱ། །ལྷམ་མི་གྱོན་ཅིང་སྐེད་རགས་ཤུབ་བུར་བཅིང་། །ལྟ་ཟུར་མི་སྟོན་གཞོགས་སྔས་ཉལ་མི་བྱ། །རྐང་པ་མི་བརྐྱང་ལག་ཏུ་མཚོན་མི་ཐོགས། །ལུད་པ་དང་ནི་གླལ་བ་ཆེར་མི་བྱེད། །གཉིད་དུ་ཡོལ་དང་སྐད་ཆ་ལབ་མི་བྱ། །གནམ་ལ་མི་བལྟ་ས་ལ་རིས་མི་བྲི། །རྒྱ་བོད་པཎ་གྲུབ་བྱོན་ནོ་ཅོག་ནས་བཟུང་། །ད་ལྟའི་རྩ་བའི་བླ་མ་ཡན་ཆོད་ཀྱི། །དམ་ཆོས་ཉན་འཆད་གང་གི་སྐབས་སུ་ཡང་། །གཞི་ནས་རྣམ་པར་དག་པ་གྱུར་པའི་ཕྱིར། །ཀུན་སློང་ཀུན་སྤྱོད་རིམ་པ་འདི་དག་ཀྱང་། །གལ་ཆེན་མཛད་ནས་ལུགས་སྲོལ་མ་ཉམས་བཞིན། །རང་རེས་གལ་ཆུང་སྙམ་ནས་ཡན་བོར་ན། །ཆོས་ལ་མ་གུས་རྣམ་པ་གཅིག་སྤྱོད་ཚེ། །གཞན་དག་ལས་ཀྱང་ཉེས་པ་འབུམ་འགྱུར་ལྕི། །དེ་ཕྱིར་ཤིན་ཏུ་གུས་འདུད་ཆེན་པོ་དང་། །བཅས་ཏེ་དམ་པའི་ཆོས་སྒོར་ཞུགས་དགོས་སོ། །དེ་དག་ཀུན་སློང་ཀུན་སྤྱོད་རིམ་པ་ཡང་། །མདོ་དོན་ཙམ་ཞིག་བསྟན་ནི་ཟིན་ཁུལ་ལོ། །བཤད་བྱ་ཆོས་ཀྱི་རིམ་པའི་མཚམས་སྦྱོར་ནི། །ཐར་པ་བླ་མེད་སངས་རྒྱས་གོ་འཕང་ལ། །དོན་གཉེར་བྱེད་པའི་བློ་ལྡན་སྐལ་བཟང་གིས། །བསྒྲུབ་བྱའི་སྙིང་པོ་བསྡུ་ན་འདི་ལྟ་སྟེ། །སྡུག་བསྔལ་རྩ་བ་ཉོན་མོངས་འབྱུང་གནས་ཆེ། །ཀུན་བྱེད་བདག་འཛིན་རྩ་བ་ཆོད་དགོས་པས། །གཅོད་བྱེད་བདག་མེད་རྟོགས་པའི་ཤེས་རབ་ལས། །ཐབས་གཞན་མདོ་རྒྱུད་བསྟན་བཅོས་ལུང་རིགས་སོགས། །དུས་གསུམ་རྒྱལ་བས་བསྡུ་ན་གསུངས་པ་མེད། །དེ་ལྟར་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི། །ཡང་སྙིང་ཚེ་ལུས་གཅིག་གིས་སངས་རྒྱ་བའི། །གདམས་ངག་ཟབ་མོའི་ཤེས་རབ་དེ་ལྟ་བུ། །རང་རེའི་རྒྱུད་ལ་འབྱོར་བ་བྱེད་པ་ལ། །ཐོག་མེད་ཀུན་གཞིར་འཁྲུལ་གཞི་རྣམ་པ་གསུམ། །འཁྲུལ་རྐྱེན་བཞི་སོགས་ཉེས་པའི་སྐྱོན་གོས་ནས། །ཐོག་མ་མེད་ནས་འཁོར་བ་འདིར་འཁྱམས་པས། །ངན་གོམས་ཤུགས་ཀྱིས་ཆོས་ལམ་ཕྱིན་པ་དཀའ། །གང་ཟག་གསར་བུ་མོས་པ་སྐྱེས་ཙམ་དཀོན། །སྐྱེས་ཀྱང་དེ་ཐོག་ལག་ལེན་འགྲུབ་པ་དཀའ། །གྲུབ་ཀྱང་དེ་ཡི་ངང་ནས་མཐར་ཕྱིན་དཀའ། །ཚེ་འཇུག་ཆོས་པ་སད་ཀྱིས་ཁྱེར་སོང་ན། །བླ་མ་ཆོས་ལ་དད་པ་དག་སྣང་འགྲིབ། །མཆེད་གྲོགས་སེམས་ཅན་རྣམས་ལ་བརྩེ་གདུང་ཆུང་། །ཕལ་ལས་ཐ་ཆད་མི་བྱེད་དགུ་བྱེད་དེ། །བསམ་སྦྱོར་མནོ་མྱུར་དྲག་པོས་ལས་ཚབ་ཆེན། །བསགས་མཁན་འགའ་ལ་འགྱུར་བ་མཐོང་ཆོས་ཡོད། །དེས་ན་དམ་ཆོས་ཡང་དག་བསྒྲུབ་འདོད་ན། །འདིར་སྣང་འཁོར་བའི་བྱ་བཞག་རྒྱབ་ཕྱོགས་དོར། །སྙིང་ནས་དམ་པའི་ཆོས་ལ་དོན་གཉེར་བསྐྱེད། །སེམས་རྒྱུད་ཆོས་དང་འདྲེས་ངེས་བྱེད་པ་ལས། །དགའ་བདེ་དལ་ཁོམ་དུས་སུ་ཆོས་སྒྲུབ་མདོག །ཡོད་མདོག་ལ་སོགས་ཇི་ལྟར་བྱས་བསྡད་རུང་། །ཟས་གོས་དབུལ་ལམ་ན་ཚས་གདུང་བའམ། །གཏམ་མི་སྙན་སོགས་ཅུང་ཟད་བྱུང་བའི་ཚེ། །དགེ་སྦྱོར་བྱ་རྒྱུ་གནམ་ལ་ཡལ་བར་གྱུར། །རྐྱེན་ངན་དབང་དུ་འཆོར་བར་གདོན་མི་ཟ། །དེ་ཙམ་ཞིག་གིས་དགེ་སྦྱོར་བོགས་དབྱུང་དང་། །ཕྱི་མའི་འཇིགས་སྐྲག་སེལ་བ་ལྟ་ཅི་སྨོས། །དོན་དུ་ཕལ་ལས་ཅུང་ཟད་མི་འཕགས་པས། །ངེས་འབྱུང་དྲག་པོས་བློ་སྣ་མ་ལྡོག་ན། །སྔ་མའི་གཞུང་ལམ་ཉིད་ལ་འཇུག་ངེས་ཡིན། །ཞུགས་ནས་ཚེ་འདི་ཁོ་ནའི་དབང་དུ་སོང་། །ཁེ་གྲགས་ཆགས་སྡང་གསོག་འཇོག་ལེ་ལོ་དང་། །རྣམ་གཡེང་ཁོ་ནའི་ངང་དུ་འབྱམས་ཀླས་ནས། །དམ་ཆོས་མི་བསྒྲུབ་དམ་བཅའ་བྱས་པ་ལས། །བཙུན་པ་ཕལ་ཆེར་དག་ལ་ཡོང་འདུག་པ། །དེ་ཚེ་དལ་འབྱོར་རྙེད་དཀའ་མི་རྟག་སོགས། །གོ་མྱོང་རྒྱུད་ལ་མ་འབྱོང་རང་གིས་ལན། །དེ་ཕྱིར་བསྐྱེད་རྫོགས་ལམ་གྱི་རིམ་པ་ལ། །མྱུར་དུ་གང་བྱུང་མཐོ་སྙབ་མི་བྱེད་དེ། །མདའ་འཕང་བ་ལ་འབེན་ངོས་ཟིན་དགོས་ལྟར། །དང་པོ་ཆོས་དང་འཇིག་རྟེན་རྣམ་དབྱེ་དང་། །དགེ་སྡིག་སྐྱོན་ཡོན་རྒྱུ་མཚན་ལ་སོགས་པ། །མ་འདྲེས་ཡང་དག་སོ་སོར་ཕྱེད་གྱུར་ནས། །དམ་ཆོས་ཟབ་མོ་ཉམས་སུ་བླང་ཤེས་དགོས། །དེ་ལྟར་ཕྱེད་པའི་ཐབས་མཆོག་ཡིན་ལུགས་ནི། །མདོ་སྔགས་ཆོས་རྣམས་ཡོངས་སུ་ཞལ་བསྡུར་བའི། །སྙིང་པོ་བླ་མའི་གདམས་ངག་ཟབ་མོ་ལྟར། །བློ་ལྡོག་རྣམ་བཞིས་བློ་སྦྱོང་ཡང་དང་ཡང་། །སྔོན་དུ་འགྲོ་བས་ཁ་ཙམ་མ་ཡིན་པར། །ངེས་འབྱུང་དྲག་པོ་རྒྱུད་ལ་འབྱོར་ངེས་རེ། །ཅི་ནས་གལ་དུ་ཆེ་བའི་རང་བཞིན་ལགས། །འཇིག་རྟེན་ཁམས་སུ་མི་ལུས་ཐོབ་པ་འདི། །སྟེས་དབང་སྟབས་ལེགས་ལྟ་བུས་ག་ལ་ཡིན། །རྒྱལ་བློན་དཔུང་རྩལ་སྟོབས་དང་མངའ་ཐང་དང་། །ཕོ་རྒོད་ཁ་བདེ་གཡོ་སྒྱུ་མཁས་པ་སོགས། །སྡིག་པ་མི་དགེའི་ལས་ཀྱིས་འབྱུང་བ་མིན། །རིང་མོ་ཞིག་ནས་ཚུལ་ཁྲིམས་རྣམ་དག་བསྲུངས། །སྦྱིན་སོགས་དགེ་བ་རླབས་ཆེན་བསགས་བྱས་ནས། །སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་མཐུས། །ད་སྐབས་མི་ལུས་ཁྱད་འཕགས་ཐོབ་པ་ཡིན། །དེ་ཡང་དམྱལ་བ་ཚ་གྲང་སྡུག་བསྔལ་དང་། །ཡི་དྭགས་བཀྲེས་སྐོམ་དུད་འགྲོ་བཀོལ་སྤྱོད་ཀྱིས། །དགེ་བ་འགྲུབ་པ་ལྟ་ཅི་བསམ་མི་ནུས། །སྡུག་བསྔལ་འཁོར་མོ་ཡུག་ལས་འདའ་བ་མེད། །མཐའ་འཁོབ་ཀླ་ཀློས་སྡིག་པའི་ལས་རང་སྤྱོད། །མཐོ་རིས་ལྷ་ཡང་རྣམ་གཡེང་ཁོ་ནས་ཟད། །ལོག་ལྟ་ཅན་ནི་སྐལ་པ་དམན་པས་སྒྲིབ། །སངས་རྒྱས་མ་བྱོན་མུན་པའི་བསྐལ་ཆེན་དང་། །ཡིད་ཀྱི་དབང་པོ་ལ་སོགས་ལྐུགས་གྱུར་ཚེ། །ཆོས་ལ་སྤྱོད་པའི་སྐལ་པ་གཏན་ནས་མེད། །ད་རེས་དེ་འདྲའི་མི་ཁོམ་གནས་དང་བྲལ། །ངོ་བོ་དལ་བ་བརྒྱད་དང་ལྡན་དུས་འདིར། །སྐལ་པ་བཟང་པོ་ཤེས་པའི་སྤྲོ་བ་བསྐྱེད། །ཆོས་ལ་ལག་ལེན་དངོས་སུ་བཏབ་པའི་དུས། །དམ་ཆོས་དར་བའི་གནས་ཀྱི་གཙོ་བོ་རུ། །སྒྲུབ་མཁན་མི་ལུས་ཁྱད་པར་འཕགས་པ་ཐོབ། །དེ་ཡང་དབང་པོ་ཀུན་ལ་སྐྱོན་མ་ཞུགས། །ལས་མཐའ་མ་ལོག་ཡུལ་ལ་ཡང་དག་དད། །རང་ངོར་ལྟོས་པའི་འབྱོར་བ་ལྔ་དང་ལྡན། །དེས་ན་ལས་མཐའ་ལོག་ལ་འགྱུར་ཉེ་བས། །ཐོག་མཐའ་བར་གསུམ་དགེ་བ་མཐར་ཕྱིན་དགོས། །སངས་རྒྱས་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར། །བསྟན་པ་གནས་བཞིན་རྗེས་འཇུག་རྣམས་དང་འབྲེལ། །ལྷག་པར་དགེ་བའི་བཤེས་ཀྱིས་རྗེས་སུ་བཟུང་། །གཞན་ལ་ལྟོས་པའི་འབྱོར་བ་ལྔ་དང་ལྡན། །དེས་ན་ངེས་འབྱུང་དད་པ་དོན་གཉེར་སོགས། །ཕལ་ལས་ཁྱད་པར་འཕགས་པས་སྤྲོ་བ་བསྐྱེད། །དེ་ལྟར་དལ་བརྒྱད་འབྱོར་བཅུ་ཚོགས་པ་ནི། །གྲངས་ཀྱིས་གཞལ་ཡང་ཤིན་ཏུ་རྙེད་དཀའ་སྟེ། །སྤྱིར་ནི་ངན་སོང་སྐྱེས་པ་ཆེས་མང་ཞིང་། །མཐོ་རིས་ལྷ་མིར་སྐྱེ་མཁན་ཆེས་ཆེར་ཉུང་། །མཐོང་ཆོས་མི་དང་དུད་འགྲོའི་མང་ཉུང་དང་། །མཐའ་འཁོབ་རྣམས་ལས་དམ་ཆོས་དར་ས་ཉུང་། །དེ་ཡང་སྐྱེ་འགྲོ་ཕལ་ལས་གྲྭ་པ་ཉུང་། །དེ་ལས་ཆོས་བྱེད་དལ་འབྱོར་ལྡན་ངེས་དཀོན། །དེ་བཞིན་དཔེ་ཡིས་གཞལ་ཡང་རྙེད་དཀའ་སྟེ། །འཇིག་རྟེན་ཁམས་འདིར་རྒྱ་མཚོར་གྱུར་པའི་ནང་། །རུས་སྦལ་མིག་མེད་ལན་རེ་རྒྱུ་བ་དང་། །སྟེང་གི་གཉའ་ཤིང་བུ་གར་འཕྲད་ཀྱང་སྲིད། །གཞན་ཡང་ཁབ་རྩེར་ཡུངས་དཀར་འདུག་པ་དང་། །གྱང་ལོགས་ངོས་ལ་སྲན་མ་ཆགས་པ་སྲིད། །མདོར་ན་འཇིག་རྟེན་ཀུན་ལས་སྲིད་དཀའ་བ། །ཡིད་བཞིན་ནོར་བུ་ལས་ཀྱང་ཆེས་ལྷག་པའི། །དལ་འབྱོར་མི་ལུས་ཁྱད་འཕགས་ཐོབ་དུས་འདིར། །གཏན་དོན་སྙིང་པོ་དམ་པའི་ཆོས་ཁོ་ན། །བསྒྲུབས་ནས་ཚགས་སུ་ཚུད་པར་མ་གྱུར་ཚེ། །རྟེན་བཟང་ཐོབ་ཀྱང་བྱ་བ་ཐ་མའི་ངང་། །ཤི་བའི་ཉིན་པར་དུད་འགྲོ་བཞིན་དུ་འཁྲུལ། །འཁྲུལ་ནས་ངན་སོང་གནས་ལས་འདའ་ས་མེད། །དེ་ཕྱིར་དལ་རྟེན་སྙིང་པོ་ལོན་པར་མཛོད། །སླར་ཡང་བཤད་མ་ཐག་པའི་ཚུལ་བཞིན་དུ། །མུན་པའི་བསྐལ་ཆེན་རྣམས་སུ་སྐྱེས་གྱུར་ཚེ། །དེ་སྲིད་དཀོན་མཆོག་གསུམ་གྱི་སྒྲ་མི་གྲགས། །མུན་བསྐལ་མིན་ཀྱང་བར་བསྐལ་ཚེས་གྱུར་ན། །མི་ལོ་བརྒྱ་སྟོང་ཁྲི་འབུམ་བསྟན་པ་སྟོང་། །དེ་འདྲའི་གནས་སུ་མི་ལུས་གྲངས་མེད་ཀྱང་། །དམ་ཆོས་སྒྲུབ་པའི་སྐལ་པ་ཡོངས་སུ་བྲལ། །ཚེ་འདིའི་བྱ་སྤྱོད་ཐུན་མོང་ཙམ་ཞིག་ལས། །གཏན་དོན་མི་འགྲུབ་ཐ་མལ་ངང་དུ་འཆི། །བྱེ་བྲག་དུད་འགྲོ་རྣམས་དང་སྐལ་པ་མཉམ། །ལས་འབྲས་ངན་སོང་གནས་ལས་འགྲོ་ས་མེད། །གྲངས་མེད་མི་ལུས་ཐོབ་ཀྱང་དོན་སྒོ་ཆུང་། །ད་ལན་མུན་བསྐལ་བར་བསྐལ་མ་ཡིན་པར། །སྒྲོན་བསྐལ་ཚེས་ནས་སངས་རྒྱས་སྟོང་འབྱོན་བཞིན། །ལུང་རྟོགས་བསྟན་པ་དར་བཞིན་གནས་པ་འདི། །དུས་ཀྱི་བསྐལ་པ་ཁྱད་པར་འཕགས་པ་ཡིན། །གནས་ཡུལ་སྤྱི་དང་བྱེ་བྲག་དཔྱད་བྱས་རུང་། །བྱང་ཤར་ནུབ་དང་གླིང་གཡོག་དྲུག་བཅས་ལ། །ཆོས་ཀྱི་སྣང་བ་ཆེར་མེད་ཤི་མ་ཐག །ངན་འགྲོའི་གནས་ལས་མེད་པས་སྐལ་པ་དམན། །འཛམ་གླིང་ཆོས་ཀྱི་བསྟན་པ་དར་གནས་འདིར། །གཞན་ལས་ཁྱད་པར་དུ་མས་སྤྱིར་འཕགས་ཤིང་། །སྒོས་སུ་འདིར་ཡང་ཆོས་མི་དར་བའི་གནས། །མཐའ་འཁོབ་བརྒྱ་རྩ་ཡང་འཁོབ་སྟོང་རྩ་གཉིས། །ཡོད་ཀྱང་དེ་འདྲའི་གནས་སུ་མ་སྐྱེས་པ། །འདི་ཡང་ཤིན་ཏུ་སྐལ་པ་བཟང་བ་དང་། །བྱེ་བྲག་དམ་ཆོས་དར་བའི་གནས་གཙོ་བོ། །སྔོན་དུས་རྒྱ་གར་རྡོར་གདན་ཡིན་པའི་སྐབས། །བོད་ཀྱི་ཆོས་པ་མཆོག་དམན་ཕལ་ཆེར་རྣམས། །ལུས་སྲོག་འབེན་བཙུགས་དཀའ་སྤྱད་དུ་མས་ཕྱིན། །གསེར་དངུལ་རིན་ཆེན་དར་ཟབ་གཅལ་དུ་བཀྲམ། །མདོ་སྔགས་ཆོས་རྣམས་བསྒྱུར་ཞུས་དཔྱད་གསུམ་གྱིས། །གཏན་ལ་ཕབ་པའི་འབྱུང་གནས་ཞིག་ཡིན་རུང་། །དེང་སང་བསྟན་པའི་རྟགས་ཙམ་ཕལ་ཆེར་ནུབ། །དེས་ན་ལྗོངས་འདིར་སྐྱེས་པ་སྐལ་བ་བཟང་། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་དང་། །མཁན་སློབ་ཆོས་གསུམ་སོགས་ཀྱི་བཀའ་དྲིན་གྱིས། །བོད་ལ་བཤད་སྒྲུབ་བསྟན་པ་ཉིན་བཞིན་གསལ། །དེའང་སྙིགས་ལྔས་རྒྱལ་བསྟན་རིམ་གྱིས་འགྲིབ། །ལྷག་པར་ངེས་དོན་བསྟན་པ་རིན་པོ་ཆེ། །སེམས་ཅན་བསོད་ནམས་དམན་པས་མ་ཆུན་ཏེ། །མི་རིང་རེས་ཀྱང་བསྟན་པ་ཆེས་ཆེར་འགྲིབ། །དེང་སང་བཤད་སྒྲུབ་དར་བའི་གནས་ཀྱི་མཆོག །མདོ་སྨད་སྡེ་དགེའི་ཁུལ་དུ་ཡིན་གྱུར་ཀྱང་། །དེ་ཡང་ཐོས་བསམ་གཙོ་བོར་འདོན་པ་སྟེ། །རི་མོའི་མེ་ལྕེས་གསལ་བར་མི་ནུས་བཞིན། །སྒོམ་པའི་ཉམས་རྟོགས་ལྡན་མཁན་ཆེས་ཆེར་དཀོན། །དེས་ན་བསྟན་འགྲོའི་བདེ་སྐྱིད་འབྱུང་གནས་དངོས། །ངེས་དོན་བསྟན་པ་འཛིན་པའི་སྐྱེས་བུ་ཞིག །མཐོང་ཆོས་རེག་བྱའི་ཡུལ་དུ་འདུག་ཕྱིན་ཆོད། །ལྷག་པར་གནས་དུས་ཆོས་དང་ཐབས་རྟེན་སོགས། །ཀུན་གྱི་སྙིང་པོ་ཡིན་བཞིན་སྐལ་པ་བཟང་། །ཡིན་ནས་ཡིན་པར་ཤེས་པའི་དགའ་སྤྲོ་བཅས། །ཆོས་སྒོར་མ་ཞུགས་པ་རྣམས་ཞུགས་པ་བྱོས། །ཞུགས་པ་རྣམས་ཀྱང་ཆོས་དྲེད་མ་སོང་བར། །དགེ་སྒྲུབ་སྡིག་སྤང་གོང་ནས་གོང་འཕེལ་བསྐྱེད། །བརྩོན་འགྲུས་ལྡན་རྣམས་ཉམས་རྟོགས་མཐར་ཕྱིན་ནས། །དོན་གཉིས་རླབས་ཆེན་ལྷུན་གྱིས་འགྲུབ་པར་མཛོད། །དེ་ལྟར་དལ་འབྱོར་ཕུན་སུམ་ཚོགས་པའི་སྐབས། །དོན་གཉེར་ལྡན་པས་དམ་ཆོས་མ་ཞུས་ན། །སྲོག་མ་ཆད་ཅིང་ལུས་ནི་མ་དོར་ཀྱང་། །དེ་ནི་ངེས་པར་རོ་དང་འདྲ་བར་གསུངས། །ཐོས་ནས་གཏན་དོན་དྲན་པར་མ་ནུས་ན། །དབུགས་མ་ཆད་ཀྱང་ས་རྡོ་བེམ་པོ་འདྲ། །སྐྱོན་ཡོན་ཤེས་ནས་སྡིག་པ་གསོག་གྱུར་ན། །འདྲེས་མ་ཁྱེར་ཀྱང་སྨྱོན་པ་ཉིད་དང་འདྲ། །རང་དབང་ཡོད་དུས་དམ་ཆོས་མ་བསྒྲུབས་ན། །བླུན་རྨོངས་དུད་འགྲོ་རྣམས་དང་སྐལ་པ་མཉམ། །དེས་ན་དལ་འབྱོར་ཕུན་སུམ་ཚོགས་པའི་སྐབས། །སྙིང་པོ་གཏན་དོན་ཁོ་ན་བསྒྲུབ་དགོས་ཏེ། །མཉན་པ་ཡོད་དུས་ཆུ་ལས་སྒྲོལ་དགོས་ལྟར། །ཐབས་ཀྱི་ལུས་རྟེན་ཁྱད་འཕགས་ལྡན་དུས་འདིར། །མཐའ་མེད་འཁོར་བའི་གནས་ལས་ཐར་དགོས་སོ། །དཔུང་ཚོགས་ཡོད་དུས་དགྲ་རྣམས་བཏུལ་དགོས་ལྟར། །བླ་མ་དམ་ཆོས་ལུས་རྟེན་ཕུན་ཚོགས་དུས། །ཉོན་མོངས་དགྲ་རྣམས་ཅི་ཐུལ་བྱ་དགོས་སོ། །ནམ་ཟླ་དྲོད་དུས་ས་བོན་ཐེབས་དགོས་ལྟར། །གཏན་དོན་ཆོས་ཀྱི་སོ་ནམ་ཅི་ཐེབས་དགོས། །དེ་ཡང་རིན་ཆེན་གླིང་དུ་ཕྱིན་པའི་སྐབས། །ཡིད་བཞིན་ནོར་བུ་ཉིད་རང་ལོན་དགོས་ལྟར། །རང་བློ་ཁེལ་ངེས་གདམས་ངག་ཉམས་སུ་ལོན། །ཚེ་རབས་བསགས་པའི་སྡིག་སྒྲིབ་བྱང་དགོས་ཤིང་། །ཚེ་ཡི་ཡུན་ཟད་སྒྲུབ་ལོང་ཆེར་མེད་པས། །འདུས་བྱས་དགེ་བས་ཕན་གནོད་ཆུང་བ་དང་། །ཕྱི་མ་ངན་སོང་སྐྱེ་སྒོ་ཁེགས་དགོས་ཤིང་། །ཚེ་རབས་ཀུན་ཏུ་བདེ་བའི་རྒྱུ་ཡང་དག །ལུས་རྟེན་བཟང་པོ་འདི་ཐོག་འགྲུབ་དགོས་ཕྱིར། །ད་རེས་རང་རེ་སྤྱིར་ནི་མི་ཡིན་ཞིང་། །སེམས་ནི་སྤྱང་གྲུང་རྣམ་དཔྱོད་དུ་མར་ལྡན། །ངག་གིས་ཚིག་དོན་དཔག་མེད་སྟོན་ནུས་པ། །ལུས་ཀྱིས་དགེ་སྡིག་བླང་དོར་བྱ་ནུས་མཁན། །ཕྱི་པ་མ་ཡིན་ནང་པའི་ཁུལ་དུ་གཏོགས། །སྒོས་སུ་རྒྱལ་བའི་རྗེས་འཇུག་སེར་གཟུགས་འཆང་། །ཆོས་དང་བླ་མར་འཕྲད་ཅིང་རང་དབང་ཡོད། །ལུས་ལ་ནད་མེད་སེམས་ལ་སྡུག་བསྔལ་མེད། །བསམ་པའི་ཤེས་རབ་ཐབས་ཀྱི་ལུས་རྟེན་གཉིས། །སོ་སོ་ཉིད་དུ་ཡ་ནི་མ་བྲལ་ཞིང་། །འཆི་ནས་ངན་སོང་གནས་སུ་འཁྱམས་མ་ཚར། །ཐབས་ཤེས་འབྱོར་བ་ཕུན་སུམ་ཚོགས་པའི་སྐབས། །ཆོས་ཕྱིར་འཁྱག་ལྟོགས་དཀའ་སྤྱད་སྙིང་རུས་ཀྱིས། །འཆི་གྲབས་ལན་གྲངས་མྱོང་ངམ་འཆིར་འགྱུར་རུང་། །ལྷག་པར་དགའ་སྤྲོ་ལྡན་པས་བཟོད་དགོས་ཏེ། །རིང་མིན་འཆི་ནད་དྲག་པོ་བཟློག་མེད་ཀྱིས། །ཚེ་སྲོག་ཕྱི་མའི་ཡུལ་ལ་འཕང་པའི་ཚེ། །ངན་སོང་སྡུག་བསྔལ་བཟོད་དཀའ་བར་མེད་པ། །ཡུན་རིང་ཤུགས་དྲག་ཅི་རིགས་མྱོང་གྱུར་ཏེ། །རང་དབང་མེད་ཅིང་བདེ་བའི་མིང་མི་གྲགས། །ཐབས་དང་རྣམ་པ་ཐམས་ཅད་ཡོངས་བྲལ་ཚེ། །བླ་མ་མཇལ་དང་དམ་ཆོས་སྒྲུབ་པ་སོགས། །ཁོམ་པ་ལྟ་ཅི་ཆོས་ཕྱོགས་བློ་སྐད་ཅིག །ཙམ་ཡང་སྐྱེས་པའི་སྐལ་པ་ཕྲ་བཞིན་དུ། །གཞན་དབང་ཁོ་ནས་དུས་འདའ་མནར་བའི་ཚེ། །ཅི་ལྟར་བྱེད་སྙམ་ལྷག་ཏུ་བསམ་སྦྱོར་རྣམས། །ཆོས་ལ་རྩེ་གཅིག་དྲིལ་བར་བྱ་དགོས་སོ། །དལ་འབྱོར་ཐོབ་དུས་ཆོས་ལ་མ་ཞུགས་ན། །ཕལ་ཆེར་སྐྱེས་དང་ཚར་ལོང་མེད་པ་དང་། །རྒས་དང་ན་ལོང་མེད་པར་འཆི་བར་འགྱུར། །དགྲ་འདུལ་གཉེན་སྐྱོང་ལས་འཕྲོ་གཏམ་འཕྲོ་ལུས། །འགྲོ་འདུག་ཟ་འཕྲོ་ལུས་ནས་འཆི་བས་ན༑ །དམ་ཆོས་སྒྲུབ་པའི་ལོང་ཁོམ་ག་ལ་ཡོད། །དེ་ཕྱིར་མི་རྟག་རང་བཞིན་ཤེས་དགོས་པས། སྤྱིར་ནི་ཕྱི་སྣོད་འཇིག་རྟེན་རྟག་བརྟན་མེད། །རི་རབ་རི་ཕྲན་ཁོར་ཡུག་ལྕགས་རི་དང་། །གླིང་བཞི་གླིང་ཕྲན་བརྒྱད་སོགས་འཇིག་རྟེན་ཀུན། །མཐར་ནི་མེ་བདུན་ཆུ་གཅིག་རླུང་གིས་གཏོར། །ཐམས་ཅད་སྟོང་པའི་རང་བཞིན་གཅིག་ཏུ་གྱུར། །དེ་བཞིན་ནང་བཅུད་བསྐལ་པའི་འཕེལ་འགྲིབ་ལ། །མི་རྣམས་ལུས་ཀྱི་འོད་ཀྱིས་རང་བཞིན་གསལ། །རྫུ་འཕྲུལ་ལྡན་པས་ནམ་མཁར་འཕུར་ནུས་ཤིང་། །ཚེ་ལོ་དཔག་མེད་ཐོབ་ཅིང་བདེ་སྐྱིད་ལྡན། །ལོངས་སྤྱོད་འབྱོར་བ་ཕུན་སུམ་ཚོགས་པ་དང་། །དེང་སང་མི་དགེ་ལས་ཀྱིས་ཆེ་ཆེར་འགྲིབ། །སླར་ཡང་ལས་དང་ཉོན་མོངས་སྟོབས་ཤུགས་ཀྱིས། །བསྐལ་པའི་ཁུག་སོ་ཚེ་ལོ་བཅུ་པ་ཚེས། །ནད་མཚོན་མུ་གེས་སེམས་ཅན་ཕལ་ཆེར་འཇིག །དེ་སྐབས་མགོན་པོ་བྱམས་པའི་སྤྲུལ་པ་ཡིས། །དགེ་བཅུའི་ཆོས་སྟོན་ཚེ་བསོད་རིམ་གྱིས་འཕེལ། །བརྒྱད་ཁྲི་ཐུབ་དུས་བྱམས་པ་དངོས་སུ་བྱོན། །དེ་འདྲའི་འཕེལ་འགྲིབ་ཁུག་པ་བཅོ་བརྒྱད་མཚམས། །སངས་རྒྱས་མོས་པས་འགྲོ་དོན་རླབས་ཆེན་སྐྱོང་། །མཐར་ནི་སྲིད་པའི་སྣོད་བཅུད་ཡོངས་སུ་སྟོང་། །དེ་བཞིན་མཐོང་ཆོས་མྱོང་གྱུར་ཡོད་པ་ལྟར། །ལོ་གཅིག་ཚུན་ལ་དུས་བཞིའི་འགྱུར་ལྡོག་ངོམ། །ཁར་སང་དེ་རིང་དོ་ནུབ་སང་ཉིན་སོགས། །སྐད་ཅིག་གཅིག་གིས་མི་རྟག་རང་བཞིན་སྟོན། །དེ་ཕྱིར་སྣོད་བཅུད་ཐམས་ཅད་བསླུ་བའི་ཆོས། །གང་ལ་བདེན་པར་མ་འཛིན་རང་སེམས་ཁུག །སྐྱོ་བའི་འདུ་ཤེས་རྟག་ཏུ་བསྐྱེད་འཚལ་ལོ། །དེ་བཞིན་ནང་བཅུད་སྐྱེ་འགྲོ་ག་ལ་རྟག །སྐྱེས་བུ་དམ་པས་མི་རྟག་ཚུལ་བསྟན་ཏེ། །བསྟན་པའི་མངའ་བདག་ཤཱཀ་ཐུབ་པད་འབྱུང་དང་། །དགྲ་བཅོམ་རྗེ་འབངས་རྒྱ་བོད་མཁས་གྲུབ་སོགས། །དོན་གཉིས་འགྲུབ་ནས་གཤེགས་པའི་ཚུལ་དག་བསྟན། །དེ་བཞིན་སྐྱེ་དགུའི་བདག་པོའང་ག་ལ་རྟག །རྒྱ་གར་རྒྱ་ནག་བལ་པོ་མདོ་ཁམས་སུ། །སྟོབས་དང་མངའ་ཐང་སྙན་གྲགས་ཆེ་བ་དང་། །ཚེ་བསོད་འབྱོར་བ་ཕུན་སུམ་ཚོགས་པ་ཡི། །རྒྱལ་པོ་རྒྱལ་ཕྲན་བློན་པོ་བཙན་པོ་སོགས། །ཡུལ་ཁམས་ཐམས་ཅད་དབང་དུ་བསྡུ་ནུས་མཁན། །མཐོན་པོ་གནམ་ལྟར་བཙན་པོ་ཐོག་ལྟ་བུ། །ཕྱུག་པོ་ཀླུ་ལྟར་མཆོར་པོ་འཇའ་ཚོན་ལྟར། །མིག་གིས་མི་བཟོད་སེམས་ཀྱིས་བསམ་མི་ཁྱབ། །སྔ་ཕྱི་གྲངས་མེད་ཕེབས་ཀྱང་རྗེས་ཤུལ་གྱི། །ད་ལྟ་གཏམ་རྒྱུན་ཙམ་ལས་མེད་བཞིན་དུ། །སྲིད་རྩེ་མནར་མེད་ཡན་ཆད་སེམས་ཅན་ཀུན། །སྐྱེས་ནས་མ་ཤི་སྡོད་པ་གཅིག་ཙམ་ཡང་། །དུས་གསུམ་ཀུན་ན་འབྱུང་བ་ཆེར་མི་སྲིད། །བྱེ་བྲག་འཛམ་གླིང་སྙིགས་མ་ལྔ་བདོའི་སྐབས། །ཚེ་ཚད་ལྔ་བཅུ་འམ་ནི་སུམ་ཅུའི་དུས། །ད་ལྟ་ས་སྟེང་ཡོད་ཚད་ལོ་བརྒྱའི་ཚུན། །གཅིག་ཙམ་མི་སྡོད་འཆི་བའི་གནས་ལས་མེད། །ཡང་སྒོས་མཐོང་ཐོས་སེམས་ཀྱིས་མྱོང་གྱུར་པའི། །སྔ་རབས་ཕ་མ་མིང་གི་ལྷག་མ་ཙམ། །ད་ལྟའི་ཕ་མ་སྤུན་སྲིང་གྲོགས་མཆེད་དང་། །ཐ་ན་སྒོ་ཁྱི་སྒོ་ཟོག་སྔར་ཡོད་རྣམས། །ཇི་ལྟར་འཆི་བའི་གནས་ལས་མ་འདས་བཞིན། །རང་ལུས་བསྐྱེད་བྱེད་རྩ་བའི་ཕ་མ་ཡང་། །གཉིས་ཀ་འཆི་འམ་འཆི་བའི་རྟགས་མཚན་རྣམས། །མངོན་དུ་གྱུར་བཞིན་བུ་རྒྱུད་ཅིའི་ཕྱིར་རྟག །དེས་ན་གཡེང་བའི་དབང་དུ་རྒྱ་འབྱམས་ན། །འཇིག་རྟེན་ཁམས་སུ་དེ་ལས་བློ་ལྐུགས་མེད། །འཆི་ནས་ངན་སོང་གནས་སུ་འཁྱམས་མ་ཚར། །འདི་ནི་སྐལ་པ་བཟང་བར་ཤེས་དགོས་ཏེ། །དཔེར་ན་ཕྱུགས་ལུག་མང་པོའི་ཁྱུ་ཚོགས་ནང་། །གཤིན་རྗེས་ཞགས་པ་སུ་ཐེབས་ཆ་མི་གཏོགས། །མར་མེ་བརྒྱ་མཆོད་གཡས་གཡོན་མདུན་རྒྱབ་དང་། །མཐའ་དབུས་གང་ནས་དས་ཡོང་ཆ་མི་གཏོགས། །རླུང་གསེབ་མར་མེ་ཉི་རྒས་གྲིབ་མ་འམ། །ཤིང་འབྲས་སྨིན་ནས་ལྷུང་ལ་ཉེ་བ་ལྟར། །ཚེ་མཇུག་རྣམས་ནི་ནམ་འཆི་ངེས་ངེས་མེད། །འཆི་བའི་དུས་ལ་བབ་ན་བསྒྱུར་དུ་མེད། །སྨན་ལྷས་སྨན་གཏོང་ཚེ་དཔག་དབང་བསྐུར་ཅིང་། །འཇམ་དབྱངས་ཀྱིས་དཔྱད་ཐུགས་རྗེ་ཆེན་པོས་འདུལ། །ཕྱག་ན་རྡོ་རྗེས་སྲུང་བར་མཛད་ན་ཡང་། །བཟློག་ཏུ་མི་བཏུབ་འཆི་བ་ལས་མ་འདས། །དེ་ཡང་འཆི་རྐྱེན་ངེས་ངེས་འགའ་མེད་དེ། །གློ་བུར་གཟའ་དང་ཐོག་དང་མེ་ཆུ་དང་། །དུག་མཚོན་རྦབ་དང་གཡང་ས་ལ་སོགས་དང་། །འབྱུང་འདུས་ནད་རིགས་བཞི་བརྒྱ་རྩ་བཞི་དང་། །དགྲ་བགེགས་གདོན་རིགས་སུམ་བརྒྱ་དྲུག་ཅུ་དང་། །སྨན་དང་རིམ་གྲོ་གང་གིས་བཟློག་མི་བཏུབ། །ཚ་གྲང་ནད་སོགས་ཕྱོགས་ཙམ་ངོས་མི་ཟིན། །སྙིགས་མའི་ལས་ནད་ངན་པས་ནམ་ཟིན་ཡོང་། །ཆ་མི་རྟོག་བཞིན་གློ་བུར་ནད་ཀྱིས་མནར། །དེ་ཚེ་རང་དབང་ཅུང་ཟད་མི་འདུས་པར། །མར་གྱི་དཀྱིལ་ནས་སྤུ་ཉག་བཏོན་པ་བཞིན། །གཅེར་བུ་ལག་སྟོང་མཆན་དུ་བཅུག་བྱས་ནས། །ས་ཡུལ་ཁང་ཁྱིམ་རྒྱུ་ནོར་གཉེན་ཉེ་འབྲེལ། །བཟའ་བཏུང་ལོངས་སྤྱོད་ཇི་ཙམ་ཞིག་ཡོད་ཀྱང་། །འབྲལ་བར་མི་ནུས་བཞིན་དུ་ཡོངས་སུ་ལྷག །ཐ་ན་གཅེས་པར་བསྐྱངས་པའི་ལུས་འདི་ཡང་། །ཉལ་མལ་ཧྲིང་ངེ་ལྷག་ནས་འགྲོ་དགོས་ཤིང་། །གསོན་པའི་དུས་སུ་ལུས་ལ་དར་ཟབ་གཡོགས། །རྒྱན་ཆ་རིན་ཐང་ཆེ་བས་ལེགས་སྤྲས་ཤིང་། །ཁ་ལ་ཅི་ཞིམ་ལྟོ་ལ་ཅི་བརྒྱགས་བྱས། །འགྲོ་དུས་རྟ་ཞོན་འདུག་དུས་གདན་ཐོག་བསྡད། །ན་ཚ་ཚ་གྲང་ལྟོགས་སྐོམ་བཀོལ་སྤྱོད་སོགས། །ཕྲན་བུ་ཙམ་ཡང་བཟོད་པར་མི་ནུས་པའི། །ལུས་རྟེན་ཤིན་ཏུ་གཅེས་པོ་ཆེ་འདི་དག །ནམ་ཞིག་རོ་ཞེས་སྐྱུག་བྲོའི་གནས་སུ་འགྱུར། །འགུལ་སྣང་ཟེར་སྣང་ཤར་བ་ཡ་ང་བའི། །རང་བཞིན་ཞིག་ཏུ་གྱུར་ནས་གོས་ཧྲུལ་པོས། །སྡོང་ཐུར་བཞིན་དུ་མགོ་སྒབ་མེད་པར་དཀྲི། །ཐག་པས་བསྡམས་ཤིང་ཡོལ་བ་ནག་པོས་བསྒྲིབས། །རྡོ་བས་བརྟེན་ཅིང་ལྗིད་ཀྱང་ཡོ་རེ་འགྱུར། །ནག་པོ་ངམ་མེར་ལྷུ་ཚིགས་རྣམས་ཀྱང་ཞིག །ཁྲག་ཆུ་བབ་ཅིང་རུལ་བའི་དྲི་ངད་ཐུལ། །སྙིང་པོ་མེད་པའི་རྟགས་མཚན་ཐམས་ཅད་ངོམ། །རྩ་མེད་སྒོ་ཡི་ཕྱི་རོལ་མྱུར་བཏོན་ཏེ། །མེ་ལ་སྲེག་གམ་ཆུ་ལ་བསྐྱུར་བ་འམ། །ཡང་ན་དུར་ཁྲོད་འཇིགས་རུང་ཞིག་ཏུ་དོར། །བྱ་རྒོད་ཁྱི་སྤྱང་འབུ་སྦྲང་ལ་སོགས་ཀྱིས། །ཁམ་ཟས་བྱས་ནས་བཟའ་བར་འགྱུར་བའི་ཚེ། །ཤ་ཁྲག་འཐོར་ནས་རུས་པ་སྐྱ་སང་ངེ་། །སྐྲ་ནག་ཐོར་རེ་རླུང་གིས་ཕྱོགས་ཀུན་ཁྱེར། །བཟང་ངན་བདེ་སྡུག་ཐམས་ཅད་བྱེད་པ་པོ། །རྣམ་ཤེས་གཅིག་པུ་འདུ་ཤེས་གྲུང་བཞིན་དུ། །ཡ་ང་བར་དོའི་གནས་སུ་འཁྱམས་དགོས་པའི། །རང་བཞིན་འདི་དག་ཤེས་མཁན་དཀོན་པོ་འདུག །བསམ་པའི་སེམས་དང་ལྟ་བའི་མིག་ཉིད་དང་། །ཉན་པའི་རྣ་བ་ལ་སོགས་ཡོད་གྱུར་ན། །ཀུན་གྱིས་མཐོང་ཆོས་མྱོང་གྱུར་རང་བཞིན་ལ། །ཐུགས་ཉམས་ཕབ་ནས་དཔྱད་པ་གཏོང་བ་ལས། །རྒྱུ་ནོར་འབྱོར་ཚོགས་ཐོབ་ཐང་རྣམ་དཔྱོད་ལྡན། །དཔའ་རྩལ་སྤྱང་གྲུང་རིགས་རུས་ལང་ཚོ་དར། །ཐོས་བསམ་རྒྱ་ཆེ་འཆད་རྩོད་རྩོམ་ལ་མཁས། །མཛད་ཕྲིན་རྒྱས་ཤིང་བྱ་བ་ལམ་སློང་སོགས། །ཁ་ཕྱིར་བལྟས་ཏེ་ང་རྒྱལ་དབང་དུ་ནི། །ནམ་ཡང་མ་ལྡིང་མི་རྟག་རང་བཞིན་སྒོམས། །འཆི་ནད་དྲག་པོ་བཟློག་ཏུ་མི་བཏུབ་པ། །ལུས་ཀྱི་ནང་ཁྲོལ་ལས་ནི་ཚུར་སྨིན་ནས། །མི་རྟག་རང་མཚང་གཅིག་ཏུ་ངོམ་ཡོང་བས། །དེ་ཕྱིར་རྣམ་གཡེང་ལེ་ལོའི་རིགས་སྤངས་ཏེ། །དོན་ནི་ཡོད་ལ་མེད་པའི་བྱ་བཞག་ལ། །དེ་སྔོན་མི་ཚེ་ཕལ་ཆེར་ཟད་འདུག་མོད། །ད་ནི་གནོང་འགྱོད་དྲག་པོ་སྐྱེས་པའི་ངང་། །དགེ་སྦྱོར་འཕེལ་སྐྱེད་ལྷག་ཏུ་ཐོན་པར་མཛོད། །དེ་བཞིན་དཔེ་དོན་སྣ་ཚོགས་གང་ལ་ཡང་། །དཔྱད་ན་རྟག་བརྟན་ཡོད་པ་སྣེ་གཅིག་མེད། །སྔ་རབས་དར་ཞིང་རྒྱས་པའི་དགོན་སྡེ་རྣམས། །ད་ལྟ་ས་རོ་རྡོ་མལ་གྱུར་པས་ན། །མི་ཚེ་མགྲོན་པོ་ལྟ་བུའི་ཞག་ཚུགས་འདི། །ཡུལ་ཁང་གནས་ལ་གཟབས་པའི་དོན་སྒོ་ཆུང་། །དེ་བཞིན་འདུས་པ་ཐམས་ཅད་མི་རྟག་སྟེ། །ཚོང་དུས་མགྲོན་པོའམ་ནི་ཆོས་རྭ་བཞིན། །འཕྲལ་དང་རིམ་གྱིས་སྟོང་པར་འགྱུར་བས་ན༑ །བདེན་ཞེན་རེ་དོགས་ངན་ཤགས་འཐབ་རྩོད་སོགས། །བརྩེ་གདུང་ཆགས་པའི་ཞེན་པ་ཀུན་བསྐྱུངས་ཏེ། །གཅིག་པུ་དབེན་པའི་རི་ལ་གནས་པར་གྱིས། །དེ་བཞིན་དགྲ་གཉེན་གང་ལའང་ཡིད་བརྟན་མེད། །ཕལ་ཆེར་ངེས་མེད་སྐད་ཅིག་གཅིག་གིས་འགྱུར། །ཚེ་སྟོད་དགྲ་རྣམས་ཚེ་སྨད་གཉེན་དུ་འགྱུར། །ཚེ་སྟོད་གཉེན་རྣམས་ཚེ་སྨད་དགྲ་རུ་ལྡང་། །ཕན་ལན་གནོད་འཇལ་གནོད་ལན་དྲིན་ཡང་འབྱུང་། །དེ་ཕྱིར་ཉེ་རིང་ཐམས་ཅད་བཏང་སྙོམས་ཞོག །དེ་བཞིན་རྒྱུ་ནོར་འབྱོར་ཚོགས་རྟག་བརྟན་མེད། །ཚེ་སྟོད་ཕྱུག་རྣམས་ཚེ་སྨད་དབུལ་བར་འགྱུར། །ཚེ་སྟོད་དབུལ་ཀྱང་ཚེ་སྨད་ཕྱུག་པར་འགྱུར། །དགྲ་རྐུན་འདྲེ་གདོན་འགུག་པའི་གཡབ་མོ་ཡིན། །ཡི་དྭགས་གནས་སུ་འཕང་བའི་གཏིང་རྡོ་ཡིན། །བསགས་སྲུང་རྩོལ་སྒྲུབ་ཁོ་ནའི་རྣམ་གཡེང་བྱེད། །སེར་སྣའི་མདུད་པའི་བསྡོམས་པས་ཉམ་ཐག་བྱེད། །བདག་བྱེད་ལུས་ལ་སྙིང་པོ་ཅང་མེད་ན། །རྒྱུ་ནོར་འབྱོར་ཚོགས་ཕྱུག་ཀྱང་ཡིད་རྟོན་ཅི། །ལུས་རྟེན་འདི་ལ་ཟས་གོས་མཁོ་ཚོད་ལས། །རློམ་སེམས་ཇི་ལྟར་སྐྱེས་ཀྱང་དགོས་པ་ཆུང་། །གཞན་དབང་འགྱུར་དུས་ཕན་པ་སྐྱེད་མཁན་མེད། །ལྷག་པར་ཡོན་མཆོད་བསམ་སྦྱོར་དག་མཁན་དཀོན། །དེ་ཕྱིར་མི་རྒྱུ་ཁ་ཡང་མ་འབྲལ་སྐབས། །ཀུན་སློང་བཟང་པོ་གསོན་པོའི་ཚེ་འདིར་བསྐྱེད། །རྒྱུ་ནོར་གང་ཡོད་གཏན་དོན་ཆོས་རྩར་ཐོང་། །དེ་བཞིན་སྙན་གྲགས་ཆེ་ཡང་སྙིང་པོ་མེད། །གསོན་དུས་འགྲུབ་དཀའ་འཆི་དུས་ཕན་པ་མེད། །དགྲ་རྣམས་དགའ་ཞིང་གཉེན་རྣམས་ལྷག་ཏུ་སྐྱོ། །སྙན་གྲགས་བྲག་ཆ་ལྟ་བུ་རྟོགས་པར་གྱིས། །ཐོབ་ཐང་རྣམ་དཔྱོད་འབྱོར་ཚོགས་ལྡན་པ་དང་། །ཁེ་དྲག་གཏམ་བཤེས་ཤེས་རྒྱ་ཕེར་ཡོད་དང་། །དཔའ་རྩལ་སྤྱང་གྲུང་འཛོམས་པ་སུ་ཡིན་རུང་། །བསོད་ནམས་ཟད་དེ་རྒུད་པའི་དུས་ཚོས་ཚེ། །བསམ་བློ་ལྐུགས་ཅིང་བྱ་བ་ལམ་མི་འགྲོ། །མིས་འཕྱ་རང་སྡུག་ཀུན་གྱིས་བརྙས་བཅོས་བྱེད། །ལར་ནི་ཆགས་ཞེན་ཀུན་གྱི་སྙིང་པོ་ལུས། །ངེས་པར་བརྟགས་ན་ཤ་ཁྲག་རུས་པ་དང་། །ནང་ཁྲོལ་ལ་སོགས་གཅིན་རྟུག་མི་གཙང་ཁྲོད། །དབུགས་ཀྱི་འབྱིན་འཇུག་རྩ་རྣམས་འཕར་ལྡང་དང་། །ཡན་ལག་ལྷུ་ཚིགས་པགས་པའི་མདོག་བཅས་ལ། །དཔྱད་ན་ཆགས་པའི་རྒྱུ་ཞིག་ག་ལ་ཡོད། །ངོ་ཚ་དགོད་ཤོར་འཇིགས་སྐྲག་བསྐྱེད་པའི་རྒྱུ། །དབུགས་ཀྱི་འབྱིན་འཇུག་སྦུད་པའི་གསོབ་ལྟ་བུ། །འདི་ཉིད་སོང་ཚེ་རོ་ཞེས་ལིང་གིས་འགྱུར། །ང་དང་ཁྱོད་ཟེར་མཛེས་དང་མི་མཛེས་དང་། །བྱ་བ་རྒོད་ཞན་རྒྱུ་ནོར་མང་ཉུང་དང་། །བདག་ཉམས་ཆེ་ཆུང་ཟེར་ནས་གཅེས་འཛིན་གྱིས། །རེ་དོགས་འབད་རྩོལ་ཁོ་ནས་མི་ཚེ་ཟད། །གཏན་དུ་འདུག་ཆས་ཉིན་རེ་བཞིན་དུ་སྒྲུབ། །འགྲུབ་ཀྱང་མི་སེམས་སྟོང་པ་ཁེངས་དུས་མེད། །དཀའ་ལས་སྡིག་པ་ཁྲེལ་དང་ངོ་ཚ་དང་། །སྡོམ་དང་དམ་ཚིག་ལ་སོགས་ཁྱད་བསད་ནས། །སྒྲུབ་པའི་རྒྱུ་ནོར་འབྱོར་ཚོགས་ལྡན་གྱུར་ཚེ། །དེ་བཞིན་རང་གི་རྒྱུད་ནས་མི་ཚེ་ཟད། །མར་གྱི་དཀྱིལ་ནས་སྤུ་ཉག་བཏོན་པ་བཞིན། །ལག་སྟོང་མཆན་དུ་བཅུག་ནས་འགྲོ་དགོས་སོ། །རང་ཕྱོགས་ལྷ་རུ་བཟུང་ནས་ཞེན་ཅིང་ཆགས། །གཞན་ཕྱོགས་འདྲེ་རུ་བཟུང་ནས་སྡང་ཞིང་སྨོད། །དོན་དུ་དགྲ་གཉེན་གང་ལའང་ངེས་ངེས་མེད། །ལ་ལ་ཤི་ཞིང་ལ་ལ་ཡུལ་གཞན་སོང་། །ལ་ལ་མཐོ་དམན་འབྱོར་རྒུད་འགྱུར་ལྡོག་གི། །རང་བཞིན་གཏད་སོ་མེད་པས་རྨི་ལམ་འདྲ། །དེ་ཡང་ཡིད་ཀྱི་དཔྱོད་པ་ཙམ་དུ་ཟད། །དེ་ཕྱིར་འཕྲལ་སྣང་རྨི་ལམ་ལྟ་བུའི་སྐབས། །བདེན་ཞེན་རེ་དོགས་ངན་པས་མི་བཅིང་བར། །རྟག་ཏུ་མི་རྟག་རང་བཞིན་སྒོམ་པ་དང་། །རང་སྐྱོན་བརྟག་ཅིང་དམན་ས་ཁོ་ནར་ཟུང་། །ཞི་ཞིང་དུལ་ལ་བག་ཡོད་ལྡན་པར་སློབ། །འདིར་སྣང་འཇིག་རྟེན་ཕྱོགས་ལ་ཡིད་བརྟན་མེད། །ནམ་འཆི་ཆ་མེད་གར་སྐྱེས་ངེས་མེད་ཀྱི། །བློ་སྣ་རྦད་ཀྱིས་ཡོངས་སུ་བསྟུང་བར་བྱ། །མི་རྟག་སྒོམ་བཞིན་རྒྱུད་ལ་སྐྱེས་གྱུར་ཚེ། །ཆོས་ཀུན་རྩ་བ་འམ་ནི་སྡོང་པོ་འམ། །རྩིག་པའི་རྨང་ལྟར་ཡོད་ན་དེས་ཆོག་ཅིང་། །མེད་ན་བྱ་ཐབས་བྲལ་བའི་རང་བཞིན་ཏེ། །འཆི་བ་མི་རྟག་གཤའ་མ་ཞིག་དྲན་ན། །ཐོག་མཐའ་བར་གསུམ་ཆོས་ལ་ཡང་དག་སྦྱོར། །རྟ་ཕོ་ལྕག་གིས་བྲབས་ལས་ཆེས་མྱུར་བའི། །སྔོན་ཁྲིད་རྒྱབ་དེད་བྱེད་མཁས་ཁྲི་འབུམ་ལས། །ལྷག་པའི་བརྩོན་འགྲུས་ཤུགས་དྲག་རྒྱུན་རིང་བས། །ཉིན་མཚན་བར་མེད་དུས་ཀྱིས་འདའ་བ་རྣམས། །མི་རྟག་རང་བཞིན་ཤེས་པའི་བཀའ་དྲིན་ཡིན། །དེ་ཕྱིར་རྒྱུད་ལ་ངེས་པར་མ་འབྱོར་ཞིང་། །ཡང་ཡང་ཡིད་ལ་སྒོམ་པར་མ་བྱས་ཚེ། །ཞུ་ལོ་ཐོས་ལོ་སྒྲུབ་ལོ་འདྲ་ཆག་པོ། །ཇི་ལྟར་བྱས་ཀྱང་ཚེ་འདིའི་ལད་མོ་སྟེ། །འཇིག་རྟེན་ཆོས་བརྒྱད་ཁོ་ནའི་ངང་དུ་འདའ། །ཁ་དང་དོན་འཛོལ་འདོད་པ་ལག་ལེན་འཛོལ། །མཐར་ནི་ཆོས་དྲེད་ངན་པའི་རྒྱུ་གྱུར་ནས། །དོན་དུ་སྐྱེ་བོ་ཕལ་ལས་མི་འཕགས་སོ། །ཤི་ནས་མེ་དས་ཆུ་སྐམ་འཇའ་ཡལ་ལྟར། །མེད་དུ་སོང་ན་ཚེ་འདིས་ཆོག་འདུག་མོད། །ད་ལྟའི་ཕུང་པོ་རྡུལ་ཕྲན་བརླག་གྱུར་ཀྱང་། །རྣམ་ཤེས་འཁོར་བའི་གནས་ལས་འདའ་ས་མེད། །སླར་ཡང་ལུས་བླང་ལས་དང་རྣམ་སྨིན་སོགས། །བདེ་སྡུག་ལུས་སེམས་འདི་ཐོག་རག་ལས་པ། །ཇི་བཞིན་ཚེ་རབས་ཀུན་ཏུ་མྱོང་དགོས་པས། །དེ་ཕྱིར་ལས་དང་རྒྱུ་འབྲས་རིམ་པ་ནི། །ཚིག་དང་ཚུལ་འཆོས་ཙམ་ཡང་མ་ཡིན་པར། །ངེས་པར་རང་རེའི་རྒྱུད་ལ་སྦྱོར་དགོས་ཏེ། །ད་ལྟ་ལ་ལ་བདེ་བ་ཤ་སྟག་དང་། །ལ་ལ་སྡུག་བསྔལ་ཁོ་ནའི་འདའ་བ་དང་། །ལ་ལ་བདེ་སྡུག་སྣ་ཚོགས་ཡོང་བ་རྣམས། །རྒྱུ་འབྲས་ཉིད་ལ་ཡིད་ཆེས་མ་སྐྱེས་ཚེ། །ལས་ལ་ཡག་ཉེས་ལམ་འགྲོ་ཆེ་ཆུང་དང་། །ཕོ་ནི་རྒོད་ཞན་རྐྱེན་གྱིས་བསྒྱུར་སོགས་སྙམ། །དེ་དག་རྒྱུ་འབྲས་ཕྱོགས་ལ་ཉེ་བ་མིན། །ཚེ་སྔོན་དགེ་སྡིག་ལས་ནི་གང་བསགས་པའི། །ད་ལྟ་བདེ་སྡུག་འབྲས་བུ་སྨིན་པ་ཡིན། །ལུས་ལ་བཟང་ངན་ནད་ནི་མང་ཉུང་དང་། །དབང་ནི་ཆེ་ཆུང་རིགས་ཀྱང་བཙུན་མི་བཙུན། །ལོངས་སྤྱོད་འབྱོར་ཞན་ཤེས་རབ་ཆེ་ཆུང་སོགས། །མཆོག་དང་འབྲིང་དང་དམན་དུ་གྱུར་པ་ཀུན། །ཐམས་ཅད་རང་བྱས་ལས་ཀྱི་འབྲས་བུ་ཡིན། །དེ་ཡང་དཀར་པོ་དགེ་བས་མཐོ་རིས་གསུམ། །ནག་པོ་མི་དགེས་ངན་སོང་གསུམ་དུ་སྐྱེ། །དཔྱིད་ཀྱི་དུས་སུ་ས་བོན་གང་བཏབ་དེ། །སྟོན་གྱི་དུས་ན་འབྲས་བུ་སོ་སོར་སྨིན། །ཡིན་ཕྱིར་སྤང་བྱ་མི་དགེ་བཅུ་པོ་ནི། །ཆགས་སྡང་རྨོངས་པས་ཀུན་ནས་སློང་བ་ཀུན། །དཔེར་ན་རྩ་བ་དུག་གི་རྒྱུ་ཡིན་ན། །ལོ་མ་མེ་ཏོག་འབྲས་བུ་བྱེད་ལས་བཅས། །དུག་གི་རང་བཞིན་དེ་ལྟར་མི་དགེ་བའོ། །ཤེས་ནས་མི་དགེ་བཅུ་པོ་སྤང་བྱ་ནི། །ལུས་ཀྱིས་ཞེ་སྡང་སྒོ་ནས་སྲོག་གཅོད་དང་། །གང་ལ་འདོད་ཆགས་སྒོ་ནས་སྲོག་གཅོད་དང་། གཏི་མུག་སྒོ་ནས་ཞར་བྱུང་སྲོག་གཅོད་དོ། །རྒྱལ་བློན་དགྲ་ཇག་དཔུང་བཙན་དབང་གིས་ལེན། །བདག་པོས་མི་མཐོང་འཇབ་བུས་ལེན་པ་དང་། །ཚོང་སོགས་གཡོ་སྒྱུའི་སྒོ་ནས་ལེན་པའོ། །བདག་བཟུང་གནས་དུས་རིགས་སྲུང་ལོག་གཡེམ་མོ། །ངག་གིས་བདེན་མེད་སྨྲ་བ་རྫུན་ཕལ་པ། །དགེ་སྡིག་བདེ་སྡུག་མི་བདེན་རྫུན་ཆེན་པོ། །ཡོན་ཏན་ཡོད་མདོག་མི་ཆོས་བླ་རྫུན་ནོ། །ཕན་ཚུན་གཉིས་ཀར་ཡོད་སར་མངོན་ཕྲ་དང་། །གཅིག་མེད་པ་ལ་ལབ་པ་ལྐོག་ཕྲ་འོ། །གཞན་སྐྱོན་དངོས་སུ་བརྗོད་པ་ཚིག་རྩུབ་དང་། །དོན་མེད་གླུ་བྲོ་སྒྲུང་སོགས་ངག་འཆལ་ལོ། །ཡིད་ཀྱིས་གཞན་ནོར་བདག་བཟུང་བརྣབ་སེམས་དང་། །བདེ་སྐྱིད་ལྡན་ལ་མི་དགའ་གནོད་སེམས་དང་། །མཆོག་གསུམ་རིགས་ལ་ལོག་ལྟ་སྐྱེས་པ་སྟེ། །དེ་དག་ཡོངས་སུ་སྤང་བར་མ་བྱས་ན། །དང་པོ་རྣམ་པར་སྨིན་པའི་འབྲས་བུ་ནི། །མི་དགེ་བཅུ་པོའི་ལས་ནི་གང་ཡང་རུང་། །ཀུན་སློང་ཞེ་སྡང་ལྡན་ན་དམྱལ་བར་སྐྱེ། །འདོད་ཆགས་དབང་གིས་སྤྱད་ན་ཡི་དྭགས་སྐྱེ། །གཏི་མུག་དབང་གིས་དུད་འགྲོར་སྐྱེ་བ་ཡིན། །ངན་སོང་གནས་ལས་གལ་སྲིད་ཐར་གྱུར་ནས། །མི་ལུས་ཐོབ་རུང་རྒྱུ་མཐུན་འབྲས་བུ་ནི། །སྲོག་གཅོད་ལ་སོགས་སྔ་མ་གང་བྱས་ལ། །ད་ལྟ་དེ་རང་དགའ་ཞིང་ཡོངས་སུ་སྤྱོད། །དེ་བཞིན་མྱོང་བ་རྒྱུ་མཐུན་འབྲས་བུ་ནི། །སྲོག་གཅོད་བྱས་པས་ཚེ་ཐུང་ནད་མང་དང་། །མ་བྱིན་བླངས་པས་དབུལ་ཞིང་ཕོངས་པ་དང་། །ལོག་གཡེམ་བྱས་པས་ཁྱིམ་ཐབས་འཁོན་འཛིན་བྱེད། །རྫུན་གྱིས་རང་ལ་སྐུར་འདེབས་བསླུ་མཁན་མང་། །ཕྲ་མས་འཁོར་གཡོག་ནང་མི་མཐུན་པ་དང་། །ཚིག་རྩུབ་ཀྱིས་ནི་རྟག་པར་མི་སྙན་ཐོས། །ངག་འཆལ་བྱས་པས་ཅི་སྨྲས་བདེན་རྟོགས་དཀའ། །བརྣབ་སེམས་བྱས་པས་མི་འདོད་ཐོག་ཏུ་བབས། །གནོད་སེམས་ཀྱིས་ནི་འཇིགས་སྐྲག་འཚེ་མི་མང་། །ལོག་ལྟས་ལྟ་སྤྱོད་ཕྱིན་ཅི་ལོག་ཏུ་སྐྱེ། །དབང་གི་འབྲས་བུ་ཡུལ་ལ་སྨིན་པ་སྟེ། །སྲོག་གཅོད་པས་ནི་སྲོག་ལ་གནོད་པ་སྐྱེ། །མ་བྱིན་བླངས་པས་ལོ་ཐོག་སད་སེར་ལྡང་། །ལོག་གཡེམ་བྱས་པས་འདམ་རྫབ་ཁྲོད་དུ་སྐྱེ། །རྫུན་གྱིས་ཤེས་པ་སྐྲག་པའི་ཡུལ་དང་འཕྲད། །ཕྲ་མས་ས་རོང་བགྲོད་དཀའི་གནས་སུ་སྐྱེ། །ཚིག་རྩུབ་ཀྱིས་ནི་རྡོ་སྲེག་ཚེར་མར་སྐྱེ། །ངག་འཆལ་གྱིས་ནི་འབྲས་བུ་སྨིན་པ་དཀའ། །བརྣབ་སེམས་ཀྱིས་ནི་བྱ་བ་གང་བྱས་ཉེས། །གནོད་སེམས་ཀྱིས་ནི་འཇིགས་འཚེའི་དྲྭ་བར་ཚུད། །ལོག་ལྟས་དཔུང་གཉེན་ཐབས་བྲལ་གནས་སུ་སྐྱེ། །དེ་བཞིན་སྐྱེས་བུ་བྱེད་པའི་འབྲས་བུ་ནི། །འདི་ཕྱི་བར་དོ་སྐྱེ་བ་ཚེ་རབས་ཀུན། །གང་ནས་སྐྱེས་ཤིང་གང་དུ་འཕོས་གྱུར་ཀྱང་། །གང་དུ་གནས་རུང་སྡུག་བསྔལ་འཁོར་མོ་ཡུག །སྡུག་བསྔལ་རྒྱུ་འབྲས་གཉིས་ལས་འདའ་ས་མེད། །སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་བཟོད་ན། །སྐྱེད་བྱེད་མི་དགེའི་ལས་རྣམས་དུག་བཞིན་དུ། །མཁྱེན་ལྡན་རྣམས་ཀྱིས་རིང་དུ་སྤང་བར་མཛོད། །ད་ནི་བསྒྲུབ་བྱ་དགེ་བའི་ལས་བཅུ་སོགས། །རང་ཕྱོགས་མི་ཆགས་གཞན་ཕྱོགས་མི་སྡང་ཞིང་། །ལས་འབྲས་རྨོངས་པ་མེད་པའི་ཤེས་རབ་ཀྱིས། །ཀུན་ནས་སློང་བའི་ལས་རྣམས་དགེ་བ་སྟེ། །དཔེར་ན་རྩ་བ་སྨན་ལས་བསྐྱེད་པ་ཡི། །ལོ་མ་མེ་ཏོག་འབྲས་བུ་བྱེད་ལས་ཅན། །སྨན་གྱི་རང་བཞིན་དེ་ལྟར་དགེ་བ་འོ། །དེས་ན་དགེ་བ་བཅུ་པོ་འདི་ལྟར་སྤྱོད། །སྲོག་གཅོད་རིགས་སྤང་སྲོག་སྐྱོབ་ཆེ་ཕྲ་བྱ། །མ་བྱིན་ལེན་སྤང་མཆོད་སྦྱིན་རིགས་ལ་འབད། །འདོད་ལོག་སྤངས་ཏེ་ཚུལ་ཁྲིམས་རྣམ་དག་སྲུངས། །ངག་གི་རྫུན་སྤང་བདེན་པ་ཤ་སྟག་བརྗོད། །ངོས་ལྐོག་ཕྲ་མ་སྤངས་ཏེ་འཁོན་པ་འདུམ། །ཚིག་རྩུབ་སྤངས་ཏེ་སྙན་པའི་དབྱངས་བཅས་སྒྲོགས། །ངག་འཆལ་སྤངས་ཏེ་བཟླས་བརྗོད་ཁོ་ནར་བརྩོན། །ཡིད་ཀྱི་བརྣབ་སེམས་སྤངས་ཏེ་གཏོང་སེམས་འཆང་། །གནོད་སེམས་དྲུང་འབྱིན་ཕན་པའི་ཐབས་ལ་སྤྱོད། །ལོག་ལྟ་སྤངས་ཏེ་དག་སྣང་ཕྱོགས་མེད་བསྐྱེད། །དེ་དག་བསྒྲུབས་པས་རྣམ་སྨིན་འབྲས་བུ་ནི། །མཐོ་རིས་གསུམ་པོ་གང་རུང་སྐྱེ་བར་འགྱུར། །བྱེད་པ་རྒྱུ་དང་མཐུན་པའི་འབྲས་བུ་ནི། །སྦྱིན་སོགས་དགེ་བ་སྔ་མ་གང་བྱས་ལ། །ད་ལྟ་དེ་རང་དགའ་ཞིང་ལོངས་སུ་སྤྱོད། །དེ་བཞིན་མྱོང་བ་རྒྱུ་མཐུན་འབྲས་བུ་ནི། །སྲོག་གཅོད་སྤངས་པས་ཚེ་རིང་ནད་གདོན་ཉུང་། །མ་བྱིན་སྤངས་པས་འབྱོར་ལྡན་འཚེ་བ་ཉུང་། །འདོད་ལོག་སྤངས་པས་ཁྱིམ་ཐབས་མཛེས་བཞིན་མཐུན། །ཟོལ་རྫུན་སྤངས་པས་ཀུན་གྱིས་བསྟོད་ཅིང་བྱམས། །ཕྲ་མ་སྤངས་པས་འཁོར་གཡོག་གུས་འདུད་ཆེ། །ཚིག་རྩུབ་སྤངས་པས་རྟག་ཏུ་སྙན་པར་ཐོས། །ངག་འཆལ་སྤངས་པས་ཚིག་རྣམས་གང་སྨྲས་བཙུན། །བརྣབ་སེམས་སྤངས་པས་བསམ་དོན་ལྷུན་གྱིས་གྲུབ། །གནོད་སེམས་སྤངས་པས་འཚེ་བ་ཀུན་དང་བྲལ། །ལོག་ལྟ་སྤངས་པས་ལྟ་སྤྱོད་ལམ་དུ་སློང་། །དབང་གི་འབྲས་བུ་ཡུལ་ལ་སྨིན་པ་སྟེ། །དེ་དག་གིས་ཀྱང་མདོ་དོན་བསྡུ་བྱས་ན། །ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་དང་། །སྤང་ལྗོངས་འབབ་ཆུ་ཡིད་འོང་གནས་དག་དང་། །སྨན་དང་ཤིང་ཐོག་འབྲས་བུའི་རིགས་སྣ་ཚོགས། །ཕུན་སུམ་ཚོགས་པའི་ཡོན་ཏན་ལྡན་པར་འགྱུར། །དེ་བཞིན་སྐྱེས་བུ་བྱེད་པའི་འབྲས་བུ་ནི། །འདི་ཕྱི་བར་དོ་ཚེ་རབས་ཀུན་ཏུ་ཡང་། །བསོད་ནམས་བདེ་སྐྱིད་འབྱོར་ཚོགས་གོང་དུ་འཕེལ། །གང་དུ་སྐྱེས་ཤིང་གང་དུ་འཁོར་གྱུར་ཀྱང་། །གང་དུ་གནས་རུང་བདེ་བ་འཁོར་མོ་ཡུག །བདེ་བའི་རྒྱུ་འབྲས་གཉིས་ལས་འདའ་ས་མེད། །དེ་ཕྱིར་ད་ལྟའི་ལུས་སེམས་འདི་ཐོག་ཏུ། །བདེ་བ་ཕྲ་མོ་ནས་ཀྱང་དོན་གཉེར་ན། །དེ་རྒྱུ་དཀར་པོ་དགེ་བ་ཅི་འགྲུབ་མཛོད། །མདོར་ན་དུས་གསུམ་རྒྱལ་བའི་གཞུང་ལམ་ནི། །ལས་འབྲས་བསླུ་མེད་གཟིགས་ནས་དགེ་སྡིག་ཞིབ། །རང་རེའི་རྣ་བའི་དབང་པོའི་ཐོས་མྱོང་ངམ། །ཐོས་པ་མཁན་གྱི་བདེན་པར་འཛིན་ཡོད་དམ། །འཛིན་མཁན་རྣམས་ཀྱིས་དགེ་སྡིག་བླང་དོར་གྱི། །གནད་ལ་ཕྲ་ཞིང་ཕྲ་བར་ཞིབ་ཡོད་དམ། །དཔྱིད་ཀྱི་དུས་སུ་ས་བོན་གང་བཏབ་པ༑ །སྟོན་དུས་འབྲས་བུ་ཚེགས་མེད་སྨིན་དང་མཚུངས། །ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་ཡིན་པའི་ཕྱིར། །ཚེ་སྔོན་དགེ་སྡིག་ས་བོན་ཅི་བཏབ་པ། །ད་ལྟ་རང་ཐོག་འབྲས་བུ་ཡོངས་སུ་སྨིན། །མ་ཟད་ད་ལྟ་དགེ་སྡིག་ལས་གང་བྱས། །སླར་ཡང་ཕྱི་མར་སོ་སོར་ཚེགས་མེད་པར། །ཕྲ་ཞིང་ཕྲ་བ་རང་ཐོག་སྨིན་ངེས་ལས། །ནམ་ཡང་མ་འདས་རྒྱུ་འབྲས་བསླུ་བ་མེད། །ཡང་ན་འབྲས་བུ་སྨིན་ནས་ཟད་པ་འམ། །ཡང་ན་བཤགས་པས་ཟད་ན་མ་གཏོགས་པར། །ལས་ཀྱི་རྣམ་སྨིན་ནམ་ཡང་ཟད་པ་མེད། །ས་དང་རྡོ་ལ་སྨིན་པར་མི་འགྱུར་ཏེ། །མི་བམ་མི་རུལ་མི་སྐམ་མི་ཟད་ཅིང་། །ནམ་ཡང་རང་ཐོག་སྨིན་ངེས་ལས་མི་ལྡོག །ཤུལ་དུ་མི་སྡོད་གཞན་གྱི་རྗེས་མི་འབྲང་། །མེད་པར་མི་འགྱུར་ཡོངས་སུ་མྱོང་དགོས་པས། །དགེ་སྒྲུབ་སྡིག་སྤོང་ཕྲ་ཞིང་ཕྲ་བ་བཞིན། །ཞིབ་པ་ཅི་ནས་གལ་དུ་ཆེ་བར་མཛོད། །དེ་འདྲའི་དཀར་ནག་རྒྱུ་ལ་མ་ཞིབ་ན། །འཁོར་བ་ངན་སོང་སྡུག་བསྔལ་མྱོང་གྱུར་ཚེ། །སྡུག་བསྔལ་འཁོར་མོ་ཡུག་ལས་འདའ་ས་མེད། །དེ་ཡང་ཚ་བའི་དམྱལ་བ་བརྒྱད་པོ་ནི། །དབུས་ཀྱི་སྟོད་ཕྱོགས་གངས་དཀར་ཏི་སེ་ཡི། །ས་འོག་དཔག་ཚད་བཞིའི་མཚམས་ཡང་སོས་ནས། །འོག་ནས་འོག་ཏུ་ཁང་བརྩེགས་བཞིན་དུ་ཡོད། །དེ་དག་ས་གཞི་ཁོར་ཡུག་ཐམས་ཅད་ཀྱང་། །ལྕགས་སྲེག་ལྟ་བུར་ཟི་ར་ཚུབས་སེ་བ། །མེ་ལྕེ་པུས་ནུབ་ཙམ་རེ་འབར་བའི་དབུས། །སེམས་ཅན་གྲངས་མེད་ལས་ཀྱི་དབང་གིས་འདུས། །ཕན་ཚུན་མཐོང་མ་ཐག་ནས་ཁོང་ཁྲོ་སྐྱེ། །ལས་ཀྱི་འཁྲུལ་འཁོར་མཚོན་ཆ་སྣ་ཚོགས་ཐོགས། །གནད་གཅོད་སྡུག་བསྔལ་དྲག་པོའི་ངང་དུ་ཤི། །མཁའ་ནས་སོས་པར་གྱུར་ཅིག་སྒྲ་བསྒྲགས་པས། །ཡང་སོས་སྔར་བཞིན་འཐབ་པའི་ཚེ་ཚད་ནི། །མི་ལོ་ལྔ་བཅུ་ལྷ་ཡི་ཞག་གཅིག་བརྩིས། །དེ་ལྟར་སུམ་ཅུ་ལ་ནི་ཟླ་བ་གཅིག །དེ་འདྲའི་བཅུ་གཉིས་ལ་ནི་ལོ་བརྩིས་པས། །ལྷའི་ལོ་ལྔ་བརྒྱ་དམྱལ་བ་ཡང་སོས་ཀྱི། །ཞག་གཅིག་གོང་ལྟར་རིམ་གྱིས་བརྩིས་པ་ཡི། །རང་ལོ་ལྔ་བརྒྱར་ཤི་སོས་རེ་མོས་ཀྱི། །སྡུག་བསྔལ་དུ་མ་མྱོང་བཞིན་གནས་དགོས་སོ། །དེ་བཞིན་ཐིག་ནག་ཅེས་པའི་རིམ་པ་ཡང་། །ལས་མཁན་རྣམས་ཀྱིས་དམྱལ་གནས་སེམས་ཅན་ལ། །ཐིག་ནག་བཞི་དང་བརྒྱད་དང་བཅུ་དྲུག་དང་། །སུམ་ཅུ་སོ་གཉིས་ལ་སོགས་གྲངས་མེད་བཏབ། །སྟེང་ནས་ལྕགས་སྲེག་སོག་ལེ་འབར་བས་གཤོག །སྟ་རེས་གཏུབ་ཅིང་རལ་གྲིས་བྲེག་པ་རྣམས། །ཡང་སོས་སླར་ཡང་སྔར་བཞིན་སྡུག་བསྔལ་བའི། །ཚེ་ཚད་ཡང་སོས་ལས་ཀྱང་ཉིས་འགྱུར་གྱི། །ལྡབ་ལོག་གིས་ནི་མང་བར་གནས་དགོས་སོ། །དེ་བཞིན་བསྡུས་འཇོམས་ཞེས་པའི་སྡུག་བསྔལ་ཡང་། །ལྕགས་ཀྱི་གཏུན་ཆེན་ཡུལ་ལྗོངས་ཙམ་གྱི་ནང་། །སེམས་ཅན་གྲངས་མེད་ཐོ་བས་དྲག་ཏུ་བརྡུང་། །ཕན་ཚུན་རི་རྣམས་སེམས་ཅན་གཟུགས་བརྙན་འགྱུར། །བརྡུང་ཁ་བཀྱེ་བའི་བར་དུ་ཚུད་གྱུར་ཏེ། །འཇིགས་སྐྲག་སྡུག་བསྔལ་ཆེན་པོའི་ངང་དུ་ཤི། །སླར་ཡང་སྔར་བཞིན་མནར་བའི་ཚེ་ཚད་ནི། །ཐིག་ནག་ལས་ཀྱང་ཉིས་འགྱུར་གནས་དགོས་སོ། །དེ་བཞིན་ངུ་འབོད་ཅེས་པའི་སྡུག་བསྔལ་ཡང་། །ལྕགས་ཀྱི་ཁང་པ་སྒོ་མེད་ནང་དུ་བཅུག །མི་ལྕེས་བསྲེགས་ཤིང་བྱ་ཁྱི་སྲིན་པོས་འཇིགས། །ཐར་དུས་མེད་པའི་ངུ་འབོད་ལྷང་ལྷང་འདེབས། །ཚེ་ཚད་བསྡུས་འཇོམས་ལས་ཀྱང་ཉིས་འགྱུར་རོ། །དེ་བཞིན་ངུ་འབོད་ཆེན་པོའི་སྡུག་བསྔལ་ནི། །ལྕགས་ཀྱི་ཁང་པ་ཉིས་རིམ་ནང་དུ་བཅུག །མཚོན་ཆས་རྡུང་རྡེག་རྣམ་པ་སྣ་ཚོགས་བྱེད། །ཐར་དུས་མེད་བཞིན་འོ་དོད་ཆེན་པོ་སྒྲོགས། །ཚེ་ཚད་ངུ་འབོད་ལས་ཀྱང་ཉིས་འགྱུར་རོ། །དེ་བཞིན་ཚ་བ་ཞེས་པའི་སྡུག་བསྔལ་ཡང་། །ལྕགས་ཀྱི་སྣོད་ཆེན་ཁྲོ་ཆུ་ཁོལ་མའི་ནང་། །སེམས་ཅན་གྲངས་མེད་ཆོ་ལེ་བཞིན་དུ་བཙོ། །ཤིན་ཏུ་སྡུག་བསྔལ་ཆེ་བའི་ཚེ་ཚད་ནི། །མི་ལོ་སྟོང་ཕྲག་དྲུག་དང་ཆིག་བརྒྱ་ལ། །འདོད་ལྷ་གཞན་འཕྲུལ་དབང་བྱེད་ཞག་གཅིག་རྩིས། །ལྷའི་ལོ་དྲུག་སྟོང་ཚ་བའི་ཞག་གཅིག་སྟེ། །དེ་ལྟར་རྩིས་པའི་རང་ལོ་ཁྲི་གཅིག་དང་། །སྟོང་ཚོ་དྲུག་ཏུ་ཐུབ་པར་གནས་དགོས་སོ། །རབ་ཏུ་ཚ་བ་ཞེས་པའི་སྡུག་བསྔལ་ནི། །ལྕགས་ཁྱིམ་མེ་ལྕེ་འབར་བའི་ནང་དུ་བཅུག །ལྕགས་སྲེག་མེ་ལྕེ་འབར་བའི་གསོར་རྣོན་པོས། །འོག་སྒོ་རྐང་མཐིལ་གསུམ་ནས་ཕུག་བྱས་ཏེ། །སྤྱི་བོ་ཕྲག་འགོ་གཉིས་ནས་ཐལ་བར་འབིགས། །ལྕགས་སྲེག་སྣམ་བུ་ལྟ་བུས་ལུས་ལ་དཀྲི། །ཚེ་ཚད་བར་གྱི་བསྐལ་པ་གཅིག་ཐུབ་དགོས། །མི་ལོ་གྲངས་ཀྱིས་གཞལ་བར་ནུས་མ་ཡིན། །རྡོ་རྗེ་མནར་མེད་ཅེས་པའི་སྡུག་བསྔལ་ནི། །ཉེ་འཁོར་ལྷག་མ་བཅུ་དྲུག་བསྐོར་བའི་དབུས། །ལྕགས་སྲེག་དུམ་བུ་རི་རབ་ཙམ་ཞིག་དཔུང་། །དམྱལ་གནས་སེམས་ཅན་གྲངས་མེད་བུད་ཤིང་བྱེད། །སྟག་གཟིག་སྦུད་པས་ཕྱོགས་མཚམས་ཀུན་ནས་ལྡིར། །ལུས་དང་མེ་ལྕེ་གཉིས་མེད་གཅིག་ཏུ་བསྲེགས། །མདའ་དབྱུག་བསྣུན་ཅིང་ཁ་ལ་ཁྲོ་ཆུ་བླུགས། །ཡན་ལག་བཞི་ལ་ལྕགས་ཕུར་བཏབ་སྟེ་བརྒྱངས། །དེ་ལས་མནར་དུ་མེད་པས་མནར་མེད་ཅེས། །ཚེ་ཚད་བར་གྱི་བསྐལ་པ་གཅིག་ཐུབ་བོ། །དེ་ཡི་ཕྱོགས་བཞིར་ཉེ་འཁོར་དམྱལ་གནས་ཡོད། །དང་པོ་མེ་མ་འོབས་ཀྱི་སྡུག་བསྔལ་ནི། །མནར་མེད་གནས་ནས་ཕྱི་རོལ་ཐོན་པའི་ཚེ། །གྲིབ་བསིལ་ཡིད་འོང་མཐོང་ནས་རྒྱུག་གིན་ཕྱིན། །མདག་མེ་འབར་བའི་འོབས་སུ་ཚུད་པར་འགྱུར། །ཤ་ཞུན་ཁོལ་ནས་རུས་པ་ཤིན་ཏུ་ཚིག །དེ་ནས་ཕྱིར་ཐོན་རོ་མྱགས་འདམ་ཞེས་པ། །ཆུ་ཀླུང་སྔོན་པོ་ཡིད་འོང་ཞིག་མཐོང་སྟེ། །རྒྱུག་གིན་ཕྱིན་པས་མི་རྟ་བྱ་སོགས་ཀྱི། །རོ་རུལ་བམ་པའི་འདམ་གྱི་ནང་དུ་ཚུད། །སྲིན་འབུ་ལྕགས་ཀྱི་མཆུ་ཅན་མང་པོས་ཟ། །དེ་ནས་ཕྱིར་ཐོན་སྤུ་གྲིའི་ཐང་ཞེས་པ། །སྤང་ལྗོངས་སྔོན་པོ་ཡིད་འོང་ཞིག་མཐོང་སྟེ། །རྒྱུག་གིན་ཕྱིན་པས་སྤུ་གྲི་རྩྭ་ལྟར་སྐྱེས། །རྐང་པ་གཡས་གཡོན་གང་བཞག་ཐལ་བར་འབིགས། །དེ་ནས་ཕྱིར་ཐོན་རལ་གྲིའི་ནགས་ཚལ་ཞེས། །ནགས་ཚལ་ཉམས་དགའ་མཐོང་སྟེ་རྒྱུག་ཕྱིན་པས། །ལྕགས་ཀྱི་སྡོང་པོ་ལོ་མ་རལ་གྲི་འདྲ། །རླུང་གིས་བསྐྱོད་པས་ལུས་ནི་དུམ་བུར་གཅོད། །དེ་ནས་ཕྱིར་ཐོན་ཤལ་རིའི་སྡོང་པོ་ནི། །ལྕགས་ཀྱི་སྡོང་པོ་འཇིགས་རུང་དྲུང་དུ་སླེབས། །རྩེ་ནས་ཉེ་འབྲེལ་རྣམས་ཀྱིས་འབོད་སྣང་ཤར། །དགའ་བཞིན་འགྲོ་དུས་ལྕགས་ཚེར་རྣམས་ཀྱིས་འབིགས། །ཁྭ་ཏ་བྱ་རྒོད་རྣམས་ཀྱིས་མིག་ཚིལ་འབྲུ། །ཐུར་དུ་བབ་ཚེ་ཚེར་མས་གྱེན་དུ་འབིགས། །ལྕགས་ཀྱི་སྐྱེས་པ་བུད་མེད་ཁྱི་སྲེ་བོ། །འཇིགས་སུ་རུང་བས་མགོ་བོ་ཁར་བཅུག་སྟེ། །དྲག་ཏུ་བལྡད་པས་རྡུལ་ཕྲན་ཙམ་དུ་གཏོང་། །དེས་ན་ད་ལྟ་མེས་ཚིག་ཆུས་ཁྱེར་དང་། །གྲང་བས་བསྡམ་ཞིང་ན་བ་འཆི་བ་དང་། །བཀྱིགས་ནས་བརྡུང་ཞིང་གསོད་པ་ལ་སོགས་པ། །སྡུག་བསྔལ་བརྒྱ་སྟོང་ཁྲི་འབུམ་ལས་འགྱུར་ཚེ། །ཤི་ཤི་འདྲ་ཡང་ལས་ཀྱི་དབང་གིས་སོས། །བརླག་བརླག་འདྲ་ཡང་ཐང་གཅིག་བརླག་རྒྱུ་མེད། །ཤིན་ཏུ་སྡུག་བསྔལ་བཟོད་དཀའ་དུ་མས་མནར། །ད་ལྟ་ཐབས་ཤེས་ཕུན་སུམ་ཚོགས་པའི་དུས། །ཚ་བའི་རེག་བྱ་མེ་བཙའ་ཞིག་བཞག་གམ། །མེ་ཕུང་ངོས་ལ་ཕྱོགས་ཙམ་ཉེ་བ་འམ། །ཐ་ན་མེ་སྟག་ཆུང་ངུ་ཞིག་ཕོག་རུང་། །དེ་ཡང་བཟོད་པའི་སྒོ་སྐབས་མི་འདུག་ན། །ངན་སོང་སྡུག་བསྔལ་མྱོང་ཚེ་ཇི་ལྟར་བཟོད། །དེ་ཕྱིར་སྔ་ཆག་ཕྱི་འདེང་ཕོག་པར་མཛོད། །དེ་བཞིན་གྲང་དམྱལ་བརྒྱད་ཀྱི་སྡུག་བསྔལ་ཡང་། །ཚ་བའི་བྱང་ཕྱོགས་དཔག་ཚད་ཉི་ཤུའི་མཚམས། །ས་ཡི་འོག་རོལ་དཔག་ཚད་སུམ་ཁྲི་ན༑ །ས་གཞི་ཁོར་ཡུག་ཐམས་ཅད་གངས་རི་དང་། །ཆབ་རོམ་བུ་ཡུག་འགའ་ཞིག་འཚུབས་པའི་གནས། །གཅེར་བུ་གྲང་བའི་ཤུགས་ཀྱིས་བསྡམས་པས་ན། །ལུས་ལ་ཆུ་བུར་དཀར་པོ་ཐོལ་ཐོལ་རྡོལ། །དེ་ལས་གྲང་ཞིང་ཡུན་རིང་གྱུར་པའི་སྟོབས། །ཆུ་བུར་རྣམས་ཀྱང་རྡོལ་ནས་རྨ་རུ་སོང་། །དེ་ལས་གྲང་ཞིང་ཡུན་རིང་གྱུར་པའི་སྟོབས། །སྡུག་བསྔལ་བསྲན་མི་བཟོད་དེ་ཨ་ཆུ་སྨྲ། །དེ་ལས་གྲང་ཞིང་ཡུན་རིང་གྱུར་པའི་སྟོབས། །སྐད་ཀྱི་གདངས་ཆག་གཏིང་ནས་ཀྱི་ཧུད་འདོན། །དེ་ལས་གྲང་ཞིང་ཡུན་རིང་གྱུར་པའི་སྟོབས། །ཤིན་ཏུ་འུ་ཐུག་ཁ་སོ་ཐམ་པ་དང་། །དེ་ལས་གྲང་ཞིང་ཡུར་རིང་གྱུར་པའི་སྟོབས། །བཞི་ཚལ་ཨུཏྤལ་ལྟར་གས་པགས་མདོག་སྔོ། །དེ་ལས་གྲང་ཞིང་ཡུན་རིང་གྱུར་པའི་སྟོབས། །ཤ་དམར་མངོན་ཏེ་བརྒྱད་ཚལ་པད་ལྟར་གས། །དེ་ལས་བརྒྱ་འགྱུར་གྲང་ཞིང་ཡུན་རིང་བས། །ཤ་མདོག་ནག་ཅིང་གྲངས་མེད་པདྨ་ལྟར། །ཆེས་ཆེར་གས་ནས་སྲིན་འབུ་མང་པོས་ཟ། །ཁྲག་རྣག་རྒྱུན་བབས་ནང་ཁྲོལ་མཐོང་བར་གྱུར། །དེ་ཡང་ཆུ་བུར་ཅན་གྱི་ཚེ་ཚད་ནི། །རྒྱ་གར་གྲོང་ཁྱེར་ཀོ་ས་ལ་ཡི་བྲེ། །བཅུ་ཚད་ཉི་ཤུ་ཏིལ་གྱིས་གང་བྱས་ནས། །ལོ་བརྒྱ་སོན་དུས་ཏིལ་རེ་ཕྱུང་བ་ཡིས། །ཡོངས་སུ་ཟད་དུས་ཚེ་ཚད་རྫོགས་པ་ཡིན། །གཞན་རྣམས་དེ་ལས་ལོག་འགྱུར་གནས་དགོས་སོ། །ད་ལྟ་གྲང་བའི་རེག་བྱ་དགུན་གྱི་དུས། །གཅེར་བུ་བྱེད་ནས་ཞག་གཅིག་འདུག་དགོས་སམ། །ཉིན་གཅིག་གམ་ནི་སྔ་དྲོ་ཕྱི་འཕྲེད་དམ། །སྐད་ཅིག་ཙམ་མམ་ལག་སོར་རྩེ་ཅུང་ཟད། །འཁྱག་རུང་བཟོད་པའི་གོ་སྐབས་མ་མཆིས་ན། །གྲང་བའི་སྡུག་བསྔལ་མྱོང་ན་ཇི་ལྟར་བཟོད། །ཡུལ་རྐྱེན་བདེན་མིན་ལུས་སེམས་འདི་ཐོག་དཔྱོད། །དེ་བཞིན་ཉེ་ཚེ་ཞེས་པའི་སྡུག་བསྔལ་ཡང་། །གནས་དང་སྡུག་བསྔལ་ཚེ་ཚད་ལ་སོགས་པ། །ངེས་ངེས་མེད་པ་རྣམ་པ་སྣ་ཚོགས་ཏེ། །རྡོ་དང་འཁྱག་རོམ་ནང་དུ་འཐུམ་པ་དང་། །ཆུ་ཚན་དང་ནི་མེ་ནང་བསྲེགས་པ་དང་། །གཏུན་དང་ཕྱགས་མ་ཁྲུ་བ་སྒོ་ཀ་བ། །ཐབ་ཁ་སོགས་ལ་རྣམ་ཤེས་འཁོར་གྱུར་ཏེ། །ཇི་བཞིན་སྡུག་བསྔལ་སྣ་ཚོགས་མྱོང་དགོས་སོ། །དེ་ལྟར་ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད། །ཉེ་ཚེ་ཉེ་འཁོར་གཉིས་དང་བཅོ་བརྒྱད་དོ། །ཡིད་ལ་ཕྱོགས་ཙམ་ངེས་ཕྱིར་བཀོད་པ་ལས། །དམྱལ་བའི་སྡུག་བསྔལ་ཚིག་གིས་མཚོན་པ་དང་། །བློ་ཡིས་གཞལ་བར་ནུས་པ་ག་ལ་འགྱུར། །ཡི་དྭགས་རིགས་ནི་མང་ཡང་གཉིས་སུ་བསྡུ། །དང་པོ་རྩ་བའི་གནས་ནི་རྒྱ་གར་ཡུལ། །ཡངས་པའི་ས་འོག་དཔག་ཚད་ལྔ་བརྒྱའི་མཚམས། །གྲོང་ཁྱེར་སེར་སྐྱ་ཞེས་བྱའི་ཡུལ་དེ་དག །ས་རྡོ་གསེག་མ་བྱེ་ཚན་ཆར་བཞིན་འབེབས། །སོས་ཀ་ཟླ་བ་ཚ་ཞིང་དགུན་ཉིའང་གྲང་། །ཕྱི་སྒྲིབ་ཅན་དང་ནང་སྒྲིབ་སྒོས་སྒྲིབ་ཅན། །དེ་ཡང་ཕྱི་སྒྲིབ་ཅན་གྱི་སྡུག་བསྔལ་ཡང་། །ལོ་ནི་བརྒྱ་སྟོང་མང་པོ་སོང་གྱུར་ཀྱང་། །ཟས་དང་ཆུ་ཡི་མིང་ཙམ་མཐོང་ཐོས་དཀོན། །བཀྲེས་ཤིང་སྐོམ་པས་ཕྱོགས་ཀུན་ཚོལ་གྱུར་ཀྱང་། །ཅུང་ཟད་མི་རྙེད་མཐོང་བའི་ངབ་ཀྱིས་སྐམ། །གོ་མཚོན་ཐོགས་པས་སྲུང་ཞིང་བརྡུང་བརྡེག་བྱེད། །དེ་ནས་ནང་སྒྲིབ་ཅན་གྱི་སྡུག་བསྔལ་ཡང་། །ཁ་ནི་ཁབ་མིག་མིད་པ་རྟ་རྔ་ཙམ། །ལྟོ་བ་ཡུལ་ལྗོངས་ཡན་ལག་འཇག་སྐྱ་ཙམ། །ཟས་སྐོམ་མི་ཆུད་ལྟོ་བ་ཆེར་མི་གང་། །ལྟོགས་པའི་ངབ་ཀྱིས་ནང་ཁྲོལ་མེ་འབར་སྙམ། །འགྲོ་བའི་ཚེ་ན་ལྟོ་སྟོང་ཁུར་མི་ཐེག །དེ་ལྟར་སྒོས་སྒྲིབ་ཅན་གྱི་སྡུག་བསྔལ་ནི། །རེ་རེའི་ལུས་ལ་མང་པོས་ཚང་བཅས་ཏེ། །མགོ་མཇུག་མེད་པར་ཐལ་བར་འབིགས་ཤིང་ཟ། །ཟས་སྐོམ་རྙེད་ཀྱང་རྣག་ཁྲག་ཕུབ་མ་དང་། །ལྕགས་ཀྱི་ཐོ་ལུམ་མེ་འབར་གྱུར་པའི་སྣོད། །ཐ་ན་གཅིན་རྟུག་ལ་སོགས་མཐོང་གྱུར་ཀྱང་། །བསྔོས་ན་མ་གཏོགས་སྤྱོད་པའི་སྐལ་པ་དབེན། །གཉིས་པ་མཁའ་ལ་རྒྱུ་བའི་ཡི་དྭགས་ནི། །བཙན་དང་རྒྱལ་པོ་ཤི་འདྲེ་འབྱུང་པོ་དང་། །མ་མོ་ཐེའུ་རང་ལ་སོགས་དུས་རྟག་ཏུ། །འཇིགས་སྐྲག་འཁྲུལ་སྣང་ལྟོགས་སྐོམ་གཟུགས་མི་སྡུག །དབང་པོ་མི་ཚང་འཚེ་བ་འབའ་ཡིས་མནར། །བདུན་ཕྲག་རེའི་མཚམས་ཤི་རྐྱེན་སྡུག་བསྔལ་མྱོང་། །དེ་དག་གཞན་ལ་སྤོ་འདོད་བརྩམས་པས་གནོད། །མཛའ་བཤེས་ཉེ་དུ་རྣམས་ལ་ནད་གདོན་འགོས། །དེའི་ཕྱིར་སྔགས་པས་ས་འོག་མུན་གླིང་མནན། །སྦྱིན་སྲེག་མེར་བསྲེགས་རྡོ་ཕྱེ་ཡུངས་ཐུན་བྲབས། །ལུས་ནི་ཐལ་བར་འབིགས་ཤིང་རྣག་ཟོང་ཁོལ། །དེ་སོགས་ཡི་དྭགས་སྡུག་བསྔལ་བསམ་མི་ཁྱབ། །དེས་ན་ད་ལྟ་བཀྲེས་སྐོམ་རེག་བྱ་ནི། །ཟས་སྐོམ་གཉིས་ལ་ལོངས་སུ་མ་སྤྱད་དེ། །ཟླ་བ་གཅིག་གམ་ཞག་བཅུ་ཞག་གཅིག་གམ། །ཐ་ན་བཟའ་བཏུང་བྱེད་པའི་དུས་ཅུང་ཟད། །ཡོལ་ཡང་བཟོད་པའི་གོ་སྐབས་མི་འདུག་ན། །ཡི་དྭགས་སྡུག་བསྔལ་མྱོང་ཚེ་ཇི་ལྟར་བཟོད། །རང་དོན་གཅེས་བཞིན་གནས་ངན་དེ་ལས་བྱོལ། །དུད་འགྲོའི་རིགས་ནི་མང་ཡང་གཉིས་སུ་འདུས། །བྱིང་ན་གནས་པ་མཐའ་ཡི་རྒྱ་མཚོའི་ནང་། །ཆུ་སྲིན་དུང་སྦྲུལ་སྦལ་པ་ལ་སོགས་པ། །ཆེ་བ་རྣམས་ཀྱིས་རི་རབ་ལན་འགར་འཁྱུད། །རང་གི་མཇུག་མ་རང་གིས་ཟ་བའང་ཡོད། །ཆུང་བས་ཆེན་པོའི་ལུས་ལ་ཚང་བཅས་ཏེ། །ཕར་ཚུར་ཐལ་བར་འབིགས་ཤིང་ཟ་བའང་ཡོད། །ཆེ་བས་ཆུང་བ་གྲངས་མེད་ཁྱུར་མིད་བྱེད། །ཆེ་ནི་བསྐལ་པ་ལོ་ཡང་སྟོང་ཕྲག་ཐུབ། །ཆུང་བ་རྣམས་ནི་སྐད་ཅིག་གཅིག་གིས་ཤི། །ལ་ལ་གླིང་བར་མུན་ནག་ནང་དུ་འཐུམས། །ཡན་ལག་ཉིང་ལག་བརྐྱང་བསྐུམ་མི་མཐོང་བའི། །གནས་དང་བཀྲེས་སྐོམ་འཇིགས་སྐྲག་དུ་མས་མནར། །གཉིས་པ་ཁ་འཐོར་བ་ནི་མི་ཡུལ་ན། །ཡོད་པའི་བྱ་དང་རི་དྭགས་ལ་སོགས་པ། །གཅན་གཟན་རྔོན་པ་སོགས་ཀྱིས་གསོད་པ་མང་། །དེ་བཞིན་ཆེ་ཆུང་སྤྱང་གྲུང་བཙན་ཉམ་གྱིས། །གཅིག་གིས་གཅིག་ལ་གནོད་བསྐྱལ་གསོན་ཟ་བྱེད། །མ་ཟད་མཐོང་ཆོས་ཡོད་པ་སྒོ་ཟོག་སོགས། །གཤེད་མས་མཚོན་ཐོགས་སྲོག་གཅོད་བྱ་ཤོམ་ཡང་། །བླུན་རྨོངས་དབང་གིས་བྲོས་གྲབས་ཙམ་མི་ཤེས། །ཉམ་ཐག་མི་འདོད་བཞིན་དུ་འོ་མ་བཞོ། །ཁྲག་གཏར་སྤུ་བྲེག་བྱ་གཅོད་སྣ་འབིགས་ཤིང་། །རྨོས་རྨོ་ཁ་འགེལ་ཞོན་ནས་འགྲོ་བ་སོགས། །བཀོལ་སྤྱོད་རྣམ་གྲངས་མང་པོས་ཤིན་ཏུ་མནར། །རྒྱབ་ཆ་ཡང་ལྗིད་ལ་ཐུར་ཚ་གྲང་དང་། །ལྟོགས་སྐོམ་ས་ཐག་རིང་ཐུང་ལ་མི་ལྟོས། །སྒལ་པ་རྨར་སོང་རྣག་ཟོང་ཁོལ་བ་དང་། །རུས་ཚིགས་འཐོར་ཏེ་རྐང་ལག་མཐིལ་རྣམས་བུག །གློ་དང་རྨེད་ལམ་ཆད་ནས་འུ་ཐུག་ཀྱང་། །རྡོ་ཡིས་བརྡེག་ཅིང་སྣ་ནས་བསྐོར་འཐེན་དང་། །ཁ་སྤྲུགས་ཡོབ་བརྡུང་བྱེད་ནས་ལྕག་གིས་བྲབས། །ལྷག་པར་ལོ་རེ་བཞིན་དུ་ཟོག་ལུག་རྣམས། །རང་གི་ཟ་འདོད་གྱོན་འདོད་སྐྱིད་འདོད་ཕྱིར། །སྤྱང་གྲུང་རྒོད་ཞན་དབང་གིས་ལག་ལེན་བཏབ། །ཉེས་མེད་སེམས་ཅན་ཚེ་སྲོག་ཧུར་ཐུམ་རྒོལ། །སྐེ་དང་ཡན་ལག་བྲེག་ཅིང་གཟུགས་བཞི་ཕྱེ། །རྩ་རྒྱུད་ཁྲག་རྣམས་སྣོད་གཅིག་ནང་དུ་ཟླུམ། །ནང་ཁྲོལ་ཕྱིར་ལེན་ཕྱི་ཤའི་ནང་རྒྱུ་གཡོ། །བཅད་གཏུབ་ཚལ་པ་སྟོང་བྱས་ཟ་བ་ལ། །སྲིན་པོ་ལྟ་བུ་གཅིག་ཏུ་སྤྲོ་བར་བྱེད། །རྒས་ཏེ་རང་དབང་ཡོད་བཞིན་འཆི་བཅུག་པ། །རེ་རེ་ཙམ་ལས་མཐོང་ཐོས་དཀོན་པས་ན། །ད་ལྟ་རང་རེ་བཀོལ་སྤྱོད་རེག་བྱ་ནི། །ཁལ་མ་འགེལ་དང་ཞོན་ནས་འགྲོ་བ་དང་། །རྡོ་དང་ལྕག་གིས་བྲབས་པ་ག་ལ་བཟོད། །རང་རེས་ཐ་ན་དོས་རྒྱབ་ཡ་གཅིག་ཙམ། །པང་དུ་ཅུང་ཟད་ལེན་དགོས་བྱུང་བ་འམ། །དེ་བཞིན་སྒ་སྟན་ཞིག་ཙམ་ཁུར་དགོས་སམ། །གོས་སླག་ཉིད་ཀྱི་ཡང་ལྗིད་ཁྱད་པར་རམ། །ལ་ཐུར་ཆུ་ཆེན་འཇིགས་སུ་རུང་བ་སོགས། །བརྒལ་ནས་འགྲོ་བར་ནུས་པ་ག་ལ་བཟོད། །དེ་བཞིན་ཞག་གཅིག་གམ་ནི་ཉིན་གཅིག་གམ། །སྔ་དྲོ་ཕྱི་འཕྲེད་ཙམ་ལ་འགྲོ་དགོས་རུང་། །དཀའ་སྣང་རི་ཙམ་སྐྱེས་ནས་བཟོད་མི་ནུས། །དུད་འགྲོའི་བཀོལ་སྤྱོད་མྱོང་ཚེ་ཇི་ལྟར་བྱེད། །རང་དབང་ཡོད་དུས་ཐུགས་བསམ་འཁོར་བར་མཛོད། །ངན་སོང་གསུམ་ནི་སྡུག་བསྔལ་རང་བཞིན་དང་། །མཐོ་རིས་གསུམ་གྱི་བདེ་བའང་རྟག་མི་ཐུབ། །འཕོ་འགྱུར་སྡུག་བསྔལ་གནས་ལས་མ་འདས་ཏེ། །མི་ལ་རྩ་བའི་སྡུག་བསྔལ་གསུམ་སོགས་ཡོད། །དེ་ཡང་འགྱུར་བའི་སྡུག་བསྔལ་འདི་ལྟ་སྟེ། །བདེ་བ་ཡོད་འཕྲོ་གློ་བུར་རྐྱེན་ངན་འབྱུང་། །སྡུག་བསྔལ་ཐོག་ཏུ་སྡུག་བསྔལ་འབྱུང་བ་ནི། །སྔ་མ་མ་སངས་ཕྱི་མའི་སྡུག་གིས་ནོན། །ཁྱབ་པ་འདུ་བྱེད་སྡུག་བསྔལ་ཞེས་པ་ནི། །ཟག་བཅས་བདེ་བ་ཐམས་ཅད་སྡུག་བསྔལ་གྱི། །རྒྱུ་འབྲས་འཁོར་མོ་ཡུག་ལས་མི་འདའ་སྟེ། །དགྲ་ལ་འཕྲད་དོགས་གཉེན་ལ་བྲལ་དོགས་དང་། །འདོད་པ་མི་འགྲུབ་མི་འདོད་ཐོག་འགེལ་གྱིས། །འབྱུང་བར་དོགས་པས་སྡུག་བསྔལ་ཕ་མཐའ་ཡས། །དེ་བཞིན་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཡང་། །དང་པོ་སྐྱེས་པའི་སྡུག་བསྔལ་རིམ་པ་ཡང་། །ཕ་མའི་ཁུ་ཁྲག་གཟེབ་ཏུ་རྣམ་ཤེས་ཞུགས། །ཞག་རེ་སོང་བཞིན་མེར་མེར་ནུར་ནུར་སོགས། །གྱུར་ཏེ་ཡན་ལག་ཉིང་ལག་རྩལ་རྣམས་རྫོགས། །མངལ་ནི་གུ་དོག་དྲི་ང་མུན་པར་འཐུམས། །ཚ་གྲང་ཟ་དུས་མེ་འམ་ཆུར་བསྐྱུར་ལྟར། །ཉལ་དུས་རིས་ནོན་འགྲངས་དུས་བྲག་བཅིར་ལྟར། །ལྟོགས་དུས་གཡང་དང་འགྲོ་དུས་རླུང་ཁྱེར་ལྟར། །སྡུག་བསྔལ་ཆེར་མྱོང་ཟླ་གྲངས་རྫོགས་མཚམས་སུ། །སྲིད་པ་ལས་ཀྱི་རླུང་གིས་མགོ་མཇུག་བསྒྱུར། །མངལ་ནས་དྲངས་ཚེ་གཉིས་ཀ་འཆི་བ་འམ། །འཆི་ལ་ཉེ་བའི་སྡུག་བསྔལ་ཆེ་ཆེར་མྱོང་། །སྟན་ཐོག་ལྷུང་དུས་ཚེར་དོང་ལྷུང་བ་ལྟར། །པང་ལ་ལེན་དུས་བྱེའུ་ཁྲས་ཁྱེར་ལྟར། །ཕྲུ་མ་བཤུ་དུས་པགས་པ་བཤུས་པ་ལྟར། །ལྟེ་བ་བྲེག་ཚེ་སྙིང་ཚེར་ཟུག་པ་ལྟར། །མི་གཙང་ཕྱི་དུས་ཚེར་མས་བྲབས་པ་ལྟར། །ཉལ་དུས་མི་གཙང་འདམ་ཚུད་འཇིགས་སྐྲག་སོགས། །ཅི་ལྟར་བྱུང་རུང་འཁོས་ཞན་དམན་པའི་ངང་། །ལང་ཚོ་འཕེལ་ཡང་ཚེ་ནི་ཉིན་བཞིན་འགྲིབ། །བྱ་བཞག་ཟིན་མེད་གཅིག་རྗེས་གཉིས་མཐུད་དེ། །གནས་སྐབས་དཀའ་ཚེགས་སྡིག་པ་འབའ་ཞིག་གིས། །ཐ་མ་ངན་སོང་སྒྲུབ་ལས་མ་མཆིས་སོ། །རྒས་པའི་སྡུག་བསྔལ་མི་ཚོར་བཞིན་དུ་འོང་། །བསམ་ཐོག་དབང་པོས་མི་འགྲུབ་ལུས་སྟོབས་ཤོར། །རྒུད་ཅིང་འཁྱོགས་ནས་སྐོམ་འབུར་གཉེར་མ་འདུས། །ངོ་སྔོ་སྐྲ་དཀར་ཁ་ཡིས་ཟས་མི་ཆོད། །ཕོ་བས་མི་ཞུ་མིག་གིས་མི་མཐོང་ཞིང་། །རྣ་བས་མི་ཐོས་དྲན་པ་རྨོངས་ཤིང་འཐིབ། །དྲོད་མི་ཁུག་ཅིང་འབྱུང་བ་འཁྲུགས་ནས་རྒུད། །ནད་གདོན་མནར་བཞིན་བདེ་བའི་གོ་སྐབས་མེད། །དྲིན་གྱིས་བསྐྱངས་བའི་བུ་རྒྱུད་རྣམས་ཀྱིས་བརྙས། །ལུས་སེམས་གཉིས་ཀ་སྡུག་བསྔལ་རི་བོས་ནོན། །མྱུར་དུ་འཆི་ལ་སྤྲོ་བ་ཞིག་འོང་ངོ་། །དེ་བཞིན་ན་ཚས་མནར་བའི་སྡུག་བསྔལ་ཡང་། །ལུས་སྟོབས་དར་བབ་ཕོ་རྒོད་མོ་མཛངས་མ༑ །སུ་ལྟར་ཡིན་རུང་ན་ཚས་བཏབ་མ་ཐག །ལུས་ཀྱི་མདངས་ཉམས་འགུལ་ཙམ་མི་ནུས་པར། །སྐད་ཀྱི་གདངས་ཆག་ཟས་སྐོམ་ཞེན་པ་ལོག །མདུན་རྒྱབ་གང་ནས་བརྟེན་ཀྱང་མི་བདེ་ཞིང་། །ཉིན་མོ་ཡུན་རིང་མཚན་མོ་གཉིད་མི་ཁུག །ནད་ཀྱིས་མནར་བཞིན་འཆི་བ་ཡོང་སྙམ་སྟེ། །བཟོད་མེད་འཇིགས་སྐྲག་ལྷང་ལྷང་སྙིང་ནས་སྐྱེ། །ལྷག་པར་མཛེ་དང་གཟའ་ནད་ཀྱིས་ཟིན་ན། །རང་ངོ་རང་མཐོང་མི་ཡི་ཁྱུ་ནས་བུད། །སྟེང་སྐམ་འོག་རུལ་རྒྱུ་མ་རྒལ་པར་འབྱར། །རུས་མགོ་པགས་གཏུམ་ནང་དབུགས་མ་ཆད་ཙམ། །ལོ་ཟླ་མང་པོར་ནད་ཀྱིས་ཤིན་ཏུ་མནར། །གཟེར་ཟུག་ཁོ་ནས་ལུས་སེམས་འབྲལ་དགོས་མོད། །དགྲ་བོས་མཐོང་རུང་སྙིང་རྗེ་སྐྱེ་ངེས་འོང་། །དེ་བཞིན་འཆི་བའི་སྡུག་བསྔལ་དྲག་པོ་ཡང་། །སྨན་དང་རིམ་གྲོ་གང་གིས་བཟློག་མི་བཏུབ། །འཆི་ལྟས་ཚང་ནས་འཁྲུལ་སྣང་སུན་མ་སླེབས། །བཟའ་ཚང་མཐའ་ནས་བསྐོར་ཀྱང་བཤོལ་ཐབས་ཟད། །ཉེ་འབྲེལ་སོགས་ལ་ཞེ་ཆགས་ཧྲིག་གེར་བལྟ། །གནད་གཅོད་སྡུག་བསྔལ་དྲག་པོ་གཅིག་པུས་མྱོང་། །ཡིད་ཀྱི་བདེ་བར་འདོད་ཀྱང་རང་དབང་མེད། །བདེ་དལ་དུས་སུ་དགེ་བ་མ་འགྲུབ་སྙམ། །སྡིག་བྱས་རྣམས་ལ་ལྷག་ཏུ་འགྱོད་པ་སྐྱེ། །ཡུལ་ཁང་ཉེ་འབྲེལ་རྒྱུ་ནོར་འབྲལ་བས་འགྱོད། །ཕྱི་མ་གར་འགྲོ་གཏད་སོ་མེད་པས་འགྱོད། །ན་ཚའི་རྐྱེན་གྱིས་ངན་འགྲོའི་སྡུག་བསྔལ་དྲན། །ལྷག་པར་འཇིགས་སྐྲག་འགྱོད་པ་དཔག་མེད་སྐྱེ། །བསམ་མནོ་མི་དྲན་དགུ་དྲན་དྲན་ཀྱང་ཕྱི། །རྒྱུ་ནོར་ཉེ་འབྲེལ་བློ་ཡིས་མི་ཐོང་ཡང་། །ཁྱེར་ནས་འགྲོགས་པའི་རེ་བ་ཀུན་དང་བྲལ། །གསོན་པའི་སྣང་བ་འགྲིབ་པས་བགས་ཀྱང་སྐྲག །དབུགས་ནི་བརྩེགས་མར་རྒོད་ཅིང་ཆད་ཤོམ་བྱེད། །ལུས་ནི་ལྗིད་ཅིང་རྩ་དང་དྲོད་རྣམས་ཡལ། །ཕྱི་ནང་འབྱུང་བའི་ཐིམ་རིམ་ཡོངས་སུ་སྡུད། །སྙིང་ནང་སྡུག་གང་མགོ་དང་ཡན་ལག་གཡབ། །ཁ་སོ་འགྲིགས་ཤིང་མིག་གི་སྐྱ་ལོག་གེར། །ཚེ་ཡི་ཕ་རོལ་དེ་ནས་འགྲོ་ངེས་ཡིན། །དེ་དུས་གཤིན་རྗེ་འཇིགས་རུང་བསུ་མ་སླེབས། །མཚོན་ཆ་འདེབས་ཤིང་རྒྱོབ་རྒྱོབ་སོད་སོད་ཟེར། །སྲིད་པའི་མུན་པ་ནག་པོས་མདུན་བསུས་ཤིང་། །ལས་ཀྱི་རླུང་དམར་དྲག་པོས་རྒྱབ་ནས་དེད། ཡ་ང་བར་དོའི་འཕྲང་ར་ཤར་བའི་ཚེ། །འཇིགས་པའི་སྒྲ་བཞི་ཡ་ངའི་གཡང་ས་བཞི། །ངེས་དང་མ་ངེས་རྟགས་དྲུག་ལ་སོགས་པ། །བར་དོའི་སྣང་བ་འཇིགས་རུང་དཔག་མེད་ཤར། །དེ་ཚེ་ཐབས་དང་རྣམ་པ་ཡོངས་སུ་ཟད། །ཁེ་གྲགས་ཅན་ཚོ་དབང་མེད་ཤི་བ་དང་། །གཟུགས་མཛེས་རྣམས་ཀྱང་རོ་རུ་ལིང་གིས་དོར། །རྒྱུ་ནོར་མང་ཡང་ལག་སྟོང་མཆན་དུ་བཅུག །གློ་ཐབས་མཁས་ཀྱང་བྲོས་གབ་ཅུང་ཟད་མེད། །གསོན་པའི་སྐབས་འདི་བྱ་བ་བཟང་བཟང་དང་། །ཁ་ཚིག་སྙན་སྙན་སྟབས་ཀྱང་བདེ་བདེ་དང་། །རྒྱུ་ནོར་ཕྱུག་ཅིང་འདྲ་ཆག་ཅིར་བརླམས་ཀྱང་། །སྐྱེ་རྒ་ན་འཆི་བཞི་པོས་མདུན་བསུས་ཏེ། །འཆི་ནད་དྲག་པོ་གཅིག་གིས་ཟིལ་གྱིས་གནོན། །ཕྱི་མ་ངན་སོང་གནས་སུ་རང་གཞན་ཀུན། །མདོ་འགགས་ཧྲིལ་གྱིས་བསྡུས་ཏེ་འགྲོ་དགོས་པས། །དེ་རིང་ངམ་ནི་སང་ཉིན་ཙམ་ལ་ཡང་། །མི་ཡོང་ངེས་པ་མེད་པའི་རང་བཞིན་དེ། །མཐོ་དམན་དྲག་ཞན་ཀུན་ལ་ཆེར་མེད་པས། །ལུས་སེམས་འདི་ཐོག་དེ་འདྲ་བཟོད་ནུས་སམ། །ཐུགས་ཉམས་ཕབ་ནས་ཞིབ་ཀྱིས་དཔྱོད་པར་མཛོད། །ལྷ་མ་ཡིན་ནི་མདོར་ན་འདི་ལྟ་སྟེ། །རི་རབ་ཆུ་མཚམས་མན་ཆད་ཁོང་སེང་དུ། །ལྷ་མིན་སྒྲ་གཅན་འཛིན་དང་རྦ་རྒོད་དང་། །མགུལ་ཕྲེང་གསེར་ཕྱེ་ཐག་བཟང་རིས་སོགས་ཡོད། །སྤྱིར་ནི་དཔལ་འབྱོར་ལྷ་དང་མཉམ་ན་ཡང་། །ང་རྒྱལ་ཕྲག་དོག་སོགས་ལ་གོམས་སྟོབས་ཀྱིས། །གནས་ཁང་སྡེ་རིས་ཕན་ཚུན་རྟག་པར་རྩོད། །བྱེ་བྲག་ལྷ་ཡི་དཔལ་འབྱོར་སོགས་མཐོང་ཚེ། །བཟོད་མེད་ཕྲག་དོག་སྐྱེས་ནས་འཐབ་ཅིང་རྩོད། །ལྷ་རྣམས་མི་ཚད་བདུན་གྱིས་གཟུགས་མཐོ་ཞིང་། །བདུད་རྩིས་གསོ་བས་ཅི་རེད་འཆིར་མི་བཏུབ། །གླང་ཆེན་སྣ་ལ་རལ་གྲིའི་འཁོར་ལོ་བཏགས། །གཡུལ་དུ་འགྱེད་པར་ལྷ་ཡིས་བཏབ་ཙ་ན། །ལྷ་མིན་འབུམ་ཕྲག་མང་པོ་སྐྱག་གེར་བསད། །རོ་རྣམས་རོལ་མཚོར་ལྷུང་བས་ཁྲག་མདོག་འགྱུར། །དེ་བཞིན་རྟག་པར་འཐབ་རྩོད་དུས་འདའ་སྟེ། །གཡུལ་ཕམ་སེམས་ནི་མྱ་ངན་ཁོང་དུ་ཆུད། །ལྷ་མིན་འཐབ་རྩོད་མྱོང་ན་ཇི་ལྟར་བཟོད། །དགྲ་དང་འཕྲད་ཀྱིས་དོགས་ནས་ཚེ་རབས་ཀུན། །ལས་ལ་འབད་ཚད་དོན་ཡོད་བྱ་འདོད་ན། །ད་རེས་དེ་རྒྱུ་ཉིད་རང་ལྡོག་པར་བྱོས། །ལྷ་ཡང་འཕོ་ཞིང་ལྟུང་བའི་སྡུག་བསྔལ་ནི། །སྤྱིར་ནི་བདེ་སྐྱིད་ཕུན་སུམ་ཚོགས་ན་ཡང་། །སྐྱིད་འདོད་རྣམ་གཡེང་ཁོ་ནས་མི་ཚེ་ཟད། །འཆི་ལ་ཉེ་དུས་ལུས་ཀྱི་བཀྲག་མདངས་ཉམས། །བདེ་བའི་སྟན་ལ་སྡོད་སྙིང་མི་འདོད་ཅིང་། །རྒྱན་ཆ་མེ་ཏོག་ཕྲེང་བ་རྣམས་ཀྱང་རྙིང་། །གོས་ལ་དྲི་ཆགས་ལུས་ལ་རྔུལ་ཆུ་འབྱུང་། །འཆི་ལྟས་ངན་པ་སྣ་ཚོགས་བྱུང་བའི་ཚེ། །བུ་དང་བུ་མོ་མཛའ་གྲོགས་ཉེར་མི་ནུས། །རྒྱང་ནས་མེ་ཏོག་དོར་ནས་སྨོན་ལམ་འདེབས། །རང་ཉིད་གཅིག་པུར་སྔར་གྱི་བདེ་སྐྱིད་དྲན། །སྐྱོ་བའི་སྡུག་བསྔལ་དྲག་པོས་ནོན་བཞིན་དུ། །ཕྱི་མ་གར་སྐྱེ་ལྷ་ཡི་མིག་གིས་མཐོང་། །འཕོ་དང་ལྟུང་བའི་སྡུག་བསྔལ་ཆེས་ཆེར་མྱོང་། །འོ་དོད་ལྷང་ལྷང་འབོད་བཞིན་ཚེ་ཚད་ནི། །སུམ་ཅུ་རྩ་གསུམ་ཞག་བདུན་འདུག་དགོས་ཏེ། །མི་ཡི་ལོ་ནི་བདུན་བརྒྱ་ཐམ་པ་ཡིན། །ཡུན་རིང་ནད་ཀྱིས་མནར་ན་ཇི་ལྟར་བཟོད། །གཉེན་སོགས་འབྲལ་གྱི་དོགས་ནས་ཚེ་རབས་ཀུན། །ལས་ལ་འབད་པ་དོན་ཡོད་བྱ་འདོད་ན། །ད་རེས་དེ་རྒྱུ་ཉིད་རང་ལྡོག་པར་བྱོས། །གཟུགས་ཁམས་གཟུགས་མེད་གནས་རིས་གོང་འོག་གཉིས། །འཕེན་བྱེད་ལས་ཟད་ལོག་ལྟ་ཅུང་སྐྱེས་ཚེ། །འཕོ་བའི་སྡུག་བསྔལ་མེད་ཀྱང་གཉིད་སད་བཞིན། །གནས་རིས་འོག་མར་ལྟུང་བའི་སྡུག་བསྔལ་སོགས། །ཇི་བཞིན་མྱོང་བ་ཉིད་ལས་མ་འདས་སོ། །དེ་དག་རྣམས་ཀྱི་མདོ་དོན་བསྡུ་བྱས་ན། །འགྲོ་བའི་གནས་རིས་གང་དུ་སྐྱེས་གྱུར་ཀྱང་། །ཚ་གྲང་ལྟོགས་སྐོམ་ངལ་དུབ་ན་ཚ་དང་། །འཐབ་རྩོད་འཕོ་འགྱུར་བསགས་སྲུང་དགྲ་གཉེན་སོགས། །ཆགས་སྡང་རང་བཞིན་ཉིད་ལས་མ་འདས་ན། །དེ་འདྲ་མཐོང་ཐོས་ཙམ་དུ་མི་བཞག་པར། །རང་ཐོག་འདི་ན་ཞིབ་ཀྱིས་དཔེར་བླངས་ཏེ། །སེམས་ཀྱིས་ཡང་ཡང་ནན་ཏན་བསྒོམ་པར་མཛོད། །ངེས་ཤེས་དྲག་པོ་བཅོས་མ་མ་ཡིན་པར། །རྒྱུད་ལ་ངམ་ངམ་ཤུགས་ཀྱིས་སྐྱེས་བཞིན་དུ། །འཁོར་བའི་བྱ་བཞག་ཆེ་ཕྲ་ཐམས་ཅད་ལ། །ཞེན་པ་རང་ལོག་མཁྲིས་ནད་རྩམ་ཟན་ནམ། །ཉེས་ཆེན་བཙོན་པའི་དོང་ནས་འབྲོས་པ་འམ། །རི་དྭགས་རྒྱ་ནས་ཐོན་པ་ལྟ་བུ་ཞིག །ངེས་པར་རང་རེའི་རྒྱུད་ལ་འབྱོར་བྱས་ཏེ། །ཐང་ལྷོད་མེད་པ་གཞུ་མོ་བདུང་བའམ། །ཤུགས་དྲག་རྒྱུན་རིང་ཆུ་བོའི་གཞུང་ལྟ་བུར། །སྒོ་གསུམ་ཆིག་དྲིལ་ཉིན་མཚན་དབྱེར་མེད་དང་། །རབ་ཀྱིས་འཆི་མེད་གཉུག་མའི་དོན་རྟོགས་བྱ། །འབྲིང་གིས་འཆི་ཁར་བྲོད་ཚད་ཐོན་པར་བྱ། །མ་མཐའ་འཆི་ཁར་མི་འགྱོད་དམ་པའི་ཆོས། །རང་དོན་གཅེས་བཞིན་ལེགས་པར་སྒྲུབ་ཤེས་དགོས། །ཐལ་སྦྱར་བཅས་ཏེ་ཀུན་ལ་ཞུ་བ་ཡིན། །རང་གི་རྒྱུད་ལ་ངེས་པར་དཔེ་བླངས་པས། །གཞན་ཕན་ལྷག་བསམ་བཟང་པོ་ཞིག་མཆིས་རུང་། །འདི་འགྲུབ་མེད་པ་མི་ཚེ་ཕལ་ཆེར་ཡོལ། །ཐུགས་རྗེའི་མངའ་བདག་པདྨ་འབྱུང་གནས་ཀྱིས། །རང་གཞན་ཤེས་རྒྱུད་ཆོས་དང་མཚམས་སྦྱོར་ཕྱིར། །ཐོགས་རྡུགས་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། །ཕ་ཡུལ་ཉེ་འབྲེལ་རྒྱུ་ནོར་རྒྱབ་ཏུ་དོར། །དཀའ་བ་མང་པོས་ས་ཐག་རིང་དུ་བཅད། །མི་ཡུལ་དང་བླང་དམ་ཆོས་དོན་དུ་གཉེར། །བླ་མར་དད་ཅིང་སྒྲུབ་བརྩོན་ཤུགས་དང་ལྡན། །བལ་པོ་ཀན་ཚ་སྔོན་གྱིས་ལས་འཕྲོ་བཟང་། །ཁྱོད་ཀྱིས་སྔོན་འགྲོའི་རིམ་པ་ལེགས་སྦྱངས་ཏེ། །དངོས་གཞིའི་རྟོགས་པས་རང་རྒྱུད་གྲོལ་གྱུར་ཚེ། །སླར་ཡང་རང་ཡུལ་མཐའ་འཁོབ་ལ་ཕྱིན་བཞིན། །ཉམ་ཐག་སེམས་ཅན་རྣམས་ཀྱང་སྐྱོབ་དགོས་པས། །ཕལ་གྱིས་ཚེ་འདིའི་ལས་ལ་དཀའ་བ་སྤྱད། །རྒྱུ་ནོར་གང་དམར་ཁྱེར་ལ་གཅིག་ཏུ་སྤྲོ། །རང་ཡུལ་སྟོང་ལོག་བྱེད་མཁན་སུ་ཡང་མེད། །དེས་ན་རང་རེའི་གཏན་དོན་དམ་ཆོས་ཕྱིར། །གོ་ལོ་ཤེས་ལོ་སྒྲུབ་ལོས་ཅང་མི་ཡོང་། །ཐོག་མཐའ་བར་གསུམ་ཆོས་ལམ་སློང་བྱེད་པའི། །ཐུན་མོང་བློ་ལྡོག་རྣམ་བཞིའི་ཁྲིད་རིམ་སོགས། །ཚིགས་བཅད་ཁ་གསལ་ཡིད་དུ་འཛིན་བདེ་ཕྱིར། །སྲས་མིང་པ་དེས་ལྷག་བསམ་ངང་ནས་བྲིས། །ཕྱོགས་ལམ་ཚིག་ཙམ་དཔེ་ཉོབ་དུ་མ་ལྷག །ཐུགས་ཉམས་ཕོབ་ལ་བསམ་པའི་སྒྲོ་འདོགས་ཆོད། །བཅོས་མིན་ངེས་འབྱུང་དྲག་པོས་གདེང་ཁེལ་ནས། །རང་གཞན་དོན་རྣམས་མངོན་པར་བྱང་ཆུབ་འཚལ།། །།དགེའོ།། སརྦ་མངྒ་ལཾ།།