དཔལ་ས་སྐྱ་པ་ཆེན་པོར་གསོལ་བ་འདེབས་པར་བྱིན་རླབས་པདྨོ་བཞད་པ།

From Khyentse Lineage - A Tsadra Foundation Project
Revision as of 09:20, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-03-GA-040
Wylie title dpal sa skya pa chen por gsol ba 'debs par byin rlabs pad+mo bzhad pa JKCL-KABUM-03-GA-040.pdf
Location chos kyi blo gros bka' 'bum
Volume 3, Text 40, Pages 149-151 (Folios 1a1 to 3a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dpal sa skya pa chen por gsol ba 'debs par byin rlabs pad+mo bzhad pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 149-151. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs
Colophon

།ཅེས་པའང་མེ་གླང་རྒྱལ་ཟླའི་ཚེས་༡༨ལ་གསོལ་བ་བཏབ་པ་པོ་ནི་ཆོས་ཀྱི་བློ་གྲོས་པས་སོ།།

/ces pa'ang me glang rgyal zla'i tshes 18la gsol ba btab pa po ni chos kyi blo gros pas so//

1 Texts in this Section (sde tshan or chos tshan)

[edit]
དཔལ་ས་སྐྱ་པ་ཆེན་པོར་གསོལ་བ་འདེབས་པར་བྱིན་རླབས་པདྨོ་བཞད་པ་ཞེས་བྱ་བ། །དཔལ་ལྡན་བླ་མ་ལ་ཕྱག་འཚལ་ལོ། །སྐུ་བཞིའི་བདག་ཉིད་དཔལ་ལྡན་རྡོ་རྗེ་འཆང་། །ཡེ་ཤེས་ལྔ་ལྡན་རྒྱལ་བའི་སྤྱི་གཟུགས་རྗེ། །བླ་མ་ས་སྐྱ་པ་ལ་གསོལ་བ་འདེབས། སྲིད་ལས་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །དུས་གསུམ་རྒྱལ་བའི་རྣམ་འཕྲུལ་གཅིག་ཏུ་བསྡུས། །རིགས་གསུམ་སེམས་དཔའི་ངོ་བོར་ཡོངས་ཤར་བ། །བླ་མ་ས་སྐྱ་པ་ལ༴ །བྱམས་དང་སྙིང་རྗེ་སྐྱེ་བར༴ །ཚད་མེད་མཁྱེན་དང་བརྩེ་བའི་དཀྱིལ་འཁོར་རྒྱས། །འགྲོ་བ་རྣམས་ལ་ལྷག་པར་ཐུགས་རྗེས་གཟིགས། །བླ་མ་ས་སྐྱ་པ་ལ༴ །དག་པའི་སྣང་བ་འབྱོངས་པར༴ །དབང་དུས་དཀྱིལ་འཁོར་གཙོ་དང་དབྱེར་མེད་བཞུགས། །བདག་རྒྱུད་ཕུང་ཁམས་སྐྱེ་མཆེད་སྨིན་པར་མཛད། །བླ་མ་ས་སྐྱ་པ་ལ༴ །དབང་བཞིའི་ཆུ་བོ་རྫོགས་པར༴ །གདན་གསུམ་ཚང་བའི་བླ་མ་ཧེ་རུ་ཀ། ཁྱབ་བདག་དགྱེས་པ་རྡོ་རྗེའི་གར་བསྒྱུར་བ། །བླ་མ་ས་སྐྱ་པ་ལ༴ །དམ་ཚིག་ཚུལ་བཞིན་བསྲུང་བར༴ །རང་སེམས་གཞི་རུ་རྒྱུ་ཡི་རྡོ་རྗེ་སེམས། །ཟུང་འཇུག་གདོད་མའི་སངས་རྒྱས་བདེ་བ་ཆེ། །བླ་མ་ས་སྐྱ་པ་ལ༴ །གནས་ལུགས་ལྟ་བ་རྟོགས་པར༴ །སྣོད་བཅུད་དཀྱིལ་འཁོར་བླ་མའི་རོལ་པར་ཤར། །རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་ལྷུན་གྲུབ་བཞུགས། །བླ་མ་ས་སྐྱ་པ་ལ༴ །བུམ་དབང་ཡེ་ཤེས་སྐྱེ་བར༴ །རྩ་ཡི་འཁོར་ལོར་བླ་མ་ཧེ་རུ་ཀ། རིགས་ལྔ་བདེ་བ་ཆེན་པོའི་ངོ་བོར་གནས། །བླ་མ་ས་སྐྱ་པ་ལ༴ །གསལ་སྟོང་ཡེ་ཤེས་སྐྱེ་བར༴ །ཐབས་ཤེས་ཕྱག་རྒྱ་མཁའ་ཁམས་རྡོ་རྗེར་སྦྱོར། །ལུགས་འབྱུང་དགའ་བཞིའི་བདེ་ཆེན་རོལ་མོ་འཁྲོལ། །བླ་མ་ས་སྐྱ་པ་ལ༴ །བདེ་སྟོང་ཡེ་ཤེས་སྐྱེ་བར༴ །གཟུང་འཛིན་རྒྱུ་བ་དྷཱུ་ཏིའི་དབྱིངས་བཅོམ་ནས། །བདེ་ཆེན་ཡེ་ཤེས་རྣམ་པ་ཐམས་ཅད་དག །བླ་མ་ས་སྐྱ་པ་ལ༴ །བདེ་སྟོང་མཆོག་ལ་རོལ་པར༴ །ཚད་མ་བཞི་ལྡན་སྙན་བརྒྱུད་གདམས་པའི་བཅུད། །གང་ལས་བྱུང་བའི་བདག་པོར་དབང་ཐོབ་པ། །བླ་མ་ས་སྐྱ་པ་ལ༴ །སྙན་བརྒྱུད་རྣམ་བཞི་ལྡན་པར༴ །འདུས་པ་གསུམ་གྱི་འཕྲང་ལས་གྲོལ་བ་དང་། །ཀུན་འདར་ཀུན་བཟང་སྤྱོད་པའི་ས་མཁན་མཆོག །བླ་མ་ས་སྐྱ་པ་ལ༴ །གྲུབ་མཐའ་རྣམ་བཞི་སྙོགས་པར༴ །ཨེ་ཝྃ་ཟུང་འཇུག་རྡོ་རྗེ་བཙུན་མོའི་མཁར། །བདེ་ཆེན་དགྱེས་པ་འབྲས་དབང་སྟོན་པའི་བདག །བླ་མ་ས་སྐྱ་པ་ལ་གསོལ་བ་འདེབས། །འགྲོས་བཞི་དབྱིངས་སུ་ཐིམ་པར་བྱིན་གྱིས་རློབས། །གང་གི་གསང་གསུམ་ཡོན་ཏན་རྒྱ་མཚོ་དང་། །དབྱེར་མེད་མངོན་བྱང་ཆུབ་ནས་མཁའ་མཉམ་འགྲོ། སྲིད་མཚོར་སྒྲོལ་ནས་བྱང་ཆུབ་མཆོག་འགོད་པར། །བླ་མ་མཆོག་གིས་བྱིན་གྱིས་བརླབས་ཏུ་གསོལ། །ཅེས་པའང་མེ་གླང་རྒྱལ་ཟླའི་ཚེས་༡༨ལ་གསོལ་བ་བཏབ་པ་པོ་ནི་ཆོས་ཀྱི་བློ་གྲོས་པས་སོ།། །།

Footnotes

Other Information