དབུས་གཙང་གནས་རྟེན་དཀར་ཆག་མདོར་བསྡུས་དད་པའི་ས་བོན།

From Khyentse Lineage - A Tsadra Foundation Project
Revision as of 02:43, 2 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKW-KABUM-24-YA-002
Wylie title dbus gtsang gnas rten dkar chag mdor bsdus dad pa'i sa bon JKW-KABUM-24-YA-002.pdf
Location mkhyen brtse'i bka' 'bum
Volume 24, sde tshan 2, Pages 163-200 (Folios 1a to 19b5)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. dbus gtsang gnas rten dkar chag mdor bsdus dad pa'i sa bon. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 24: 163-200. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Catalogue of Contents - dkar chag
Colophon

།ཅེས་པའང་བྱ་བྲལ་བ་མཉྫུ་གྷོ་ཥས་སོ།

ces pa'ang bya bral ba many+dzu g+ho Shas so

1 Texts in this Section (sde tshan or chos tshan)

[edit]
༄༅། །དབུས་གཙང་གི་གནས་རྟེན་རགས་རིམ་གྱི་མཚན་བྱང་མདོར་བསྡུས་དད་པའི་ས་བོན་ཞེས་བྱ་བ་བཞུགས་སོ།། །།ཨོཾ་སྭསྟི་སིདྡྷཾ། །གྲགས་པའི་དཔལ་ནི་སྲིད་ཞིའི་བླ་ན་མཐོ། །ཐུགས་རྗེའི་གྲིབ་མས་ལུས་ཅན་གདུང་བ་སེལ། །ཡིད་བཞིན་འདོད་པ་འཇོ་བའི་གདུགས་དཀར་པོ། །དཀོན་མཆོག་གསུམ་གྱིས་ཤིས་པའི་མེ་ཏོག་སྩོལ། །དེ་ལ་འཕགས་མཆོག་ཕྱག་ན་པདྨོས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་མཛད་པའི་ཡུལ། གངས་རི་དཔལ་དང་ལྡན་པས་བསྐོར་བའི་ལྗོངས། བོད་ཆོལ་ཁ་གསུམ་ཞེས་གྲགས་པའི་ཡ་གྱལ། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་ཞེས་གངས་ཅན་འཛིན་མའི་རྒྱན་གཅིག་པུར་གདོད་ནས་གྲུབ་པའི་གནས་རྟེན་རགས་རིམ་གྱི་མཚན་བྱང་ཙམ་བཀོད་པ་འདི་ལྟ་སྟེ། ཐོག་མར་དབུས་ལ་དབུ་རུ་དང་། གཡོ་རུ་གཉིས་ཞེས་གྲགས་པའི་དབུ་རུ་བྱང་རྒྱུད་དུ་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་ཞེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་གདན་ས་ཆེན་པོ་ལྷ་ཤིང་ལྗོན་པའི་དགའ་ཚལ་དུ་མཆོད་ཁང་ཁག་ཤིན་ཏུ་མང་བར་བཞུགས་པའི་རྟེན་གྱི་གཙོ་བོ་རྡོ་རྗེ་འཆང་ཡབ་ཡུམ་གྱི་ཡེ་ཤེས་ཆེན་པོའི་ཐིག་ལེ་ལས་བསྐྲུན་པ་ཇོ་བོ་འཇམ་པའི་རྡོ་རྗེ་འདི་ཕྱིའི་གསོལ་བ་བཏབ་ཚད་འགྲུབ་པའི་ཡིད་བཞིན་གྱི་ནོར་བུ། བླ་མ་གསེར་གླིང་པ། ཇོ་བོ། འབྲོམ་སྟོན་རྣམས་ཀྱི་གདུང་རྟེན་སོགས་སུས་ཀྱང་མཇལ་དུ་ཡོད་ཅིང་། ཇོ་བོའི་སྐུ་འདྲ་དབུ་ཡོན་མ་སོགས་ནང་རྟེན་རྩ་བ་ཆེ་བ་རྣམས་བླ་བྲང་ལ་ཞུས་ན་མཇལ་ཁ་འོང་། གཞན་འབྲོམ་སྟོན་བླ་ཤིང་བདུད་རྩིའི་ཆུ་མིག་རིང་མོ་སོགས་དགོན་པའི་ཉེ་སྐོར་ལའང་མཇལ་རྒྱུ་མང་དུ་ཡོད། དེའི་ལྟག་བྲག་སེང་གེ་འདྲ་བའི་ཞོལ་དུ་ཡང་དགོན་ཞེས་པར་རྗེ་རིན་པོ་ཆེས་ལམ་རིམ་བརྩམས་པའི་ཆོས་ཁྲི་སོགས་ངོ་མཚར་བ་མང་། དགོན་པའི་མདོར་ཕ་བོང་ཐང་དུ་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱི་ཕོ་བྲང་ལ་བདེ་མཆོག་གི་སྔགས་བཟླ་བ་དང་བཅས་གཡོན་བསྐོར་དུ་བསྐོར་ན་ཕྱི་མ་ཨོ་རྒྱན་གྱི་ཡུལ་དུ་སྐྱེ་བ་སོགས་ལུང་བསྟན་པ་ཡོད། བཅོམ་ལྷ་ཁང་གདོང་ཟེར་བ་དེ་དཔོན་པོ་མི་དབང་གིས་ས་གནད་ཀྱི་མེ་བཙར་བཞེངས་པར་གྲགས། དེ་ནས་གསེར་གླིང་རྒོད་ཚང་དུ་སྟག་ལུང་པ་སངས་རྒྱས་ཡར་བྱོན་གྱི་བཞུགས་གནས་སྒྲུབ་ཁང་སོགས་ཡོད། དཔལ་སྟག་ལུང་ཐང་དུ་རྟེན་གསུམ་རབ་འབྱམས་བསམ་གྱིས་མི་ཁྱབ་པ་རྟེན་གྱི་གཙོ་བོ་སྟག་ལུང་ཐང་པ་རིན་པོ་ཆེའི་གཟིམ་སྐྱིལ་དུ་འདྲ་སྐུ་གསུང་བྱོན་མ། གཙུག་ལག་གི་སྟེང་དུ་འབྲོམ་སྟོན་པའི་སྐུ་དབུ་སྐྲ་འཕེལ་བ་སོགས་ངོ་མཚར་བ་མང་དུ་བཞུགས། ། ༈ དེ་ནས་ཆག་ལ་བརྒལ་ནས་དབུ་རུ་འཕན་ཡུལ་ཅེས་བཀའ་གདམས་ཀྱི་བསྟན་པའི་འབྱུང་གནས་ཆེན་པོ་དེར་སྣེའུ་ཟུར་བ། པོ་ཏོ་བ། ཕུ་ཆུང་བ་སོགས་དགེ་བའི་བཤེས་གཉེན་རྣམས་ཀྱི་གདན་ས་མཐའ་ཀླས་པ་ཡོད་ནའང་འགའ་ཞིག་རི་སྦུག་ཏུ་སོང་བས་རྩད་ཆོད་དཀའ། ཕལ་ཆེར་ཤུལ་ཙམ་མ་གཏོགས་མེད། ཡོངས་གྲགས་དགེ་བའི་བཤེས་གཉེན་ཤ་ར་བའི་གདན་ས་ཤ་ར་འབུམ་པར་མཆོད་རྟེན་བྱིན་ཅན་མང་པོ་དང་། གླང་ཐང་པ་རྡོ་རྗེ་སེང་གེའི་གདན་ས་གླང་ཐང་དུ་སྒྲོལ་མ་གསུང་བྱོན་མ་སོགས་རྟེན་བྱིན་རླབས་ཅན་ཡོད། ཀུན་མཁྱེན་རོང་སྟོན་ཆེན་པོའི་གདན་ས་དཔལ་ནཱ་ལེནྡྲར་རོང་སྟོན་གྱི་སྐུ་གདུང་ནོར་བུ་དབྱིག་ཏུ་གྱུར་པས་མཚོན་ཚོགས་ཆེན། བཅོ་བརྒྱད་བླ་བྲང་། གཟིམ་ཁང་སོགས་རྟེན་གསུམ་བྱིན་ཅན་མང་པོ་དང་། རོང་སྟོན་ཆེན་པོས་ཆོས་ཁྲི་སོགས་བཞུགས། དེ་ནས་སྒོ་ལ་བརྒྱུད་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་ཇོ་བོ་ཡིད་བཞིན་ནོར་བུ། ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན། བྱམས་པ་ཆོས་འཁོར། སྒྲོལ་མ་དར་ལེན་མ། འོད་ཟེར་འཕྲོས་པའི་ལྷ་བཞི་སོགས་སྟེང་ཤོད་བར་གསུམ། ཁོར་ཡུག་དང་བཅས་པར་རྟེན་གསུམ་རབ་འབྱམས་ཇི་སྙེད་ཅིག་བཞུགས་པའི་དཀར་ཆག་རྒྱལ་དབང་ལྔ་པ་རིན་པོ་ཆེས་མཛད་པ་ལྟར། རྒྱུད་སྟོད་པ། ར་མོ་ཆེའི་ཇོ་བོ་མི་བསྐྱོད་རྡོ་རྗེ། སྤྱན་རས་གཟིགས་ཀྱི་ཕོ་བྲང་པོ་ཏ་ལར་རྒྱལ་དབང་ལྔ་པ་རིན་པོ་ཆེའི་གསེར་གདུང་འཛམ་གླིང་རྒྱན་གཅིག་སྟེང་འོག་བར་གསུམ་ནས་མཇལ་རྒྱུ་ཡོད། ཁྱད་པར་དུ་བུམ་སྒོའི་ཐད་སྟོན་པ་གླང་པོའི་སྐྱེ་བ་བཞེས་པའི་ཚེམས་སོགས་ངོ་མཚར་ཅན་དང་། བསྐལ་བཟང་རྒྱ་མཚོ། འཇམ་དཔལ་རྒྱ་མཚོ། ལུང་རྟོགས་རྒྱ་མཚོ། ཚུལ་ཁྲིམས་རྒྱ་མཚོ། མཁས་གྲུབ་རྒྱ་མཚོའི་བར་གྱི་གསེར་གདུང་། ཇོ་བོ་ལོ་ཀེ་ཤྭ་ར་བཞུགས་པའི་ཁང་དུ་རྗེ་བཙུན་གྲགས་པའི་སྐུ་འདྲ་མཛེ་ཐོད་མ། ཁ་ཆེ་པཎ་ཆེན་རྫ་སྐུ། ཐང་རྒྱལ་སྐུ་འཇའ་ཚོན་མ། ཨོ་རྒྱན་རིན་པོ་ཆེའི་གུང་ཐང་ལ་ཁའི་ཞབས་རྗེས་སོགས་ནང་རྟེན་ཁྱད་པར་ཅན་མང་པོ། ཤོད་དུ་ཆོས་རྒྱལ་སྲོང་བཙན་གཟིམ་ཕུག །གཞན་ཡང་དུས་འཁོར་དང་། གསང་འདུས་ཀྱི་བློས་སློང་ཁང་སོགས་ལྷ་ཁང་རབ་འབྱམས་མཐའ་ཡས་པ་བཞུགས། ཕལ་ཆེར་རྒྱུན་དུ་ཞལ་མི་ཕྱེད། ཕྱག་ན་རྡོ་རྗེའི་བླ་རི་ལྕགས་པོ་རིར་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བཞེངས་པའི་བྱེ་རུའི་ཚེ་དཔག་མེད། དུང་གི་ཐུགས་རྗེ་ཆེན་པོ། གཡུ་ཡི་སྒྲོལ་མ་སོགས་རྟེན་བྱིན་ཅན་མང་དུ་ཡོད། བྲག་ལྷ་ཀླུ་ཕུག་ཅེས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གཟིམ་ཕུག །ཕྱིས་འཕགས་པ་ལྕེ་སྒོམ་གྱིས་ཐུགས་རྗེ་ཆེན་པོའི་གྲུབ་པ་ཐོབ་པའི་གནས་དེར་ཡང་རྟེན་གསུམ་ཅི་རིགས་པ་ཡོད། པོ་ཏ་ལའི་རྒྱབ་ཕྱོགས་འཇམ་དབྱངས་ཀྱི་བླ་རི་བོང་བ་རི་ཞེས་གྲགས་པ་དེ་ཡིན་ཀྱང་། རྩེར་ལྷ་ཁང་ཞིག་ཡོད་པ་ནི་གེ་སར་ལྷ་ཁང་ཡིན་གཞན་ཀུན་བདེ་གླིང་། རྟ་ཚགས། བསྟན་རྒྱས་གླིང་། དེ་མོ། ཚེ་སྨོན་གླིང་། ནོ་མི་ཧན། གཞི་སྡེ། རྭ་སྒྲེང་། དམར་རུ་རྒྱུད་སྨ་དང་གསར་རྙིང་སོགས་སུ་རྟེན་གསུམ་རབ་འབྱམས་དང་། ཕྱོགས་བཞིར་ཆོས་རྒྱལ་དུས་སུ་བཞེངས་པར་གྲགས་པའི་རིགས་གསུམ་མགོན་པོའི་རྡོ་ལྷ། ལྷ་སའི་ཕ་རིར་ཀ་ཆེན་ཡེ་ཤེས་རྒྱ་མཚོའི་གདན་ས་གྲིབ་ཚེ་མཆོག་གླིང་། ། ༈ ལྷ་ས་དང་ཉེ་བར་ཆོས་སྡེ་ཆེན་པོ་འབྲས་སྤུངས་གྲྭ་ཚང་ཁག་བཞི། ཚོགས་ཆེན་དང་བཅས་པར་རྟེན་གསུམ་ཤིན་ཏུ་མང་། གཙོ་བོར་ངོ་མཚར་ཆེ་བ་རྭ་ལོ་ཆེན་པོའི་སྐུ་གདུང་བཞུགས་པར་གྲགས་པའི་འཇིགས་བྱེད་སྐུ། དགའ་ལྡན་ཕོ་བྲང་དུ་ཇོ་བོ་རྗེའི་ཐུགས་དམ་སྒྲོལ་མ་གསུང་འབྱོན་མ་སོགས་ནང་རྟེན་ཁྱད་འཕགས། འབྲས་སྤུངས་འཇམ་དབྱངས་ཆོས་རྗེའི་གཟིམ་ཆུང་། སྤར་ཁང་དུ་རྗེ་རིན་པོ་ཆེ་དང་། རྒྱལ་བ་གོང་འོག་གིས་གསུང་འབུམ་སོགས་སྤར་མང་དུ་བཞུགས། ། ༈ ལྷ་སའི་བྱང་དུ་སེ་ར་གྲྭ་ཚང་ཁག་གཉིས། ཚོགས་ཆེན་བཅས་ཀྱི་རྟེན་གསུམ་མཐའ་ཡས་པའི་གཙོ་བོ། བྱེས་པ་གྲྭ་ཚང་གི་རྟེན་གཙོ་གྲུབ་ཐོབ་འདར་འཕྱར་གྱི་ཕུར་པ། རྟ་མགྲིན་ཡང་གསང་ཁྲོས་པའི་སྐུ་གསུང་བྱོན་མ་སོགས་བཞུགས། སྤྱིར་སེ་འབྲས་དགའ་གསུམ། བཀྲ་ཤིས་ལྷུན་པོ་བཅས་གྲྭ་ས་ཆེན་པོ་བཞི། རྒྱུད་སྟོད་སྨད་བཅས་ཀྱི་དཀར་ཆག་རྒྱས་པ་ཕུར་བུ་ལྕོག་བྱམས་པས་མཛད་པར་ཤིན་ཏུ་གསལ། སེ་ར་དང་ཉེ་བའི་ལུང་པའི་གཤམ་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྒྲུབ་གནས་ཕ་བོང་ཁར་སྒྲུབ་ཕུག་དང་རྟེན་གསུམ་བྱིན་ཅན་མང་དུ་བཞུགས། འདི་ཡུལ་ཉེར་བཞིའི་ནང་ཚན་དེ་ཝཱི་ཀོ་ཊ་གཉིས་པ་ཡིན་པར་གྲགས། གཞན་ཡང་འབྲས་སྤུངས་དགེ་འཕེལ་རི་ཁྲོད། སེ་ར་སྒྲུབ་ཁང་རྩེ། ཕུར་བུ་ལྕོག །མཁར་རྡོ་རི་ཁྲོད། ཆུ་བཟང་རི་ཁྲོད། བྲག་རི་གསར་རྙིང་སོགས་རི་ཁྲོད་ཤིན་ཏུ་མང་བར་ཡོད། ། ༈ ལྷ་ས་ནས་གཙང་པོ་བྱང་དུ་གྱེན་བརྒྱུད། བྲག་ཡེར་ཟླ་ཕུག་ཏུ་ཨོ་རྒྱན་རིན་པོ་ཆེའི་སྐུ་ཚབ་དང་། རང་བྱོན་མང་པོ། རྡོ་རྗེ་ཕུག །དྲིལ་བུ་ཕུག །ཡེར་བའི་གྲུབ་ཐོབ་བརྒྱད་ཅུའི་ཕུག་པ། གཙུག་ལག་ཁང་དུ་ཇོ་བོའི་གསོལ་སྡེར་ལ་ཇོ་བོ་རྗེའི་ཤངས་མཚལ་གྱིས་སྐུ་བྲིས་པ། གནས་བརྟན་བཅུ་དྲུག་གི་ལྷ་ཁང་ཞེས་བྱིན་ཅན་སོགས། འབྲོམ་སྟོད་དུ་གཉན་ལོ་ཙཱ་བའི་གཟིམ་ཕུག་ཏུ་མགོན་པོ་ཞལ་གྱི་སྐུ་ཁྱད་པར་ཅན་ཡོད། གཙང་པོ་ལྷོ་རྒྱུད་ཚལ་གུང་ཐང་ཞེས་གྲགས་པ་བླ་མ་ཞང་གི་གདན་ས་ཡིན། མཆོད་རྟེན་ཆེན་པོ་དང་། མགོན་པོ་ཕྱག་བཞི་པའི་མགོན་ཁང་སོགས་རྟེན་གསུམ་མང་། དེ་ནས་ཡར་ཕྱིན་པ་ན་འབྲོག་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྗེ་རིན་པོ་ཆེའི་སྐུ་གདུང་ཧྲིལ་པོས་གཙོས་རྟེན་གསུམ་མཐའ་ཡས་པ་དང་། ཕྱི་ཡི་སྐོར་ལམ་དུའང་རང་བྱོན་མང་དུ་ངོ་བསྟན་རྒྱུ་ཡོད། འདི་ནས་ཡར་ཕྱིན་པ་ན་ལ་མོ་ཆོས་སྐྱོང་ཚངས་པ་དུང་ཐོད་ཅན། རྒྱ་མ་ཁྲི་ཁང་། མལ་གྲོ་སྐ་ཚལ། དབུ་རུ་ཞྭའི་ལྷ་ཁང་། འབྲི་གུང་རྫོང་སར། ཡང་རི་དགོན། འབྲི་གུང་ཐིལ། གཞོ་སྟོད་ཏི་སྒྲོམ་གྱི་བར་གནས་རྟེན་མང་དུ་ཡོད། བསྐོར་ན་ཞག་ལྔ་དྲུག་དགོས། དགའ་ལྡན་གྱི་ཕར་ཕྱོགས་གཙང་པོ་བྱང་ཁར་ལོ་སེམས་དཔའ་ཆེན་པོའི་གདན་ས་སོགས་ཡོད། ། ༈ དགའ་ལྡན་ནས་ལ་བརྒྱབས་ནས་ཕྱིན་ན་ལོ་ཆེན་བཻ་རོའི་སྒྲུབ་གནས་བསམ་ཡས་གཡའ་མ་ལུང་དུ་སླེབ། དེར་སྒྲུབ་ཕུག་དང་ཨོ་རྒྱན་སྐུ་ཚབ་ཚེ་ཆུ་སོགས་ཡོད། དེ་ནས་སྔས་མགོ་བརྒྱུད་མར་ཕྱིན་པ་ན་བསམ་ཡས་ཀྱི་ལྟག་ཏུ་ཆོས་རྒྱལ་ཁྲི་སྲོང་སྐུ་འཁྲུངས་ས་བྲག་དམར་མགྲིན་བཟང་དུ་ལྷ་ཁང་དང་རྟེན་གསར་བཞེངས་དངོས་གཙང་བཞུགས། བསམ་ཡས་ཆོས་འཁོར་ཆེན་པོར་དབུ་རྩེ་རིམ་གསུམ་གླིང་བཞི་གླིང་ཕྲན། ཡཀྵ་ལྟག་འོག །དཔེ་ཧར་ལྕོག །མཆོད་རྟེན་བཞི། རྒྱབ་ཏུ་ཇོ་མོ་གླིང་གསུམ་སོགས་ཕལ་ཆེར་གྱི་དཀར་ཆག་རགས་རིམ་པདྨ་བཀའ་ཐང་དུ་གསལ་ལྟར་རྟེན་གྱི་གཙོ་བོ་དབུ་རྩེའི་འོག་ཁང་ཇོ་བོ་བྱང་ཆུབ་ཆེན་པོ། དེའི་ཀ་གདོང་གཡས་གཡོན་དུ་ཆོས་རྒྱལ་མེས་ཨག་ཚོམ་ཅན་གྱི་ཐུགས་དམ་རྟེན་ཐུབ་པ། མཁན་ཆེན་བོ་དྷི་སཏྭའི་དབུ་ཐོད་བུམ་རིལ། བསམ་ཡས་རྫོང་དུ་མངའ་བདག་ཉང་རིན་པོ་ཆེའི་གཏེར་བྱོན་གུ་རུ་མཚོ་སྐྱེས་རྡོ་རྗེ་ཞེས་སློབ་དཔོན་གྱི་སྐུ་ཚབ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དེ་དང་། གུང་ཐང་ལ་ཁའི་ཞབས་རྗེས་ངོ་མཚར་ཅན་སོགས་ཡོད། ཧས་པོ་རི་རྩེར་ལྷ་བསང་ཁང་། བསམ་ཡས་ཀྱི་གླིང་གི་ནང་ནས་གཙོ་བོ་རྟ་མགྲིན་གླིང་དེ་ཡིན། དེར་རྟེན་གྱི་གཙོ་བོ་འཕགས་པ་སེམས་ཉིད་ངལ་བསོ། ཇོ་མོ་སྒྲོལ་མ། སྒྱུ་འཕྲུལ་དྲྭ་བའི་ལུགས་ཀྱི་རྟ་མགྲིན་གྱི་སྐུ་གསུང་མང་དུ་འབྱོན་པ་སོགས་ཡོད། ། ༈ བསམ་ཡས་མཆིམས་ཕུར་གནས་ཀྱི་ལྟེ་བར་བྲག་དམར་ཀེའུ་ཚང་དུ་བཻ་རོ་ཙ་ན་དང་། ཐ་མི་མགོན་བརྩོན་གྱི་ཕྱག་བཟོ་ཨོ་རྒྱན་རིན་པོ་ཆེའི་སྐུ་བྱེ་མ་ཨ་ཀྲོང་། ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་དམ་འབུམ་སོགས་རྟེན་གསུམ་བྱིན་ཅན་དང་། སྒྲུབ་ཕུག་གི་ཐོད་དུ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་སོགས་རང་བྱོན་གྱི་རྣམ་པ། མདུན་དུ་ལྷ་ལྕམ་པདྨ་གསལ་གྱི་སྐུ་གདུང་བཞག་པའི་རྗེས། སྟེང་དུ་བཻ་རོའི་སྒྲུབ་ཕུག་བཅས་ཡོད། དེའི་གནས་ཀྱི་དབུ་རྩེར་བློན་ཆེན་གུར་དཀར་ཕུག་ཅེས་ཨོ་རྒྱན་རིན་པོ་ཆེ་རྗེ་འབངས་ཉེར་ལྔ་དང་བཅས་པའི་སྒྲུབ་ཕུག་ཡོད་ཀྱང་ཉིན་གཅིག་ལ་འཁོར་ཙམ་ཡིན། བྲག་དམར་ཀེའུ་ཚང་གཤམ་དུ་མཚོ་རྒྱལ་གཟིམ་ཕུག །ཆོས་རྒྱལ་གྱི་སྒྲུབ་ཕུག་ཉང་ཕུག་གོང་འོག་ཏུ་གྲགས་པ། ཀླུ་འདུལ་ཁྱུང་ཆེན་ཕུག །ཀུན་མཁྱེན་ཀློང་ཆེན་པའི་གདུང་འབུམ། དབེན་རྩར་རྒྱལ་བ་མཆོག་དབྱངས་ཀྱི་རྟ་མགྲིན་སྒྲུབ་ཕུག་སོགས་ཡོད། ། ༈ སྤྱིར་བསམ་ཡས་ཕྱོགས་འདིར་གཡོ་རུ་བྱང་རྒྱུད་ཅེས་གྲགས། གཙང་པོ་གྱེན་དེད་དུ་ཕྱིན་པ་ན་ཟུར་མཁར་རྡོའི་མཆོད་རྟེན་རིགས་ལྔ་ངོ་མཚར་ཆེ་བ། དེ་ནས་སྒྲགས་ཀྱི་མདར་ཡེ་ཤེས་མཚོ་རྒྱལ་སྐུ་འཁྲུངས་ས་བླ་མཚོ། སྒྲགས་ཀྱི་ནང་གནས་ཀྱི་གཙོ་བོ་ཡོངས་རྫོང་གཤིན་རྗེ་རོལ་པའི་ཕོ་བྲང་དུ་སྒྲུབ་ཕུག་ཆེན་པོ་སྟེང་ཤོད། གནས་སྒོ་གསར་པ་རྣམས་ཡིན་ཅིང་། གཞན་ཡང་གྲུབ་ཆེན་མེ་ལོང་རྡོ་རྗེའི་སྒྲུབ་གནས་ངར་ཕུག །ཨོ་རྒྱན་རིན་པོ་ཆེའི་སྒྲུབ་ཕུག་རྫོང་ཁམ་ཕུག །མཁར་ཆེན་གྲགས་སོགས་མང་དུ་ཡོད། སྒྲགས་ཀྱི་མདའ་སྒྲགས་གྲོང་མོ་ཆེ་ཞེས་པ་དེ་གནུབས་ཆེན་སངས་རྒྱས་ཡེ་ཤེས་འཁྲུངས་ས་ཡིན། སྒྲགས་མདའ་ནས་གཙང་པོ་གྱེན་བརྒྱུད་དུ་རིམ་པར་ཐུབ་བསྟན་རྡོ་རྗེ་བྲག །དེ་དང་ཉེ་བར་གླིང་རས་ཀྱི་སྒྲུབ་གནས་སྣ་ཕུ་ཆོས་ལུང་། རྡོ་རྗེ་བྲག་ནས་ཡར་ཕྱིན་པའི་ཡར་སྟོད་བྲག་ལའི་འོག་ཙམ་ལུང་པ་ཞིག་གི་ནང་དུ་རྨོར་ཆེན་གྱི་གདན་ས་རྨོར་དགོན་པ། ཡར་སྟོད་བྲག་ལའི་སྟོད་དུ་པཎྜི་ཏ་བི་བྷཱུ་ཏིའི་གདན་ས་དྲང་སྲོང་སྲིན་པོ་རི་ཞེས་གྲགས་པ་དེང་སང་གྲོང་ནག་ཡིན་ཀྱང་། ལྷ་ཁང་ཞིག་གི་ཕུག་ཏུ་བདེ་མཆོག་གི་སྐུ་སྔར་བར་སྣང་དུ་བཞུགས་པ་གསུང་ཡང་ཡང་འབྱོན་པ་ཤིན་ཏུ་བྱིན་རླབས་ཆེ་བ་བཞུགས། ། ༈ བསམ་ཡས་མཆིམས་ཕུའི་རྒྱབ་ཀྱི་ལུང་པ་གློ་བོ་དོན་སྟེང་གི་ཕུར་མཆོད་རྟེན་བཀྲ་ཤིས་འོད་འབར་དུ་གྲགས་པའི་བྱིན་རླབས་ཅན་དེ་ཡོད། དེ་ནས་མར་ཕྱིན་པ་ན་རྡོ་ལུང་པ་དང་འོན་ལུང་པ་སོགས་སུ་རྗེ་རིན་པོ་ཆེའི་བཞུགས་གནས་བཀྲ་ཤིས་རྡོ་ཁ་དང་། འོན་གྱི་ལྷ་ཁང་ཀེ་རུ་ཞེས་ཁྲི་སྲོང་གི་དུས་སུ་བཞེངས་པ། མཆོད་རྟེན་དཀར་ཆུང་། འོན་རྒྱལ་སྲས་རིན་པོ་ཆེའི་གདན་ས་ཆོས་སྡིངས། འོན་ཕུ་སྟག་ཚང་སོགས་ཡོད་ཀྱང་བསྐོར་ན་ཞག་གཉིས་གསུམ་དགོས། དེ་ནས་མར་ཕྱིན་པ་ན་ལམ་བར་དུ་མངའ་རིས་དྭགས་པོ་གྲྭ་ཚང་དང་། ཡོངས་གྲགས་ཀྱི་གནས་ཆེན་འགྲོ་མགོན་ཕག་མོ་གྲུ་པའི་གདན་ས་མཐིལ་ཞེས་གྲགས་པ་དེ་ཡོད་ཅིང་། སྤྱིར་རྟེན་གསུམ་བསམ་གྱིས་མི་ཁྱབ་པ་དང་། ཁྱད་པར་རྟེན་གྱི་གཙོ་བོ་ཕག་གྲུའི་འཇགས་སྤྱིལ་དུ་སྐུ་འདྲ་བྱིས་དྲོད་མ་ཞེས་གསུང་འབྱོན་བྱིན་རླབས་ཅན་དེ་ཡོད། དེའི་འོག་ཏུ་ཟངས་རི་མཁར་དམར་ཞེས་མ་གཅིག་ལབ་སྒྲོན་གྱི་གདན་ས་མ་གཅིག་ཡུམ་སྲས་ཀྱི་སྐུ་གསུང་བྱོན་མ་སོགས་བཞུགས་ཤིང་། འདི་ནས་ཤར་དུ་ཞག་གཉིས་གསུམ་གྱི་སར་འོལ་ཁ་སྟག་རྩེའི་ཕྱོགས་སུ་རྫིང་ཕྱིའི་བྱམས་པ། ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་འགལ་ཕུག །རྗེ་རིན་པོ་ཆེའི་སྒྲུབ་གནས་ཤིན་ཏུ་མང་བ། དེ་ནས་དྭགས་པོའི་ཕྱོགས་སུ་དྭགས་ལ་སྒམ་པོ་དང་། ཁྲ་མོ་བྲག་སོགས་གནས་ཁྱད་པར་ཅན་མང་། འོལ་དྭགས་གཉིས་ཀྱི་མཚམས་སུ་རྒྱལ་མེ་ཏོག་ཐང་ཞེས་རྒྱལ་བ་དགེ་འདུན་རྒྱ་མཚོའི་གདན་ས་དང་། རྩེར་དམག་ཟོར་མའི་བླ་མཚོ་མཐོང་སྣང་སྣ་ཚོགས་ཡོད་ཚུལ་སོགས་མང་དུ་ཡོད། དྭགས་པོའི་ས་ཆ་ཟད་མཚམས་ཉང་ལོང་ཀོང་གསུམ། དེ་ནས་སྤོ་བོ་བཅས་རིམ་པར་ཡོད་ཅིང་། སྤོ་བོའི་ཟད་མཚམས་གློ་དང་ཐུག་སྐད། སྤུ་ཀོང་གི་ཤར་དུ་ཁྱུང་པོ་དང་། དེ་ནས་རིམ་པར་རི་བོ་ཆེ་དང་། ནང་ཆེན་སོགས་ཡིན། ། ༈ ཟངས་རི་མཁར་དམར་ནས་ཕར་ཀོ་བ་ལས་དོན་ནས་རྩེ་ཐང་དུ་ཐོན། འདིར་དགོན་པ་འགའ་རེ་ཡོད་ཀྱང་ལྔ་མཆོད་པའི་འདུ་ཁང་ཕུག་ཐུབ་པ་གསེར་གླིང་མ་སོགས་རྟེན་ཁྱད་པར་ཅན་མཇལ་རྒྱུ་དང་། རྩེ་ཐང་གི་རི་སྒོང་ཞིག་ཏུ་བསམ་གཏན་གླིང་ཞེས་གྲགས་པ་སྔོན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཡར་ལུང་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག་སོགས་ས་སྐྱའི་སྙན་བརྒྱུད་འཛིན་པ་རྣམས་ཀྱི་སྒྲུབ་གནས་དེར་མགོན་པོ་བྱིན་རླབས་ཅན་སོགས་བཞུགས། རྩེ་ཐང་གི་རྒྱབ་རི་དེ་ཟོ་དང་གངས་པོ་རི་ཞེས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྤེལ་སྒོམ་བྱང་ཆུབ་སེམས་དཔའི་སྒྲུབ་གནས་དེ་ཡིན་པར་གྲགས་ཤིང་བསྐོར་བ་བྱེད་མཁན་ཡང་མང་། རྩེ་ཐང་གི་ལྟག་ཙམ་དུ་སྣེ་གདོང་ཀུན་བཟང་རྩེ་ཞེས་པ་དེ་སྔར་བོད་ཁྲི་སྐོར་ཕལ་ཆེར་གྱི་བདག་པོ་སྡེ་སྲིད་ཕག་མོ་གྲུ་པའི་རྫོང་ཤུལ་ཡིན་ཅིང་། འདིའི་ཞོལ་སྣེ་གདོང་རྩེ་ཚོགས་པར་ཁ་ཆེ་པཎ་ཆེན་གྱི་རྫ་སྐུ་གསུང་བྱོན་མ། སྒྲོལ་དཀར་བྲིས་སྐུ་མེ་རྡུག་མ། འབུམ་གྱི་རྒྱ་དཔེ་སོགས་ནང་རྟེན་ཁྱད་པར་ཅན་མང་པོ་ཡོད། སྤྱིར་ཁ་ཆེ་པཎ་ཆེན་གྱི་ཚོགས་སྡེ་བཞི་ཞེས་པ་ནི་སྣེའུ་གདོང་རྩེ་ཚོགས་པ། གྲྭ་ཕྱི་ཚོང་འདུས་ཚོགས་པ། གྲྭ་ནང་རྒྱལ་གླིང་ཚོགས་པ། གཙང་ཆོས་ལུང་ཚོགས་པ་རྣམས་ཡིན་པས་དེ་ཐམས་ཅད་ཀྱི་ནང་རྟེན་དུ་པཎ་ཆེན་གྱི་རྫ་སྐུ་དང་། ལྷུང་བཟེད་སོགས་རྟེན་ཁྱད་པར་ཅན་ཡོད་སྐད། ། ༈ ཡར་ཀླུང་རྟེན་གསུམ་གནས་གསུམ་དུ་གྲགས་པའི་གནས་གསུམ་ནི་ཁྲ་འབྲུག །ཤེལ་བྲག །འགའ་ཞིག་གིས་རས་ཆུང་ཕུག་ཡིན་ཟེར་ནའང་ཡུམ་བུ་གླ་སྒང་ལ་ངོས་བཟུང་བ་འཐད་པ་བཅས་དང་། རྟེན་གསུམ་ནི་རྟག་སྤྱན་འབུམ་པ། དགོན་ཐང་འབུམ་པ། ཚེ་ཆུ་འབུམ་པ་བཅས་སུ་གྲགས་པ་ལས། རྩེས་ཐང་ནས་ཡར་ཀླུང་ཁོག་གྱེན་དེད་དུ་ཕྱིན་པ་ན་དཔལ་གཡུ་རུ་ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམས་ཀྱི་གཙུག་ལག་ཁང་དུ་རྟེན་གྱི་གཙོ་བོ་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཟོ་དང་གངས་པོ་རི་ནས་སྤྱན་དྲངས་པའི་རྒྱལ་བ་རིགས་ལྔའི་རྡོ་སྐུ། སྒྲོལ་མ་ཞལ་ཟས་མ། མ་ཎི་འབྲུ་དྲུག་སོགས་ཀྱིས་མཚོན། ལྷ་ཁང་ཁག་མང་བ་དང་། ཕྱི་རོལ་དུ་སྡིག་སྦྱོང་མཆོད་རྟེན་དབུ་ལྔ་མ་སོགས་བྱིན་རླབས་ཅན་ཡོད། ཁྲ་འབྲུག་ལྷ་ཁང་དང་ཉེ་བར་རྣམ་རྒྱལ་ལྷ་ཁང་ཞེས་པ་རྗེ་རིན་པོ་ཆེའི་བསྙེན་རྫོགས་བསྒྲུབ་ས་དེ་ཡིན། ཁྲ་འབྲུག་ནས་གྱེན་དུ་ཕྱིན་པ་ན་ས་སྐྱ་པཎྜི་ཏའི་གཏམ་སྙན་བཞུགས་ཁྲི་ཞེས་པ་དང་། ཆོས་རྒྱལ་ཐོ་ཐོ་རི་གཉན་བཙན་གྱི་ཕོ་བྲང་ཡུམ་བུ་བླ་མཁར་དུ་ཇོ་བོ་ནོར་བུ་བསམ་འཕེལ། ཐུགས་དམ་གཉན་པོ་གསང་བ་སོགས་བཞུགས། དེ་ནས་ལྷ་ཁང་གཉན་རུར་སྨན་པའི་རྒྱལ་པོའི་སྐུ་གཏེར་བྱོན་ཁྱད་འཕགས། བཀའ་གདམས་པའི་དགེ་བཤེས་སྐོར་ཆེན་པོས་བཞེངས་པ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་སྤྱན་གཡོན་པ་བཞུགས་པར་གྲགས་པའི་རྟག་སྤྱན་འབུམ་པ། འདིའི་ཕུར་ཡར་ལྷ་ཤམ་པོ་གངས་ཀྱིས་ར་བ་ཞེས་འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས་མ་མོ་སྒྲུབ་པའི་གནས་སོགས་ཡོད། སྤྱིར་ཡར་ཀླུང་གི་རྒྱབ་ཕྱོགས་ལྷོ་ཁ་སྟོད་སྨད་དུ་ཨེ་ཡུལ་རིག་པའི་འབྱུང་གནས། གཉལ། ལོ་རོ། གྲོ་ཤུལ། བྱར། དེ་ནས་རིམ་པར་ཙཱ་རི་སོགས་ཀོང་པོར་འབྲེལ། གོང་གི་རྟག་སྤྱན་འབུམ་པ་ནས་མར་འོང་སར་མཐུ་སྟོབས་ཀྱི་དབང་ཕྱུག་གཞོན་ནུ་བློ་གྲོས་ཀྱི་གདན་ས་བཀྲ་ཤིས་ཆོས་སྡེ། རས་ཆུང་པའི་རྣམ་འཕྲུལ་གཙང་སྨྱོན་ཧེ་རུ་ཀའི་གདན་ས་རས་ཆུང་ཕུག་སོགས་སུ་རྟེན་གསུམ་རབ་འབྱམས། དགུན་ཐང་འབུམ་མོ་ཆེའམ་སྲི་གཅོད་འབུམ་པའམ་ནེ་ཙོ་འབུམ་པ་ཞེས་གྲགས་པ་རྣམས་དང་། བྱང་ཕྱོགས་ཀྱི་རི་རྒྱུད་དུ་ཡར་ཀླུང་ཤེལ་གྱི་བྲག་ཕུག་ཏུ་གྲགས་པའི་སྒྲུབ་གནས་ཆེན་པོར་སྒྲུབ་ཕུག་ལྟེ་བར་ཨོ་རྒྱན་གྱི་སྐུ་ཚབ་གསུང་བྱོན་མར། རང་བྱོན་གྱི་རྣམ་པ་མང་པོ། དེའི་འོག་ཏུ་མཚན་བརྒྱད་ལྷ་ཁང་། གནས་མཐིལ་བླ་བྲང་དུ་ཨོ་རྒྱན་རིན་པོ་ཆེའི་སྐུ་ཚབ། ཆོས་གོས་ཉི་ཟེར་མ། ཕྱག་འཁར་སོགས་ནང་རྟེན་འགའ་ཞིག་ཡོད། ཕྱག་འཚལ་ལ་ཁར་དུར་ཁྲོད་ཁྱད་པར་ཅན་མཆོད་རྟེན་དང་བཅས་པ་བཞུགས། གཞན་ཉེ་ཕྱོགས་སུ་མཚོ་རྒྱལ་གསང་ཕུག་དང་། གཡོན་གྱི་རྒྱབ་ཕྱོགས་སུ་ཨོ་རྒྱན་གླིང་པའི་གཏེར་གནས་པདྨ་ཤེལ་ཕུག་ཏུ་གྲགས་པ་སོགས་ཡོད་ཀྱང་ཐག་རིང་། ཤེལ་བྲག་ནས་མར་བབ་སར་བཙན་ཐང་གཡུ་ཡི་ལྷ་ཁང་ཁྲི་སྲོང་གི་ཡུམ་ངང་ཚུལ་བྱང་ཆུབ་རྒྱལ་མོས་བཞེངས་པ་དང་། དེ་དང་ཉེ་བར་ཅོག་རོ་ཚེ་ཆུ་འབུམ་པ་ཞེས་ཚེས་བཅོ་ལྔའི་སྐབས་ཚེ་ཆུ་དངོས་སུ་འབབ་པ་ཡོད། འདིའི་རྒྱབ་རི་བཙན་ཐང་ལྷ་རི་སྒོ་བཞི་ཞེས་པའི་རྩེ་མོར་བོད་ཆོས་རྒྱལ་གཉའ་ཁྲི་བཙན་པོ་དང་པོ་བབ་ས་དེ་ཡིན། ། ༈ གོང་གི་གུང་ཐང་འབུམ་པ་ནས་འཕྱོངས་རྒྱས་ཕྱོགས་སུ་ཕྱིན་པ་ན་བཻ་རོ་ཙ་ན་བཞུགས་ས་སྤ་གོར་དགོན་དང་། སྒྲུབ་ཕུག་རོག་པ་རྩ་སོགས་ལམ་ཁར་ཡོད་ཀྱང་སུས་རྒྱུས་མེད་པས་མཇལ་མཁན་དཀོན་འདུག །དེ་ནས་ཡར་ཕྱིན་པའི་ལམ་ཁར་དགེ་བའི་བཤེས་གཉེན་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་གདན་ས་སོལ་ནག་ཐང་པོ་ཆེར་འབུམ་ནག་ཟིལ་པ་ཅན་སོགས་རྟེན་རྙིང་མང་ཙམ་དང་། ཇོ་བོ་རྗེའི་གཟིམ་ཕུག་འདྲ་སྐུ་བྱིན་ཅན། མཁས་གྲུབ་དགེ་ལེགས་དཔལ་བཟང་གི་སློབ་མ་ཉི་ཁྲི་འཛིན་པ་བློ་གྲོས་དཔལ་བཟང་གིས་བཏབ་པའི་འཕྱོངས་རྒྱས་རི་བོ་བདེ་ཆེན་གྱི་ཆོས་གྲྭར་རྟེན་གསུམ་བྱིན་ཅན་མང་དུ་བཞུགས། འདི་དང་ཉེ་བའི་འཕྱིང་བར་སྟག་རྩེ་ཞེས་པའི་རྫོང་དེ་སྔོན་ཟ་ཧོར་གྱི་གདུང་རིགས་རིམ་བྱོན་འཕྱོངས་རྒྱས་སྡེ་པར་གྲགས་པའི་ཕོ་བྲང་། ཕྱིས་རྒྱལ་དབང་ལྔ་པ་རིན་པོ་ཆེའི་སྐུ་འཁྲུངས་ས་ཡིན། འདིའི་ལྟག་ཙམ་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་སྤུར་གྱི་འདྲ་བརྙན་བཞུགས་པ་བང་སོ་དམར་པོར་གྲགས་པ་དེ་ཡོད། བང་སོ་དངོས་ནི་ས་འབུར་གྱི་རྣམ་པ་དེ་ཡིན། དེའི་སྟེང་དུ་ཉང་སྨན་ལུང་པས་བཞེངས་པའི་མཆོད་ཁང་དང་རྟེན་གསུམ་བྱིན་ཆེན་ཡོད། དེ་དང་ཉེ་བའི་དོན་མཁར་ལུང་པའི་ཕུར་ཀུན་མཁྱེན་འཇིགས་མེད་གླིང་པའི་གདན་ས་ཚེ་རིང་ལྗོངས་སུ་ཀུན་མཁྱེན་གྱི་སྐུ་གདུང་རིལ་པོར་བཞུགས་པའི་མཆོད་རྟེན་དང་རྟེན་གསུམ་ཁྱད་པར་ཅན་ཡོད། འཕྱོངས་རྒྱས་སྲོང་བཙན་བང་སོའི་ལྟག་ཙམ་དུ་བཻ་རོའི་རྣམ་འཕྲུལ་འཕྲེང་པོ་གཏེར་ཆེན་ཤེས་རབ་འོད་ཟེར་གྱི་གདན་ས་འཕྱོངས་རྒྱས་དཔལ་རི་ཞེས་པ་དེ་ཡོད། སྔར་རྡོར་སྨིན་དཔལ་རི་ཞེས་རྙིང་མའི་གྲྭ་ས་ཆེ་ཤོས་ཡིན་ཀྱང་དེང་སང་དཔལ་རི་དགོན་མིང་མ་སྟོང་ཙམ་ལས་མེད། གུ་རུ་རིན་པོ་ཆེའི་སྐུ་ཚབ་སོགས་རྟེན་གསུམ་བྱིན་རླབས་ཆེ་བ་ཡོད། སྤྱིར་འདི་ཕྱོགས་སུ་འགོས་ལོ་གཞོན་ནུ་དཔལ་གྲྭ་སར་ཞུགས་པ་སྤྱན་གཡས་ལྷ་ཁང་ཡོད་པའི་ལུང་པ་སྤྱན་གཡས་དང་། གཞན་ཡང་འཕྱོངས་དང་ཕུ་ལུང་སོགས་ལུང་ལག་མང་དུ་ཡོད། གོང་གསལ་བསམ་ཡས། རྟ་མགྲིན་གླིང་། སྐུ་ཚབ་མཚོ་སྐྱེས་རྡོ་རྗེ་ཞབས་རྗེས་དང་བཅས་པ། མཆིམས་ཕུ། མཆོད་རྟེན་བཀྲ་ཤིས་འོད་འབར། འཕྱོངས་རྒྱས་སྲོང་བཙན་བང་སོ། དཔལ་རི། ཚེ་རིང་ལྗོངས་རྣམས་ཀྱི་གནས་བཤད་ཞིབ་ཆ་མཁྱེན་བརྩེ་རིན་པོ་ཆེའི་གཏམ་ཚོགས་སུ་ཡོད། གཞན་ཡང་གཏམ་ཚོགས་སུ་གཞོ་སྟོད་ཏི་སྒྲོ། དབུ་རུའི་ཞྭའི་ལྷ་ཁང་། ལྷོ་མོན་དཀར་པོ་ཟངས་སོགས་ཀྱི་གནས་བཤད་ཀྱང་སྣང་། ། ༈ རྩེ་ཐང་ནས་གཙང་པོ་ལྷོ་རྒྱུད་སྐོར་ལ་སྤྱིར་དབུ་རུ་ལྷོ་རྒྱུད་ཅེས་གྲགས། དེའང་གཙང་པོ་གྱེན་དེད་དུ་ཕྱིན་པ་ན་བྱ་ས་ལྷ་ཁང་ཞེས་གྲགས་པ་ཆོས་རྒྱལ་དཔལ་འཁོར་བཙན་གྱིས་བཞེངས་པའི་རྣམ་སྣང་སྐུ་ཆེན་པོ། དེ་ནས་རིམ་པར་བྱིང་གི་ཕུར་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་བྱིང་མདའ་ཨོ་དཀར་བྲག །གྲྭ་ཕྱིའི་མདོར་ཚོང་དུས་ཚོགས་པ་ཞེས་ས་དགོན་ཞིག་ཏུ་པཎ་ཆེན་གྱི་རྫ་སྐུ་དང་། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་ཐུགས་རིང་བསྲེལ་གྱི་ཕུང་པོར་སོང་བ་སོགས་ནང་རྟེན་ཁྱད་པར་ཅན་ཡོད། དེའི་ཕུར་ཨོ་རྒྱན་སྨིན་གྲོལ་གླིང་གྲྭ་ཚང་དང་བླ་བྲང་གཉིས་སུ་ལྷ་ཁང་དང་རྟེན་གསུམ་དངོས་གཙང་བྱིན་ཅན་མང་པོ་དང་། གཙོ་བོར་གཏེར་ཆེན་རིན་པོ་ཆེའི་སྐུ་གདུང་སོགས་བཞུགས། ཚོང་དུས་ཚོགས་པ་ནས་གཙང་པོའི་རྒྱུད་གྱེན་དེད་དུ་ཕྱིན་པའི་སར་གྲྭ་ནང་ལུང་པའི་མདའ་གཏེར་སྟོན་གྲྭ་པ་མངོན་ཤེས་ཀྱི་གདན་ས་གྲྭ་ནང་། དེ་ནས་རིམ་པར་པཎ་ཆེན་བྱམས་པ་གླིང་པའི་གདན་ས་སྐུ་འབུམ་མཐོང་གྲོལ་ཆེན་མོའི་ནང་ལྷ་ཁང་ཤིན་ཏུ་དངོས་གཙང་ཅན། འདི་དང་ཉེ་བར་ཀུན་མཁྱེན་ཀློང་ཆེན་པ་འཁྲུངས་ས་དང་། ཨུ་རྒྱན་གླིང་པའི་གདན་ས་ཡར་རྗེ་ལྷ་ཁང་། གྲྭ་ནང་བརྒྱད་གླིང་ཚོགས་པ། གྲྭ་གཡུ་སྒང་བྲག །སྨིན་གླིང་གདན་ས་རྙིང་པ་དར་རྒྱས་ཆོས་གླིང་། འབྲུག་པའི་ཆོས་ལུགས། གྲྭ་སྡིངས་པོ་ཆེ་སོགས་ཡོད། དེ་ནས་གཙང་པོ་གྱེན་དེད་དུ་ཕྱིན་པ་ན་རྣམ་རབ་ཀྱི་ཕུར་ས་ལུགས་དྭགས་པོ་གྲྭ་ཚང་། དེ་དང་ཉེ་བར་རྔོག་ཆོས་སྐུ་རྡོ་རྗེའི་གདན་ས་གཞུང་སྦྲེ་ཞིང་དུ་མར་པ་ལོ་ཙཱའི་སྐུ་གདུང་བཞུགས་པའི་མཆོད་རྟེན། ལྷ་མོ་དུད་སོལ་མ་གསུང་བྱོན། མི་ལ་དང་རྔོག་སྟོན་མཇལ་ས། རྔོག་སྟོན་མཁའ་སྤྱོད་དུ་གཤེགས་ས་སོགས་ཡོད། དེ་ནས་རིམ་པར་གཙང་པོ་གྱེན་བརྒྱུད་ན་ཐུབ་བསྟན་ར་བ་སྨད། གདུང་ཕུད་ཆོས་འཁོར་ཞེས་ས་ལུགས་ཀྱི་དགོན་ཆུང་དང་། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱི་གདན་ས། གོང་དཀར་ཆོས་གྲྭ་དགོན་སྡེ་བཀོད་པ་ཕུན་སུམ་ཚོགས་པ། འདུ་ཁང་ཆེན་མོའི་ཕུགས་ཀྱི་གཙོ་ཁང་དུ་པཎ་ཆེན་ག་ཡ་དྷ་རའི་དབུ་ཐོད་བཞུགས་པའི་ཐུབ་སྐུ་སོགས་ཁྱད་པར་ཅན་ཡོད། དགོན་འདིར་རྒྱུད་སྡེ་བཞིའི་དཀྱིལ་འཁོར་ཞེ་ལྔ་ཙམ་གྱི་སྒྲུབ་མཆོད་བཞུགས། འདིའི་ཕུ་ན་འབྲུག་བདེ་ཆེན་ཆོས་འཁོར་སོགས་ཡོད། ། ༈ ཡར་ཀླུང་ཕྱོགས་བརྒྱུད་ནས་ལྷོ་བྲག་ཏུ་འགྲོ་ན། འཕྱོངས་རྒྱས་རི་བོ་བདེ་ཆེན་ཕུ་ནས་བརྒྱུད་ལྕགས་རྩེ་གྲི་གུ་ཞེས་གྲོང་པ་ཆེན་པོར་ལྷ་ཁང་རྙིང་པ་ཞིག་གི་ནང་དུ་ཇོ་བོ་བྱིན་རླབས་ཅན་ཞིག་ཡོད། དེ་ནས་རིམ་པར་བྱང་ཐང་བརྒྱུད་ལྷོ་བྲག་ཤར་དུ་ཐོག་མར་སླེབ། དེར་མངའ་བདག་ཉང་གི་གདན་ས་སྨྲ་བོ་ལྕོག་ཏུ་རིགས་གསུམ་མགོན་པོའི་སྐུ་བྱིན་རླབས་ཅན་སོགས་བཞུགས། དེའི་གཤམ་དུ་བླ་མ་མངའ་བདག་པའི་གཞིས་ཀར་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྐོར་ཆོས་རྒྱལ་གྱི་བླ་དཔེ་ངོ་མ་སོགས་ནང་རྟེན་མང་དུ་བཞུགས་སྐད། དེ་ནས་རིམ་པར་སྒྲོ་བ་དགོན་གུ་རུ་ཆོས་དབང་གི་གདུང་རྒྱུད་རྣམས་ཀྱི་གདན་ས་གནས་གཞི་ཞི་ཁྲོ་ལྷ་ཁང་། མངའ་བདག་ཉང་གི་གཏེར་གནས་བྲག་སྲིན་མོ་སྦར་རྗེས། ལྷོ་བྲག་ཕྱག་རྡོར་པ་ནམ་མཁའ་རྗེ་རིན་པོ་ཆེའི་བླ་མ་རྒྱལ་མཚན་གྱི་གདན་ས་བན་པ་ཐིག་ཕྱི་དང་། གཏེར་སྟོན་མཆོག་ལྡན་མགོན་པོས་བཞེངས་པའི་ཕན་པ་དྲུག་རལ་ལྷ་ཁང་དུ་སློབ་དཔོན་རིན་པོ་ཆེའི་སྐུ་ཤིན་ཏུ་ཆེ་བ། ཕན་པ། མཁར་ཆུ་གཉིས་ཀྱི་བར་ལུང་པ་ཞིག་ནས་གངས་ལ་བརྒལ་ནས་སོང་ན་མོན་ཀུ་རུ་ལུང་པའི་མགོར་ཨོ་རྒྱན་རིན་པོ་ཆེའི་ཕུར་པ་ཕྲིན་ལས་ཀྱི་སྒྲུབ་གནས་ཁྱད་པར་ཅན་མོན་ཁ་ནེ་རིང་སེང་གེ་རྫོང་གསུམ་ཞེས་གྲགས་པ་དེ་ཡོད་ནའང་དབྱར་གཞུང་མ་གཏོགས་མི་ཐར། སེང་གེ་རྫོང་ནས་མར་ཕྱིན་ན་སྦས་ཡུལ་རོལ་མོ་སྡིངས་སོགས་བརྒྱུད་ནས་མོན་གྱི་མཐིལ་དུ་སླེབ་པ་ཡིན། ལྷོ་བྲག་མཁར་ཆུའི་གཤམ་ལྷོ་བྲག་ལྷ་ཁང་ཞེས་མཐའ་འདུལ་གྱི་གཙུག་ལག་ཁང་དུ་རྣམ་པར་སྣང་མཛད་ཀྱིས་གཙོས་རྟེན་བྱིན་ཅན་ཡོད། འདི་ནས་མངའ་བདག་ཉང་གིས་བཀའ་བརྒྱད་བདེ་གཤེགས་འདུས་པ་གཏེར་ནས་བཞེས་ས་ཡིན། དེ་ནས་མཁར་ཆུ་དངོས་སུ་དཔལ་གྱི་ཕུག་རིང་ཞེས་གནུབས་ནམ་མཁའི་སྙིང་པོས་ཡང་དག་སྒྲུབ་གནས། མཁར་ཆུ་ལྕགས་ཕུར་ཅན་ཞེས་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་ཕུག་ཁྱད་པར་ཅན་འདི་གུ་རུ་ཆོས་དབང་གི་གཏེར་གནས་ཡིན། འདི་དང་ཉེ་བར་ལྷ་མོ་མཁར་ཆེན་ཞེས་ཡུལ་ཉེར་བཞིའི་དེ་བཱི་ཀོ་ཊ་ཡིན་པར་བཞེད་ཅིང་། བདེ་མཆོག་གི་གནས་ཁྱད་པར་ཅན། ལྷོ་བྲག་ལྷ་ཁང་གི་གཤམ་ཟོམ་པའི་ཕ་རིར་ཚེ་ལམ་དཔལ་གྱི་རི་ཞེས་ཨོ་རྒྱན་གྱི་སྒྲུབ་ཕུག་དང་། ཚེ་ཆུ་སོགས་ཡོད། དེ་ནས་ཞག་གཉིས་ཙམ་གྱི་མཚམས་རྗེ་མར་པའི་གདན་ས་སྲས་མཁར་དགུ་ཐོག །ལྷོ་གྲོ་བོ་ལུང་། འདིར་མར་པ་དང་། བདག་མེད་མ་སོ་སོའི་གཟིམ་ཁང་། མི་ལའི་སྒྲུབ་གནས་ལྟག་གཉའ་ལུང་བསྟན་ཕུག་སོགས་སྒྲུབ་གནས་ཁྱད་པར་ཅན་བཞུགས། དེ་ནས་རིམ་པར་སྒྲུབ་མཚོ་པདྨ་གླིང་དུ་ཕྱག་རྡོར་སྐུ་གཏེར་བྱོན་སོགས་ནང་རྟེན་ཁྱད་འཕགས་ཡོད། མཚོ་འདིའང་འགའ་ཞིག་གིས་གྲགས་པའི་མཚོ་ཆེན་བཞིའི་གྲས་སུ་བརྩི་ཞིང་སློབ་དཔོན་རིན་པོ་ཆེའི་ཕྱག་རྗེས་ཀྱང་བཞུགས་སྐད། སྒྲུབ་ལ་བརྒྱུད་ནས་ལྷོ་བྲག་ནུབ་ལྷ་ལུང་དུ་སླེབ། འདི་དང་པོ་བཀའ་བརྒྱུད་པའི་གདན་ས་དེང་སང་པད་གླིང་གི་བརྒྱུད་འཛིན་གསུང་སྤྲུལ་རིམ་བྱོན་གྱིས་བསྐྱངས། རྟེན་གསུམ་མང་པོ་དང་། ཁྱད་པར་ནང་རྟེན་དུ་ཀུན་མཁྱེན་ཀློང་ཆེན་པའི་དབུ་ཀླད་རིང་བསྲེལ་གྱི་ཕུང་པོ་ཤིན་ཏུ་ངོ་མཚར་ཆེ་བ་སོགས་ཡོད། དེ་ནས་གུ་རུ་ཆོས་དབང་གི་གདན་ས་ལ་ཡག་གུ་རུ་ལྷ་ཁང་དུ་རྟེན་གཙོ་ཆོས་དབང་གཏེར་བྱོན་ཇོ་བོ་ངོ་མཚར་ཅན་ཡོངས་གྲགས་ཀྱིས་གཙོས་མང་དུ་ཡོད། དེ་ནས་དགོན་པ་ལྷ་ས་ལྟག་ཟེར་བའི་གྲོང་པ་འདྲ་བ་ཞིག་ཏུ་འགྲོ་མགོན་གཙང་པ་རྒྱ་རས་ཀྱི་གདུང་རུས་ལས་བྱོན་པའི་རྟེན་ངོ་མཚར་ཅན་ཤིན་ཏུ་མང་བར་ཡོད། སྐྱི་ཆུ་ལྷ་ཁང་ཞེས་ཆོས་རྒྱལ་གྱིས་བཞེངས་པའི་མཐའ་འདུལ་གྱི་གཙུག་ལག་ཁང་དུ་རྣམ་སྣང་སྐུ་སོགས་བཞུགས། ། ༈ དེ་ནས་ལ་བརྒལ་ཏེ་ཕུ་མ་བྱང་ཐང་བརྒྱུད་གཙང་ལ་རུ་གཉིས་སུ་གྲགས་པའི་གཡས་རུ་ཤེལ་མཁར་རྒྱལ་རྩེའི་ལྷོ་ཕྱོགས་ཉེ་རོ་ལུང་ནས་སྒོ་བཞི་རེ་ཐང་ཞེས་པར་སླེབ། འདི་སྐོར་གཡུ་ཐོག་ཡོན་ཏན་མགོན་པོ་འཁྲུངས་ས་ཡིན། འདིའི་ཆུ་གྱེན་དེད་ཀྱི་ཕུར་འགྲོ་མགོན་གཙང་པ་རྒྱ་རས་ཀྱི་གདན་ས་འབྲུག་ར་ལུང་ཞེས་གྲགས་པ་དེ་ཡོད། རྟེན་གྱི་གཙོ་བོར་གཙང་པ་རྒྱ་རས་ཀྱི་སྐུ་འབག་ཁམས་གསུམ་ཟིལ་གནོན་སོགས་རྟེན་གསུམ་མཐའ་ཀླས་པ་བཞུགས། སྒོ་བཞི་ནས་ཐུར་དུ་ཉིན་གཅིག་གི་སར་སངས་རྒྱས་ཀྱིས་ལུང་བསྟན་པར་གྲགས་པའི་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱིས་བཞེངས་པའི་དཔལ་འཁོར་ཆོས་སྡེ་ཡོད། ས་བུ་དགེ་གསུམ་གྱི་གྲྭ་ཚང་ཁག་བཅུ་དྲུག །རྟེན་གསུམ་མང་པོ། རྟེན་གྱི་གཙོ་བོ་འདུ་ཁང་དུ་ཐུབ་ཆེན་སོགས་དང་། མཆོད་རྟེན་ཆེན་མོའི་ནང་དུ་སྒྲུབ་ཐབས་བརྒྱ་རྩའི་ལྷ་ཕལ་ཆེར་བཞུགས་པའི་ལྷ་ཁང་བཅས། འདིར་རྒྱུད་སྡེ་བཞིའི་སྒྲུབ་མཆོད་མང་པོ་ཡོད། ཆོས་སྡེའི་ཕར་ཕྱོགས་སུ་རྩེ་ཆེན་ཆོས་སྡེ་ཞེས་བུ་སྟོན་རིན་པོ་ཆེའི་རྣམ་འཕྲུལ་གྲུབ་ཆེན་ཀུན་དགའ་བློ་གྲོས་སོགས་ཀྱི་བཞུགས་གནས་དེ་ཡོད། རྒྱལ་རྩེ་ཁོག་འདི་ལ་ཉང་གསེར་གཞུང་རིང་མོ་ཞེས་གྲགས། ཉང་ཆུ་ལྷོ་ ཕྱོགས་སུ་མཐའ་འདུལ་གྱི་གཙུག་ལག་ཁང་གི་གྲས་སུ་གྲགས་པ་རྩིས་གནས་གསར་ལྷ་ཁང་དུ་ཡུམ་ཆེན་མོའི་སྐུ་བཞུགས་པ། བྱང་ཁར་དགེ་ལྡན་པའི་དགོན་པ་ཚོགས་སྡེ་བཞིའི་གྲས་སུ་རྩི་བའི་ཉང་སྟོད་སྤོས་ཁང་། འདི་ལ་ཁ་ཆེ་པཎ་ཆེན་དུས་ཀྱི་ནང་རྟེན་མང་དུ་ཡོད་སྐད། པ་རྣམ་ནས་ཆུ་ཕར་ཕྱོགས་བརྒྱུད་ན་བུ་སྟོན་རིན་པོ་ཆེའི་གདན་ས་ཞྭ་ལུར་སླེབ། ཞྭ་ལུ་མཐིལ་དུ་རང་བྱོན་ཐུགས་རྗེ་ཆེན་པོ་སོགས་རྟེན་གསུམ་མང་། རི་སྦུག་ཏུ་བུ་སྟོན་རིན་པོ་ཆེ་ང་འདྲ་མ་དང་། ཡུམ་གྱི་དགོངས་རྫོགས་ལ་བཞེངས་པའི་མཆོད་རྟེན་མཐོང་གྲོལ་ཆེན་མོ་སོགས་དང་། ཁྱད་པར་བིཪྺ་པའི་དབང་བུམ་བུམ་ཆུ་བཅས། བུ་སྟོན་རིན་པོ་ཆེའི་སྐུའི་ཉེར་སྤྱོད་སོགས་ནང་རྟེན་འགའ་ཡོད་ནའང་གཞིས་ཀ་རྩེའི་དམ་འབྱར་ཡིན། ཞྭ་ལུ་མཐིལ་གྱི་འོག་ཏུ་ཉང་སྨད་རྒྱན་གོང་དུ་ལྷ་མོ་རབ་བརྟན་མའི་མགོན་ཁང་བྱིན་ཅན་ཡོད། འདིར་ཆོས་རྗེ་ས་པཎ་བསྙེན་རྫོགས་སྒྲུབ་ས་ཡིན་པས། དབུ་སྐྲ་འཁྲུ་སྣོད་རྡོ་གཞོང་བྱིན་ཅན་ཡོད་པའི་ཁྲུས་ཆུ་འཐུངས་ན་ཤེས་རབ་ཆེན་པོ་འོང་སྐད། ཞྭ་ལུ་དང་ཉེ་བའི་ལ་རྒྱབ་ཏུ་ཐར་པ་ལོ་ཙཱ་བའི་གདན་ས་ཐར་པ་དགོན་ཡོད། ཁ་ཆེ་པཎ་ཆེན་རིན་པོ་ཆེའི་གསོལ་ལྷུང་སོགས་སྔར་ནང་རྟེན་མང་དུ་ཡོད་སྐད། ། ༈ བ་རྣམ་ནས་གཞུང་ལམ་བརྒྱུད་ཕྱིན་ན་ཉིན་གཅིག་ཙམ་གྱིས་གཞིས་ཀ་རྩེར་སླེབ། འདིའི་བར་དུ་ཟུར་གསང་སྔགས་གླིང་ཞེས་གྲོང་པ་ཞིག་ཡོད། སྔར་རྙིང་མ་བཀའ་མའི་དགོན་པ་ཆེ་ཤོས་ཡིན། དེང་སང་ཟུར་གྱི་གདུང་རྒྱུད་བཞུགས་པའི་བླ་བྲང་འདྲ་བ་དེར་ཟུར་པའི་བླ་མ་གྲུབ་ཆེན་གོང་མ་རྣམས་ཀྱི་ཐུགས་དམ་རྟེན་ཕུར་པ་ཤིན་ཏུ་བྱིན་རླབས་ཆེ་བ་ཡོད། གཞིས་ཀ་རྩེའི་གྲོང་པའི་འདབས་དེར་འུ་ཡུག་པ་རིག་པའི་སེང་གེའི་སྐུ་གདུངས་འབུམ་ཆེན་པོ་ཞིག་ཡོད། དེ་ལ་བསྐོར་བ་བྱས་གསོལ་བ་བཏབ་ན་རྩོད་པ་ལ་མཁས་པ་འོང་ཟེར། བཀྲ་ཤིས་ལྷུན་པོར་རྟེན་གྱི་གཙོ་བོ་བྱམས་ཆེན། པཎ་ཆེན་བློ་བཟང་ཆོས་རྒྱན། བློ་བཟང་ཡེ་ཤེས། དཔལ་ལྡན་ཡེ་ཤེས། བསྟན་པའི་ཉི་མ་རྣམས་ཀྱི་སྐུ་གདུང་། ཁྱད་པར་དགའ་གདོང་བྱམས་པ་དང་། ངུར་སྨྲིག་སྒྲོལ་མ་སོགས་རྟེན་རྙིང་བྱིན་རླབས་ཆེ་བ་མང་དུ་བཞུགས། ནང་རྟེན་རྗེ་བཙུན་མི་ལའི་ཕྱག་ཤན། བཀའ་གདམས་གོང་མ་མང་པོའི་ན་བཟའ་སོགས་རྟེན་ཅི་རིགས། རྡོ་མ་མོའི་བྲོད་པ་ཞེས་གྲགས་ནོར་བུ་ཡིན་ཟེར་བ་སོགས་ཡོད་ཀྱང་མཇལ་ཁ་ཞུ་ན་བརྒྱ་མཆོད་དང་གཏོང་སྒོ་སོགས་དགོས། བཀྲ་ཤིས་ལྷུན་པོ་ནས་གྱེན་དུ་ཕྱིན་པ་ན་གཏུམ་སྟོན་བློ་གྲོས་གྲགས་པས་བཏབ། མཆིམས་སྟོན་རིམ་བྱོན་སོགས་ཀྱི་གདན་ས་བཀའ་གདམས་བསྟན་པའི་འབྱུང་གནས་སྣར་ཐང་ཞེས་གྲགས་པ་དེར་སྤྱིར་རྟེན་གསུམ་བྱིན་ཅན་མང་པོ་དང་། ཁྱད་པར་ཆུ་མིག་སྒྲོལ་མར་གྲགས་པའི་སྐུ་བྱིན་ཅན། དཔོན་པོ་ཕོ་ལྷ་ཐའི་ཇའི་དུས་སུ་བརྐོས་པའི་བཀའ་བསྟན་འགྱུར་གྱི་སྤར། ཐུབ་པའི་སྐྱེས་རབས་དང་། གནས་བརྟན་བཅུ་དྲུག་གི་ཐང་ཀའི་སྤར་སོགས་ཡོད། ནང་རྟེན་འབྲོམ་སྟོན་པའི་ཤེལ་གྱི་ཕྱག་འཁར། བཀའ་གདམས་པའི་བླ་མ་གོང་མ་མང་པོ་དང་། བྱེ་བྲག་སྣར་ཐང་པའི་བླ་མ་འཕགས་པའི་གནས་བརྟན་གྱི་སྤྲུལ་པ་རྣམས་ཀྱི་སྐུའི་ཉེར་སྤྱད་སོགས་རྩ་ཆེན་མང་པོ་བཞུགས། མཇལ་ཁ་ཞུ་ན་བཀྲ་ཤིས་ལྷུན་པོ་ནས་ཡི་གེ་ཞུ་དགོས། འདིའི་ལྟག་ཏུ་བྱང་ཆེན་རི་ཁྲོད་ཅེས་སྣར་ཐང་སངས་རྒྱས་སྒོམ་པ་སོགས་བཀའ་གདམས་པའི་སྒྲུབ་གནས་ཁྱད་འཕགས་དེ་བཞུགས། དཔལ་མགོན་ཞལ་གྱི་གནས་ཁྱད་པར་ཅན་ཡིན། སྣར་ཐང་དང་ཉེ་བར་གཙང་ཆུ་མིག་རིང་མོ་ཞེས་པ། སྔར་བཀའ་གདམས་ཀྱི་ཆོས་སྡེ་ཆེ་གྲས་འཕགས་པ་རིན་པོ་ཆེས་ཆོས་འཁོར་ཆེན་མོ་བསྐོར་བའི་གནས་དེ་ཡིན་ན་ཡང་དེང་སང་གྲོང་ནག་ཡིན། ལྷ་ཁང་དང་རྟེན་གསུམ་ཆ་ཤས་མཇལ་རྒྱུ་ཡོད། ། ༈ སྣར་ཐང་ནས་ཚ་ལམ་ཙམ་དུ་རོང་ཨེ་ཝྃ་ཆོས་སྡེ། བླ་ཁག་ལྔ། ཁང་ཚན་བཅོ་བརྒྱད་སོགས་སུ་སྤྱིར་རྟེན་གསུམ་མང་པོ་དང་། ཁྱད་པར་བླ་བྲང་གཞུང་དུ་ངོར་ཆེན་གཟིམ་ཆུང་། ལམ་ཟབ་ཕུག་ཏུ་ལམ་འབྲས་བླ་བརྒྱུད་དང་། ཕྱག་དཔེ་རིགས་བཀའ་རྒྱ་མ། དེའི་མདོར་དབ ང་ཁང་། ལམ་འབྲས་ལྷ་ཁང་དུ་ངོར་ཆེན་འདྲ་སྐུ་གཙོས་ལམ་འབྲས་བླ་བརྒྱུད་དང་། གདན་རབས་རིམ་བྱོན་གྱི་འདྲ་ཞལ་དང་སྐུ་གདུང་སོགས། འདུ་ཁང་ཕུག་ཏུ་ཐུབ་ཆེན་གྱིས་མཚོན་རྟེན་བྱིན་ཅན་མང་། ཐར་རྩེ་བླ་བྲང་དུ་བིཪྺ་པའི་བཞེས་ཐོད་དུ་གྲགས་པ་དང་། མགོན་པོའི་ཐུག་རྟེན་གནམ་ལྕགས་རྡོ་རྗེ་སོགས་ནང་རྟེན་འགའ་ཞིག་མཇལ་རྒྱུ་ཡོད། དགོན་པའི་གཤམ་དུ་ངོར་ཆེན་གྱིས་བཞེངས་པའི་བདེ་གཤེགས་མཆོད་རྟེན་བརྒྱད་སོགས་སྤྱིར་རྟེན་གསུམ་མང་དུ་བཞུགས་སོ། ། ༈ ངོར་ནས་ཆག་ཆག་ལ་བརྒྱུད་དཔལ་ས་སྐྱར་ཉིན་ཞག་གསུམ་ཙམ་གྱིས་གཙང་ལ་རུ་གཉིས་ཡོད་པའི་རུ་ལག་ཏུ་གཏོགས་པ་དཔལ་ས་སྐྱར་སླེབ། དེར་སྤྱིར་ལྷ་ཁང་དང་རྟེན་གསུམ་མཐའ་ཡས་པའི་དཀར་ཆག་མཁན་ཆེན་ཀུན་དགའ་ཟླ་འོད་ཀྱིས་མཛད་པ་ཡོད་པར་གྲགས་པ་སོགས་ལས་གསལ། རྟེན་གྱི་གཙོ་བོ་ངོ་མཚར་སྤྲུལ་པའི་རྟེན་བཞིར་གྲགས་པ་དབུ་རྩེའི་འཇམ་དབྱངས་གཟི་འོད་འབར་བ། སྒོ་རུམ་གྱི་བསེ་འབག་ནག་པོ་འཕུར་ཤེས། གཡུ་མཁར་མོའི་སྒྲོལ་མ་སེམས་དཔའ་སྲིབ་དགོན་ལྟག་སུམ་བརྩེགས། བ་རི་བའི་ཕྱི་རྟེན་རྣམ་རྒྱལ་མཆོད་རྟེན་རྣམས་ཡིན། གཞན་ཡང་ཉིན་དགོན་བླ་བྲང་ཤར་དུ་ས་ཆེན་གྱིས་འཇམ་དབྱངས་ཞལ་གཟིགས་པའི་སྒྲུབ་ཕུག །ཉིན་དགོན་གྱི་ལྟག་ཏུ་སློབ་དཔོན་བསོད་ནམས་རྩེ་མོ་མཁའ་སྤྱོད་དུ་གཤེགས་ས། ཉིན་དགོན་ཞབས་བརྟན་ལྷ་ཁང་དུ་རྗེ་བཙུན་གྲགས་པའི་སྐུ་རྩ་རིས་མ། སྒོ་རུམ་གྱི་སྟེང་དུ་རྗེ་ས་པཎ་གྱིས་རིག་གཏེར་བརྩམ་སའི་གཞུགས་ཁྲི་བྱིན་རླབས་ཅན། དབུ་རྩེར་ས་པཎ་གྱིས་ཕྱག་བྲིས་འཇམ་དབྱངས་གར་གཟིགས་མ། གཞི་ཐོག་བླ་བྲང་དུ་ཁྱད་འཕགས་ལྷོ་བྱང་སོགས་རྟེན་གསུམ་རབ་འབྱམས། གཤམ་དུ་འཕགས་པ་རིན་པོ་ཆེའི་ཆོས་ཁྲི་ཁམས་གསུམ་ཟིལ་གནོན། སྲིབ་དགོན་སྤྲུལ་པའི་ལྷ་ཁང་ཐུབ་ཆེན་འཛམ་གླིང་གཡས་བཞག་དང་། ཆོས་བརྩིགས་བྲག་རི་བརྩེགས་པ་ལྟ་བུ་སོགས་རྟེན་གསུམ་བློའི་ར་བ་ལས་འདས་པ་དང་། སངས་རྒྱས་ཀྱི་ཆོས་དུང་དཀར་མོ་རྒྱང་གྲགས། ཁའུའི་ཆུ་གྱེན་དེད་དུ་ཕྱིན་པའི་ལམ་བར་ཕྲུ་མ་ཞེས་པ་དེར་ས་ཆེན་སྐུ་འཁྲུངས་ས་ཡིན། སྐུ་འཁྲུངས་པའི་དུས་ཀྱི་མངལ་གྱི་ཕྲུ་མ་སོགས་བཞུགས་པའི་མཆོད་རྟེན་ཡོད། དེ་ནས་རིམ་པར་དཔལ་མགོན་ཞལ་གྱི་བཞུགས་གནས་ཁའུ་བྲག་རྫོང་ནག་པོའི་རི་ཁྲོད། རྗེ་བཙུན་གྲགས་པ་དང་ས་ལོ་འཇམ་པའི་རྡོ་རྗེ་སོགས་ཀྱི་སྒྲུབ་གནས་བྱ་འགྱར་པདྨ་འོད། ས་སྐྱ་དང་ཉེ་བར་བསམ་གླིང་ཞེས་དམག་ཟོར་མའི་མགོན་ཁང་བྱིན་ཆེན་སོགས་ཡོད། ། ༈ ས་སྐྱ་ནས་ནུབ་ཕྱོགས་སུ་ཞག་གཅིག་ཙམ་གྱི་སར་མང་མཁར་ལུང་བ་ཡོད། དེའི་ཕུར་རྗེ་བཙུན་གྲགས་པ་དང་། ཚར་ཆེན་སོགས་ཀྱི་སྒྲུབ་གནས་ཆ་ལུང་རྡོ་རྗེའི་བྲག་རྫོང་ཡོད། དེ་ནས་རིམ་པར་ཚར་ཆེན་གྱི་གདན་ས་མང་མཁར་ཐུབ་བསྟན་དགེ་འཕེལ། འབྲོག་མི་ལོ་ཙཱ་བའི་གདན་ས་མང་མཁར་མུ་གུ་ལུང་། འདི་དེང་སང་གནས་འཛིན་ཙམ་མ་གཏོགས་ཅིའང་མེད་རུང་། འབྲོག་མིའི་གཟིམ་ཕུག་འོད་གསལ་ཟླ་བ་ཕུག །རྒྱ་དཔེ་བསྒྱུར་ས་སྒྲ་བསྒྱུར་ལོ་ཙཱ་ཕུག །ལམ་འབྲས་གནང་ས་གསུང་ངག་ལམ་འབྲས་ཕུག་སོགས་ཕུག་ཆེན་བཅུ་གསུམ་དུ་གྲགས་པ་རྣམས་མཇལ་རྒྱུ་ཡོད། དེ་ཐམས་ཅད་ས་ཕུག་ཁོ་ན་ཡིན། དེ་ནས་རིམ་པར་སྔགས་འཆང་བསོད་ནམས་ཆོས་འཕེལ་སོགས་ཀྱི་གདན་སའི་ཤུལ་དང་། མང་མཁར་གྱི་གཞུང་དུ་ལོ་ཙཱ་བ་རྨ་རིན་ཆེན་མཆོག་གི་འཁྲུངས་ཡུལ་ཡིན་སྐད་གྲོང་བ། མང་མཁར་གྱི་མདོར་ཚར་ཆེན་རིན་པོ་ཆེའི་རིང་ལུགས་འཛིན་པའི་འདར་གྲོང་མོ་ཆེ། འདིར་ཚར་ཆེན་རིན་པོ་ཆེའི་གདུང་འབུམ་བྱིན་རླབས་ཅན་བཞུགས། འདི་དང་ཉེ་བར་སེ་མཁར་ཆུང་ཡང་ཡོད། གྲམ་པ་ལྷ་རྩེ་ཞེས་པའི་ཞོལ་དུ་འབྲོག་མི་ལོ་ཙཱ་དང་ག་ཡ་དྷ་ར་ཐོག་མར་མཇལ་བའི་སྒྲུབ་ཕུག་ཡོད། འདི་ནས་ཡར་སྟོད་ཕྱོགས་ལ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གདན་ས་གཅུང་རི་བོ་ཆེ། གཙང་བོ་ཕ་རིའི་བྱང་བརྒྱུད་དུ་བྱང་ངམ་རིང་། རིག་འཛིན་རྒོད་ལྡེམ་གྱི་གཏེར་གནས་ཟང་ཟང་ལྷ་བྲག །རི་བོ་བཀྲ་བཟང་། རི་ཀུན་ཏུ་གཟིགས། ས་ཆེན་ཞིང་གཤེགས་སའི་གནས་བྱང་ཕྱོགས་སྐྱ་པོ་ཁ་གདོང་སོགས་མང་དུ་ཡོད་ཀྱང་ཐག་རིང་ལ་སྟོད་ཕྱོགས་ནས་རིམ་པར་ཡར་ཕྱིན་ན་ཕ་དམ་པའི་གཞུགས་གནས་དིང་རི། གངས་དཀར། བཀའ་བརྒྱུད་སྤྱི་དང་། ཁྱད་པར་རྒོད་ཚང་པའི་སྒྲུབ་གནས་རྩིབས་རི་རྒོད་ཚང་། རྗེ་བཙུན་མི་ལའི་འཁྲུངས་ཡུལ་མང་ཡུལ་གུང་ཐང་། ཡོལ་མོ་གངས་ཀྱི་ར་བ། མང་ཡུལ་སྐྱིད་གྲོང་ནས་བལ་ཡུལ་སོགས་དང་། ལ་སྟོད་བྱང་གི་ཕྱོགས་ནས་གངས་རི་ཏི་སེའི་བར་གནས་ཆེན་མཐའ་ཡས་པ་ཡོད། ། ༈ གོང་གི་ལྷ་རྩེ་དང་ཉེ་བར་མཐའ་འདུལ་གྱི་གཙུག་ལག་ཁང་དུ་གཏེར་སྟོན་བཟང་པོ་གྲགས་པས་ལེའུ་བདུན་མ་སོགས་ཀྱི་གཏེར་གནས་རུ་ལག་གྲམ་པ་ལྗོངས་ཀྱི་ལྷ་ཁང་། རྒྱངས་འབུམ་མོ་ཆེ། རྒྱངས་ཡོན་པོ་ལུང་དུ་སློབ་དཔོན་སྒྲུབ་ཕུག་ཡོད། དེ་ནས་རིམ་པར་ཞང་སྟོན་ཆོས་འབར་གྱི་གདན་ས་ཞང་པགས་ཐང་དིང་ཞེས་པ་དེ་ཡོད་ཀྱང་ཤུལ་ཙམ་མ་གཏོགས་ཅིའང་མེད། དེ་ནས་རྗེ་བཙུན་ཏཱ་ར་ནཱ་ཐས་གསར་བཏབ་དགའ་ལྡན་ཕུན་ཚོགས་གླིང་ཞེས་དེང་སང་ཆོས་ལུགས་དགེ་ལུགས་པ་ཡིན། རི་མཐིལ་གཉིས་ཀར་གཙུག་ལག་ཁང་དང་། དགོན་གནས་རྟེན་གསུམ་སོགས་ཀྱི་བཀོད་པ་ཤིན་ཏུ་དངོས་གཙང་ཞིང་ངོ་མཚར་བ་བཞུགས། འདིའི་ཕུར་ཀུན་མཁྱེན་དོལ་བུ་པའི་གདན་ས་རི་ཁྲོད་ཇོ་མོ་ནང་ཞེས་གྲགས་པར་སྐུ་འབུམ་མཐོང་གྲོལ་ཆེན་མོས་མཚོན་རྟེན་གསུམ་བྱིན་ཅན་མང་དུ་བཞུགས་ཤིང་། སྤྱིར་སྒྲུབ་ཕུག་སྐོར་མཇལ་རྒྱུ་མང་བ་ཞིབ་ཆ་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་གནས་བཤད་དུ་གསལ། ཕུན་གླིང་ནས་ཉེ་བར་བྲག་རམ་མགོན་ཁང་ཞེས་བེཀ་རྩེའི་མགོན་ཁང་གྲགས་ཆེ་བ་དེ་ཡོད། ཕུན་ཚོགས་གླིང་ནས་ཉིན་ལམ་ཙམ་དུ་དགེ་བའི་བཤེས་གཉེན་མུ་དྲ་ཆེན་པོས་བཏབ་ཅིང་། དཔང་ལོ་ཆེན་པོ་ཁུ་དབོན་དང་། བོ་དོང་པཎ་ཆེན་སོགས་ཀྱི་གདན་ས་བོ་དོང་ཨེའི་གཙུག་ལག་ཁང་ཞེས་པ་དེ་ཡོད་ཀྱང་དེང་སང་སེར་ཁྱིམ་ཡིན། བོ་དོང་པཎ་ཆེན་གྱི་རིང་བསྲེལ་ལས་གྲུབ་པའི་སྐུ་སོགས་རྟེན་བྱིན་ཅན་འགའ་ཞིག་མཇལ་རྒྱུ་ཡོད། དེ་དང་ཉེ་བར་མཉེན་ཡོད་བྱ་རྒོད་གཤོང་ཞེས་པ་དེ་ཡོད། ཆོས་རྒྱལ་དུས་ཀྱི་མཐའ་འདུལ་གྱི་གཙུག་ལག་ཁང་ཡིན། རྣམ་སྲས་མདུང་དམར་ཅན་གྱི་སྐུ་བྱིན་ཅན་བཞུགས། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་སོགས་ཀྱི་དུས་ས་སྐྱའི་མཚན་ཉིད་གྲྭ་ཚང་ཆེན་པོ་ཡིན་ནའང་དེང་སང་མིང་མ་བོར་ཙམ་ལས་མེད། གྲུབ་ཐོབ་འདར་འཕྱར་གྱི་གདུང་བརྒྱུད་བླ་མ་སྙིང་རི་བ་ཞེས་པ་དེའང་འདི་ཕྱོགས་བཞུགས་ས་ཡིན། བོ་དོང་ནས་ཉིན་ལམ་ཙམ་ན་སྔོན་མོ་ཆོས་རྫོང་དང་། ས་སྐྱ་པའི་བླ་མ་གོང་མའི་གདན་ས་ཤ་བ་དགེ་སྡིངས་རྡོ་རྗེའི་ཕོ་བྲང་ཞེས་པ་དེ་ཡོད། འདི་དང་ཉེ་བར་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱི་གདན་ས་ཁྲོ་ཕུ་བྱམས་ཆེན་ཆོས་སྡེ་ཞེས་པ་དེ་ཡོད། དེར་བྱམས་པ་དགུང་ལོ་བརྒྱད་པའི་སྐུ་ཚད་ཁྲུ་བརྒྱད་ཅུ་པའི་ལྷ་ཆེན་བོད་ཀྱི་གསེར་སྐུ་ཞིག་ལ་ངོ་མཚར་ཆེ་བ་དེ་དང་། ཁྱད་འཕགས་བཅུ་གསུམ་སོགས་མཇལ་རྒྱུ་ཡོད། མང་མཁར་སོགས་སྟོད་ཀྱི་གནས་རིགས་བསྐོར་མ་གྲུབ་ཀྱང་ས་སྐྱ་ནས་མར་ལན་ཤབ་དགེ་སྡིངས་བརྒྱུད་འོངས་ན་འདིར་སླེབ་པ་ཡིན། ཁྲོ་ཕུ་ནས་གངས་ཅན་ཆོས་འཕེལ་ཞེས་པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱི་གདན་ས་དེར་དམག་ཟོར་མའི་སྐུ་བྱིན་ཅན་ཡོད། དེ་ནས་སྟག་ལ་ནུབ་བརྒྱུད་སྣར་ཐང་དུ་སླེབ། ། ༈ གཞིས་ཀ་རྩེ་ནས་གཙང་པོ་ཕ་རིའི་ཕྱོགས་སུ་ཕྱིན་ན་རྟ་ནག་ཕྱོགས་སུ་ཀུན་མཁྱེན་བསོད་ནམས་སེང་གེའི་གདན་ས་ཐུབ་བསྟན་རྣམ་རྒྱལ། འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་ཀྱི་སྒྲུབ་ཕུག་བྱིན་ཅན། སྒྲོལ་ཆེན་རིམ་བྱོན་གྱི་གདན་ས་སྒྲོལ་མ་ཕུག །དེ་ནས་གཙང་པོ་རྒྱུད་ཡར་ཕྱོགས་རིམ་པར་བཞད་ཐུབ་བསྟན། རྒྱལ་སྲས་ཐོགས་མེད་ཀྱི་གདན་ས་བཞད་དངུལ་ཆུ་ཆོས་རྫོང་། མུས་ལུང་པའི་སྟོད་སྨད་དུ་མུས་ཆེན་སེམས་དཔའ་ཆེན་པོའི་གདན་ས། དབེན་གནས་བསམ་གཏན་ཕུག །གླེ་ལུང་། སྟག་མོ་གླིང་ཁ་སོགས་ཡོད། གཙང་བོ་བྱང་བརྒྱུད་ཐུར་དུ་ཕྱིན་ན་ཤངས་ལུང་པའི་སྟོད་སྨད་བར་གསུམ་དུ་སྤྱིར་གནས་རྟེན་མང་པོ་དང་། ཁྱད་པར་ཤངས་མདར་ཟུར་ཆེ་ཆུང་གི་སྒྲུབ་གནས་ཤངས་མདའ་དཔལ་ཆེན། ཤངས་གཞུང་དུ་གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱི་གདན་ས་ཤངས་ནང་ཞང་རྡོ་རྗེ་གདན། གྲུབ་ཆེན་རྨོག་ལྕོག་པའི་གདན་ས་རྨོག་ལྕོག །གྲུབ་ཆེན་འབའ་ར་བའི་གདན་ས་འབའ་ར་བྲག་དཀར། ཤངས་ཀྱི་ཕུར་གཙང་གི་སྒྲུབ་གནས་ཀུན་གྱི་གཙོ་བོ་ཤངས་ཟམ་བུ་ལུང་བདེ་གཤེགས་འདུས་པའི་ཕོ་བྲང་། དེ་དང་འགོ་འབྲེལ་དུ་གནས་ཆེན་སོག་པོ་འཛུལ་ཁུང་སོགས་ཁྱད་པར་ཅན་ཡོད། ཤངས་ནས་ཕར་ལ་བརྒལ་ནས་ཕྱིན་ན་འུ་ཡུག་ཏུ་སླེབ། འདིའི་སྟོད་སྨད་དུ་བཀའ་གདམས་པ་རམ་ལྡིང་མ་བདེ་གཤེགས་འབྱུང་གནས་གདན་ས། འུ་ཡུག་ལྡིང་མ་དགོན་དུ་རྟེན་གསུམ་བྱིན་ཅན་དང་། ཁྱད་པར་ཆུ་མྱོང་གྲོལ་སོགས་ཡོད། མདར་འུག་གདོང་དུ་སློབ་དཔོན་རིན་པོ་ཆེའི་སྒྲུབ་ཕུག །འུ་ཡུག་མདར་དམ་ཅན་གྱི་སྐུ་མཁར་དང་། གོས་སྔོན་ལྷ་ཁང་སོགས་ཡོད། འུ་ཡུག་སྟོད་ནས་ལ་བརྒལ་ནས་ཕྱིན་ན་རིམ་པར་ཀརྨ་ཞྭ་དམར་པའི་གདན་ས་ཐུབ་བསྟན་ཡངས་པ་ཅན་དང་། བྱང་གནམ་མཚོ་སོགས་དང་འབྲེལ་བ་ཡིན། འུ་ཡུག་སྨད་ནས་རིམ་པར་གཞུ་སྙེ་མོར་སླེབ། སྙེ་མོར་བཻ་རོ་ཙ་ནའི་འཁྲུངས་ཡུལ་དང་། དགུང་ལོ་བརྒྱད་པའི་ཞབས་རྗེས་སོགས་ཡོད་སྐད། འུ་ཡུག་ནས་མཚུར་ཕུ་ལ་རྒན་བརྒྱུད་སྟོད་ལུང་མཚུར་ཕུར་སླེབ་པ་ཡིན། ། ༈ གོང་གི་གཞིས་ཀ་རྩེ་ནས་གཙང་པོ་ལྷོ་རྒྱུད་ནས་མར་ཕྱིན་པས་རིམ་པར་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གདན་ས་ཐུབ་བསྟན་གསེར་མདོག་ཅན། འདི་སྔར་མཚན་ཉིད་ཀྱི་གྲྭ་ཚང་ཆེན་པོ་ཡིན་ཡང་དེང་སང་མིང་མ་སྟོང་ཙམ་ལས་མེད། འོན་ཀྱང་རྟེན་གསུམ་བྱིན་ཅན་ཡོད། འདིའི་སྤན་ཐག་མའི་ཕུར་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་ཟུར་འུག་པ་ལུང་ཞེས་གྲགས་པ་དེ་ཡོད། དེང་སང་གྲོང་པ་ཡིན་ཀྱང་ལྷ་ཁང་དང་རྟེན་བྱིན་ཅན་འགའ་ཞིག་ཡོད། ཕུང་པོ་རི་བོ་ཆེར་ཨོ་རྒྱན་གྱི་སྒྲུབ་གནས་དང་། རྒྱ་ཞང་ཁྲོམ་གྱི་གཏེར་གནས། ལྔ་པ་རིན་པོ་ཆེའི་དུས་བཏབ་པའི་གྲྭ་ཚང་ཞིག་ཀྱང་ཡོད། གཙང་རོང་ཆེན་དུ་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་གིས་བཏབ་པའི་བྱམས་ཆེན་ཆོས་སྡེར། བྱམས་པའི་སྐུ་ཁྲོ་ཕུ་བྱམས་པ་དང་མཚུངས་པ་སོགས་རྟེན་གསུམ་མང་དུ་ཡོད། གཙང་རོང་ཆུང་དུ་འབྲས་ཡུལ་སྐྱེད་ཚལ་བ་གོང་འོག་དང་། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱི་གཏེར་གནས་ཁམས་ཕུ་ལུང་ཨོ་རྒྱན་སྒྲུབ་ཕུག་སོགས་ཡོད། རོང་ཆེན་གྱི་གཞུང་ནང་དུ་ངུར་སྨྲིག་གི་སྒྲོལ་མ་ཁང་དང་། རྙིང་མའི་གདན་ས་གངས་ར་ངེས་གསང་རྡོ་རྗེ་གླིང་། གཏེར་སྟོན་རྒྱ་ཞང་ཁྲོམ་འཁྲུངས་ས་དུམ་པ་ཆུ་ཚན་ཁ། རོང་གི་ཕུར་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་སྒྲུབ་གནས། དེ་ནས་ལ་བརྒལ་ནས་ཡར་འབྲོག་མཚོ་ཁ་དང་། གམ་པ་ལ་བརྒྱུད་དཔལ་ཆུ་བོ་རིར་སླེབ་པ་ཡིན། ཆུ་བོ་རི་འདི་བོད་ལ་བདེ་སྐྱིད་འབྱུང་བའི་རི་ཆུ་མིག་བརྒྱ་རྩ། སྒྲུབ་གནས་བརྒྱ་རྩ་སོགས་ཡོད་པར་གྲགས། དེང་སང་གྲགས་ཆེ་བ་ལྕགས་ཟམ་ཁར་ལྕགས་ཟམ་བླ་བྲང་། མཆོད་རྟེན། གཟིམ་ཕུག་བླ་བྲང་སོགས་སུ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་གསུང་ཐུགས་རྟེན་བྱིན་ཆེན་ཅི་རིགས་པ་དང་། ལྕགས་ཟམ་རྩེར་རིག་འཛིན་ལེགས་ལྡན་རྗེའི་གཟིམ་ཕུག་གོང་དཀར་ཕྱོགས་སུ་ཁ་བལྟ་བའི་སར་ཚེས་བཅུ་བཀོད་པའི་བླ་བྲང་། དེ་དང་ཉེ་བར་ཚེ་ཆུ་ཁྱད་འཕགས། ནུབ་ཕྱོགས་པདྨ་དབང་ཕྱུག །རྩེར་སློབ་དཔོན་ཆེན་པོའི་སྒྲུབ་གནས་བྲག་ཕུག་ཆེན་པོ་བརྒྱད་ཀྱི་ནང་ཚན་དབེན་གནས་ནམ་མཁའ་ལྡིང་ཞེས་པའི་སྒྲུབ་ཕུག་བྱིན་ཅན། ཆུ་བོ་རིའི་བྱང་ཕྱོགས་སུ་བྲག་ཐོག་ཅེས་པ་གོང་དཀར་རྡོ་རྗེ་གདན་གྱི་བླ་མ་བྲག་ཐོག་པ་བསོད་ནམས་བཟང་པོའི་གདན་ས་ཡིན། སོ་སོའི་འདྲ་སྐུ་སོགས་ཡོད། ལྕགས་ཟམ་ཕ་རིའི་ཕྱོགས་སུ་ཡོལ་རི་གོང་ཞེས་པ་ཤངས་པ་བཀའ་བརྒྱུད་ཀྱི་གྲུབ་ཆེན་རི་གོང་པ་སངས་རྒྱས་གཉེན་སྟོན་གྱི་སྒྲུབ་གནས་མགོན་པོ་བྱིན་ཅན་སོགས་ཡོད། ། ༈ དེ་ནས་གཙང་པོ་བྱང་ཆུ་ཤུལ་སོགས་བརྒྱུད་ཆུ་གྱེན་དེད་རིམ་པར་ཕྱིན་པས་སྣམ་ཞེས་པའི་ཕུར་འབྲུག་སེ་བ་བྱང་ཆུབ་ཆོས་གླིང་ཡོད། འདི་འབྲུག་པ་ཞེས་མཚན་དང་པོར་ཐོགས་ས་ཡིན། གཞུང་ལམ་ནས་ཡར་ཕྱིན་པའི་ལམ་ཁ་རང་དུ་ཇོ་བོ་རྗེའི་གདན་ས་སྙེ་ཐང་ཞེས་པ་དེ་ཡོད། དེའང་སྙེ་ཐང་འོར་དུ་མཆོད་ཁང་ནང་ཇོ་བོ་རྗེའི་གདུང་རྟེན་སོགས་རྟེན་བྱིན་རླབས་ཅན་སྣང་། དེའི་འོག་ཏུ་ཇོ་བོ་རྗེའི་འདྲ་སྐུ་ང་འདྲ་མ་ཇོ་བོ་རང་གི་མཛུབ་རྗེས་ཅན་དང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གདུང་འབུམ་ཆེན་པོ་སོགས། འདིའི་གཙང་པོ་ཕ་རིར་རི་ཕུག་ཏུ་རྔོག་ལེགས་པའི་ཤེས་རབ་དང་། བློ་ལྡན་ཤེས་རབ་ཀྱི་གདན་ས་བོད་ཡུལ་རིག་པའི་འབྱུང་གནས་གསང་ཕུ་ནེའུ་ཐོག་ཅེས་པའི་ཆོས་གྲྭ་ཡོད་ཀྱང་དེང་སང་གྲོང་ནག་ཡིན། འོན་ཀྱང་གཙུག་ལག་ཁང་དང་། རྟེན་བྱིན་ཅན་འགའ་ཞིག །གཡག་རོང་གཉིས་ཀྱི་གཟིམ་སྐྱིལ། བསེ་ཁྲབ་པའི་མགོན་ཁང་། ཕྱྭ་པའི་གདུང་འབུམ་སོགས་མཇལ་རྒྱུ་དང་། གསང་མདར་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་སྐུ་གདུང་བཞུགས་སའི་ཁང་ཆུང་ཞིག་ཡོད། དེ་ནས་གཙང་པོ་མར་བརྒྱུད་ཕྱིན་ན་ཉིན་ལམ་ཙམ་གྱི་སར་མངའ་བདག་ཁྲི་རལ་པ་ཅན་གྱིས་བཞེངས་པའི་འུ་ཤངས་རྡོ་དཔེ་མེད་དགེ་འཕེལ་གྱི་ལྷ་ཁང་ཤུལ་དུ་གསར་བཞེངས་ལྷ་ཁང་དང་ཇོ་བོ་སོགས་སྤུས་གཙང་བ་བཞུགས། འདིའི་ཕུར་ཀུན་མཁྱེན་ཀློང་ཆེན་པའི་བཞུགས་གནས་གངས་རི་ཐོད་དཀར་གྱི་གཟིམས་ཁང་། ཉེ་ལོགས་སུ་བོད་ཀྱི་རི་བོ་རྩེ་ལྔ། དེའི་མདུན་རྒྱབ་ཏུ་ལྷ་རིང་ཀློང་ཆེན་བྲག་ཅེས་པའི་གུ་རུའི་སྒྲུབ་ཕུག་དང་། སློབ་དཔོན་རིན་པོ་ཆེའི་སྒྲུབ་གནས་བྲག་དམར་ཟང་ཡག་ནམ་མཁའ་རྫོངས་ཞེས་གུ་རུ་ཇོ་རྩེའི་གཏེར་གནས་དེ་ཡོད། སྙེ་ཐང་ནས་གཙང་པོ་གྱེན་དེད་ཕྱིན་པས་སྟོད་ལུང་མདའ་བརྒྱུད་ནས་ལྷ་སར་ཕྱིན་པ་ཡིན། ། ༈ སྟོད་ལུང་མདར་སློབ་དཔོན་རིན་པོ་ཆེས་རྫུ་འཕྲུལ་གྱིས་བཏོན་པའི་གཞོང་པ་ལྷ་ཆུ་དེ་དང་ཉེ་བར་སྔར་མཚན་ཉིད་ཀྱི་གྲྭ་ཚང་ཆེ་བ་སྐྱོར་མོ་ལུང་དང་། ཆུ་ཕ་རིར་དགའ་བ་གདོང་ཞེས་པ་ཡོད། དགའ་བ་གདོང་དུ་བླ་མ་དབུ་མ་པ་ལ་ཞུ་སྣ་བརྒྱུད་ནས་རྗེ་རིན་པོ་ཆེས་འཇམ་པའི་དབྱངས་ལ་དྲི་བ་མཛད་ས་སྒྲུབ་ཕུག་དེའང་སྣང་འདི་དང་ཉེ་བ་ནས་ཕྱིན་པར་ར་ཚག་ཅེས་པར་ནཱ་རོ་པའི་ཐུགས་དམ་རྟེན་ནཱ་རོ་མཁའ་སྤྱོད་མའི་སྐུ་བཞུགས་ས་ཞིག་ཡོད་སྐད་པ་རྩད་དཔྱད། དགའ་གདོང་ནས་མར་ཕྱིན་པའི་སྟོད་ལུང་མདར་རི་སྒང་ཞིག་ཏུ་དངོས་གྲུབ་སྡིངས་ཞེས་སེར་སྲུང་འདུག་སའི་སྒྲུབ་ཁང་ཆུང་ངུ་ཡོད། འདི་བལ་པོ་སྨོན་ལམ་སེང་གེ་ཞེས་པས་བཏབ་པར་གྲགས། སློབ་དཔོན་རིན་པོ་ཆེས་བསམ་ཡས་ས་འདུལ་མཛད་པའི་ཕུར་ཆ་རགས་རིམ་དང་། གངས་དཀར་ཤ་མེད་བཏུལ་བའི་ཕྱག་མཚན་རྡོ་རྗེ། ས་ར་ཧའི་སྒོམ་ཐག །ནཱ་རོ་པའི་རུས་རྒྱན་སོགས་ནང་རྟེན་ཁྱད་པར་འཕགས་པ་མང་པོ་མཇལ་རྒྱུ་ཡོད། སྟོད་ལུང་ནང་ནས་ཡར་ཕྱིན་པས་ཞག་གཅིག་གིས་ཀརྨའི་གདན་ས་སྟོད་ལུང་མཚུར་ཕུར་སླེབ། འདི་དང་སྟོད་ལུང་བར་མཚུར་ཕུར་ཉེ་བར་གནས་ནང་དཔའ་བོའི་གདན་སར་ཞྭ་དམར་གྲགས་པ་སེང་གེའི་སྐུ་གདུང་སོགས་ཡོད། མཚུར་ཕུར་ལྷ་ཁང་དང་རྟེན་གསུམ་ཤིན་ཏུ་མང་བར་བཞུགས་ཤིང་། གཙོ་བོ་ཀརྨ་པཀྴིས་བཞེངས་པའི་ཐུབ་ཆེན་འཛམ་གླིང་རྒྱན། རྒྱལ་བའི་དབང་པོ་སྐུ་རབས་ཕལ་ཆེར་གྱི་སྐུ་གདུང་། འདྲ་སྐུ་སོགས་བྱིན་ཅན་མང་དུ་བཞུགས། སྐོར་ལམ་དུ་རྗེ་རང་བྱུང་རྡོ་རྗེའི་སྒྲུབ་གནས་པདྨ་ཁྱུང་རྫོང་སོགས་མང་དུ་མཇལ་རྒྱུ་ཡོད་དོ། །དེ་ལྟར་གྲོལ་བ་བཞི་ལྡན་གནས་རྟེན་མཆོག །ལུས་ཅན་ཀུན་གྱི་རྫོགས་སྨིན་སྦྱངས་པའི་ཞིང་། །ཇི་ལྟར་བཞུགས་པའི་དཀར་ཆག་རགས་རིམ་འདིས། །དད་ལྡན་ཐར་པར་བགྲོད་པའི་ལམ་མཚོན་ཤོག །ཅེས་པའང་བྱ་བྲལ་བ་མཉྫུ་གྷོ་ཥས་སོ།། །།

Footnotes

Other Information