PJCW-KABUM-06-CHA-034

From Khyentse Lineage - A Tsadra Foundation Project
Revision as of 08:56, 2 June 2024 by Jeremi (talk | contribs)
Wylie title
Location dpal sprul bka' 'bum
Volume 6, Text 31, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre
[edit]
༄༅། །གདམས་པ་དང་ཚོགས་གླུའི་སྐོར་བཞུགས།


ཚོགས་མགུར་རྩ་གསུམ་དགྱེས་པའི་མཆོད་སྤྲིན་སྐབས་ཡར་ཞུ། ཀྱེ་ཧོ། འདིར་འཚོགས་རྡོ་རྗེ་སློབ་དཔོན་མཆེད་ལྕམ་འདུས་པ་རྒྱ་མཚོ། །དཀྱིལ་འཁོར་གཅིག་ལ་བསྡུས་པའི་རྩ་རྒྱུད་དཔལ་ལྡན་བླ་མ། །མཁའ་སྤྱོད་དག་པའི་ཞིང་ནས་རྒྱལ་སྲས་སློབ་མར་བཅས་པ། །ཞེན་མེད་སྙིང་རྗེ་ཆེན་པོས་ཚོགས་ཀྱི་དགའ་སྟོན་རོལ་མཛོད། །གནས་ཡུལ་ཉེར་བཞིའི་ཞིང་ན་གྲངས་མེད་དཔའ་བོ་དང་མཁའ་འགྲོ། །སྣང་སྲིད་རྟེན་འབྲེལ་ཤར་བའི་ཆེ་དགུ་གཉན་བཅུའི་འཁོར་ཚོགས། །གྲངས་མེད་བསྐལ་པར་བསགས་པའི་རེ་ལྟོས་ལན་འཇལ་གང་ཡོད། །ས་ལམ་ཡོན་ཏན་རྫོགས་ཕྱིར་ཚོགས་ཀྱི་འཁོར་ལོ་རོལ་མཛོད། །རང་ལུས་རྒྱལ་བའི་དཀྱིལ་འཁོར་ཕུང་ཁམས་ལྷ་ཡི་སྐྱེ་མཆེད། །རྩ་འཁོར་ལྔ་ཡི་ཞིང་ན་རྩ་གསུམ་ཞི་ཁྲོ་རབ་འབྱམས། །ཚོགས་ཀྱི་འཁོར་ལོའི་བཟའ་བཏུང་གྱ་ནོམས་འདི་ལ་རོལ་དང་། །འདོད་སྲེད་སྣང་སྟོང་དབྱེར་མེད་སྐྱེ་འགགས་གནས་གསུམ་དང་བྲལ་ལོ། །ཞེས་གཅོད་སྨྱོན་འདྲེ་ཧྲུད་ཀྱིས། །གོང་གི་ཨ་བུ་ཧྲལ་པོའི་སྐུ་མདུན་དུ་བཟའ་བཏུང་ཚོགས་ཀྱི་མཆོད་པ་ཕུལ་ནས་སྨྱོ་སྤྱོད་གཅོང་པོའི་ཞུས་པ་ཧ་ཧ་ཨ་ཙི་ཕོ་ཚོད་ཁྱི་རྐུན་གྱི་དཔེའོ་ཞུས་པའི་ལན་དུ་གསུངས་པ། ། ༈ སྒྲུབ་བརྩོན་གཅོད་པ་པདྨ་ཚེ་བརྟན་གྱིས་གསོལ་བའི་ཚོགས་གླུའི་ལན་གནང་བ། བརྟུལ་ཞུགས་རྣལ་འབྱོར་སྤྱོད་པའི་དཔའ་བོ་དེ་བཞུགས་ནས། །སྐལ་ལྡན་འཁོར་གྱིས་བསྐོར་བའི་དམ་ལྡན་གྱི་མི་ཚོགས། །འཁོར་འདས་དབྱེར་མེད་རྟོགས་པའི་རིག་རྩལ་གྱི་དཀྱིལ་འཁོར། །དམ་ཡེ་ཡེ་ནས་དབྱེར་མེད་དགྱེས་ལྡན་གྱི་ལྷ་ཚོགས། །གཙང་རྨེ་གཉིས་རྟོག་འཇོམ་པ་མཉམ་ཉིད་ཀྱི་དམ་རྫས། །འབྱོར་ལྡན་ཡོ་བྱད་ཚོགས་ཀྱི་ལོངས་སྤྱོད་དང་ལྡན་པའི། །ཚོགས་གསུམ་ཕུན་སུམ་འཚོགས་པའི་ཚོམ་བུ་དེ་མཛེས་སོ། །བདེ་སྟོང་འདུ་འབྲལ་མེད་པའི་ཉམས་མྱོང་གིས་མྱོས་པའི། །བདེ་ཆེན་ཉམས་བརྒྱས་སྒེག་པའི་རྣལ་འབྱོར་དེ་དཔའ་བོ། །སྣང་སྲིད་བདེ་བར་རོལ་པའི་ཡོ་ལང་གི་ངང་ནས། །སྡུག་བསྔལ་དབྱིངས་སུ་སངས་པའི་སྐྱིད་གླུ་རང་འཐེན་ནོ། ། ཐ་མལ་མཚན་རྟོག་མེད་དེ་བསྐྱེད་རྫོགས་ཀྱི་རྣལ་འབྱོར། །ཨ་འཐས་རྩོལ་བསྒྲུབ་མེད་དེ་རྫོགས་ཆེན་གྱི་རྟོགས་ལྡན། །བག་མེད་ལེ་ལོ་མེད་དེ་སྒྲུབ་བརྩོན་གྱི་དཔའ་བོ། །བརྩོན་དང་མི་བརྩོན་ཐམས་ཅད་མཉམ་ཉིད་དུ་ཕྱམས་གདལ། །སེར་སྣ་འཇུར་འགེགས་མེད་དེ་གཏོང་ཕོད་ཀྱི་སྦྱིན་བདག །ཤག་དང་ཀུ་ཅོ་མེད་དེ་གསང་སྤྱོད་ཀྱི་ཚོགས་གྲལ། །ཐ་མལ་འབག་གཏམ་མེད་དེ་སྨྲ་བཅད་ཀྱི་བཟླས་བརྗོད། །གསུམ་ལྡན་རྡོ་རྗེ་འཛིན་པའི་ཚོགས་གྲྭལ་དེ་བརྗིད་དོ། །ཞིང་བཅུ་ཐབས་ཀྱིས་སྒྲོལ་བའི་མཛད་སྤྱོད་ལ་མཁས་ཀྱང་། །ཨ་ཁུ་ར་བཤའ་རྔ་བརྡུང་དེ་འདྲ་ནི་མ་ཡིན། །བདེ་སྟོང་དབྱིངས་སུ་སྦྱོར་བའི་གསང་སྤྱོད་ལ་མཁས་ཀྱང་། །གྲོང་སྔགས་སྐྱ་མིན་སེར་མིན་དེ་འདྲ་ནི་མ་ཡིན། །གསང་ཆེན་གསང་བའི་དམ་རྫས་ཚོགས་འཁོར་དུ་རོལ་ཡང་། །ཟ་འདོད་ཤ་དགའ་ཆང་སྲིད་དེ་འདྲ་ནི་མ་ཡིན། །གུ་ཡངས་རྫོགས་ཆེན་རྟོགས་པའི་བྱར་མེད་ལ་གནས་ཀྱང་། །བག་མེད་ལེ་ལོས་བཅོམ་པའི་མདོ་ཤོར་དེ་མ་ཡིན། །སྒྲ་གྲགས་སྔགས་སུ་ཤེས་པའི་དགོངས་སྤྱོད་དང་ལྡན་ཡང་། །འཛད་མེད་འཆལ་གཏམ་སྨྲ་བའི་གཅོས་རྒན་དེ་མ་ཡིན། །བསྒུར་བསྐྱོད་ཕྱག་རྒྱར་ཤེས་པའི་ལྷ་སྣང་དང་ལྡན་ཡང་། །རྒྱུག་མཆོང་རྩེ་འཇོར་ཞེན་པའི་བན་རྒོད་དེ་མ་ཡིན། །ཅི་སྲེད་ཅི་ལ་སྲེད་ཀྱང་སྲེད་པ་དེ་སྤང་བྱ། ། གང་ཞེན་གང་ལ་ཞེན་ཡང་ཞེན་པ་དེ་བདུད་གཅོད། །ཞེན་ཡུལ་སྒྱུ་མར་ཤེས་པའི་གདེང་ཚད་དང་ལྡན་ན། །ཐམས་ཅད་ཐམས་ཅད་རོལ་ཡང་ཚོགས་འཁོར་གྱི་རྣལ་འབྱོར། །བསོད་ནམས་ཚོགས་ཆེན་རྫོགས་པའི་གཏོང་ཕོད་ཅིག་མེད་ན། །ལྷ་ཚོགས་མཆོད་པའི་ཡིན་ཞེས་རྔ་བརྡུང་གི་འུར་ཆོམ། །བསྲུང་བཟློག་ཁ་གྲངས་སོང་ཡང་སྐུ་རིམ་ནི་མི་འོང་། །བླ་མཆོད་གལ་ལ་འཛུད་པའི་དུས་བསྲུང་དེས་ཅི་བྱ། །བསྐྱེད་རྫོགས་གནད་དང་ལྡན་པའི་རྣལ་འབྱོར་ཞིག་མེད་ན། །བོན་གྱེར་སྐད་གསང་མཐོན་པོས་ཁྱི་ནག་གི་ཟུག་ཟུག །མཆོད་མཆོད་འུར་སྒྲ་ཙམ་གྱིས་ལྷ་ཚོགས་ནི་མི་དགྱེས། །བསྐང་བསྐང་ཁ་གྲངས་བསགས་པའི་བསྐང་གསོ་དེས་ཅི་བྱ། ། སྣང་སེམས་དབྱེར་མེད་རྟོགས་པའི་ཉམས་མྱོང་ཞིག་མེད་ན། །སོད་སོད་ཁུག་ཁུག་ཙམ་གྱིས་དགྲ་བགེགས་ནི་མི་སྒྲོལ། །བསམ་ངན་ཞེ་སྡང་འབར་བའི་ཚིག་རྩུབ་ཀྱི་བྷྱོ་བཟློག །ཟན་གོང་གྲིས་གཏུབ་བྱེད་པའི་བསྒྲལ་ལས་དེས་ཅི་བྱ། །ངོ་ལྐོག་ཁ་གཏིང་མེད་པའི་དམ་ཚིག་ཅིག་མེད་ན། །གཏོར་ཚོགས་རི་ལྟར་སྤུངས་ཀྱང་དམ་ཅན་ནི་མི་འདུ། །ལྷ་མཆོད་འདྲེ་ཡིས་ཟ་བའི་ཤ་ཁྲག་གི་དམར་ཆོག །རེ་འཁངས་བསྲུང་མར་བྱེད་པའི་མཆོད་སྒྲུབ་དེས་ཅི་བྱ། །རྣམ་དག་དམ་ཚིག་གཙང་མ་དམ་ཅན་གྱི་བླ་རྡོ། །ཡེངས་མེད་བསྐྱེད་རྫོགས་དབྱེར་མེད་རང་གཞན་གྱི་ཚོགས་གསོག །ཞེན་མེད་ཅི་ཡང་རོལ་པ་འདོད་ཡོན་གྱི་ཚོགས་འཁོར། །ང་ཅག་ཅི་ལྟར་བྱས་ཀྱང་སྐྱིད་པོ་རང་འདུག་གོ །དབེན་པའི་རྣལ་འབྱོར་སྨྱོན་པ་རྒྱལ་ཁམས་ཀྱི་གཅེས་ཕྲུག ། ལྷག་བསམ་བྱང་སེམས་འབྱུང་བ་འགྲོ་ཀུན་གྱི་སྐྱབས་མགོན། །ང་ཁྱོད་ཕྱོགས་རིས་སྤངས་པ་ཐམས་ཅད་ཀྱི་བྱམས་ཡུལ། །ང་ཅག་གང་དུ་སོང་ཡང་སྐྱིད་པོ་རང་འདུག་གོ །རང་དོན་དབེན་པར་སྒོམ་ཡང་གཞན་ཕན་གྱི་སེམས་བསྐྱེད། །གཞན་དོན་གྲོང་དུ་སྒྲུབ་ཀྱང་རང་རྒྱུད་ཀྱི་སྒྲིབ་སྦྱོང་། །དོན་གཉིས་དབྱེ་བ་མེད་པ་ཐེག་གསུམ་གྱི་རྣལ་འབྱོར། །ད་ནི་ཇི་ལྟར་བྱས་ཀྱང་སྐྱིད་པོ་རང་འདུག་གོ །ཨ་བུ་ཧྲལ་བོས་གང་ཤར་སྨྲས་སོ། ། ༈ རྟོགས་པའི་སྐྱིད་གླུ། ཉིན་བྱེད་སྣང་བ་ཤར་ནས་ཆས་པས། །ལྷ་ལམ་འོད་སྣང་གཟི་བརྗིད་རྒྱལ་པོ། །བདུད་རྩི་ལྷ་ཆར་ཁ་ནས་བབ་པས། །དོག་མོ་ས་ལ་འབྲུ་དྲུག་རྒྱས་སོང་། ། ཐུབ་པ་ཉི་མ་འཇིག་རྟེན་བྱོན་པས། །སྐལ་བཟང་སྐྱེ་བོས་ཐར་ལམ་སྙེགས་སོང་། །མཉམ་བཞག་གནས་ལུགས་རང་ངོ་མཐོང་བས། །སྣ་ཚོགས་འཁྲུལ་པའི་བུན་ལང་ཡལ་སོང་། ། མཚན་ལྡན་བླ་མ་སྤྱི་བོར་བསྒོམ་པ། །ཉམས་མྱོང་རྟོགས་པའི་ཕ་ཕོག་ཐོབ་སོང་། །ཚེ་རབས་ཡི་དམ་སྙིང་ལ་བཅིང་བས། །འཁྲུལ་པའི་ནད་གདོན་སྤྲིན་བཞིན་ཡལ་སོང་། །གསོལ་འདེབས་རྒྱང་འབོད་གདུང་གླུའི་བོས་པས། །རྩ་གསུམ་བྱིན་རླབས་སྤྲིན་བཞིན་འཐིབ་སོང་། ། གང་ཡང་གཏད་མེད་ཆོས་སྐུར་སྦྱངས་པས། །འཁྲུལ་བའི་ཨ་འཐས་རྡུལ་དུ་ཞིག་སོང་། །བློས་བྱས་རྩོལ་བའི་བྱ་བྱེད་དོར་བས། །བྱར་མེད་ངང་དུ་མཉམ་པར་བརྡལ་སོང་། །ཡང་དག་དོན་ལ་དབུ་མར་བཞག་པས། །དགག་སྒྲུབ་གྲུབ་མཐའི་འཆིང་བ་གྲོལ་སོང་། །གཟུང་འཛིན་གྲོགས་ཀྱི་ཁྱུ་ལས་རིང་བས། །གཅིག་པུར་བག་ཡངས་སེམས་རྩ་ལྷོད་སོང་། །བདེ་བདེ་སྐྱིད་སྐྱིད་སྔོན་གྱི་ལས་དབང་། །ལྷོད་ལྷོད་འབོལ་འབོལ་སྔོན་གྱི་ལག་རྗེས། །བག་ཡངས་ཉམས་དགའ་བླ་མའི་བྱིན་རླབས། །འདི་ཕྱི་ཀུན་ཏུ་དེ་འདྲ་ཡིན་ནོ། །ཨ་བུ་ཧྲལ་བོས་མཚར་གཏམ་དེའོ། ། ༈ རྒྱ་ནག་ལྕང་ཀྱ་ལ་སྤྲིང་བ། རིང་ནས་མཐའ་ཀླས་འགྲོ་ལ་བརྩེ་བའི་རླབས། །དུས་ལས་ཡོལ་མིན་ཡོན་ཏན་རིན་ཆེན་བརྒྱའི། །འབྱུང་གནས་སྐལ་བཟང་གཟིགས་བརྒྱས་བསྟེན་འོས་པ། །དམ་པའི་མཚོ་ཆེན་རྙོགས་པ་མེད་མཆོག་དྲུང་། །སྲིད་པའི་སྐྱོན་མང་བཀྲུ་ལ་རླབས་ཆེན་གྱི། །སྨོན་པའི་ཀེ་ཏ་ཀ་མཐུས་བཀྲུས་གྱུར་ན། །གང་མཚན་ཞི་བསིལ་བདུད་རྩིའི་བྲན་བྱས་པས། །ཞུ་མཆིད་མེ་ཏོག་གསར་པའི་མཆོད་སྤྲིན་སྤྲོ། །རྒྱལ་ཀུན་ཐུགས་ཀྱི་གསང་བ་རྡོ་རྗེའི་དབྱིངས། །གང་དུ་ཁྱོད་དགྱེས་ཆོས་སྐུའི་རྒྱལ་ཁབ་ནས། །གཡོས་མིན་མཐའ་ཀླས་འགྲོ་བའི་བློ་མཚོ་ན། །གཟུགས་སྐུའི་རྣམ་རོལ་མཁའ་མཐས་འགྲན་ཟླས་ཆས། །སྡེ་གསུམ་ནང་རྒྱུད་བདུད་རྩིའི་རྒྱུན་བཟང་ཆབ། །འབེབས་པའི་མ་དྲོས་མཚོ་བདག་སྒྲོ་ཕུག་པའི། །རྣམ་རོལ་འོད་སྟོང་ཡོངས་རྫོགས་བསྟན་པའི་མཁར། །རྒུད་པའི་མུན་སྟུག་བཅིལ་ལ་ཤར་བ་བཞིན། །སྲིད་ན་སྲིད་པའི་སྙེམས་རྒྱུས་རྒྱག་ལྡན་བརྒྱས། །དོ་ཀེར་ནོར་བུའི་འོད་ཀྱིས་དམར་བྱས་རྡུལ། ། ཁྱོད་ཞབས་པདྨའི་ངོ་མཚར་གྱིས་བཟུང་བ། །དབང་བཅུའི་དབང་གིས་ཕྱུག་པའི་མཐུ་ཁོ་ན། ། དབང་ཕྱོགས་ས་ཡི་ཐིག་ལེར་སའི་ཚངས་པས། །ས་ཆེན་བྱམས་པས་བཟུང་བའི་འཁོར་ཡུག་ཁྱོན། །ཁྱོན་བྱིན་རྩིབས་མ་བརྒྱ་པས་རྒྱས་དཀའ་བའི། །མངོན་མཐོའི་གྲིབ་མ་སྣུམ་ལ་བསྟེན་པ་ཡིན། །དེ་སླད་ཁྱོད་ཞལ་བསོད་ནམས་བྱེ་བའི་མཛོད། །མཐོང་བའི་སྐལ་བས་བཟུང་མིན་འཁོས་དམན་ཡང་། །ཁྱོད་ཐུགས་ཐུགས་རྗེས་རིང་ནས་བསྐྱང་བའི་དྲིན། །དྲན་པས་དད་ཕྱག་བརྩེགས་ལ་ལྷག་པར་རིངས། །མ་ཞེས་མིང་གི་ཆོ་ལོ་མཁའ་མཉམ་འགྲོར། །སྦྱིན་པ་རྒྱལ་སྲས་རྒྱལ་པོ་སྤྱིའི་ཆོས་ཉིད། །ལགས་མོད་ཡོངས་རྫོགས་བསྟན་པའི་སྟོན་པ་རུ། །ཕེབས་པ་ཁྱོད་དང་རྒྱལ་བའི་ཐུན་མོང་ཆོས། །ཆོས་བརྒྱད་སྲིད་པའི་སྒྱུ་མ་ཐར་ལམ་གྲོང་། །བགྲོད་དུ་མེད་ཀྱང་སྙིགས་མཐའི་གཡང་ཟབ་མོར། །ལྷུང་པའི་ཐུབ་བསྟན་རྩོད་མང་གཅོང་རོང་དུ། ། འཁྱམས་ལ་ཁྱོད་ཅིག་འདྲེན་མཆོག་གཅིག་ཏུ་བཞུགས། །ཆོས་སྤངས་མུན་པ་འཐིབ་ལ་སྣང་བ་རུ། །བལྟ་བའི་ཕྱོགས་ལྷུང་མིག་ལྡན་འབྱུང་པོའི་བྱ། །མངོན་འདོད་གོ་སྐབས་གཅོད་ལ་ཉིན་བྱེད་ཁྱོད། །རྒྱལ་བའི་རིང་ལུགས་མཁའ་ལ་དྲང་པོར་རྒྱུ། །བློ་བཟང་རྒྱལ་བ་གཉིས་པའི་རིང་ལུགས་བསྟན། །གཞུང་བཟང་སྟོང་གི་ཆུ་བོ་འདུ་བའི་མཛོད། །བཤད་དང་སྒྲུབ་པའི་ཕྲག་པར་འཛིན་བཟོད་པ། །ཁྱོད་གཅིག་འཇམ་དཔལ་དབྱངས་ཞེས་སྲིད་ན་གླེང་། །རྣམ་པར་སྣང་མཛད་ཡེ་ཤེས་སྒྱུ་མའི་འཕྲུལ། །དེས་གསུང་གདམས་པའི་ཆང་གིས་ཆེས་མྱོས་པས། །གསང་འཛིན་དཔའ་བོ་ཉིད་ཅེས་མིག་ཀྱང་བརྒྱས། །མཁའ་སྤྱོད་གྲོང་ན་གླུ་ཡི་གླེང་གཞིར་བྱེད། །མདོ་སྔགས་གཞུང་བརྒྱ་རྒྱལ་བའི་ལམ་གཅིག་ཏུ། །སྡུད་པའི་ཚུལ་ཤེས་རྣམ་པ་འཇིག་པའི་སྒོ། །ཇི་སྙེད་ མ་འགལ་གདམས་པར་འཆར་བཟོད་པ། །འཇམ་མགོན་བླ་མའི་རིང་ལུགས་དེང་འདིར་ བསླང་། །རྒྱུ་དེས་པད་རག་ཞུན་དང་གསེར་བཙོ་མའི། །མདངས་འཛིན་ཅོད་པན་གཡོ་བའི་མཁས་པ་བརྒྱས། །ཁྱད་མེད་རིགས་ཀྱི་བདག་ཅེས་ཁྱོད་ཞབས་རྡུལ། །སྤྱི་བོར་ལེགས་བསྟེན་བསྟན་པའི་གཙོ་བོ་བཞིན། །དེ་སླད་མཁས་པའི་གྲལ་དང་མཐོན་པོའི་ཁྱུར། །སྙེགས་འདོད་གཅམ་བུའི་མ་ཡིན་ངེས་ཤེས་སྤྲིན། །ཡིད་མཁར་འདུས་ལས་དེས་བསྐུལ་ཚིགས་བཅད་འཕྲིན། །མཛེས་པ་མེད་ཀྱང་ཁྱོད་སྙན་གཙེར་ལ་ཆས། །རྣམ་མཁྱེན་ཐུགས་ཀྱི་དགོངས་པས་བརྩེ་སྦྱིན་ཞིང་། །བྱམས་བརྩེའི་གསུང་གིས་རིང་དུ་གདམས་པ་དང་། །མཚན་དཔེའི་ཞལ་བཟང་བལྟ་ལ་མི་ངོམས་པའི། །སྐལ་པ་དགེ་བའི་བཀྲ་ཤིས་དེས་བདག་སྐྱོངས། །རྡོ་རྗེ་གསུམ་གྱི་རང་བཞིན་སྲིད་མཐར་ཡང་། །བསྟན་འཛིན་རྒྱུ་སྐར་བྱེ་བའི་མགོན་གཅིག་པུ། །ཡོན་ཏན་ཆ་ཤས་གང་བའི་སྟོན་མཚན་རྒྱན། །ཚེ་མཐའ་ཡས་པའི་ངོ་བོར་འཚོ་གཞེས་གསོལ། ། ༈ རྒྱ་ནག་ཆོས་བཟང་ལ་སྤྲིང་བ། མཐའ་ཀླས་འགྲོ་ལ་མ་མ་སྡུག་གུ་ལྟར། །བྱམས་པའི་ཕྱག་གིས་ཡང་དང་ཡང་བྱབ་ཅིང་། །སྙིང་རྗེའི་ཆུ་ཡིས་འཁྲུད་པ་ལྷུར་བཞེས་པ། །རྒྱལ་སྲས་སེམས་དཔའ་ཆེ་དེའི་ཞབས་དྲུང་དུ། །གུས་བཅས་སྤྱི་བོར་ཟུམ་པའི་སོར་བཅུའི་འདབ། །སེན་མོའི་འོད་ཕྲེང་དགོད་པའི་འཛུམ་ངོམས་ཤིང་། །སྙིང་ལ་རབ་དགའ་རྒྱས་པ་དད་བརྒྱའི་གླུ། །ཞུ་མཆིད་ཤོག་བུའི་དོ་ར་གར་དུ་རྩེ། །འཇམ་དཔལ་དཔའ་བོའི་བྱིན་རླབས་ཉི་མའི་གཟིས། །མང་བརྟེན་བཀྲ་ཤིས་སྟོང་གི་འབྱུང་གནས་སུ། །ངེས་བྱས་དབང་པོས་ལེགས་བསྲུང་ལྗོངས་ཆེན་པོ། ། མཁས་དང་གྲུབ་པ་སྟོང་གིས་བཟུངས་ཞེས་ཐོས། །དེ་ན་དམ་པའི་ཡོན་ཏན་འབུམ་ཕྲག་ཀྱང་། ། གང་ཐུགས་དཔལ་བེར་འཁྱིལ་བའི་རླབས་འཕྱུར་ནས། །སྙན་གྲགས་རྒྱ་མཚོའི་གོས་ཅན་གཞིར་ཁྱབ་པ། །དེ་ལ་རབ་དགའི་མེ་ཏོག་སུ་མི་འཕེན། །ཡོན་ཏན་ཟིལ་མངར་འཛིན་པའི་ཨུཏྤ་ལ། །བསླབ་གསུམ་ནགས་མའི་ལྗོངས་ལ་བསྟེན་བྱས་ཚེ། །སྐལ་བཟང་རྐང་དྲུག་དད་བརྒྱའི་འཕུར་ལྡིང་གིས། །བསྔགས་བརྗོད་གླུ་དབྱངས་ལེན་པ་ཆོས་ཉིད་ཡིན། །ལྷ་ཡུལ་མིག་སྟོང་ལྡན་པའི་འདུན་ས་ཆེར། །མངོན་བརྗོད་མིང་གིས་ཕྲོགས་པ་མ་ཡིན་ཡང་། །ལེགས་བྱས་བདུད་རྩིའི་མྱོས་པའི་སྐལ་བཟང་འགྲོ། །གང་ལ་བསྟེན་འོས་སུམ་རྩེན་གྲོང་བཞིན་གནས། །འཆད་པའི་གཡུ་རལ་བརྗིད་པའི་གཟི་ངོམ་ཞིང་། །རྩོད་པའི་སྡེར་མོས་རྒོལ་ངན་ཀླད་པ་འགེམ། །རྩོམ་པ་རྩལ་གསུམ་རྫོགས་པའི་གདོང་ལྔ་པ། །རྒྱལ་བསྟན་གངས་རིའི་ལྗོངས་ན་འགྲན་ཟླ་བྲལ། ། སྟོན་པས་ལེགས་གསུང་རྣམ་མང་ཐེག་པའི་གཞུང་། །བསྟན་འཛིན་སྟོང་གི་བློ་གྲོས་མཐུས་ཕྱེ་བའི། །ཐུབ་བསྟན་འོ་འཚོ་ཁ་གཏིང་མེད་དཀར་བ། །སྤྱོད་པའི་བློ་གྲོས་ལུས་དཀར་དབང་པོ་བཞིན། །ཐོས་པའི་སྙན་དབང་གཞུང་ལུགས་བརྒྱར་འགྲོགས་ཀྱང་། །བསམ་པའི་རྣམ་དཔྱོད་ཕྱོགས་རེར་མ་ལྷུང་བས། །སྒོམ་པའི་ཟབ་དོན་རྡོ་རྗེའི་རྣལ་འབྱོར་ལ། །གཞོལ་དེས་གྲུབ་བརྒྱའི་རིང་ལུགས་གསར་དུ་བསླང་། །དེ་སླད་ཡོན་ཏན་མཆོག་མངའ་དམ་པའི་མགོན། །རིང་བར་གནས་ཀྱང་སྐྱེ་དགུའི་མ་འདྲིས་བཤེས། །མཚུངས་པ་མེད་པར་ཤེས་ནས་དེང་འདིར་ཡང་། ། ཞུ་མཆིད་ཚིག་གི་ཕྲེང་བས་བསྟི་སྟངས་བྱས། །དུས་ཀུན་བྱམས་པའི་ཐུགས་ཀྱིས་མི་འདོར་ ཞིང་། །གདམས་འོས་བདུད་རྩིའི་གཏམ་གྱིས་རྗེས་འཛིན་པས། །བདག་སོགས་ལྷར་བཅས་འགྲོ་བའི་མགོན་གཅིག་ཏུ། །ཞབས་པད་རྡོ་རྗེའི་ཁྲི་ལ་བརྟན་གྱུར་ཅིག ། ༈ རྒྱ་རོང་དབོན་པོ་ལ་སྤྲིང་བ། ཟླ་གཞོན་ཐིག་ལེས་བྲིས་མིན་ལྷའི་མེ་ཏོག། གཡོ་བའི་འཕྱང་འཕྲུལ་འཛིན་ལྡན་མཚོ་སྲས་མ། །པང་ན་ཏམ་བུ་ར་མཚན་གཡོན་མིག་ལ། །རྗེས་ཆགས་འཇམ་དཔལ་དཔའ་བོས་ཁྱོད་ལ་སྲུང་། །གང་ན་ལུས་ཕྲ་མིན་ཡང་ནགས་ལན་བུར། །གཡོ་བའི་ལྷུན་པོ་སྦོམ་པོའི་ཕང་པ་ན། །སྣང་མཛད་སྤྲུལ་བའི་ལོ་ཆེན་བྱིན་རླབས་གཟི། །འཛིན་འགྱུར་སྤོང་བའི་གནས་ཤིག་ཡོད་ཅེས་མཆི། །དེ་ན་གཡེམ་ཚུལ་མ་ཡིན་བློའི་ཟུར་མིག། གཡོ་བའི་སྨིན་འཁྱོགས་གར་གྱིས་རིག་ལམ་གྲོགས། །མང་ཞིག་རང་དབང་བགྱིད་མོད་འཕྱོན་མ་ཞེས། །འབོད་མིན་བློ་གསལ་གཞོན་ནུ་ལོས་རེ་དགའ། །དེ་ན་སྦྲེལ་བཞིའི་ཡུལ་མིན་སྙན་ཚིག་སྒྲོགས། །གཡོ་བའི་སྤྲིངས་ཡིག་ངང་པའི་བུ་མོ་ཞིག། དོན་བཟང་རྐང་དྲུག་མཛོད་ལས་བསྐུལ་བའི་རོ། །མངར་དགུའི་ཕ་འབབས་སྦྱིན་སླད་འདི་ན་རྒྱུ། །དེ་ཚེ་བཏང་སྙོམས་མ་ཡིན་བློས་འདབ་སྟོང་། །གཡོ་བའི་རབ་དགེའི་གེ་སར་འཛུམ་ཤོར་ཏེ། ། རྙོགས་མིན་མཛའ་གཅུགས་ཡོད་ཀྱི་རྫིང་དྭངས་པར། །ཞལ་རས་ཆུ་ཟླའི་བརྙན་པོ་གསར་དུ་བྲིས། །ཉེ་མིན་ཞགས་ལྡན་འདོམས་པ་བགྲོད་བྱེད་ཟུང་། །གཡོ་བའི་འགྲོས་ཀྱིས་བགྲོད་དཀའི་འཕྱེ་བཞིན་ཡང་། །གཅིག་གྱུར་མདུད་པ་ལྷོད་མིན་སྙིང་གི་དར། །གཅིག་བོས་ལན་བརྒྱར་དཀྲིས་ཕྱིར་རིངས་པ་མིན། །འདི་ན་ལུགས་གཉིས་འདབ་ཡང་ཕང་ཕུང་དུ། །གཡོ་བའི་ངང་ཚུལ་ལས་རིང་སྡོད་དུམ་ཡང་། །བག་ཡངས་སྙོམས་ལས་མ་ལན་གློས་ཕབ་དཔ༵ལ། ། དེ་གཅིག་དགེ༵་བར་འཛིན་ལྟས་རིང་ཞིག་སོང་། །བླུན་ཚུལ་བྲང་གི་བགྲོད་པ་མཆོངས་རྒྱང་དུ། ། གཡོ་བའི་ལག་འགྲོའི་ཁྱུ་རུ་ཉལ་ཆེས་པས། །ལྔ་རིག་སྦྲང་རྩིའི་དོགས་པ་ཆུད་ཟོས་ནས། ། ཡིད་རྡུལ་འཁྱགས་སྦྲམ་དགུན་ཟླའི་ཆུ་བཞིན་མཆིས། །འོན་ཀྱང་སྐྱབས་མགོན་ཐུགས་རྗེའི་བྱིན་ཤུགས་རྟགས། །གཡོ་བའི་རླབས་ཀྱིས་མི་མཐུན་མེ་གསོད་པ། །བག་ཡངས་ཕུན་ཚོགས་འཁྱིལ་བའི་འོ་མཚོ་ན། །མ་བརྟགས་ཉམས་དགའི་ཡུལ་ལ་ཞེན་ཅིང་མཆིས། །ཐུན་མཚམས་བླ་གོས་འཛིན་པའི་གྲལ་རིང་དུ། །བརྟན་པའི་སྐྱིལ་ཀྲུང་འཆའ་བའི་སྐལ་དབེན་ཡང་། །མཆོག་གསུམ་སྐྱབས་ཀྱི་ཡུལ་དེ་མ་དོར་ཙམ། །བག་མེད་ཤྲཱི་སྨྱོན་པའི་གནས་ཚུལ་ལགས། །དེས་ན་གསང་ཆེན་སྙིང་པོའི་རིང་ལུགས་ལ། །བསྟན་པའི་ངེས་ཤེས་འཆང་བའི་བློ་གསལ་ཁྱེད། །ཉམས་ལེན་སྙིང་པོའི་བཅུད་བཟང་གཞིབ་པའི་གཏམ། །གསར་པས་ཡིད་ལ་རབ་དགའ་ལན་བརྒྱར་བྱིན། །ཀུན་རྟོག་གཡོ་བ་དྭངས་པའི་སྤྲོས་བྲལ་གཤིས། །བརྟན་པའི་མཉམ་བཞག་དྲན་པའི་གཤིས་གཅིག་པོ། །སྡེ་སྣོད་བྱེ་བའི་བརྗོད་དོན་མཐར་ཐུག་པར། ། དགོངས་ནས་ཡོངས་གྲུབ་གཤིས་ལ་དགའ་བར་བྱོས། །ཕྱོགས་ཕྱོགས་རྙེད་ཕྱིར་རྒྱུ་བའི་ཚུལ་བཏང་ནས། །བསྟན་པའི་སྒྲུབ་ཚུགས་རིམ་གཉིས་ལྷབ་ལྷུབ་ཅན། །སྔོན་བྱོན་རིག་འཛིན་བྱེ་བའི་མཛའ་གཅུགས་མ། །དེ་ཉིད་ལགས་ཀྱིས་དེ་ལ་ཅི་དགའ་འཁྱུད། །བརྒྱུད་གསུམ་བྱིན་རླབས་སྤྲིན་གྱི་ཕང་ཕུང་ལ། །བསྟེན་པའི་དད་གསུམ་གདུང་བ་ཆེར་བསྐྱེད་ནས། །ཟབ་ལམ་གནད་ཀྱི་ཟློས་གར་བྱོས་ཤིག་དང་། །ཁྱོད་ཡིད་དོན་བརྒྱུད་རྟོགས་པས་སྦྲུམ་པར་ངེས། །སྣ་ཚོགས་རིག་ལམ་སྒྱུ་མའི་རྩེད་འཇོ་ལ། །བརྟེན་པའི་འདུ་ཤེས་སྦྱངས་ཡང་དེའི་འབྲས་བུ། །རྒ་ན་འཆི་བར་ཕན་པ་མེད་དགོངས་ནས། །ཐོས་པའི་འོ་མཚོ་བསྒོམ་པའི་མར་དུ་སྲུབས། །ཀྱེ་མ་རྒྱལ་བསྟན་རིན་ཆེན་ཡུན་རིང་པོར། །བརྟན་པའི་གདེངས་ཤིག་མཆིས་ན་དེའི་རྒྱན་དུ། །ལྔ་རིགས་མེ་ཏོག་ཕྲེང་བ་མཛེས་བཏུས་ན། །དོན་གཉེར་ན་ཆུང་སྟོང་ལ་ཕན་གྱུར་མོད། །འོན་ཀྱང་སྙིགས་མའི་རང་རྟགས་འབུམ་གཤེས་ལ། །བསྟེན་པའི་བརྟན་གཡོའི་སྣང་ཚུལ་འདི་གཟིགས་ན། །ད་ནི་རང་རྒྱུད་གདུལ་བའི་ཐབས་ཁོ་ན། །ཟབ་པ་ལགས་སྙམ་བདག་ནི་ཡང་ཡང་སེམས། །གང་ཞིག་སྐྱེས་སྦྱངས་མཁྱེན་དཔྱོད་བློ་སྣང་བ། །བརྟན་པའི་སྐལ་བཟང་ཉི་མ་ཁྱེད་ལགས་ན། །འཁོས་དམན་སྲིན་བུའི་སྣང་བས་ཅི་བགྱི་ཡང་། །ལྡབ་ལྡིབ་མེ་སྟག་ཙམ་འདིའི་བསམ་བཟང་བགྱིས། །བསྟི་བའི་གནས་གཅིག་ཁོ་ནར་ཡུན་རིང་པོར། །བརྟེན་པའི་བློ་ཐག་ཁོ་བོས་བཅད་མིན་ཡང་། །བགྲོད་འདོད་རི་བོའི་རྐང་པ་གཡོ་བའི་གཤིས། །སྐྱབས་མཆོག་དབང་པོས་བྲེག་དེས་རོ་བཞིན་གྱུར། །དེ་རུ་འདུ་ཤེས་གསུམ་དང་སྒྱིད་ལུགས་ཁུར། ། བརྟེན་པའི་རང་གཤིས་ལང་ཚོ་དར་བབ་སྟེ། །ལུགས་གཉིས་འོ་འཛིན་གཞིབ་པའི་ཚུལ་བསྐྱུངས་ནས། །བྲེས་ན་གླང་རྒན་ཉལ་བའི་ངང་ཚུལ་བཟུང་། །དེ་ཚེ་དཎྜིའི་རང་ལུགས་ལྷའི་བརྗོད་པ། །བརྟན་པའི་སྙན་ཚིག་གཏམ་གྱི་སྤྲིང་ཡིག་གིས། །རྟོག་བྲལ་སོ་ལྡན་ཉལ་བའི་གཉིད་སད་ནས། །བརྗོད་འདོད་སྣ་ཞགས་བརྐྱང་འདི་དགོངས་མཛོད་ཀྱི། །འབྱུང་འགྱུར་བསྐལ་བརྒྱའི་ཆར་ཡང་ཚེ་དང་ཆོས། །བརྟན་པའི་ཕུན་ཚོགས་རྡོ་རྗེའི་མདུད་པ་ཅན། །ཁྱོད་གཅིག་ཁོ་ནའི་དཔུང་པའི་རྒྱན་ཉིད་དུ། །བརྟེན་པའི་རྟེན་འབྲེལ་གདུ་བུ་བཞེས་བཞིན་པར། ། ཡིད་འོང་གཏམ་གྱི་སྤྲིངས་ཡིག་ལྷའི་ཆུ་བོ། །བརྟན་པའི་རྒྱུན་བཟང་སྲིད་པའི་མཐའ་གཏུག་ཏུ། །ཡིད་མཐུན་སྐལ་ལྡན་ཤིང་རྟའི་སྐལ་པ་རུ། །ཡང་ཡང་ཛ་ཧུའི་རྒྱུན་བཞིན་འབེབས་པར་རིགས། །དེ་སྐད་བརྩེགས་པའི་རྡུལ་ཕྲན་བགྲངས་ཡས་ཁྱོན། །བརྟན་པའི་གཡུང་དྲུང་རི་བོའི་འདབ་ཞོལ་ནས། །རྣམ་འགྱུར་གཟུགས་ཀྱི་བརྗོད་དོན་སྟོན་པའི་བཟོ། །བག་ཡངས་ཤྲཱི་ཧྲུལ་བོས་བགྱིས་ཏེ་ཕུལ། ། ༈ ཚོགས་གླུ་སྔོན་གནས་རྗེས་དྲན་གྱི་ཚུལ་བརྡའ་ཙམ་བསྟན་པ། མཁའ་སྤྱོད་མངོན་དགའི་ཕོ་བྲང་སྐུ་གསུམ་གྱི་དཀྱིལ་འཁོར། །དྲི་མེད་ཆོས་སྐུའི་བླ་མ་སྟོང་གཟུགས་སུ་མ་བཞུགས། །འཇིགས་མེད་མཁྱེན་གཉིས་སྨྲ་བའི་ཕྱག་རྒྱ་རུ་བཞེངས་ནས། །འཇའ་སྤྲིན་མེ་ཏོག་ཐིག་ལེའི་བྱིན་འོད་ཅིག་ཕོབ་ཤོག །བར་སྣང་འོད་དཀར་ཐིག་ལེ་ཟླུམ་འཁྱིལ་གྱི་གདན་ལ། །འབུམ་ཕྲག་རིག་འཛིན་མཁའ་འགྲོ་གར་ཐབས་སུ་བཞུགས་དང་། །རོ་མཆོག་དངོས་བཤམས་མཆོད་པ་ལོངས་སྤྱོད་ཀྱི་སྐལ་བ། །སྙན་འགྱུར་མགྲིན་པའི་རྫ་རྔ་གཞོན་པ་ངས་བརྡུང་ངོ་། །ཟང་ཐལ་གྲུབ་བརྒྱའི་གཤེགས་ཤུལ་བློ་བྲལ་གྱི་ཕོ་བྲང་། །སྒོམ་མེད་གཟིམ་ལ་ཡུར་བ་རིག་འཛིན་གྱི་ཞབས་དྲུང་། །བྱང་སེམས་མཆེད་ཀྱིས་བསྐོར་བའི་ཚུལ་མཐོང་དེ་སྐྱིད་དོ། །མིག་ཡངས་མཁལ་ལ་བརྩེན་པའི་གླུ་གར་དེ་དྲན་ནོ། །གཞོན་ཆུང་དྷུ་མ་ཐ་ལའི་ལྷ་གྲལ་ན་ཚོགས་དུས། ། ཐོར་ཚུག་མུ་ཏིག་དཀར་པོའི་ཟླ་ཚེས་ཤིག་ཡོད་དེ། །མཚུངས་མེད་རིག་འཛིན་བླ་མའི་ཞབས་དྲུང་དུ་འོང་དུས། །ཨ་མ་བདེ་གསལ་ལྷ་མོའི་སྐ་རགས་ལ་བཏགས་ཡོད། །ལྟོ་སྟོང་རུས་པའི་འཁོར་ལོ་ཟླུམ་པོ་དེ་ཡོད་ན། །དཔའ་བོའི་ལྕང་ལོ་མི་བྲེག་ཟུར་ཕུད་ཅིག་འཆང་སྟེ། །རྒྱན་མེད་རལ་རྫོང་འཐུག་པོའི་འཕྱང་སྡེབ་དེའི་སུན་ནས། །སོར་གསུམ་གཙུག་སྐྲའི་མཆོད་པ་མཁན་སློབ་ལ་ཕུལ་བཏང་། །མཐིང་འོད་ཤུགས་འཆང་ལྷ་མོས་སྐྱོ་གྲོགས་ཤིག་མཛད་ན། ། ཡིད་འོང་རྡོ་རྗེའི་གླུ་སྒྲ་མཁའ་ལམ་ནས་བསྒྱུར་དང་། །གཉིས་མཉམ་རེག་བྱའི་སྟོན་མོ་ཡིད་ཡུལ་ན་མེད་ཀྱིས། །ཚངས་སྤྱོད་དགེ་སྦྱོང་གཞོན་ནུའི་བླ་གོས་ལ་མ་རེག །འཛུམ་དྲུག་སྟག་ཤམ་ཐིག་ལེ་སྤངས་པའང་མིན་ཏེ། །ཚུལ་མཐོང་མཐང་གོས་ཟླུམ་པོའི་སྣམ་ཕྲན་དེ་འགྲིགས་ནས། །ཡིད་འོང་འཛུམ་དཀར་ལྷ་མོའི་བཀའ་བཀྱོན་ལ་མ་བསམ། །ལྕུགས་ཕྲན་སྣལ་མ་སེར་པོའི་སྐ་རགས་ཀྱང་བཅིང་བཏང་། །དབྱིངས་ཕྱུག་དྲིན་ཅན་བླ་མ་གདན་འདྲེན་ལ་བྱོན་ན། །གཞོན་ནུའི་གཡེར་ཁ་དྲ་བའི་འཕྱང་འཕྲུལ་དེ་མ་སྐྱུར། །ཕུ་བོ་མཐའ་རུ་སྟོར་བའི་སྣང་ཤེས་འདིས་སྐྱོ་ནས། །མི་འགྱངས་ཛ་ལནྡྷ་རར་འོང་མོས་ཤིག་འདུག་གོ །རྟོག་མེད་རོ་ལ་ཞོན་ནས་བརྟུལ་ཞུགས་ཀྱིས་རྒྱུ་བའི། །དྲན་མེད་ནམ་མཁའི་རྣལ་འབྱོར་དེ་འདྲ་ཞིག་སྙམ་སྟེ། ། རོ་མཐོང་ཤི་བའི་གཞོན་པ་རློམ་སེམས་ཀྱིས་ལེན་པའི། །ལས་ངན་ཟོག་པོའི་གྲལ་དུ་ལྷུང་ལ་ཁད་བྱུང་ངོ་། །ཐེག་གསུམ་སྐྱ་བ་འཛིན་པའི་གྲུ་གཟིངས་ཤིག་བཅས་ན། །མ་རྒན་ནོར་བུའི་གླིང་དུ་ཁྲིད་སྣང་ཞིག་ཤར་ཏེ། །ཕ་རྒན་མདའ་རྒྱག་རྒྱལ་པོའི་བརྟུལ་ཞུགས་དེ་མིན་ན། ། གཞོན་ནུ་བུ་ཆུང་ཙམ་ནས་ཆུ་རླབས་ཀྱིས་ཕྱག་སོང་། །བུ་སྐྱེས་ལང་ཚོ་མ་སྨིན་གོམ་འགྲོས་ཀྱང་འཁྱོལ་ལོ། །བསླབ་བསླབ་སྨྲ་ལྕེ་བདེ་ཡང་སེམས་ཤེད་ནི་མ་རྫོགས། །བསྡུ་བཞིའི་ཁྱིམ་སོ་ཟིན་པ་ད་དུང་ནི་མེད་ཀྱིས། །ཁྱེའུ་ཆུང་སྣང་བ་དམ་པ་བརྩེ་གྲོགས་ལ་ཕེབས་ཤོག །བརྟུལ་ཞུགས་སྟོད་ཤ་རྒྱས་པའི་ལུས་བང་ཞིག་ཐོབ་ན། །མེས་པོའི་ཚངས་སྐུད་རལ་བའི་དོ་ཤལ་དེ་དཀྲིས་ནས། །ཚངས་ཆེན་ཤི་བའི་ལུས་ལ་གྲོང་འཇུག་ཞིག་སྙམ་སྟེ། །གཞོན་ནུའི་ཚུལ་ལ་དཔག་ན་ཡིད་སྨོན་ལས་མི་འདུག །ཀུན་མཉམ་ཟླུམ་པའི་མལ་ན་བཞད་གད་ཞིག་ནུས་ཀྱང་། ། ལས་ངན་ཨ་མས་བསྣུན་པའི་ཁ་འོ་དེ་ཙར་རེ། །གདུང་གླུ་ལག་པ་གཡོ་བའི་བསམ་བློ་ཞིག་ཡོད་ཀྱི། །ཐུགས་རྗེའི་ཕྱག་ཡངས་རྐྱོངས་ཤོག་བརྒྱུད་གསུམ་གྱི་བླ་མ། །སྔོན་བཞུགས་དུར་ཁྲོད་གནས་ནས་གདན་འདྲེན་གྱི་གླིང་བུས། །ལྟ་བསྒོམ་གཤོག་ཡངས་འགེབས་པའི་རྒོད་པོ་འདི་མ་འབོད། །བག་ཡངས་ཉི་དྲོད་སྐྱོང་པའི་བྲག་ཚང་འདི་སྟོང་ན། །ཤེས་མེད་འཐུམ་པོར་ཉལ་པའི་སྒོང་རློན་ངས་ཅི་བྱེད། །བུ་ཆུང་སྣང་ཤེས་མྱོས་པའི་སྐྱོ་གླུ་ཞིག་ཡོད་དེ། །དགའ་སྟོན་ཚོགས་གླུ་ལེན་ཕྱིར་དེ་རིང་ནི་མི་ཟེར། །ཀྱི་ཧུད་ཤུགས་ཀྱིས་ཤོར་ནས་སྙན་རྒྱུ་ཞིག་མེད་པས། ། འབྱུང་འགྱུར་ལེགས་སྨོན་ཞུ་ན་མཐུན་གྱུར་དེ་གནང་ཤོག །སྐྱིད་པོ་ལྷ་ཡུལ་ལགས་མོད་མེ་ཏོག་གི་དོ་ར། །བརྒྱུད་གསུམ་གླེང་གཞི་འབྱུང་བ་གསང་འཛིན་གྱི་ཕོ་བྲང་། །དགེ་བཅུའི་ཐེམ་སྐས་བཙུག་ན་ཐག་རིང་ཞིག་མ་རེད། །ལམ་མཁན་དེད་དཔོན་གསུང་གིས་བསུ་མ་ཞིག་ཕེབས་འོང་། །མཐོན་པོ་མཁའ་སྤྱོད་ལགས་མོད་རིག་འཛིན་གྱི་བཞུགས་གྲལ། །དམ་ཚིག་གཤོག་རྩལ་རྒྱས་ལ་རིང་རྒྱུ་ཞིག་མི་སྣང་། །བསྲུང་སྡོམ་མི་ཚེ་བསྐྱང་ནས་དུས་འདའ་ཞིག་བྱུང་ན། །མི་འབྲལ་ཚོམ་བུ་གཅིག་ཏུ་བྱ་ཁྱུ་བཞིན་འཕུར་འགྲོ། །མཛེས་པ་འཇའ་སྐུ་ལགས་མོད་ཐེག་རྒྱལ་གྱི་ཁྱད་ཆོས། །ལྟ་བསྒོམ་བརྩོན་འགྲུས་ནུས་ལ་དཀའ་རྒྱུ་ཞིག་མ་རེད། །ཚེ་དང་བསྒྲུབ་པ་མཉམ་པའི་རྟེན་འབྲེལ་ཞིག་འགྲིགས་ན། །སྐལ་ལྡན་དབང་གཞུ་བཞིན་དུ་མཁའ་ལམ་ལ་ཤར་འོང་། །དགའ་སྟོན་ཚོགས་འཁོར་ལགས་མོད་བརྟུལ་ཞུགས་ཀྱི་སྤྱོད་པ། ། སེམས་རིག་ལ་ཤན་འབྱེད་ལ་དཀའ་རྒྱུ་ཞིག་མ་རེད། །དུར་ཁྲོད་རོ་ཁང་རྔམས་པ་མཁའ་འགྲོ་ཡི་ཚོགས་གྲལ། །ཞེན་མེད་གཡེལ་ཁ་ཁྲོ་ལེ་སྨྱོན་པ་ངས་འགྲིམ་འགྲོ། ། ༈ བླ་མ་བསྟེན་ནས་ཆོས་ཀྱི་བདུད་རྩི་ཐོབ་སྟེ་རང་གནས་སུ་འགྲོ་བ་དོན་འགྲུབ་མགྲོན་པོའི་དཔེས་སྔགས་ཤིང་དེའི་རྒྱུན་བསྐྱངས་ཏེ་གནས་པར་ཚ་ཁོ་བ་འོད་གསལ་ལ་གདམས་པ། མཐོན་མཐིང་ཟུར་ཕུད་ལྔ་པའི་དཀྱིལ་འཁོར། །ཡོངས་རྫོགས་རྒྱལ་བའི་ངོ་བོར་ངོམ་པའི། །ཨ་བུའི་སྐྱབས་གཅིག་འཇམ་དཔལ་དཔའ་བོས། །ཁྱོད་ལ་ཤིས་པའི་མེ་ཏོག་སྩོལ་ཅིག །དང་པོ་འཕྲད་ནས་ད་ལྟའི་བར་དུ། །བརྩེ་བས་འགྲོགས་པ་ཁྱོད་གསུངས་བདེན་ཡང་། །སྐྱོ་རྒྱུ་ཅི་ཡོད་འདུས་མཐའ་བྲལ་བ། །འདུས་བྱས་རང་མཚང་ཡིན་པ་ལོས་དགོངས། །དུག་ལྔའི་རང་གཟུགས་ཨ་བུ་ཧྲལ་པོའི། །ཞལ་ཚབས་ཁམས་གསུམ་འཁོར་བའི་རྒྱུད་ན། །མེ་བཞིན་འབར་ཞིང་ཆུ་བཞིན་ཁོལ་ཏེ། །ཁྱོད་ལ་མེད་ན་ངོ་མཚར་ཆེའོ། །གྲུབ་པའི་ཉམས་རྩལ་དོ་ཧའི་གླུ་དང་། །ཟོག་པོའི་བསླུ་ཚིག་རྐང་ཆགས་ཚིགས་བཅད། །མགུར་མར་འདོད་ཀྱང་ཐ་མར་འགྲོ་ལ། །དེ་འདྲ་ཡོད་དོན་གཉིས་ཀ་མེད་དོ། །དེས་ན་ཆོས་མེད་ཨ་བུ་ཧྲལ་པོ། །མཁས་པའི་གཞུང་ལ་སྦྱངས་པ་ཡོད་ཀྱང་། །གྲུབ་པའི་ཉམས་ལ་འདྲིས་ཆ་མེད་པས། །ཉམས་རྩལ་མགུར་མ་ཅི་ལྟར་འཐེན་ལགས། །ཟང་ཟིང་ནོར་ལ་ཆགས་སྲེད་ཆེ་ཡང་། །ཟས་གོས་འཚོ་བས་ཕོངས་པ་མེད་ཅིང་། །ལྟ་སྣང་བཀུར་སྟིས་སྣང་བ་སུན་པས། །ཟོག་པོའི་རྫུན་ཚིག་སྨྲ་འདོད་མེད་དོ། །ཆོས་བཞིན་སྨྲས་ན་རང་མཚང་འབྲུ་འདྲ། །ཆོས་མིན་སྨྲས་ན་ཉེས་པ་ཆེ་བས། །རྗོད་བྱེད་ཚིག་ལ་ང་རང་མཁས་ཀྱང་། ། བརྗོད་བྱའི་དོན་གྱིས་ཕོང་ནས་འདུག་གོ །དེ་སླད་ཚིག་དང་དོན་དུ་མཐུན་པའི། །གཏམ་ཞིག་སྨྲ་རྒྱུའི་སྐལ་བ་དབུལ་ཡང་། །ཁྱེད་གསུང་མི་གཅོག་རྩེད་མོའི་ཕྱིར་དུ། །ཆོས་དང་མཐུན་པའི་ཁ་གཡང་འབོད་དོ། །ཡར་ལ་གཟིགས་དང་ལྷ་ལམ་དཀྱིལ་འཁོར། །ཉིན་བྱེད་སྣང་བས་ཡོངས་སུ་བསྐོར་ཏེ། །ནུབ་རིའི་ཕང་ན་རང་ལམ་གཉེར་བ། །དོན་གྲུབ་མགྲོན་པོ་ཁྱེད་དང་འདྲའོ། །མར་ལ་གཟིགས་དང་ཆུ་ཤིང་རང་ལོག །ཀུན་ལས་དམན་སར་རོལ་ཉལ་ཆེ་བས། ། ཡལ་འདབ་ཁོང་སྙིང་ས་ལ་རུལ་བ། །ཉལ་སྲིད་ཁོང་རུལ་ང་དང་འདྲའོ། །ཡིད་འོང་རྐང་དྲུག་གླུ་སྒྲ་ལེན་བཞིན། །གེ་སར་ཟིལ་མངར་འཐུང་ནས་འགྲོ་བ། །ཡང་དག་པད་ལྗོན་བླ་མའི་དྲུང་ནས། །ཆོས་དོན་ལེན་པ་ཁྱེད་དང་འདྲའོ། །ཡིད་འོང་མཚོ་སྐྱེས་འདབ་མའི་གཡུར་ལ། །ཡུན་རིང་འགྲོགས་པའི་སྦལ་པ་རྒན་པོ། །རྩི་བཅུད་གཞིབ་པའི་ཡི་ག་བྲལ་བ། །ཆོས་མེད་འདིར་གནས་ང་དང་འདྲའོ། །དམ་ཆོས་ཚོལ་བའི་འདུན་པས་བསྐུལ་བས། །བཤེས་གཉེན་ཚོལ་བའི་དཀའ་བས་ངལ་བ། །དམ་པ་མཐོང་ནས་རབ་དགའ་ཞི་བ། །ཁྱེད་གཅིག་མཁས་པ་ནོར་བཟང་འདྲའོ། །མཚུངས་མེད་བླ་མའི་ཞལ་གསུང་བདུད་རྩི། །གང་ཞིག་གནང་བ་སྙིང་ལ་བཅགས་ནས། །དབེན་པའི་གནས་སུ་མངོན་དུ་མཛོད་དང་། །ཁྱེད་ཀྱང་རྗེ་དང་མཚུངས་པར་འགྱུར་རོ། །རྒྱལ་བའི་ལམ་བཟང་ཡོངས་སུ་རྫོགས་པའི། །ལམ་དེ་བྱང་ཆུབ་སེམས་མཆོག་ལགས་ཀྱིས། །སེམས་མཆོག་འདི་ལ་བརྩོན་པར་མཛོད་དང་། །ཁྱེད་ཀྱང་མི་རིང་རྒྱལ་བར་འགྱུར་རོ། །ལམ་ཀུན་ཉེ་ལམ་རྫོགས་པ་ཆེན་པོ། །ཀ་དག་ལྷུན་གྲུབ་ཟུང་དུ་འཇུག་པའི། ། ལམ་དེར་བརྩོན་པ་གནད་དུ་བསྣུན་དང་། །གྲོགས་ཁྱེད་ཚེ་འདིར་གཏན་སྲིད་ཟིན་ནོ། །ངན་སྤྱོད་སྣ་དགུ་བྱུང་རྒྱལ་སྤྱོད་པའི། །ང་དང་ང་འདྲའི་སྤྱོད་ཚུལ་ལྟོས་ལ། །བག་མེད་གནས་དེར་དུག་བཞིན་འཛེམས་དང་། །གྲོགས་ཁྱེད་འཕྲལ་དུ་དམ་པར་འགྱུར་རོ། །འདོད་དགུའི་འབྱུང་གནས་ཡིད་བཞིན་ནོར་བུ། །མཚུངས་མེད་བླ་མ་སྤྱི་བོར་སྒོམ་ལ། །མོས་གུས་གདུངས་བས་གསོལ་བ་ཐོབ་དང་། །གྲོགས་ཁྱེད་བསམ་དོན་ཆོས་བཞིན་འགྲུབ་པོ། །ནམ་ཡང་མི་བསླུ་སྐྱབས་གནས་དཀོན་མཆོག །ཡིད་ཆེས་གཅིག་པུས་བློ་གཏད་ཆོས་ལ། །བརྗེད་པ་མེད་པའི་སྐྱབས་འགྲོ་འབུང་དང་། །གྲོགས་ཁྱེད་འགལ་རྐྱེན་གཡུལ་ལས་རྒྱལ་ལོ། །བསླུ་བྲིད་ཟོག་པོའི་རྒྱལ་ཁམས་གང་ལ། །མ་བསྟོད་མ་སྨད་རྗེས་སུ་མ་འབྲང་། །འབྲེལ་བ་ཆོད་ལ་རང་ཚུག་ཟུང་དང་། །གྲོགས་ཁྱེད་ཡང་དག་ལམ་དུ་འགྲོའོ། །གྲོགས་མཆོག་གསོན་དང་མཐའ་འཁོབ་ཡུལ་ན། །ཡིད་བཞིན་ནོར་མཆོག་ཁྱེད་ཀྱི་རིགས་བདག །སྤྲུལ་པའི་སྐུ་དེ་ཁོ་ན་ལགས་ཀྱིས། དེ་ལས་གཞན་པའི་བློ་གཏད་སུ་དགོས། །འབྱོར་ཡང་ཟང་ཟིང་ཆགས་སྲེད་བྲལ་ལ། །ཤེས་ཀྱང་ཁ་བཤད་འུར་རྒོག་མི་མཛད། །མགུ་ཡང་ཟོག་པོའི་རང་མཐོང་སྤང་པའི། །ཁོང་གི་རྣམ་ཐར་དེ་འདྲ་དཀའ་བའོ། །ད་ལྟའི་དུས་སུ་སྙིགས་མའི་སྐྱེ་བོ། །དམ་པར་རློམ་ཡང་ཟླ་རེའི་ཡུན་ལ། །སྤྱོད་པ་མི་རྟག་འཕྲལ་ལ་འགྱུར་བའི། །བྱ་སྤྱོད་སྣ་དགུའི་སྤྱོད་ལ་གཟིགས་དང་། ། དབེན་པའི་གནས་སུ་སྒྲུབ་ཚུག་ཟིན་ཡང་། །མི་ཆོས་བླ་མའི་རྫུན་ཟོལ་མེད་པའི། །དམ་པའི་མཛད་བཟང་དེ་དང་དེ་འདྲ། །སྤྱི་བོས་བཏུད་དེ་གུས་ཕྱག་འཚལ་ལོ། །ཁྱེད་ཀྱང་དམ་པ་དེ་རྗེས་སློབ་དང་། །ཙནྡན་ནགས་སུ་སཱ་ལའི་ཤིང་བཞིན། །ཡོན་ཏན་དྲི་བཟང་ཤུགས་ཀྱིས་འགོས་ནས། །དམ་པའི་ཡོན་ཏན་ལྡན་པར་འགྱུར་རོ། །ཕུན་ཚོགས་ལེགས་བྱས་གནས་ལས་བརྩམ་པའི། །ལེགས་བཤད་གཏམ་འདིའི་ཁྱེད་ཐུགས་དགྱེས་ནས། །སྐྱོ་བའི་བློ་སྣ་ཡུད་ལ་སངས་ཏེ། །རབ་དགའི་དཔལ་ལ་སྤྱོད་པར་ཤོག་ཅིག །རྒྱལ་ཀུན་ཡབ་གཅིག་གཞོན་ནུའི་སྐུ་ཅན། །མཁྱེན་པའི་ལྷ་དེའི་བྱིན་རླབས་འོད་སྣང་། །ཁྱོད་བློའི་ཐོས་བསམ་གྲོགས་སུ་གྱུར་པའི། །བཀྲ་ཤིས་མཆོག་དེས་གཏན་དུ་དགེའོ། །མིག་མི་འཛུམ་པ་སྙིང་རྗེའི་མངའ་བདག ། རྒྱལ་བའི་སྲས་དེའི་བྱིན་རླབས་སྦྲང་ཆར། །ཁྱོད་བློའི་བྱང་ཆུབ་སེམས་མཆོག་བསྐྱེད་པའི། ། བཀྲ་ཤིས་གཉིས་པ་དེ་ཡང་དགེའོ། །གསང་བའི་བདག་པོ་རྒྱལ་བའི་གདུང་འཛིན། །ཁྱོད་ལ་གསང་སྔགས་ལམ་བཟང་སྟོན་ཞིང་། །ཁྱོད་བློ་བར་ཆད་གཡུལ་ལས་རྒྱལ་བའི། །བཀྲ་ཤིས་གསུམ་པ་དེ་ཡང་དགེའོ། །དགེའོ་ཡུན་དུ་དགེའོ་གྲོགས་ཁྱེད། །ཚེ་དང་དམ་པའི་ཆོས་སྤྱོད་སྙོམས་ཤིག །སྲིད་དང་བྱང་ཆུབ་སེམས་མཆོག་འགྲོགས་པས། །ཐོག་མཐའ་བར་གསུམ་ཀུན་ཏུ་དགེའོ། །དགེའོ། །དགེའོ། །ཚ་ཁོ་བ་འོད་གསལ་ལ་གདམས་པའོ། ། ༈ སྙིགས་མའི་བསམ་སྦྱོར་སྨྲ་བ་ཕྱིན་ཅི་ལོག་ལ་སྐྱེ་བོ་ཕལ་ཆེར་གནས་པ་ལྡོག་ཕྱིར་རྒྱལ་བ་སྲས་དང་སྲུང་མར་བཅས་པའི་ཐུགས་རྗེ་གནད་ནས་བསྐུལ་ཏེ་གསོལ་བ་གདབ་པ་ལྟ་བུའི་ཟོལ་ཚིག་ཉམས་ལྡན་གྱི་གདམས་པ། ན་མོ་གུ་རུ་ལོ་ཀཱི་ཤྭ་ར་ཡ། རྒྱལ་དབང་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས། །ལྗོངས་འདིས་འགྲོ་ལ་ལྷག་པར་ཐུགས་བརྩེ་བས། །མཚུངས་བྲལ་དགེ་བའི་བཤེས་ཀྱི་ཚུལ་བཟུང་བ། །ཁྱབ་བདག་འཇིགས་མེད་རྒྱལ་བའི་མྱུ་གུ་དེས། །ཚེ་རབ་ཀུན་ཏུ་འདུ་འབྲལ་མེད་པར་སྐྱོངས། ། དེང་སང་དུས་ངན་སྙིགས་མ་ལྔ་བདོ་ལ། །སྐྱེ་བོ་ཕལ་ཆེར་བདུད་ཀྱི་ལྕགས་ཀྱུས་ཟིན། །དགེ་བའི་བཤེས་གཉེན་ཀུན་ལ་དགྲ་བཞིན་སྡང་། །ཆོས་བཞིན་སྦྱོད་པ་རྣམས་ལ་ལྷག་པར་གཤེ། ། ལེགས་བཤད་དམ་པའི་གཏམ་ལ་ཞེན་པ་ལོག །དམ་ཆོས་འདུལ་བ་ཐོས་ཚེ་སེམས་ཁོང་འཁྲུགས། །རབ་ཏུ་བྱུང་བའི་རྟགས་ལ་ཐན་དུ་ལྟ། །སྡེ་སྣོད་གསུམ་གྱིས་བསྟན་ལ་གནོད་ཅེས་གླེང་། །བཤད་དང་བསྒྲུབ་པས་ལྷ་སྲུང་ཁྲོས་སོ་ཟེར། །ཚད་མས་གྲུབ་པའི་བསྟན་འཛིན་བདུད་དུ་འཛིན། །སྔ་འགྱུར་བཀའ་དང་གཏེར་རྙིང་རྒྱབ་ཏུ་དོར། །ཟོག་པོ་ཕལ་ཆེར་གཙུག་གི་ནོར་ལྟར་མཆོད། །འབྱུང་པོས་བརླམ་པའི་ཆོས་ལ་ལྷག་པར་གུས། །དམ་སྡོམ་འཆོར་ལ་གྲུབ་ཐོབ་སྤྱོད་པ་ཟེར། །བྱི་བོ་བྱེད་ལ་གཏེར་ཡུམ་འཚོལ་བར་བརྗོད། །ཆགས་སྡང་བྱེད་ལ་རྟེན་འབྲེལ་འཆུགས་སོ་སྐད། །བླུན་རྨོངས་འགའ་ཞིག་དེ་ཉིད་བདེན་པར་བརྩི། །ངན་སྤྱོད་མཁན་རྣམས་གཅིག་རྒྱབ་གཅིག་གིས་སྐྱོར། །བན་བཙུན་སྡོམ་ཉམས་ཐགས་ཅད་ངོ་སོ་མཐོ། །རྒྱལ་བའི་བསྟན་པ་འཛིན་རྣམས་དབུ་འཕངས་སྨད། །དགེ་འདུན་འདུས་པའི་གཙུག་ལག་ཁང་དག་ཏུ། །སྐྲ་ཡག་གོས་མཛེས་བན་ཧོར་དམུ་རྒོད་རྣམས། །འདུས་ནས་དམག་དང་བུད་མེད་ཚོང་གི་གཏམ། །འུར་སྒྲོགས་ཧབ་བགད་ཤེད་ངོམ་སྤར་འཛིང་བྱེད། །བསྐྱེད་རྫོགས་ཕར་ཞོག་མ་ཎི་རྡོག་པོ་གཅིག །མེད་པར་གཤིན་གསོན་རྫས་ལ་ཧབ་ཤ་བྱེད། །ཉིན་མོ་སེར་གོས་གྱོན་ནས་དཀོར་ལ་ཟ། །མཚན་མོ་ཆང་འཐུང་བུད་མེད་སྟེང་དུ་རྩོད། །ངན་སྤྱོད་སྣ་དགུ་བྱེད་གྱིན་ངོ་སོ་མཐོ། །ད་དུང་ཨུ་འུས་བསྟན་པ་དར་ཞེས་གླེང་། །ངོ་ཚ་མི་ཤེས་བ་གླང་མི་ཐོད་ཅན། །འདི་མཐོང་སྐྱོ་བ་མི་འཕེལ་སེམས་ལྡན་སུ། །བསྟན་འཛིན་སྐྱེས་བུའི་སྐུ་ཚེར་བར་ཆད་ལྡང་། །ཆོས་འདོད་རྣམས་ཀྱང་གཞན་ཡུལ་འགྲོ་བར་བྱེད། །འཆི་ཆོས་བྱེད་རྣམས་བས་མཐའི་གནས་ལ་ སྤྲོ། །རང་རྒྱུད་འདུལ་རྣམས་འདུན་མ་སེམས་ལ་གླེང་། །བསྟན་འགྲོར་སེམས་རྣམས་ཤུགས་རིང་ནར་ནར་འབྱིན། །བསམ་ཞིང་བསམ་ན་སྐྱོ་བ་ཁོང་ནས་འཕེལ། །བསམ་ཞིང་བསམ་ན་རྩོད་ལྡན་འགྲོ་བ་ལགས། །བསམ་ཞིང་བསམ་ན་ཐུབ་པའི་བསྟན་ཞབས་བསྡུས། །བསམ་ཞིང་བསམ་ན་སྙིགས་མའི་རང་མཚན་དུས། །ཀྱེ་མ་ཀྱེ་ཧུད་ཀུན་མཁྱེན་ཤཱཀྱའི་ཏོག །གདུལ་དཀའི་འགྲོ་བ་འདུལ་བའི་སྙིང་སྟོབས་ལ། །དཔའ་ཆེན་དུ་མའི་ནང་ནས་པད་དཀར་ལྟར། ། བསྔགས་པའི་རྔ་ཆེན་བསྒྲགས་དེ་ཁྱོད་མིན་ནམ། །གསེར་ཐུབ་མགོན་གྱི་བསྟན་པའི་ཉི་མ་གཟིམ། །མི་ཕམ་དུང་གི་ཟླ་བ་ཚེས་མ་གྱུར། །སྐབས་འདིར་མགོན་པོ་ཁྱོད་ཀྱང་ཞིང་བཞུགས་ན། །རྨོངས་པ་འདི་ཀུན་སུ་ཡིས་སྐྱོབས་པ་ལགས། །ཚུལ་ཁྲིམས་རྐང་ཆགས་ཤེས་རབ་འདྲེན་བྱེད་ལྡོང་། །ཐར་པའི་སྲོག་ལ་རྒོལ་བའི་མདའ་ལྔ་ཡིས། །དཔུང་གིས་བསྐོར་ཚེ་ལུས་ཅན་བདག་ཅག་ལ། །སྐྱོབས་པ་མཛད་སླད་ཁྱོད་བརྩོན་མི་བགྱིད་ན། །བྱམས་པའི་གོ་ཆ་སྙིང་རྗེའི་ཡ་ལད་དང་། །ཤེས་རབ་རལ་གྲི་ཚོགས་གཉིས་དཔུང་གི་གཡུལ། །གྲངས་མེད་གསུམ་གྱི་གོང་ནས་བཤམས་བཤམས་པ། །དེ་ལ་དགོས་པ་ཅི་ཞིག་བདོག་པར་དགོངས། །ཁྱོད་ཀྱི་བྱ་རྒོད་སྤུངས་པའི་རི་པོ་ལ། །ལྷ་དང་བཅས་པའི་འགྲོ་འདི་ཟིལ་མནན་ཏེ། །ཞི་བསིལ་ཚངས་པའི་འཁོར་ལོ་བསྐོར་བའི་ཚེ། །མགོན་པོ་ཁྱོད་ཉིད་དཔང་དུ་བཙུགས་ནས་སུ། །ལྔ་བརྒྱའི་ཐ་མལ་དགེ་བའི་བཤེས་བགྱིད་ནས། །མདོ་སྡེ་རིན་ཆེན་འཛིན་པར་བགྱིའོ་ཞེས། །སེང་གེ་ལྟ་བུའི་སྒྲ་ཆེན་སྒྲོག་བྱེད་པའི། །རྒྱལ་སྲས་དེ་རྣམས་ད་ལྟར་གང་ན་བཞུགས། །དེང་སང་དུས་ཀྱི་འགྲོ་འདི་མི་དགོངས་ཤིང་། །བསྟན་པ་རིན་ཆེན་མཛོད་འདི་མི་བསྲུང་ན། །ཀུན་མཁྱེན་ཁྱོད་ཀྱི་ནང་གི་ཆོས་མཛོད་ལ། །དབང་བའི་སྲས་ཀྱི་བྱ་བ་བྱས་ལགས་སམ། །རྗེ་བཙུན་མཁྱེན་པའི་གཏེར་དང་འཇིག་རྟེན་དབང་། །གསང་བའི་བདག་པོ་ཞེས་གྲགས་དཔའ་ཆེན་རྣམས། ། ད་དུང་ཆོས་རྒྱལ་པཎ་གྲུབ་རྣམ་རོལ་གྱིས། །ཞིང་འདིས་འགྲོ་བ་སྐྱོང་བར་མི་བགྱིད་ན། །ཐུབ་པའི་དབང་པོས་འགྲོ་འདི་དུས་རིང་ནས། །བཟུང་བའི་ཕྲིན་ལས་ལྷག་མ་ཁྱེད་རྣམས་ལ། ། གཞོན་ནུའི་དཔེ་དང་བཅས་པས་ཡོངས་གཏད་པ། །གྲགས་པ་ཙམ་དུ་བས་པར་མི་འགྱུར་གྲང་། །ཀྱེ་མ་ཀྱེ་ཧུད་དཀོན་མཆོག་ཐུགས་རྗེ་ཅན། །རྒྱལ་བའི་རྒྱལ་ཚབ་སློབ་མར་བཅས་པ་རྣམས། །སྙིགས་མའི་འགྲོ་ལ་ལྷག་པར་བརྩེ་བར་མཛོད། །བསྟན་པ་རིན་ཆེན་གསལ་བར་མཛད་དུ་གསོལ། །རྒྱལ་བའི་སྤྱན་སྔར་བསྟན་པའི་མཛོད་སྐྱོང་ཤིང་། །སྐལ་ལྡན་རྗེས་བཟུང་བསྟན་བཤིག་ཚར་གཅོད་པར། །དབྱར་དམ་རང་གིས་བཅས་པའི་ཚངས་པ་དང་། །བརྒྱ་བྱིན་རྒྱལ་ཆེན་སྡེ་བཞི་བྲན་འཁོར་བཅས། །ཁྱེད་ཅག་སྔོན་གྱི་ཐ་ཚིག་བརྗེད་དམ་ཅི། །བརྗེད་ན་བདག་གིས་བསྐུལ་བའི་ཚིག་འདི་གསོན། །མ་བརྗེད་རང་གི་དམ་བཅའ་ཇི་བཞིན་གྱིས། ། ཕྲིན་ལས་སྐྱོང་བའི་དུས་ནི་འདི་ཡིན་ནོ། །རྒྱལ་བསྟན་ཕྱོགས་ཀུན་གསལ་བའི་བཀྲ་ཤིས་ཞུ། ༈ ཚེ་རབས་ཀུན་ཏུ་མཆོག་གསུམ་དང་མི་འབྲལ་ཞིང་མདོ་སྔགས་ལམ་གྱི་རིམ་པ་ཡོངས་རྫོགས་ལ་སློབ་པའི་སྨོན་ལམ། ན་མོ་གུ་རུ། བསྐལ་མང་གོང་ནས་གཡོ་སྒྱུ་སྤངས་པའི་ཐུགས། །བཅོས་མའི་ཚུལ་སྤངས་དྲང་ཞིང་བདེན་པའི་གསུངས། །ཚུལ་འཆོས་མི་མངའ་ཚུལ་དང་མཐུན་པའི་སྐུ། །ཐུབ་པ་དྲང་སྲོང་ཆེན་པོ་ལ་ཕྱག་འཚལ། །ཐུབ་པ་དེ་སྲས་བདེན་པའི་དོན་གཟིགས་པའི། །བདེན་གསུངས་མངའ་བ་བདེན་ཚིག་གྲུབ་པའི་ཚོགས། །ཐེག་པ་གསུམ་གྱི་ཐར་པའི་ལམ་ཞུགས་ པ། །དེ་དག་ཀུན་ལ་གུས་པས་ཕྱག་འཚལ་ལོ། །བདག་ནི་དེང་ནས་སྐྱེ་དང་ཚེ་རབས་སུ། ། རྒྱལ་བ་སྲས་བཅས་ཁྱེད་དང་མི་འབྲལ་ཞིང་། །རྒྱལ་བ་སྲས་བཅས་ཁྱེད་ཀྱིས་རྗེས་བཟུང་ནས། །རྒྱལ་བ་སྲས་བཅས་ཁྱེད་བཞིན་འགྲུབ་པར་ཤོག །ལུས་སྤྱོད་ཚུལ་འཆོས་མེད་པར་དུལ་བ་དང་། །ངག་ཚིག་རྫུན་གཏམ་མེད་པར་བདེན་པ་དང་། །སེམས་སྤྱོད་གཡོ་སྒྱུ་མེད་པར་དྲང་པ་ཡིས། །ཆོས་མཐུན་གྲོགས་དང་བཤེས་གཉེན་བསྟེན་པར་ཤོག །ཐར་པའི་ལམ་ལ་དང་པོར་འཇུག་པའི་སྒོ། འཁོར་བའི་གནས་ནས་དང་པོར་བྲོས་པའི་ལམ། །ཉམས་ལེན་ཆོས་རྣམས་ཀུན་གྱི་དང་པོའི་འགོ །བཅོས་མེད་ངེས་འབྱུང་རྒྱུད་ལ་སྐྱེ་བར་ཤོག །ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག་ཅིང་། །མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆགས་པ། །སངས་རྒྱས་འགྲུབ་པའི་ས་བོན་མ་ནོར་བ། །རྣམ་དག་བྱང་ཆུབ་སེམས་མཆོག་བསྐྱེད་པར་ཤོག །གོང་ནས་གོང་དུ་བྱང་ཆུབ་སེམས་མཆོག་འཕེལ། །ཚེ་རབས་ཀུན་ཏུ་བྱང་ཆུབ་སེམས་མི་བརྗེད། ། ཡང་དང་ཡང་དུ་བྱང་ཆུབ་སེམས་བསྒོམ་ནས། །བྱང་ཆུབ་སེམས་དཔའི་སྤྱོད་ལ་འཇུག་པར་ཤོག །ཐུབ་པ་མཆོག་དང་འཇམ་དཔལ་དཔའ་བོ་དང་། །ཀུན་ཏུ་བཟང་པོའི་སྤྱོད་པ་གང་ཡིན་པ། །བདག་གི་ཚེ་རབས་སྤྱོད་ཀུན་དེ་འདྲ་བར། །གྱུར་ནས་དོན་གཉིས་སྤྱོད་པ་ལྷུན་གྲུབ་ཤོག ། ཚེ་གཅིག་སངས་རྒྱས་སྒྲུབ་པའི་ལམ་བཟང་ཅན། །དུས་གཅིག་དོན་གཉིས་སྒྲུབ་པའི་ཐབས་མཁས་པོ། །ཚུལ་གཅིག་འཁོར་འདས་དབྱེར་མེད་ལྟ་བ་ཡིས། །ལམ་གཅིག་རྡོ་རྗེ་ཐེག་པར་འཇུག་པར་ཤོག །ལམ་འདིའི་ལམ་སྒོམ་རྡོ་རྗེ་འཛིན་པའི་ཚོགས། །ཀུན་ལ་བདེ་སྟོང་བསྐྱེད་པའི་གྲོགས་བགྱིད་ཅིང་། །ལྷན་ཅིག་སྐྱེས་པ་མཚོན་པའི་སྒོར་གྱུར་པའི། །ལམ་གཅིག་མཁའ་འགྲོའི་གླིང་དུ་རོལ་བར་ཤོག །བཅོས་མ་སྤང་བའི་སེམས་ཉིད་གཉུག་མའི་ཞལ། །བཅོས་མ་མིན་པར་རང་ངོ་རྗེན་པར་མཐོང་། །བཅོས་བསླད་བྲལ་བའི་མཉམ་གཞག་རྒྱུན་བསྐྱངས་ཏེ། ། བཅོས་མེད་དོན་གྱི་འབྲས་བུ་ཐོབ་པར་ཤོག །གནས་སྐབས་སུ་ཡང་བསམ་པའི་དོན་ཀུན་འགྲུབ། །གསོན་པའི་ཚེ་ན་བསམ་པ་ངན་པ་མེད། །འཆི་བའི་ཚེ་ན་གནད་གཅོད་སྡུག་བསྔལ་མེད། །ཤི་ནས་འཁྲུལ་སྣང་འཇིགས་སྐྲག་མེད་པར་ཤོག །བདག་མཐོང་ཐོས་དང་དྲན་རེག་འགྲོ་བ་ཀུན། །ངེས་འབྱུང་བྱང་ཆུབ་སེམས་དང་ལྷན་ཅིག་སྐྱེས། །ཇི་ལྟར་རིག་པ་ཇི་བཞིན་རྒྱུད་སྐྱེས་ནས། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཉི་མ་མཚན་དཔེའི་ཞལ་མཐོང་ཞིང་། །དམ་ཆོས་ཉི་མ་སྙིང་གི་བདུད་རྩིར་སྤྱོད། །དགེ་འདུན་ཉི་མ་ཐར་པའི་གྲོགས་གྱུར་ན། །མཆོག་གསུམ་ཉི་མའི་འོད་དང་མི་འབྲལ་ཤོག །སྒྲུབ་པ་པོ་ཉི་མའི་ཐུགས་བཞེད་བཞིན་བཙུན་གཟུགས་དཔལ་དགེས་བྲིས་པའོ། །དགེའོ། །དགེའོ། །དགེའོ། ། ༈ ལྷ་པ་བློ་ལྡན་ཉི་མ་ལ་གདམས་པ་ཚིག་ལྷུག་མ། དུས་དང་གནས་སྐབས་ཐམས་ཅད་དུ་རང་རྒྱུད་ལ་འཕྲལ་འཕྲལ་དུ་བརྟགས་དཔྱད་བྱས་ན། སེམས་ལ་དགེ་མི་དགེའི་རྣམ་རྟོག་གང་སྐྱེས་ངོས་ཟིན་པར་བྱས་ཏེ་མི་དགེ་བར་སྐྱེས་ན་དེ་མ་ཐག་ཏུ་ཉེས་དམིགས་ལ་བསམ་ནས་གདོང་བཟློག་གལ་ཆེ་མ་གཏོགས། འདོད་སོགས་ཉོན་མོངས་པ་རེ་སྐྱེ་ཉེས་ཀྱིས། དེ་སྒྲུབ་བཞག་ན་ཚེ་མཇུག་འདི་ལ་ལས་མཐའ་ཅི་འགྱུར་གོ་དཀའ། མཁས་པ་ཆེན་པོ་རེའི་གོ་ས་མ་ཐོབ་ཀྱང་། དཀོན་མཆོག་གསུམ་ལ་དད་པ་བརྟན་པོ་དང་། གཞན་ལ་བསམ་པ་བཟང་པོ་རེ་རྒྱུད་ལ་ཨེ་སྐྱེ་ལྟོས། ཚེ་འདི་བས་ཕྱི་མ་ཡུན་རིང་བ་ཡིན་པས། ཚེ་འདིའི་ཆེ་འདོད་གྲགས་འདོད་སོགས་སྒྲུབ་ནས་ཕྱི་མ་རྒྱང་དུ་མ་བོར། འདུན་མ་གཏན་ལེགས་གཏན་ཉེས་ཚེ་མཇུག་འདི་ལ་ཐུག་ཡོད་པས། རང་རྒྱུད་ཆོས་ཀྱི་ཨི་ཐུལ་ལྟོས། ཡར་འགྲོ་མར་འགྲོའི་ས་མཚམས་ལུས་འདི་ཡི་ཚེ་ཡིན། འཆི་བའི་མལ་མགོ་ནས་ཡར་འགྲོ་མར་འགྲོའི་ས་མཚམས་ཡིན་ཟེར་དུས་ཕྱི་ཚར། གཞན་ལ་ཡོན་ཏན་ཡོད་མེད་རང་རེའི་གོ་དཀའ། གཞན་གྱིས་རང་ལ་བསྟོད་སྨད་གང་བྱས་ཀྱང་རང་གི་བློ་ཐོག་ནས་ཆགས་སྡང་སྤང་དགོས། དོན་ལ་དགེ་བ་རྒྱ་ཆེར་མ་འགྲུབ་ཀྱང་སྡིག་པའི་ལས་ཚབས་ཆེན་དང་། སྐྱེས་བུ་དམ་པ་སུ་ཡིན་མི་ཤེས་པས་གཞན་ལ་སྐུར་འདེབས་དང་། སེམས་ཅན་ལ་བསམ་ངན་སྤངས། རང་ལ་ཟས་གོས་སོགས་འབྱོར་པ་ཅི་ཡོད་པ་དེ་ཉིད་ཀྱིས་ཆོག་པ་དང་འཁྱོལ་བར་བྱས་ལ་ཁ་རོག་སྒུར་སྡོད། ཉིན་གཅིག་དལ་ཁོམ་མེད་པར་རི་ལུང་ཀུན་ཏུ་གཞན་གྱི་མིག་བརྫད་ནས་དམར་འཛོ་འཛོ་ཁྱི་སྡོམ་ཉུག་ཉུག་བྱེད་ཀྱིན་མ་འདུག །དཔལ་སྤྲུལ་པས་བྲིས་པ་དགེའོ། ། ༈ གོ་འཇོ་བླ་མ་པདྨ་རྡོ་རྗེ་ལ་གདམས་པ་ཚིག་ལྷུག་མ་ཚན་གཉིས། ཇི་སྐད་དུ། ངལ་བ་དོན་མེད་སྤྱོད་པ་ལྷུར་ལེན་ཚེ། །གསོལ་བ་འདེབས་སོ་འཕགས་པའི་ཐུགས་རྗེས་གཟིགས། །ཞེས་པ་ལྟར། ཀཿདཔལ་རྫོགས་གསུམ། རྫོང་སར། རྒྱ་རོང་སོགས་ཚད་ལྡན་གྱི་སྐྱེས་མཆོག་དུ་མ་བཞུགས་ཤིང་། ཆོས་འཆད་ཉན་སོགས་ལུང་རྟོགས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུའི་ཆོས་ཚིགས་ཀྱི་ཡུལ་དབུས་ཡིན་ངེས་པ་དེ་དག་ལམ་ཁའི་རྡོ་བཞིན་དུ་བོར་ནས་མཐའ་འཁོབ་བྱང་རྫ་ཆུ་ཁ། རྐྱང་འབྲོང་གཉིས་ཀྱི་ས་ཆ། ཨར་ཇག་དང་རྔོན་པའི་ཡུལ་ཁམས། སྡིག་པའི་ན་བུན་འཐིབས་ས་འདིར་འོང་ནས། རང་དོན་འགང་ཆེན་ཡིན་པར་རློམ་པ་དེ་ཧ་བྷོ་ན་དེ་ཧ་བྷོ། ཧ་བྷོ། ཨོ་ཧ་བྷོ། ཡང་། རོ་ཞེས་བྱ་མཐོང་ན་འཇིགས་པ་དེ། །དུས་ད་ལྟ་ལུས་ཀྱི་རྩ་ན་གདའ། །ཞེས་གསུངས། བན་རྒན་ནད་རོ་མ་ཞིག་གི་རོ་རྒོག་ལ་ལྟ་བ་དང་རེག་པ་ཙམ་ལ་དོན་གཉེར་ཆེན་པོ་བྱེད་པ་དེ་ཡང་ཧ་བྷོ། དེ་ལ་དགོས་ནུས་སྤུ་ཙམ་ཡོད་རེ་ཀན། ལར་དད་པ་ཡོད་ཁུལ་གྱིས་འདི་གར་འོང་བ་ཐམས་ཅད། བཤད་ཚད་བདེན་པར་མི་འཛིན། སྨྲས་ཚད་ཁ་ལ་མི་ཉན། རྩ་བའི་བླ་མ་སངས་རྒྱས་དངོས་ཀྱི་སྐུ་གདུང་ཡིད་བཞིན་ནོར་བུ་ལྟ་བུ་སྨོན་ལམ་གང་བཏབ་འགྲུབ་པ་འདི་ལ་ཕྱག་མཆོད་ཙམ་ཡང་མི་བྱེད། གསུང་མཆོག་ཡི་གེ་དྲུག་མ། རྡོ་མཁར་ཆོས་ཀྱི་ཕུང་པོ་མཐོང་ཐོས་དྲན་རེག་ཐ་ན་རླུང་གིས་ཕོག་པ་ཡན་ཆད་ཕྱིར་མི་ལྡོག་པའི་ས་ཐོབ་པར་རྒྱལ་བའི་མདོ་སྡེ་ལས་ཡང་ཡང་གསུངས་པས། འདི་ལ་ཕྱག་བསྐོར་རེ་གྱིས་བྱས་ཀྱང་མི་ཉན། ཁྱི་རྒན་གོད་རོ་བསྲུང་བ་ལྟར་ང་རང་གི་སྒོ་མནན་ནས་ཕག་ལྟས་དང་ཉན་རྣ་བྱེད་པ་དེ་ཡང་ཧ་བྷོ། ད་ཁྱེད་བྱ་བ་དོན་ཡོད་པ་ཞིག་བྱེད་ན་ཀཿརྫོགས། རྫོང་སར། རྒྱ་རོང་རྣམས་སམ། མིན་ཡང་བླ་མ་རྒྱ་མཚོ་ལྟ་བུའི་དྲུང་ནས་སྤྱོད་འཇུག་ཉམས་ལེན་ལ་སྦྱར་བ་ཞིག་ཁྲིད་ནས། དད་པ་ཟེར་བ་ཅི་ཡིན། བླ་མ་ཅིའི་ཕྱིར་མཇལ། ངལ་བ་དོན་ཡོད་ཀྱི་སྤྱོད་པ་དེ་གང་ཡིན། དོན་མེད་དེ་གང་ཡིན་སོགས་ཆོས་དང་ཆོས་མིན་གྱི་རྣམ་དབྱེ་ཅུང་ཟད་ཤེས་པར་གྱིས། སྤྱོད་འཇུག་ལས། ཅི་ནས་གནས་སྐབས་འདི་དག་ཏུ། །དྲན་པ་གོམ་པ་ཉིད་འགྱུར་ཞེས། །རྒྱུ་འདི་ཡིས་ནི་ཕྲད་པའམ། རིག་པའི་ལས་ནི་འདོད་པར་བྱ། ཞེས་པའི་དོན་ཡང་ཅི་ཡིན་ཀུན་ལ་དྲིས། ང་ལྟ་བུ་འབྲོག་རྒན་ཤི་ལ་ཁད་ཅིག་གི་རོ་མཐོང་བ་དང་། རེག་པས་དྲན་པ་ཅུང་ཟད་ཀྱང་གོམས་པར་འགྱུར་རེ་ཀན། མཚམས་དང་བཟླས་བརྗོད་སོགས་བྱེད་ཀྱང་དང་པོར་བླ་མ་དམ་པ་མན་ངག་རྒྱ་མཚོའི་གཏེར་མཛོད་ཀོང་སྤྲུལ་རིན་པོ་ཆེའམ། ཞབས་དྲུང་མཁྱེན་བརྩེ་རིན་པོ་ཆེ་གང་རུང་ཞིག་གི་དྲུང་ནས་ལྷ་གཅིག་གི་དབང་ལུང་ཁྲིད་དང་བཅས་པ་ཆོས་དང་བླ་མ་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པ་རང་གི་བློ་ཐག་ཆོད་པ་ཞིག་ཞུས་ནས་སྒྲུབ་པ་མཛད་པ་མ་གཏོགས་སྟོང་སྒོམ་མུན་པ་རྡོ་འཕེན་གྱི་མཚམས་དང་ཤིང་ཁ་ཤོག་ལྕེའི་བཟླས་བརྗོད་ལ་སྙིང་པོ་ཅི་ཡང་མེད་པའང་ཤེས་པར་གྱིས། འདི་དག་སྙིང་དམར་པོ་བཏོན་པའི་ཁ་ཏ་བདེན་གཏམ་ཡིན་ཡང་དེ་འདྲ་བྱས་ན་ཐམས་ཅད་ནས་བཀའ་བཀྱོན་དང་ཁ་ངན་ལྟ་བུར་གོ་གྱིན་འདུག་པ་ཁྱེད་ཀྱང་དེ་ལྟར་ལོས་ཡིན་ཡང་བྱེད་རྒྱུ་རང་མེད། ཨོ་ཧ་བྷོ། ཨ་ཧ་ཧ། ༈ བླ་མ་ལགས། ང་རང་ཆུང་ནས་ཆོས་དང་མཇལ། ཆོས་སྒོར་ཞུགས། སློབ་གཉེར་སོགས་བྱས་ཀྱང་རང་རྒྱུད་ཉོན་མོངས་རགས་པའི་དབང་གིས་སོ་ཐར་དང་སྔགས་ཀྱི་དམ་སྡོམ་ཐམས་ཅད་དང་འགལ་བས་ཚེ་གཅིག་ཉམས་ལེན་ལ་འབད་ཀྱང་སེམས་གནས་ཕྲ་མོ་ཙམ་ཡང་སྐྱེ་མ་ནུས། དེ་ལྟར་ཚུལ་ཁྲིམས་དང་སེམས་ཀྱིས་བསླབ་པ་གཉིས་མེད་པའི་ཤེས་རབ་ཀྱི་བསླབ་པ་དང་གནམ་ས་ལྟར་རིང་། སློབ་གཉེར་མང་ཞིག་བྱས་པས་ལུང་གི་ཡོན་ཏན་མདོ་སྔགས་གཉིས་ཀའི་ཚིག་དོན་བཤད་པ་དང་རྩོམ་པ་གང་བྱས་ཀྱང་ལེགས་པ་རེ་འོང་བས། ཇི་སྐད་དུ། སྙན་གྲགས་བདུད་ཀྱི་ཕྱེ་གཏོར་ཡིན། །དུག་ལ་སྨན་དུ་མ་འཛིན་ཨང་། །ཞེས་པ་ལྟར་བདུད་ལས་ཀྱི་དབང་གིས་སམ་གཞན་ཀུན་གྱིས་བསྟོད་བཀུར་དང་སྙན་གྲགས་བྱུང་། ཁྱེད་ལ་གསར་རྙིང་ཐམས་ཅད་མོས་པས་སྐྱེ་བོ་ཀུན་ལ་ཞལ་མཇལ་གསུང་ཐོས་རེ་གྱིས་དང་། དེས་ཆོག་པ་ཡོད་ཟེར་ནས་ཁ་ཏ་བྱེད་པ་ཡང་བྱུང་མོད། དེ་ལྟར་བྱས་ན་སོས་དལ་ཞིང་ལྟོ་གོས་འབོལ་བ་ཞིག་འབྱུང་བར་ཤེས་ཀྱང་། སྤྱོད་འཇུག་ལས། བདག་ནི་རྙེད་མང་བཀུར་སྟིར་བཅས། །བདག་ལ་མང་པོ་དགའ་འོ་ཞེས། །དེ་འདྲའི་སྙེམས་པ་འཆང་གྱུར་ན། །ཤི་བའི་འོག་ཏུ་འཇིགས་པ་སྐྱེ། །ཞེས་པ་དེ་ལ་བསམས་ཏེ་ཟོལ་ཟོག་བྱེད་མ་ཕོད། གཞན་གྱིས་ཁྱོད་གྲུབ་ཐོབ་རེད། བཟང་པོ་རེད་ཟེར་བ་སོགས་ཡིན་ཁུལ་བྱས་ནས་དང་དུ་བླངས་ན་མི་ཆོས་བླ་མའི་རྫུན་དུ་འགྱུར་བར་གསུངས་པ་དེ་ལ་སྐྲག་ནས་རང་ཚུལ་རྗེན་པར་བདེན་གཏམ་ཡང་ཡང་ཀུན་ལ་སྨྲ་བའི་རྒྱུ་མཚན་དེ་ཡིན། ང་ལྟ་བུ་ལུང་གི་ཡོན་ཏན་ཅུང་ཟད་ཡོད་ཀྱང་རྟོགས་པའི་ཡོན་ཏན་སྤུ་ཙམ་མེད་པ་སྔོན་གྱི་དགེ་སློང་དྲུག་སྡེ་སོགས་ལྟ་བུ་ཞིག་གི་ཁ་ངོ་ལྟ་བ་དང་། ལག་པས་རེག་པ་སོགས་དོན་མེད་པ་ལ་དོན་ཡོད་པ་ལྟར་བྱས་ནས་གཞན་མགོ་བསྐོར་མ་ཕོད་པ་ཡིན་མ་གཏོགས། ཕ་རོལ་ཕྱུག་དབུལ་གྱི་ཁྱད་པར་དང་། ཨ་བུ་དང་བླ་མ་ཚང་སོགས་ཟེར་ལུགས་ཀྱི་ཁྱད་པར་ཙམ་ལ་དགའ་མི་དགའ་བྱེད་པ་ག་ལ་ཡིན་མི་ཤེས་པ་རྣམས་ལྟ་ཅི་སྨོས། ཅུང་ཟད་ཤེས་ཁུལ་གྱི་ལུང་འདྲེན་མང་པོ་བྱེད་མཁན་རྣམས་ཀྱང་སྟོང་འུད་ཀྱི་རྗེས་སུ་འབྲང་ནས་ངལ་བ་དོན་མེད་འདི་ཙམ་བྱེད་པ་སྙིང་རེ་རྗེ་ནས་མགོ་གཡོག་མ་ཕོད་པ་ལ་ཡིད་ཆད་མི་བྱེད་པར་ཞུ། ལར་དད་པ་ཟེར་བ་དེ་དཀོན་མཆོག་གསུམ་ལ་ཡིད་ཆེས་པ་ལ་ཟེར། དཀོན་མཆོག་གསུམ་ལས་ཀྱང་སངས་རྒྱས་དང་དགེ་འདུན་ཁྱད་པར་ཅན་དུ་བྱེད་མཁན་ཆོས་ཡིན་པས་དམ་པའི་ཆོས་ལ་ཡིད་ཆེས་ཀྱི་དད་པ་བྱེད་དགོས། ཆོས་དེ་ཡང་བདེན་བཞིའི་བླང་དོར་སྟོན་པ་ཡིན་ལ། དེའང་ལས་རྒྱུ་འབྲས་ཤེས་པ་ལ་འདུས་པས་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་ཞེས་མདོ་རྒྱུད་བསྟན་བཅོས་ཀུན་ནས་གསུངས་པ་ཡིན། དེ་ལས་གཞན་གང་ཟག་ཅིག་གི་རྒྱུད་ཚོད་ལ་རང་གིས་བརྟགས་ལོ་དང་། གཞན་གྱིས་ཟེར་ལོ་ལ་མ་ཉན་ནས་དད་པ་བྱེད་ཁུལ་བྱེད་པ་དེ་གང་ལྟར་ཡང་སྒྲོ་འདོགས་དང་སྐུར་འདེབས་གང་རུང་ལས་མི་འདའ་པས་ལོག་ལྟ་ཡིན། ཆོས་བྱེད་པ་དེ་ནང་དུ་རང་རྒྱུད་ཀྱི་ཉོན་མོངས་འདི་ལ་བྱ་ར་བྱས་ནས་གཉེན་པོས་འདུལ་ཅི་ཐུབ་བྱེད་པ་དེ་ཡིན་ཏེ། ཨོ་རྒྱན་ཆེན་པོས། ཉོན་མོངས་ཟད་ན་ཆོས་ལ་བྱ་རྒྱུ་མེད། །ཅེས་གསུངས་པ་དེ་རྣམས་མ་གོ་བར་ཕྱི་རོལ་དུ་གནས་ཡིན་ཟེར་བའི་ས་རྡོ་རི་བྲག་དང་། བླ་མ་བཟང་པོ་ཡིན་ཟེར་བའི་བན་རྒན་སོགས་ལ་བལྟས་ནས་དེ་དག་ལས་བྱིན་རླབས་འབྱུང་བར་རེ་བ་ལ་ཆོས་དྲེད་དུ་འགྲོ་བའི་རྒྱུ་ཙམ་ལས་ཕན་པ་ཅུང་ཟད་ཀྱང་མེད། བླ་མ་ལ་མོས་གུས་དང་གསོལ་འདེབས་བྱས་ན་ཡོན་ཏན་མང་པོ་ཡོད་སྐད་ཀྱི་ལུང་འདྲེན་བྱེད་པ་དེ་ཡང་བཀའ་དྲིན་སུམ་ལྡན་གྱི་བླ་མ་ལ་ཟེར་བ་ཡིན་གྱི་གང་རུང་རུང་གི་བན་རྒན་ཞིག་ལ་ཟེར་བ་མིན། བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིག་ལས་ཀྱང་དཀྱིལ་འཁོར་གང་དུ་ཧེ་རུ་ཀའི་ངོ་བོར་དབང་རྫོགས། ཞེས་མོས་གུས་བྱེད་ས་དབང་དང་གདམས་ངག་ཐོབ་པའི་བླ་མ་དེ་ཡིན་པར་བཤད། བླ་མ་ལ་དད་པ་བྱེད་པ་དེ་ཡང་བཀའ་དྲིན་ལ་བསམ་ནས་མོས་གུས་བྱེད་དགོས་པ་ཡིན་གྱི་ཡོན་ཏན་ལ་བསམ་ནས་མོས་གུས་བྱེད་པ་ག་ལ་ཡིན། བླ་མ་ལ་སངས་རྒྱས་ལས་ལྷག་པའི་མོས་གུས་བྱེད་དགོས་པར་བཤད་པས་ཡོན་ཏན་ལ་བསམ་ནས་སངས་རྒྱས་ལས་ལྷག་པ་ཞིག་ག་ལ་ཡོད། དེས་ན་རང་སེམས་ཆོས་སྐུར་ངོ་སྤྲོད་པས། །བདག་ལ་སངས་རྒྱས་ཀུན་ལས་ལྷག །ཅེས་པ་དང་། རྩ་བའི་བླ་མ་བཀའ་དྲིན་ཅན་ཞེས་ཀུན་ལ་གྲགས། བཀའ་དྲིན་དེ་ཡང་བླ་མ་དེའི་ཐུགས་རྗེས་རང་རྒྱུད་ལ་ཡོན་ཏན་གང་སྐྱེས་དེ་ལ་ཟེར་བ་ཡིན་གྱི། བླ་མས་ཆོས་བཤད་བཤད་པ་དང་། དབང་བསྐུར་བསྐུར་བ་སོགས་ཀྱིས་མིན་ཏེ། ཇོ་བོ་རྗེས། བླ་མ་ཐམས་ཅད་ལས་གསེར་གླིང་པ་མཆོག་ཏུ་མཛད་པའི་རྒྱུ་མཚན་གསུངས་པ་ལྟ་བུ་ཡིན་ཏེ། དཔེར་ན་སྤྲང་པོའི་བསམ་པ་དགའ་བ་དེ་ཡང་སྤྲུ་ཁུག་ཏུ་རྩམ་པ་བླུགས་རྒྱུ་དེས་ཡིན་གྱི། ཕྱུག་པོ་ལ་རྩམ་པ་མང་པས་སྤྲང་པོ་ལ་ཅི་ཕན། ཕ་མ་ལ་བཀུར་སྟི་དགོས་པ་མདོ་འདུལ་ཀུན་ལས་གསུངས་པ་དེ་ཡང་ཕ་མའི་དྲིན་ལ་བསམ་པ་ཡིན་གྱི་ཕ་མའི་ཡོན་ཏན་ལ་བསམ་པ་ག་ལ་ཡིན། དེ་ལ་དད་པ་ཟེར་བ་དངོས་ཅི་ཡིན་དེ་དང་། ཆོས་བྱེད་ཟེར་བ་ཅི་ཡིན་དང་མོས་གུས་གསོལ་བ་འདེབས་པའི་བླ་མ་དེ་གང་ཡིན་གསུམ་པོ་འདི་མཁས་པར་རློམ་པ་རྣམས་ཀྱིས་ཀྱང་ཅི་བཞིན་མི་ཤེས་འདུག་པས་རྒྱལ་བའི་བཀའ་དང་མི་འགལ་བར་ཁྱེད་ལ་བཤད་པ་ཡིན་པས་དེ་ལ་ཆོས་འབྲེལ་མཛོད། ཡི་གེ་འདི་ཀུན་ལ་སྟོན། དོན་འདི་དག་ཀུན་ལ་ཤོད། བདེན་པར་བཟུང་མཁན་རེ་གཉིས་ཡོད་སྲིད་པས་དེ་ལྟར་མཛོད་ལ༵། ད་ནི༵་ཕེབས་སོང་། ལོ་དགུར་བསྡད་ཀྱང་། ཕྱག་དབང་འཇོག་མདོག་དང་། སྨོན་ལམ་འདེབས་ཁུལ་སོགས་དགོས་པ་མེད་པ་དེ་འདྲ་མི་བྱེད་ངེས་ཅན་ཡིན་པས་ཐུགས་ལ་ཞོག །ཨོཾ་མ་ཎི་པདྨེ་ཧཱུྃ། །དགེའོ། ། །། ༈ ལམ་ཡོངས་རྫོགས་ཀྱི་གདམ་པ། རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་བསྡུས་པ། །མཚུངས་མེད་བླ་མ་འཇའ་ལུས་རྡོ་རྗེ་ནི། །གངས་ལྗོངས་འཛིན་མའི་ཐ་གྲུར་འགྲན་བྲལ་བ། །འགྲོ་མགོན་མཆོག་དེས་ཁྱོད་ལ་ཤིས་པ་སྩོལ།༡།ཁྱོད་འདྲ་ཁྱོད་ལས་ལྷག་པ་གཞན་ཡོད་ཀྱང་། །ཉེས་པས་མ་ཡིན་མཐུན་པའི་སྐལ་བཟང་ལ། །ཕན་པའི་ཤ་ཚ་སྙིང་ཉེའི་གྲོགས་གཏམ་ཞིག །སྙིང་གྲོགས་ཁྱོད་ལ་བཤད་ཀྱིས་ད་དགོངས་ཤིག༢། སྔོན་བསགས་འོ་མཚོ་གཅིག་ཏུ་འཁྱིལ་བ་ལས། །རྣམ་དཀར་རླབས་ཕྲེང་དཀར་པོ་གཡོ་བའི་རྩེར། །དལ་བའི་རྟེན་བཟང་འདོད་འབྱུང་མ་ཎི་ཀ །ཐོབ་པ་ཡལ་བར་མ་དོར་སྙིང་གི་བུ།༣།རྟག་བརྟན་རྡོ་རྗེའི་སྐུ་མཆོག་ཉེར་སྨིན་པ། ། ཐུབ་དབང་མཚན་དཔེའི་ཉི་མ་ཡོལ་མཛད་ན། །སྙིང་པོ་མེད་པའི་ཆུ་ཤིང་རུལ་ལྟའི་ལུས། ། འཇིག་སླ་ངེས་པ་མེད་དོ་སྙིང་གི་བུ།༤།དཀར་ནག་ལས་ཀྱིས་བདེ་སྡུག་མྱོང་བསྒྲུབ་པ། ། བདེན་གསུང་རྒྱལ་བའི་བཀའ་ན་ཡང་ཡང་དུ། །གསུངས་ན་དུས་དང་རྣམ་ཀུན་རྣམ་དཀར་བསྒྲུབས། །ནམ་ཞིག་བསླུ་བ་མེད་དོ་སྙིང་གི་བུ།༥།སྲིད་པའི་གནས་རིགས་མཐོ་དམན་གར་སྐྱེས་ཀྱང་། །བདེ་བའི་གོ་སྐབས་སྐྲ་རྩེ་ཙམ་མེད་ན། །གཞུང་བཟང་དམ་པའི་ལེགས་བཤད་ལ་བསྟེན་ནས། །ཞི་བའི་གོ་སར་བགྲོད་དགོས་སྙིང་གི་བུ།༦།སྲིད་པའི་ཚ་གདུང་ཞི་བ་རྣམ་མཁྱེན་གྲོང་། །ཟག་པ་ཡོངས་ཟད་ཀུན་གཟིགས་ཡེ་ཤེས་ལ། །དབང་བསྒྱུར་ལྷུན་གྲུབ་རྒྱལ་པོའི་གོ་འཕང་དེ། །གཏན་གྱི་བདེ་བ་ཡིན་ནོ་སྙིང་གི་བུ།༧།མཚན་ལྡན་བླ་མ་སངས་རྒྱས་དངོས་དང་མཚུངས། །ཡོན་ཏན་འབུམ་སྡེས་རང་རྒྱུད་ཕྱུག་པའི་སྲོག །ལམ་བཟང་སྟོན་པའི་དེད་དཔོན་དགེ་བའི་བཤེས། །འབྲལ་བ་མེད་པར་བསྟེན་དགོས་སྙིང་གི་བུ།༨།གཏམ་བདེ་ཐར་བའི་ཁང་བཟང་བསྒྲུབ་འདོད་ན། །ཐོག་མར་རྩ་བ་སྐྱབས་འགྲོའི་རྨིང་བཏིང་དགོས། །ཕྱི་རོལ་ལས་འཕགས་ནང་པའི་གྲལ་ལ་འཛུད། །མི་མཁོ་ཀ་མེད་ཡིན་ནོ་སྙིང་གི་བུ།༩།ཐེག་པ་ཆེན་པོའི་གྲྭལ་ལ་ཐུགས་ཙ་ན། །སེམས་བསྐྱེད་རྒྱལ་སྲས་སྤྱོད་ལ་བསླབ་དགོས་ཕྱིར། །སྨོན་དང་འཇུག་པའི་གོ་རིམ་ཚུལ་བཞིན་སྒོམ། །ལྷག་བསམ་བཟང་པོ་བསྐྱེད་དང་སྙིང་གི་བུ།༡༠། ཁྲིམས་གཙང་རང་རྒྱུད་དུལ་བའི་ཞིང་ས་ལ། །དགེ་བའི་ལོ་ཏོག་འདེབས་པའི་འདུ་བྱེད་ཀྱིས། ། རྣམ་གྲོལ་འབྲས་བུ་གཡུར་དུ་ཟ་བའི་ཕྱིར། །བསླབ་པར་གཅེས་སྤྲས་མཛོད་དང་སྙིང་གི་བུ།༡༡།གསང་སྔགས་རྡོ་རྗེ་ཐེག་པར་འཇུག་པའི་སྒོ། །དབང་བཞི་ཡིན་ཏེ་དེ་ཡང་ཐོབ་ཙམ་གྱིས། །མི་འོང་ཡེ་ཤེས་བསྐྱེད་དང་དམ་ཚིག་ལ། །གཅེས་སྤྲས་ཤིན་ཏུ་གལ་ཆེ་སྙིང་གི་བུ།༡༢། དེའི་ལམ་ཐབས་གྲོལ་གཉིས་སུ་མ་འདུས་མེད། །གང་ལྟར་རིམ་གཉིས་ལ་བསྟེན་དེའི་ཕྱིར་ན། །སྲིད་ཞིའི་འཇུག་རིམ་ལ་བསྟུན་བསྐྱེད་རྫོགས་དོན། །བླ་མའི་ཞལ་ལས་ཉོན་དང་སྙིང་གི་བུ།༡༣།སྣང་སྲིད་འཁོར་དང་འདས་པའི་ཆོས་རྣམས་ཀུན། །རང་རིག་བྱང་ཆུབ་སེམས་ཀྱི་ཀློང་ན་གཅིག །འོན་ཀྱང་མ་རིག་གཟུང་འཛིན་མཐུ་བརྟས་པས། །མེད་བཞིན་ཡོད་པར་སྣང་ངོ་སྙིང་གི་བུ།༡༤།སྣང་ཚུལ་ལོག་རྟོག་འཁྲུལ་བའི་རྫུན་རིས་ལ། །རྟག་ཞེན་སྲིད་པའི་དྲ་བར་ཡོངས་སུ་འཐུམ། །ཡིན་ཚུལ་དོན་གྱི་ངོ་ན་ཅིར་སྣང་ཡང་། །གང་དུ་གྲུབ་པ་མེད་དོ་སྙིང་གི་ བུ།༥།འཁྲུལ་སྣང་འདི་ཉིད་དོན་དམ་མ་ཡིན་ཏེ། འདི་ལས་གཞན་པའི་ཡིན་ཚུལའང་མི་རྙེད་ལ། །དཔེར་ན་ཆུ་དང་ཆབ་རོམ་ཇི་བཞིན་དུ། །ཤེས་པར་གྱིས་དང་རང་སློབ་སྙིང་གི་བུ།༡༦། དེ་བཞིན་འདོད་ཆགས་ལ་སོགས་དུག་ལྔ་ཡང་། །སྤང་བྱ་མ་ཡིན་ཡེ་ཤེས་རྒྱུ་མ་མཆིས། །སྒྲུབ་བྱ་མ་ཡིན་རང་གར་སྤྱད་པས་ཕུང་། །གནད་དོན་འགལ་བ་མི་དགོས་སྙིང་གི་བུ།༡༧།བདེན་པ་དབྱེར་མེད་ཤེས་པའི་ལྟ་བ་དང་། །དེར་འཇུག་ཏིང་ངེ་འཛིན་གྱི་བསྒོམ་པ་དང་། །གནས་སྐབས་གཙོར་སྤྱོད་གྲོལ་ལམ་སྤྱོད་པ་བདུན། །གནད་ཀྱི་ཚིག་གསུམ་ཡིན་ནོ་སྙིང་གི་བུ།༡༨། གནད་དོན་ཐོག་ཏུ་མ་ཁེལ་སྙན་སྙན་གྱི། །ལེགས་བཤད་ཁོ་ནས་དོན་གོ་མི་ཆོད་ལ། །བདག་དང་བདག་འདྲའི་གཟེབ་ཏུ་ཆུད་དོགས་པས། །གནད་དོན་སྙིང་ནས་མ་བོར་སྙིང་གི་བུ།༡༩། ཡང་ཅིག་གསོན་དང་སྔོན་བསགས་ལས་འཕྲོ་ཅན། །འཁོར་འདས་བསྐྲུན་པའི་ཀུན་བྱེད་རྒྱལ་པོ་དེའི། །ཡིན་ལུགས་ནང་ནས་གྲོལ་ན་གནད་བདོག་པས། །མ་བརྗེད་སྙིང་ལ་ཕུར་དང་སྙིང་གི་བུ། ༢༠། དང་པོ་ལུས་ངག་ཡིད་གསུམ་ནང་ནས་ཀྱང་། །སེམས་གཙོ་བཙལ་བས་ལུས་ནི་བེམ་པོ་ལ། །ངག་ནི་རླུང་གི་རང་བཞིན་བྱེད་རྩོལ་ཅན། །དབང་བསྒྱུར་མཁན་པོ་སེམས་ལགས་སྙིང་གི་བུ།༢༡།དེ་ལྟའི་སེམས་ལ་བྱུང་གནས་འགྲོ་གསུམ་བརྟགས། །དང་པོ་བྱུང་ས་མེད་དོ་གཞི་རྩ་སྟོང་། །བར་དུ་གནས་ས་མེད་དོ་སྐྱེ་བ་མེད། །ཐ་མ་འགྲོ་འོང་བྲལ་ལོ་སྙིང་གི་བུ།༢༢།རང་བཞིན་མ་གྲུབ་རང་གི་ངོ་བོས་སྟོང་། །དཔྱོད་བྱེད་བློ་ཡི་ཡུལ་ལས་ནམ་ཡང་འདས། །གང་དུ་ཁས་ལེན་མ་མཆིས་རིག་སྟོང་གཤིས། །རྟོགས་ན་རང་ཞལ་མཐོང་ངོ་སྙིང་གི་བུ།༢༣།དེར་ཡང་རང་ངོ་འཕྲོད་ནས་གོམས་འདྲིས་ནི། །དྲན་ཤེས་གཉེན་པོས་ཡང་ཡང་བྱ་ར་མཛོད། །ཡེངས་བསྒོམ་རེས་མོས་རྒྱུན་དུ་མ་བརྗེད་པ། །ཉམས་རྟོགས་རྒྱས་པའི་ཐབས་ཡིན་སྙིང་གི་བུ།༢༤།ཧ་ཅང་ལྷོད་ན་རྣམ་རྟོག་དབང་དུ་འགྱུར། །སྒྲིམ་ཤས་ཆེ་ན་བྱིང་འཐིབ་ཤུགས་ཆེ་བས། །གྲིམ་ལྷོད་རན་པ་བསྒོམ་དགོས་མ་ཅིག་གིས། །གསུངས་ཕྱིར་གནད་དོན་ཡོད་དོ་སྙིང་གི་བུ།༢༥།ཕྱི་རོལ་ཚོགས་དྲུག་ཡུལ་སྣང་གང་ཤར་ཡང་། །དེར་འཛིན་མེད་པར་མེ་ལོང་གཟུགས་བརྙན་བཞིན། །སྣང་ཙམ་ཉིད་ནས་སྐྱོན་དུ་མ་གྱུར་བས། །ཞེན་པའི་འཁྲི་བ་ཆོད་དང་ སྙིང་གི་བུ།༢༦།གསལ་སྣང་མངོན་ཤེས་ཕྲ་མོ་འཆར་སྙམ་དང་། །བདེ་བདེ་འབྲལ་མི་ཕོད་པའི་ དགའ་བདེའི་ཉམས། །ཧད་པོར་སོང་བའི་སྟོང་ཉམས་འདིའི་ཅི་ཤེས། །ཁམས་གསུམ་རྒྱུ་ལས་མ་འདས་སྙིང་གི་བུ།༢༧།ཅེར་གྱིས་གཏད་པའི་གཏད་འཛིན་ཕྲ་མོ་དང་། །ཐོམ་མེད་བསྡད་

པའི་ལུང་མ་བསྟན་པའི་ཀློང་། །རྣམ་རྟོགས་རྒྱས་འདེབས་བྱེད་པའི་ཐུགས་དམ་རྣམས། །ཅུང་ཟད་སྐྱོན་དུ་འགྱུར་སྙམ་སྙིང་གི་བུ།༢༨།ད་ལྟའི་ཤེས་པ་བསྒྱུར་བཀོད་མ་བྱས་པའི། །ཐ་མལ་ཤེས་པ་དྲན་རིག་སྐད་ཅིག་ལ། །མ་དོར་ཙམ་གྱི་རང་ཚུགས་མ་ཤོར་ན། །གོལ་ས་མེད་དོ་ཨི་གོ་སྙིང་གི་བུ།༢༩།ཨ་བུ་སྤྲུལ་ཆུང་རང་ཉིད་ངན་ན་ཡང་། །འདི་ཉིད་བརྒྱུད་ལྡན་བླ་མའི་ཞལ་གདམས་ཡིན། །མན་ངག་ཚད་མའི་གནད་དོན་སྙིང་ཐིག་ཡིན། །དེ་ཕྱིར་གསན་པར་འོས་སོ་སྙིང་གི་བུ། ༣༠། དེང་སང་དུས་ཀྱི་སྙིགས་མའི་མར་གཤམ་འདིར། །ཕན་པའི་སྙིང་གཏམ་གཅེས་དགུ་བཤད་པ་བས། །ཁ་འཛུམ་ཆགས་སྡང་གླེང་མོ་གཅིག་གི་དགའ། །དེ་འདྲ་མ་མཛད་གཅེས་ཕྲུག་སྙིང་གི་བུ།༣༡།ཚེ་འདིར་བླ་མ་བསྟེན་ལ་ཐོས་བསམ་མཛོད། །གདམས་ངག་ཉམས་སུ་ལོང་དང་ཕྱི་མ་མཁོ། གལ་ཆུང་མི་ཆོས་འཇིག་རྟེན་ཕྱོགས་ལ་གྱིས། །གལ་ཆེན་ཆོས་ལ་གྱིས་དང་སྙིང་གི་བུ།༣༢།གནོད་སེམས་གཡོ་སྒྱུའི་བྱ་བ་ཕྲ་མོ་ཙམ། །ཡོད་པར་གྱུར་ན་དེ་སྤོང་ཐབས་ལ་བརྩོན། །རྣམ་དཀར་བྱ་བའི་རི་བོ་ཙམ་ཡོད་ཀྱང་། །སློབ་པར་བརྩོན་དང་ལས་ལྡན་སྙིང་གི་བུ།༣༣།སྙིང་གི་བུ་ཞེས་འབོད་པ་དོན་ལྡན་མཛོད། །ངན་སྤྱོད་སྣ་དགུ་དག་གིས་ཁྱོད་མྱོས་ན། །ཕ་རྒན་ངོ་ཚའི་འཇིགས་པས་གདུང་བ་ཡིས། །ཕན་པའི་ཞལ་གདམས་མ་ནོར་སྙིང་གི་བུ།༣༤།ཁྱོད་གདོང་པད་དཀར་བཞད་པའི་ལང་ཚོ་ལ། །ཆགས་པའི་ངོ་ལོན་མ་ཡིན་ལྷག་བསམ་གྱིས། །ཕན་དུ་རེ་ནས་ཞིབ་བཀྲོལ་གྱིས་བཤད་ན། །མ་ནོར་དང་དུ་ལོང་དང་སྙིང་གི་བུ།༣༥།ན་ཚོད་ཐལ་བའི་བན་རྒན་བདག་འདྲ་ཡང་། །ཁྱོད་མཚན་མཛེས་སྡུག་ལང་ཚོས་མྱོས་གྱུར་ནས། །གཅེས་དགུའི་གདམས་ངག་མ་སྦས་བཤད་ཟིན་པས། །སྙིང་གི་ཐིག་ལེར་བསྟིམ་དང་སྙིང་གི་བུ།༣༦།བསླབ་བྱ་ཤོག་དྲིལ་མ་བོར་སྐུ་ཚེ་རིང་། །དུས་རྒྱུན་བལྟ་རྟོག་མཛོད་དང་ལོ་བརྒྱ་བོ། །གཞན་ལ་ངོམ་ཆོས་མ་བྱེད་བསམ་དོན་འགྲུབ། །རང་ལ་མཁོ་བ་ཡིན་ནོ་སྙིང་གི་བུ།༣༧།འདིར་སྨྲས་མདོ་ཁམས་སྨད་དུ་སྐྱེས་པའི་མི། །དུག་གསུམ་མེ་ལྟར་འབར་བའི་བཙུན་ཆུང་པོ། །ཨ་བུ་མདོ་མེད་ཁྱི་རྒན་ལྷོད་པོ་དེས། །སྙིང་གྲོགས་ཁྱོད་ལ་ཕུལ་བ་དགེ་གྱུར་ཅིག །མངྒལཾ། དགེའོ།། །།