ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་འཁྲུངས་རབས་རགས་བསྡུས་ཀྱི་གསོལ་འདེབས་ངོ་མཚར་དཔལ་སྐྱེད།

From Khyentse Lineage - A Tsadra Foundation Project
Revision as of 09:41, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKW-KABAB-01-KA-005
Wylie title kun mkhyen bla ma 'jam dbyangs mkhyen brtse'i dbang po'i 'khrungs rabs rags bsdus kyi gsol 'debs ngo mtshar dpal skyed JKW-KABAB-01-KA-005.pdf
Location mkhyen brtse'i bka' babs
Volume 1, Text 5, Pages 379-383 (Folios 1a to 3a6)
Author འཇམ་མགོན་ཀོང་སྤྲུལ་
Less details More details
Associated People འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation 'jam mgon kong sprul. Kun mkhyen bla ma 'jam dbyangs mkhyen brtse'i dbang po'i 'khrungs rabs rags bsdus kyi gsol 'debs ngo mtshar dpal skyed. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 1: 379-383. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Past Life Narratives - skye rabs - 'khrungs rabs  ·  Supplications - gsol 'debs
Karchag page JKW-KABAB-Volume-01-KA-Karchag
Colophon

།ཅེས་པའང་དཔལ་ལྡན་ཨེ་ཝཾ་པའི་བསྟན་འཛིན་ཆེན་པོ་མངའ་རིས་ཆོས་རྗེ་ཀུན་དགའ་འཇམ་དབྱངས་གྱིས་གསུང་བསྐུལ་རྟེན་བཅས་སྩལ་གནང་ངོར༌། ཀུན་མཁྱེན་བླ་མ་རིན་པོ་ཆེའི་རྡོ་རྗེའི་བཀའ་སློབ་བློ་གྲོས་མཐའ་ཡས་པའི་སྡེས་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཟང་པོར་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།།

ces pa'ang dpal ldan e waM pa'i bstan 'dzin chen po mnga' ris chos rje kun dga' 'jam dbyangs gyis gsung bskul rten bcas stsal gnang ngor*/__kun mkhyen bla ma rin po che'i rdo rje'i bka' slob blo gros mtha' yas pa'i sdes cho 'phrul zla ba'i dkar phyogs kyi tshes bzang por rdzong gsar bkra shis lha rtse'i chos grwa chen por bgyis pa dge legs 'phel

[edit]
༄༅། ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་འཁྲུངས་རབས་རགས་བསྡུས་ཀྱི་གསོལ་འདེབས་ངོ་མཚར་དཔལ་སྐྱེད་བཞུགས་སོ།།ན་མོ་གུ་ར་བེ། །རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས་མཛོད། །ཕྱོགས་དུས་རྫོགས་སངས་རྒྱས་ཀུན་སྐྱེད་པའི་ཡབ། །མཁའ་ཁྱབ་འགྲོ་བ་འདྲེན་མཛད་ཐུགས་རྗེ་ཅན། །བཅོམ་ལྡན་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས། །མཁྱེན་རབ་ཕུལ་བྱུང་ཆོས་ཀུན་ཐུགས་སུ་ཆུད། །ཨ་ཏིའི་བསྟན་བདག་འཇམ་དཔལ་བཤེས་གཉེན་དང༌། །རྡོ་རྗེའི་སྐུ་བརྙེས་འགྲོ་དོན་རྟག་ཏུ་བཞུགས། །བཱི་མ་མི་ཏྲའི་ཞབས་ལ་གསོལ་བ་འདེབས། །གངས་ལྗོངས་ཆོས་ཀྱི་ཉིན་བྱེད་འདྲེན་པ་ཡི། །ཤིང་རྟ་ཆེན་པོ་འཇམ་མགོན་ཁྲི་ལྡེའི་ཞབས། །འབྲེལ་ཚད་དོན་ལྡན་བཀའ་འདུས་ཆོས་ཀྱི་བདག །རྒྱལ་སྲས་མཆོག་གྲུབ་རྒྱལ་པོར་གསོལ་བ་འདེབས། །འོད་དཔག་མེད་མགོན་དཱི་པཾ་ཀ་ར་ཡི། །ཐུགས་སྲས་མཆོག་གྱུར་ནག་ཚོ་ཚུལ་ཁྲིམས་རྒྱལ། །སྤྱན་རས་གཟིགས་སྤྲུལ་གངས་ཅན་བསྟན་འགྲོའི་དཔལ། །རྒྱལ་བའི་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །ངོ་མཚར་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར། །མངའ་བདག་ཉང་རལ་ཉི་མ་འོད་ཟེར་དང༌། །མི་ལའི་ཐུགས་སྲས་མཁའ་སྤྱོད་སྐུ་དངོས་གཤེགས། །རས་ཆུང་རྡོ་རྗེ་གྲགས་པར་གསོལ་བ་འདེབས། །བྱང་ཕྱོགས་རྒྱུད་དུ་དགེ་སློང་འཚོ་བྱེད་ཅེས། །རྒྱལ་བས་ལུང་བསྟན་མཉམ་མེད་སྒམ་པོ་པ། །བོད་ཡུལ་རྡོ་རྗེ་འཛིན་ཀུན་གཙུག་གི་རྒྱན། །གྲགས་པ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །ཆོས་རྒྱལ་གསུང་སྤྲུལ་གཏེར་ཁ་བཅོ་བརྒྱད་བདག །འགྲོ་འདུལ་གུ་རུ་ཆོས་ཀྱི་དབང་ཕྱུག་དང༌། །ཁམས་གསུམ་སྐྱེ་དགུའི་སྐྱབས་གཅིག་ཆོས་ཀྱི་རྒྱལ། །བློ་གྲོས་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །རྩོལ་བྲལ་ཐེག་པའི་ཆོས་འཁོར་བླ་མེད་བསྐོར། །ཀུན་ཏུ་བཟང་པོ་དྲི་མེད་འོད་ཟེར་དང༌། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་གཏེར་མཛོད་འཆང༌། །ཡར་རྗེ་ཨོ་རྒྱན་གླིང་པར་གསོལ་བ་འདེབས། །བཀའ་གདམས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན། །ཕྲིན་ལས་མཁའ་ཁྱབ་དགེ་འདུན་གྲུབ་པ་དང༌། །རི་ཁྲོད་མགོན་པོས་རྗེས་གཟུང་མཆོག་དངོས་གྲུབ། །པཎ་ཆེན་བ་ན་རཏྣར་གསོལ་བ་འདེབས། །རྒྱུད་སྡེ་རྒྱ་མཚོའི་འབྱུང་གནས་ཞ་ལུ་པ། །མཁྱེན་རྟོགས་དབང་ཕྱུག་མཁྱེན་རབ་ཆོས་ཀྱི་རྗེ། །གཞན་ཕན་ཆོ་འཕྲུལ་འཛམ་གླིང་ཁྱབ་པར་སྟོན། །གྲུབ་ཆེན་ཐང་སྟོང་རྒྱལ་པོར་གསོལ་བ་འདེབས། །གངས་ཅན་སློབ་བཤད་བསྟན་འཛིན་ཀུན་གྱི་ཕུལ། །འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་ཕྱུག་དང༌། །མཚན་ཐོས་སྲིད་པའི་འཇིགས་སྐྱོབ་མཁས་གྲུབ་མཆོག །པདྨ་དབང་གི་རྒྱལ་པོར་གསོལ་བ་འདེབས། །རིག་སྔགས་འཆང་བ་མཐུ་ལྡན་དབང་པོའི་སྡེ། །བཀྲ་ཤིས་སྟོབས་རྒྱལ་མཁའ་འགྲོ་ཡོངས་གྲུབ་རྩལ། །རྩོད་པའི་དུས་མཐར་གངས་ཅན་སྐྱོབ་པའི་མགོན། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །རྒྱལ་སྲས་ལྷ་རྗེའི་ཡང་སྲིད་བཅུ་གཉིས་པ། །ཨོ་རྒྱན་གསུང་སྤྲུལ་གཏེར་ཆེན་ཆོས་རྗེ་གླིང༌། །མཁྱེན་བརྩེ་ནུས་ལྡན་མཁན་ཆེན་ཨེ་ཝཾ་པ། །བྱམས་པ་ནམ་མཁའ་འཆི་མེད་ལ་གསོལ་བ་འདེབས། །དགོངས་པའི་རྩལ་རྫོགས་ཨ་ཏིའི་བསྟན་པ་ཡིས། །ཀུན་ཏུ་ཁྱབ་མཛད་འཇིགས་མེད་གླིང་པ་དང༌། །བཀའ་བབས་བདུན་ལྡན་མཚུངས་བྲལ་འཁོར་ལོའི་མགོན། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བཏབ་མཐུས། །སྐྱེ་བ་ཀུན་ཏུ་དམ་པ་མཆོག་རྣམས་ཀྱིས། །རྗེས་སུ་བཟུང་ནས་རླབས་ཆེན་སྤྱོད་པ་ཡིས། །རང་གཞན་དོན་གཉིས་མཐའ་རུ་ཕྱིན་པར་ཤོག །མགོན་ཁྱོད་མངོན་པར་རྫོགས་པར་འཚང་རྒྱ་བའི། །འཁོར་གྱི་འདུས་པ་དང་པོར་སྐྱེས་ནས་ཀྱང༌། །ཆོས་སྒོ་ཀུན་འཛིན་བསྟན་པ་ཕྱོགས་བརྒྱར་སྤེལ། །ཉིད་དང་དབྱེར་མེད་མངོན་པར་བྱང་ཆུབ་ཤོག །གང་གི་བསྟན་པ་ཉིན་མོའི་འོད་བཞིན་གསལ། །ཕྲིན་ལས་རྒྱུན་བཟང་སྲིད་མཐའི་བར་དུ་བདལ། །འཇིག་རྟེན་རྒུད་པ་མིང་ཡང་མི་གྲགས་ཤིང༌། །དགེ་ལེགས་རྫོགས་ལྡན་གསར་པས་ཀུན་ཁྱབ་ཤོག །ཅེས་པའང་དཔལ་ལྡན་ཨེ་ཝཾ་པའི་བསྟན་འཛིན་ཆེན་པོ་མངའ་རིས་ཆོས་རྗེ་ཀུན་དགའ་འཇམ་དབྱངས་གྱིས་གསུང་བསྐུལ་རྟེན་བཅས་སྩལ་གནང་ངོར༌། ཀུན་མཁྱེན་བླ་མ་རིན་པོ་ཆེའི་རྡོ་རྗེའི་བཀའ་སློབ་བློ་གྲོས་མཐའ་ཡས་པའི་སྡེས་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཟང་པོར་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

Footnotes

Other Information