པདྨ་འོད་གསལ་མདོ་སྔགས་གླིང་པའི་ཡང་གཏེར་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཞལ་ཐང་བཀོད་ཡིད།

From Khyentse Lineage - A Tsadra Foundation Project
Revision as of 09:40, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-11-DA-120
Wylie title pad+ma 'od gsal mdo sngags gling pa'i yang gter bka' 'dus chos kyi rgya mtsho'i zhal thang bkod yid JKCL-KABUM-11-DA-120.pdf
Location chos kyi blo gros bka' 'bum
Volume 11, Text 120, Pages 575-587 (Folios 1a1 to 7a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation 'jam dbyangs mkhyen brtse chos kyi blo gros. pad+ma 'od gsal mdo sngags gling pa'i yang gter bka' 'dus chos kyi rgya mtsho'i zhal thang bkod yid. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 575-587. Bir, H.P.: Khyentse Labrang, 2012.
Genre Guides to Paintings - bri yig
Cycle དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ (dpal bka' 'dus chos kyi rgya mtsho)

1 Texts in this Section (sde tshan or chos tshan)

[edit]
པདྨ་འོད་གསལ་མདོ་སྔགས་གླིང་པའི་ཡང་གཏེར་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཞལ་ཐང་བཀོད་ཡིད་ལ། གཙོ་བོ་སྤྱི་དཔལ་ཆེན་པོ་རྩ་བའི་སྐུ་མདོག་སྨུག་ནག་དབུས་ཞལ་མཐིང་ནག་ནས་ཡར་བརྩེགས་པ་ལྔ་མཐིང་འཇིགས་ཉམས། གཡས་ལྔ་དཀར་བཞད་ཉམས། རྒྱབ་ལྔ་ལྗང་གཏུམ་ཉམས། གཡོན་ལྔ་དམར་རྔམ་པའི་ཉམས། གཙུག་གི་ཞལ་གཅིག་མཐིང་སྔོན། རྩ་ཕྱག་གཉིས་མཐིང་ག་རྡོར་དྲིལ་བསྣོལ་ཐབས། གཡས་ལྷག་མ་ཉི་ཤུས་སངས་རྒྱས་རྣམ་སྣང་དཀར་པོ་འཁོར་ལོ་དྲིལ་བུ། དེའི་འོག་ཏུ་ཡུམ་བདེ་དབྱིངས་གཡས་ཉི་ཟླས་ཏོག་བྱས་པའི་རྒྱལ་མཚན། གཡོན་ཐོད་པ། སངས་རྒྱས་རབ་དཔའ་དམར་སེར་པདྨ་དྲིལ་བུ། ཡུམ་ལྗང་གུ་རྒྱ་གྲམ། ཐོད་ཆང་། མི་བསྐྱོད་དཀར་རྡོར་དྲིལ། ཡུམ་དཀར་གསལ་ཟླ་བའི་རྒྱལ་མཚན་དང་ཐོད་ཆང་། རིན་འབྱུང་སེར་པོ་རིན་ཆེན་དྲིལ་བུ། ཡུམ་སེར་རྨ་བྱའི་རྒྱལ་མཚན་ཐོད་ཆང་། འོད་དཔག་མེད་དམར་སེར་པདྨ་དྲིལ་བུ། ཡུམ་དམར་ཉི་མའི་རྒྱལ་མཚན། ཐོད་ཆང་། དོན་གྲུབ་ལྗང་རལ་གྲི་དྲིལ་བུ། ཡུམ་ལྗང་རིན་ཆེན་རྒྱལ་མཚན་ཐོད་ཆང་། འོད་འཕྲོ་དཀར་སེར་དྲུང་དཀར་དྲིལ་བུ། ཡུམ་སེར་དཀར་ཕྱེད་གཟུངས་གཏེར་བུམ་ཐོད་ཆང་། དཔལ་བརྩེགས་སེར་དམར་ཕྱེད་མ་རྔ་ཡབ་དྲིལ་བུ། ཡུམ་ཕྱེད་གཟུགས་པད་སྡོང་ཐོད་ཆང་། སངས་རྒྱས་དགའ་བའི་དཔལ་དམར་ལྗང་ཕྱེད་མ་དཔལ་བེའུ། དྲིལ་བུ། ཡུམ་ཕྱེད་གཟུགས་རིན་ཆེན་ཕྲེང་བ། ཐད་ཆང་། སངས་རྒྱས་མི་འཇིགས་རྒྱན་ལྗང་དཀར་ཕྱེད་མ་རྒྱ་གྲམ་དྲིལ་བུ། ཡུམ་ཕྱེད་མ་ཤེལ་གྲི་ཐོད་ཆང་། དེ་རྣམས་ལོངས་སྐུའི་ཆས་ཅན་ཡབ་རྣམས་སྐྱིལ་ཀྲུང་། ཡུམ་རྣམས་པདྨའི་སྐྱིལ་ཀྲུང་། གཡོན་ཉི་ཤུས་རིམ་བཞིན་བྱང་སེམས་མི་འཁྲུགས་སྔོ་ལྗང་། ཕྱག་གཡས་གདུགས། ཡུམ་དཀར་གཡས་དཔལ་བེ། བྱང་སེམས་ཏིང་འཛིན་པད་སྡོང་། ཡུམ་དཀར་དམར་རྒྱལ་མཚན། ཀུན་བཟང་མཐིང་ག་འབྲས་སྙེ། ཡུམ་དཀར་མེ་ལོང་། ནམ་སྙིང་སྔོ་རལ་གྲི། ཡུམ་སེར་ཕྲེང་བ། སྤྱན་གཟིགས་དམར་པད་དཀར། ཡུམ་དམར་པི་ཝཾ། ཕྱག་རྡོར་སྔོ་རྡོ་རྗེ། ཡུམ་ལྗང་ཞལ་ཟས། བྱམས་པ་དམར་སེར་ཀླུ་ཤིང་། ཡུམ་དཀར་མེ་ཏོག །སྒྲིབ་སེལ་ལྗང་གླེགས་བམ། ཡུམ་སེར་སྤོས་ཕོར། ས་སྙིང་དཀར་མྱུ་གུ། ཡུམ་དམར་མར་མེ། འཇམ་དཔལ་དམར་སེར་རལ་གྲི། ཡུམ་ལྗང་དུང་ཞལ། ཡབ་རྣམས་ཀྱི་ཕྱག་གཡོན་དྲིལ་བུ། ཡུམ་རྣམས་གཡོན་ཐོད་ཆང་། ལོངས་སྐུའི་ཆས་ཡབ་རྣམས་སེམས་དཔའི་སྐྱིལ་ཀྲུང་། ཡུམ་རྣམས་སེམས་མའི་སྐྱིལ་ཀྲུང་། ཕྱག་གི་མདོགས་མཐིང་ལྔ། དཀར་ལྔ། ལྗང་ལྔ། དམར་ལྔ། ཞབས་ཉི་ཤུ་རྩ་བཞིའི་གཡས་རྣམས་བསྐུམ། གཡོན་བརྐྱངས་པ་གྱད་ཀྱི་འདོར་སྟབས། ཀྱི་ཞབས་ཀྱི་ཁ་དོག་མཐིང་གསུམ། དཀར་གསུམ། ལྗང་གསུམ། དམར་གསུམ། ཡུམ་ཆེན་ཀུན་ཏུ་བསྐྱོད་མ་དམར་ནག་ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན་པས་འཁྱུད་པ། ཡབ་ལ་དུར་ཁྲོད་དཔལ་ཆས། རུས་རྒྱན། ཡུམ་ལ་གཟིག་ཤམ་རུས་རྒྱན། གདན་རྡོ་རྗེའི་བྲག་ཆེན་སྟེང་ཟླ་འཁོར། ཉི་འཁོར། ལྕགས་འཁོར་སུམ་བརྩེགས་སྟེང་ལྷ་ཀླུ། དྲི་ཟ་སོགས་འགྲོ་བ་རིགས་དྲུག །བདུད་བཞི། རུ་ཏྲ་ཕོ་མོ་མང་པོ་བརྩེགས་སྟེང་། སྣ་ཚོགས་པདྨ། ཟླ་བ། ཉི་མ། ཕྱོགས་སྐྱོང་བཅུ་ཡོངས་གྲགས། ཞིང་སྐྱོང་བརྒྱད་རྣམས་ཀྱི་གདོང་། གླང་ཆེན་ཁ་དོག་དཀར། མ་ཧེ་སྔོ། ཆུ་སྲིན་དམར། རྟ་སེར། གླང་དུད་ཁ། ར་གདོང་དམར། རོ་ལངས་ནག །རི་དྭགས་གདོང་ལྗང་། ཕྱག་གཉིས་གྲི་ཐོད། རྒྱལ་ཆེན་བཞི་རྣམས་བྲི། ཤར་སྟོད་ཡང་དག་མཐིང་ནག་ཞལ་གསུམ་ཕྱག་དྲུག །གཡས་དཀར་གཡོན་དམར་དབུས་མཐིང་། རྩ་ཕྱག་གཉིས་རྡོ་རྗེ་ཐོད་ཁྲག་ཐུགས་དཀར་སྟེང་འོག །གཡས་ཀྱི་ལྷག་མས་ཁ་ཊྭཱྃ་རྔེའུ་ཆུང་། གཡོན་ཞིང་དབྱུགས་རྒྱུ་ཞགས། ཞབས་བཞི་དོར་སྟབས། པད་ཟླ་ཉི་རོའི་གདན། ཤར་སྲིབ་རྡོ་རྗེ་ཕྲེང་བ་སྐུ་མདོག་ནག་པོ། གཡས་དམར། གཡོན་དཀར། རྩ་ཕྱག་རྡོར་དྲིལ། གཡས་མེ་དཔུང་། མགོ་ཕྲེང་། གཡོན་རོ། གླེགས་བམ། ཡུམ་སྣང་དབྱིངས་དམར་གྲི་ཐོད། པད་ཟླ་ཉི་རོའི་གདན། ཤར་དབུས་ཕྱག་རྡོར་མཐིང་ག་གཡས་དཀར་གཡོན་ལྗང་། རྩ་ཕྱག་རྒྱ་གྲམ་ཐོད་ཁྲག །གཡས་ཕྲེང་བ། རལ་གྲི། གཡོན་སྡིག་མཛུབ། སྦྲུལ་ཞགས། ཡུམ་ཁམས་གསུམ་དབང་སྡུད་དམར་མོ། གཡས་དཀར། གཡོན་སྔོ། རྩ་ཕྱག་གྲི་ཐོད་ཀྱིས་ཡབ་ལ་འཁྱུད། ལྷག་མ་གཡས་བམ་དང་ཐོད་དབྱུག །གཡོན་དྲིལ་བུ་སྦྲུལ་ཞགས། པད་ཟླ་ཉི་རོའི་གདན། ཤར་སྨད་རྡོ་རྗེ་རྩལ་རྫོགས་མཐིང་ཀ །གཡས་དཀར། གཡོན་ལྗང་། རྩ་ཕྱག་རྡོར་དྲིལ་སྟེང་འོག །གཡས་ལྷག་དགྲ་སྟྭ་ལྕགས་ཀྱུ། གཡོན་མི་མགོཙིཏྟ། ཡུམ་རྡོ་རྗེ་བདེ་མ་དམར་གྲི་ཐོད། ལྷོ་སྟོད་རྡོ་རྗེ་ཐོད་ཕྲེང་དམར་སྨུག །གཡས་དཀར། གཡོན་སེར། གཡས་གསུམ་རྡོ་རྗེ་རྩེ་ལྔ། རྩེ་དགུ། རྒྱ་གྲམ། གཡོན་གསུམ་གསེར་ཟངས་ལྕགས་ཀྱི་སྡིག་པ་མགོ་དགུ་བསྣམས་པ། ཕྱག་རྣམས་བརྒྱངས་སྟབས། ཡུམ་དམར་མོ་གྲི་ཐོད། དེ་རྣམས་ཡབ་ལ་དུར་ཁྲོད་དཔལ་ཆས་རུས་རྒྱན། ཡུམ་རྣམས་གཟིག་ཤམ། རུས་རྒྱན། པད་ཟླ་ཉི་རོའི་གདན། ལྷོ་སྲིབ་བདེ་མཆོག་འཁོར་ལོ་མཐིང་ག །གཡོན་ལྗང་། རྒྱབ་དམར། གཡས་སེར། ཕྱག་བཅུ་གཉིས་ཀྱིས་རྩ་ཕྱག་རྡོར་དྲིལ་བསྣོལ་ཏེ་ཡུམ་ལ་འཁྱུད་པ། ཕྱག་མཐའ་མ་གཉིས་ཀྱིས་གླང་རྐོ་བརྒྱངས་ཏེ་འཛིན་པ། གཡས་ལྷག་མས་ཅང་ཏེའུ། དགྲ་སྟྭ། གྲི་གུག །རྩེ་གསུམ། དབྱུག་པ། གཡོན་ཁ་ཊྭཱྃ་ག །ཐོད་དབྱུག །བྷན་དམར། ཚངས་མགོཡུམ་རྣལ་འབྱོར་དམར་མོ་གྲི་ཐོད། ཞབས་བཞི་གཡས་བརྐྱངས། གཡོན་བསྐུམ། པད་ཟླ་ཉི་སྟེང་། གཡས་འོག་འཇིགས་བྱེད་ནག་པོ་མིག་གསུམ་གྲི་ཐོད་ཁ་སྦུབ་མགོ་བོ་རྒྱབ་ཏུ་བཏབ་པའི་དཔྲལ་བར་མནན། གཡོན་དུས་མཚན་དམར་མོ་ཁ་ཊྭཱྃ། ཐོད་ཁྲག །གན་རྐྱལ་གྱི་ནུ་སྟེང་བརྫིས་པ། ཡབ་ལ་སྟག་ཤམ་རུས་རྒྱན། ཐོད་རློན་དོ་ཤལ། དར་དཔྱངས། ཡུམ་ལ་རུས་རྒྱན། ཐོད་རྐམ་ཕྲེང་བ། ཡབ་ཡུམ་གཉིས་ཀ་དྲང་སྲོང་ཁྲོས་པའོ། །འདི་ནས་ཤོག་དྲིལ་གཉིས་པ་དཔེ་མ་ཐོབ། ལྷོ་དཀྱིལ། གཤིན་རྗེ་མཐིང་ནག །གཡས་དཀར། གཡོན་དམར། ཕྱག་གཡས་གསུམ། ཐོད་དབྱུག །དགྲ་སྟྭ། རལ་གྲི། གཡོན་གསུམ་ཞགས་པ། མདུང་ཐུང་། ཐོད་ཁྲག །ཡུམ་ཟ་བྱེད་མ་སྔོ་སྐྱ། གཡས་དགྲ་སྟྭ། གཡོན་དུང་དམར་སྟོབ་པས་འཁྲིལ་བ། པདྨ་ཟླ་ཉི་རོ་གདན། ལྷོ་སྨད་རཏྣ་རྩལ་རྫོགས་སེར། གཡས་ནག །གཡོན་དམར། ཕྱག་གཡས་བེ་ཅོན་རལ་གྲི། སྲིད་པ་འཁོར་ལོ། གཡས་གཡོན་སྦྲུལ་ཞགས། ཕུབ། བྷན་དམར། སྦྱོར་ཡུམ་དམར་ནག །བེ་ཅོན་དང་བྷན་དམར་འཛིན་པས་འཁྱུད་པ། པདྨ་དང་ཟླ་ཉི་རོ་གདན། ནུབ་སྟོད་རྟ་མགྲིན་དམར་ནག །གཡས་དཀར། གཡོན་སྔོ། ཕྱག་གཡས་ཁ་ཊྭཱྃ། རྡོ་རྗེ་སྦྲུལ་ཞགས། །གཡོན་དྲིལ་བུ། བྷན་དམར། ལྕགས་སྒྲོག །དབུ་གཙུག་རྟ་མགོ་ལྗང་ཁུར། ཡུམ་རལ་གཅིག་མ་དམར་མོ། གཡས་ཁ་ཊྭཱྃ། གཡོན་ཐོད་ཁྲག་སྟོབས་པས་འཁྲིལ་བ། པདྨ་ཟླ་ཉི་རོ་གདན། ནུབ་སྲིབ། ཀྱཻ་རྡོར་མཐིང་ག་ཞལ་བརྒྱད། རྩ་ཞལ་སྔོ། གཡས་དམར། དཀར། ཁམ། གཡོན་སེར། སྔོ། དཀར། བརྩེགས་ཞལ་དུད་ཀ །ཕྱག་གཡས་བརྒྱད་རྡོ་རྗེ་དང་ཐོད་ཕྲེང་བརྒྱད། གཡོན་བརྒྱད་བྷན་དམར་དང་ཁ་ཊཱྃ་བརྒྱད། ཡུམ་རྡོ་རྗེ་བདག་མེད་མ་སྔོ་སྐྱ་གྲི་ཐོད་འཛིན་པ་དང་སྦྱོར་བ། ཞབས་གཡས་བརྐྱངས། གཡོན་བསྐུམས་སོགས་ཀྱཻ་རྡོ་སྤྱི་ལྟར། དེའི་ཕྱག་གཡས་འོག་སྦྱོར་ཡུམ་དཀར་མོས་འཁྱུད་པ། ཕྱག་གཡོན་འོག་སྒྲོལ་ཡུམ་དམར་མོས་འཁྱུད་པ། གདན་པདྨ་ཟླ་ཉི་བདུད་བཞི་སྤྱི་ལྟར། ནུབ་དཀྱིལ་གསང་འདུས་ཞལ་ལྔ། ཕྱག་བཅུ་པ། སྐུ་མདོག་དང་རྩལ་ཞལ་མཐིང་། གཡས་དཀར། གཡོན་ནག །རྒྱབ་ཞལ་མཐིང་། སྤྱི་གཙུག་དམར། རྩ་ཕྱག་རྡོར་དྲིལ། གཡས་ལྷག་མ་བཞིས་ཉི་མའི་རྒྱལ་མཚན་བཞི། གཡོན་ལྷག་མས་ཉི་ཟླའི་ཕྲེང་བ་བཞི་འཛིན་པ། ཡུམ་མཁའ་སྤྱོད་མ་སྔོ་སྐྱ། ཙིཏྟ་དང་། བྷན་དམར་འཛིན་པས་འཁྲིལ་བ། ཞབས་སྐྱིལ་ཀྲུང་། དར་དང་རིན་པོ་ཆེའི་རྒྱན། ཞལ་ཁྲོ་ཆགས་སྤྱན་གསུམ་གསུམ་དང་ལྡན་པ། པདྨ་ཟླ་ཉིའི་གདན། ནུབ་སྨད་པདྨ་རྩལ་རྫོགས་དམར་སྨུག །གཡས་དཀར། གཡོན་སྔོ། ཕྱག་དྲུག་གཡས་མདའ་དར། ཐོད་དབྱུག །མེ་དཔུང་། གཡོན་ཤེལ་བུམ། ཟླ་ཉི། དཔལ་བེ། ཡུམ་འོད་སྐོར་ཁྲོ་མོ་དམར་མོ་ཚེ་བུམ་བསྣམས་པས་འཁྲིལ་བ། པདྨ་ཟླ་ཉི་རོ་གདན། བྱང་སྟོད། ཆེ་མཆོག་མཐིང་ནག །དབུ་དགུ། རྩ་ཞལ་གསུམ་མཐིང་། གཡས་གསུམ་དཀར་སེར། གཡོན་གསུམ་དམར་ནག །ཕྱག་བཅོ་བརྒྱད། གཡས་དགུ་རྡོ་རྗེ་དགུ། གཡོན་དགུ་བྷན་དྷ་དགུ་བསྣམས་པ། ཞབས་བརྒྱད་ཕྱོགས་མཚམས་བརྒྱད་དུ་བསྒྲད་པའམ། བྲི་སྟབས་བདེ་བས་དོར་སྟབས། ཡུམ་ཀྲོ་དྷི་ཤྭ་རི་སྔོ་སྐྱ་གྲི་ཐོད་འཛིན་པས་འཁྱུད་བ། པདྨ་ཟླ་ཉི་མི་རོའི་གདན། བྱང་སྲིབ་དུས་འཁོར་མཐིང་ནག །རྩ་ཞལ་ནག །གཡོན་དཀར། རྒྱབ་སེར། གཡས་དམར། ཕྱག་ཉེར་བཞི། རྩ་ཕྱག་རྡོར་དྲིལ་ཐུགས་དཀར་བསྣོལ་ནས་འཛིན་པ། གཡས་ལྷག་མ་བཅུ་གཅིག །འཁོར་ལོ། རིན་ཆེན། པདྨ། རྒྱ་གྲམ། རལ་གྲི། ཕྲེང་བ། མེ་ལོང་། སྤོས། མར་མེ། སྣང་གསལ། དྲི་ཆབ་འཛིན། གཡོན་ལྷག་མ་བཅུ་གཅིག །ཐོད་པ། རིན་ཆེན་སྒྲོམ་བུ། གསེག་པར། པི་ཝཾ། པུ་སྟི། གོ་ཆ། མི་མགོསྦྲུལ་ཞགས། མདའ་གཞུ། དགྲ་སྟྭ། ཐང་གཤོལ་བསྣམས། ཡུམ་ཛྙཱ་ན་སྭ་ར་སྔོ་སྐྱ་གྲི་ཐོད་འཛིན་པས་འཁྱུད་ཅིང་ཞབས་གཡས་བརྐྱངས་པའི་འདོར་སྟབས། པདྨ་ཟླ་ཉི་རོ་གདན། གཞན་རྒྱན་ཆ་སོགས་དུས་འཁོར་སྤྱི་ལྟར། བྱང་དཀྱིལ། མཁའ་ཀློང་འཁྱིལ་པ་སྐུ་མདོག་དམར། ཞལ་གཡས་མཐིང་། གཡོན་ལྗང་། ཕྱག་གཡས་གསུམ་དགོས་འབྱུང་བསམ་འཕེལ་ཡིད་བཞིན་ནོར་བུ། གཡོན་གསུམ་ནམ་མཁའ། རྒྱ་མཚོ། ས་གཞི་གསུམ། ཡུམ་ཨུ་ཙུཥྨ་དམར་མོ་ཐོད་ཁྲག་འཛིན་པ་དང་འཁྲིལ་བ། པདྨ་ཟླ་ཉི་རོ་གདན། བྱང་སྨད། ཀརྨ་རྩལ་རྫོགས་སྐུ་མདོག་སེར། ཞལ་གཡས་ལྗང་། གཡོན་དམར། ཕྱག་གཡས་གསུམ་རལ་གྲི། ལྕགས་ཀྱུ། མེ་ཕུང་གདེང་། གཡོན་གསུམ་ལྷ་ཁང་། གླེགས་བམ། འཇའ་ཚོན་འཛིན། ཡུམ་ཆེན་ཟིལ་གནོན་སེར་པོ་རིན་ཆེན་དང་བྷན་དམར་འཛིན་པས་འཁྱུད་པ། པདྨ་ཟླ་ཉི་རོ་གདན། ཤར་ལྷོ་མངོན་རྫོགས་རྒྱལ་པོ་མཐིང་། ཞལ་གཡས་དཀར། གཡོན་དམར། ཕྱག་གཡས་རྡོ་རྗེ། ཁྱུང་། སྦྲུལ་ཞགས། གཡོན་བྷནྡྷ། ཞིང་གཡུག །གའུ་འཛིན་པ། ཡུམ་ཉིད་གཞི་མུ་ཁ་སྔོ་སྐྱ་གྲི་ཐོད་འཛིན་པས་འཁྱུད་པ། པདྨ་ཟླ་ཉི་རོ་གདན། ལྷོ་ནུབ་རྡོ་རྗེ་གཞོན་ནུ་མཐིང་། ཞལ་གཡས་དཀར། གཡོན་དམར། ཕྱག་གཡས་རྡོ་རྗེ་རྩེ་དགུ། རྩེ་ལྔ། གཡོན་མེ་དཔུང་། ཁ་ཊྭཱྃ། ཐ་མ་གཉིས་སྲིད་པ་ཕུར་བུ་འདྲིལ། སྦྱོར་ཡུམ་རྒྱས་འདེབས་མཐིང་ནག་ཁ་ཊྭཱྃ་དང་ཐོད་པ་འཛིན་པས་འཁྱུད་པ། པདྨ་ཟླ་ཉི་རོ་གདན། ནུབ་བྱང་དྲེག་འདུལ་མཐིང་ནག །ཞལ་གཡས་སེར། གཡོན་སྨུག་ནག །རྩ་ཕྱག་རྡོ་རྗེ་ཐོད་ཕྲག །ལྷག་མ་གཡས་གཉིས་ལྷ་བརྒྱད་མགོ་བོ། གཡོན་གཉིས་ཀླུ་བརྒྱད་མགོ་བོ་སྟེ་ཕྱག་དྲུག །ཡུམ་ཁམས་གསུམ་སྤྱི་འདུས་སྔོ་སྐྱ་རྡོ་རྗེ་བྷནྡྷ་འཛིན་པས་འཁྱུད་པ། པདྨ་ཟླ་ཉི་རོ་གདན། འདི་བར་དཔེ་གཞན་གྱིས་དཀྱུས་སུ་བཅུག་པ། བྱང་ཤར་སྟོབས་ལྡན་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་རྡོ་རྗེ་སྙིང་བརྒྱད། གཡོན་ཐོད་ཁྲག་དང་སྙིང་བརྒྱད། ཡུམ་འབྱུང་ལྔའི་བདག་མོ་གཡས་པས་ནམ་མཁར་འདེགས། གཡོན་པ་མཐུར་སྦུབ་ས་གཞི་གནོན་པའི་ཚུལ། ཁྲོ་ཆས་སྤྱི་འགྲེ། པད་ཉི་རོ་གདན། རྙིང་ལུགས་ཁྲོ་བོ་རྣམས་ལ་ཁྱུང་གཤོག །དྲག་མེ། ཀྱཻ་རྡོ། བདེ་མཆོག །དུས་འཁོར་རྣམས་ལ་ཞི་མེ། གཙོ་བོའི་དབུ་གཙུག་ཏུ་ཀུན་ཏུ་འཆང་མཐིང་ག་ཞི་འཛུམ་རྡོར་དྲིལ་བསྣོལ། རང་འོད་ཀྱི་ཡུམ་དང་། པད་ཟླ་རྡོར་སྐྱིལ། ཞི་ཆས་འཇའ་ཟེར་གྱི་ཀློང་ན་བཞུགས་པ། དེའི་གཡས་འོག་རྡོར་སེམས་ཡབ་རྐྱང་ཕྱེད་སྐྱིལ། གཡོན་ཕྱག་རྡོར་ཞི་བ་སྔོ་རྡོ་རྗེ་ཐུགས་ཀར་བསྒྱིངས། དྲིལ་བུ་ཁ་སྦུབ་དཀུར་བརྟེན། ཞབས་ཕྱེད་སྐྱིལ། ཞི་ཆས། གཡས་གོང་དུ་རིག་འཛིན་ཀུཉྫ་ར་མི་ཤ་ཁ། དབུ་སྐྲ་ཐོར་ཅོག །སྤྱན་འབྲུ་ཚུགས། སྨིན་མཚམས་ཁྲོ་གཉེར། སྟག་ཤམ་རུས་རྒྱན། ཕྱག་གཡས་རྡོ་རྗེ་ཐུགས་ཀ །གཡོན་ཐོད་ཆང་། ཞབས་རྒྱལ་རོལ། པད་ཟླ། དེ་འོག་དེ་ཝ་བཟང་སྐྱོད་འཁོར་བསྒྱུར་ཆས་ཞབས་རྟ་བབས་གཡས་མཐེབ་མཛུབ་སྦྱར་བའི་པད་དཀར། གཡོན་ས་གནོན། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་རྣལ་འབྱོར་མ་སྔོ་ནག་སྤྱན་གསུམ་རུས་རྒྱན། ཕྱག་གཡས་གྲི་གུག་ཐུགས་ཀ །གཡོན་ཐོད་ཆང་། ཞབས་པད་སྐྱིལ། དེའི་ཟུར་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་འཁོར་བསྒྱུར་ཆས། གཡས་ས་གནོན། གཡོན་མཉམ་བཞག་གླེགས་བམ། ཞབས་རྒྱལ་རོལ། །འབོལ་གདན། དེ་འོག་ཨོ་རྒྱན་གླིང་པ་གསང་གོས་ཕོད་ཀ །ཤམ་ཐབ་དཀར། གཟན་སྨུག །མགུལ་ཕུར། སྐེད་ཕུར། དབུ་སྐྲ་ལྕང་ལོ། པད་ཞུ། གཡས་རྡོ་རྗེ་ཐུགས་ཀ །གཡོན་མཉམ་བཞག་གཏེར་སྒྲོམ། དེ་འོག་མཁྱེན་བརྩེ་བྲི་རྒྱུན་ལྟར། དེ་འོག་ཀརྨ་པ་གཡས་གཡོན་གྲངས་མི་མཉམ་རེ་ཞིག་མི་བྲི། མཁའ་ཁྱབ་རྡོ་རྗེ་རྡོ་དྲིལ་ཐུགས་ཀར་བསྣོལ། ཞྭ་ནག །རབ་བྱུང་ཆས་འདུང་མ་དཀར་པོ། ཟླ་གམ་སྨུག་པོས་སྨད་དཀྲིས། གཡོན་གོང་དུ་གུ་རུ་མ་ཧེ་མར་སྣང་སྲིད་ཟིལ་གནོན། གཡས་མནྡཱ་ར། གཡོན་མཚོ་རྒྱལ་བྲི་རྒྱུན་ལྟར། དེའི་གམས་ཟུར་རྒྱལ་སྲས་མཆོག་གྲུབ་རྒྱལ་པོ་ཁྲིའུ་ཆུང་གི་ཁར་བྱམས་བཞུགས་རྒྱལ་པོའི་ཆས། ཕྱག་གཉིས་ཆོས་འཆད་ལ་ཀླུ་ཤིང་རྩེར་རལ་གླེགས་དང་གསེར་འཁོར། དེ་འོག་ཀོང་ཆེན་པ་བྲི་རྒྱུན་ལྟར། དེ་འོག་འགྱུར་རང་གི་བཀའ་འདུས་ཀྱི་དབང་རྒྱུན་གཙོ་བོ་འདི་ཡིན་པས་བྲིས་ལ། གཞན་རྣམས་ཀྱི་གོང་གི་ཀརྨ་པ་བྲིའམ་རང་མོས་བྱ། མེད་ཚེ་དབང་རྒྱ་མཚོ་དབུ་ཟླམ། གོས་སྨུག་པོ་ཕུ་དུང་ཅན་ལ་གཟན་ཤམ་དམར་སྨུག་རིག་འཛིན་སྤྱི་ཞུ་གཡས་ཕུར་པ་འཕྱར། གཡོན་ཐོད་ཆང་། སྤྱན་གྲུ་གསུམ་སྡང་མིག་ཁྲོ་ཉམས། ཞབས་སྐྱིལ་ཀྲུང་། འོག་གི་གཡས་དཔལ་ཆེན་ཕྱག་རྒྱ་གཅིག་པ་སྐུ་མདོག་མཐིང་ག་ཞལ་གཅིག །ཕྱག་གཉིས་རྡོར་དྲིལ་བསྣོལ། ཡུམ་དམར་མོ་གྲི་ཐོད། ཞབས་དོར་སྟབས། གདན་པད་ཉི། རུ་ཏྲ་ཕོ་མོ། མེ་རི། སྨན་སྙིང་གི་ཁྲོ་བོ་ལྟ་བུ་ཆེར་མ་ཁྲོས་པ། དུར་ཁྲོད་དཔལ་ཆས་རུས་རྒྱན་སོགས་སྤྱི་འགྲེ། གཡོན་འོག་མགོན་པོ་གནམ་ལྕགས་མེ་འབར་སྐུ་མདོག་མཐིང་ནག་དབུ་དགུ། ཕྱག་བཅོ་བརྒྱད། དབུ་བརྩེགས་ལུགས་དང་ཁ་དོག་གོང་གི་ཆེ་མཆོག་ལྟར། གཡས་དང་པོས་རུ་མཚོན་ཕྱར། གཡོན་དང་པོས་མེ་ལོང་ཕྱར། དེ་འོག་གཉིས་ཀྱིས་མདའ་གཞུ་འགེངས། གཡས་ལྷག་མས་ལྕགས་ཀྱུ། རྒྱུ་ཞགས། ཆུ་གྲི། གྲི་གུག །སྟྭ་རེ། ཐོ་བ། ཐོད་པ། གཡོན་པས་དབལ་མདུང་ཞེས་པ་མདུང་རྩེ་གཅིག་པ་གཡས་གཡོན་སོ་ཡོད་པ། རལ་གྲི། ལྕགས་སྒྲོག །སྦར་ཤད་ཅེས་པ་སོ་མངས་རྩེ་མོ་ལྔ་པ། མེ་ཐབ། ཐོག་མདེལ། སྟེའུ། ཞབས་བཞི་གྱད་ཀྱི་དོར་སྟབས་ཀྱིས་པད་ཉི། ཁྱུང་། སྟག །དམ། འབྲུག་རྣམས་མནན་པ། སྤྲེའུ་དང་སྲིན་པོའི་ལྤགས་པ་དར་ནག་འཇོལ་བེར་རྣམས་ཀྱིས་སྟོད་གཡོགས། དོམ་དང་སྟག་ལྤགས་ཀྱི་སྨད་དཀྲིས། སྦྲུལ་རྒྱན་བརྒྱད་དང་རིན་ཆེན་རུས་རྒྱན། རྡོ་རྗེའི་ཁྱུང་གཤོག །དྲག་མེ་འབར་བའི་ཀློང་ན་བཞུགས་པ། དེའི་གཡོན་ཟུར་སྔགས་སྲུང་མ་སྔོན་མོ་སྙིང་དང་། ལྕགས་སྤྱང་ཁྲ་ཐབས་འགྱེད་པ་ཀློང་སྙིང་ལྟར་ཆུང་ངུ་ཞིག་ཁྲག་མཚོ་གྲུ་གསུམ་པའི་ཀློང་ན་པད་ཉི་རོ་གདན་ལ་བཞུགས་པ་བྲི། མདུན་དུ་སྨན་རཀ །གཏོར་མ་རིན་ཆེན་འབར་བ། ཤེལ་སྣོད་དུ་ཚོགས་གཏོར། འདོད་ཡོན་ལྔ། ཐོད་པ་སྐམ་རློན་སོགས་ཀྱི་ནང་དྲག་པོའི་མཆོད་པ་རྣམ་ལྔ་སོགས་ཅི་མཛེས་བྲི་ཞིང་། བཀའ་འདུས་ཀྱི་འོག་གཡས་ཆུ་མཚོ་བྲག་རི་དེའང་། མཚོ་མཐིང་ནག །ནང་ཆུ་སྲིན་སོགས། བྲག་དེ་ལ་ཙནྡན་ཀྱི་ནགས་ཚལ། རྩ་བར་དུར་ཕག །གཅན་གཟན་སྣ་ཚོགས། སྐེད་པར་དུག་སྦྲུལ། རྩེ་མོ་རི། མགུལ་པར་བྲག་སྐྱིབས་ཏུ་ཁྱུང་གི་ཚད། རྩེ་མོར་ལྷ་ཁང་དམར་པོ་ཆུང་ངུ་ཡོད་པ་ཞིག་བྲི་ན་ལེགས། །ཡི་དམ་ཁྱད་འཕགས་འདི་ཉིད་ཀྱི་ལས་བྱང་བསྡུས་ཙམ་ལས་གསལ་ཁ་ཆེར་མ་བྱུང་བས། གོང་གི་སྤྱི་དཔལ་ཆེན་པོའི་ཕྱག་མཚན་འདི་རྣམས་གཏེར་སྟོན་ལས་རབ་གླིང་པའི་ཡོངས་རྫོགས་འདུས་པ་ལྟར་བྲིས་ཤིང་། སླད་ནས་འདིའི་ལུགས་གསལ་ཆ་བྱུང་ན་རང་གཏེར་འཁྲུལ་མེད་དུ་བྲི་བ་གལ་ཆེའོ།། །།

Footnotes

Other Information