བླ་མ་ས་སྐྱ་པ་ཆེན་པོ་ལ་ཕྱག་འཚལ་བའི་ཚིགས་སུ་བཅད་པ་དད་པའི་མེ་ཏོག་ཆུ་སྐྱེས་འཛུམ་པའི་ཕྲེང་མཛེས།

From Khyentse Lineage - A Tsadra Foundation Project
Revision as of 09:20, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-03-GA-039
Wylie title bla ma sa skya pa chen po la phyag 'tshal ba'i tshigs su bcad pa dad pa'i me tog chu skyes 'dzum pa'i phreng mdzes JKCL-KABUM-03-GA-039.pdf
Location chos kyi blo gros bka' 'bum
Volume 3, Text 39, Pages 143-147 (Folios 1a1 to 3a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. bla ma sa skya pa chen po la phyag 'tshal ba'i tshigs su bcad pa dad pa'i me tog chu skyes 'dzum pa'i phreng mdzes. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 143-147. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs
Colophon

།ཅེས་པའང་ས་གླང་ཐ་སྐར་ཟླ་བའི་དུས་དྲན་མཆོད་པར་ཀུན་དགའ་ཕྲིན་ལས་རྒྱ་མཚོས་གསོལ་བ་བཏབ་པ་སིདྡྷི་རསྟུ། མངྒ་ལཾ།།

/ces pa'ang sa glang tha skar zla ba'i dus dran mchod par kun dga' phrin las rgya mtshos gsol ba btab pa sid+d+hi rastu/__mang+ga laM//

1 Texts in this Section (sde tshan or chos tshan)

[edit]
བླ་མ་ས་སྐྱ་པ་ཆེན་པོ་ལ་ཕྱག་འཚལ་བའི་ཚིགས་སུ་བཅད་པ་དད་པའི་མེ་ཏོག་ཆུ་སྐྱེས་འཛུམ་པའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པ་གཅིག་བསྡུས་པ། །རིགས་གསུམ་སེམས་དཔའ་མི་ཡི་གཟུགས། །ཀུན་དགའ་སྙིང་པོ་ལ་ཕྱག་འཚལ། །མ་དག་རྟེན་དང་བརྟེན་པ་རྣམས། །སེམས་ཅན་འཁྲུལ་པའི་ལས་སྣང་དང་། །དེ་རྒྱུ་བག་ཆགས་བཅས་སྤངས་པ། །དགྲ་བཅོམ་ཆེན་པོ་ལ་ཕྱག་འཚལ། །རྣལ་འབྱོར་ཉམས་ཀྱི་སྣང་བ་ནི། །འཇིག་རྟེན་འདས་དང་མ་འདས་ཀུན། །སྒྱུ་མ་ལྟ་བུའི་དོན་སྟོན་པ། །བརྩེ་བ་ཆེན་པོ་ལ་ཕྱག་འཚལ། །བདེ་གཤེགས་དག་པའི་སྣང་བ་ཆེས། །མཉམ་རྗེས་ཀུན་ཏུ་འཁོར་ཡུག་གྱུར། །སངས་རྒྱས་སེམས་ཅན་མཉམ་པར་གཟིགས། །བླ་མ་ཆེན་པོ་ལ་ཕྱག་འཚལ། །ཚུལ་ཁྲིམས་ཕུང་པོ་ཉེས་མི་མངའ། །རྣམ་གྲོལ་ཡོན་ཏན་རྒྱ་མཚོའི་མཛོད། །ཟབ་ཞི་སྤྲོས་བྲལ་ཐུགས་མངའ་བ། མགོན་པོ་མཆོག་གྱུར་ལ་ཕྱག་འཚལ། །རྟག་ཏུ་གཞན་ལ་ཕན་པར་དགོངས། །འགྲོ་བའི་ཁུར་ཆེན་ཁྱེར་བ་ཡི། །རྒྱལ་སྲས་སེམས་དཔའ་སེམས་དཔའ་ཆེ། །བྱང་སེམས་ཐུ་བོ་ལ་ཕྱག་འཚལ། །འཇམ་པའི་དབྱངས་སོགས་ཡི་དམ་ལྷའི། །དགྱེས་ཞལ་གཟིགས་ཤིང་བིལ་ཝ་སོགས། །སངས་རྒྱས་བྱང་སེམས་གྲུབ་ཐོབ་དང་། །ཆོས་ཀྱི་བཀའ་བགྲོས་མཛད་ཕྱག་འཚལ། །ཕྱི་ནང་ཤེས་བྱ་ཐམས་ཅད་དང་། །མདོ་སྔགས་ཟབ་རྒྱས་ཆོས་ཕུང་རྣམས། །ཁྱོད་ཀྱི་ཐུགས་ལ་རྟག་ཏུ་གནས། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ། །གཟུངས་སྤྲིན་སྤོབས་པ་ཏིང་འཛིན་གཏེར། །བྱེ་བ་ཕྲག་བརྒྱའི་མཛོད་གྱུར་ཅིང་། །རྟག་ཏུ་གཞན་ལ་ལེགས་འདོམས་པ། །སྨྲ་བའི་སེངྒེ་ལ་ཕྱག་འཚལ། །འཆད་རྩོད་བརྩོམ་པའི་ཕྲིན་ལས་ཀྱིས། །ཤཱཀྱའི་བསྟན་པ་གསལ་བྱེད་གཉེན། །ལྷ་དང་དྲང་སྲོང་གྲུབ་པའི་གཙོ། །ཐུབ་དབང་གཉིས་པ་ལ་ཕྱག་འཚལ། །མཐའ་བྲལ་རབ་ཏུ་མི་གནས་པ། །དབུ་མ་ཆེན་པོའི་དོན་གཟིགས་ཤིང་། །མཁྱེན་བརྩེ་ནུས་པའི་གཏེར་ཆེན་པོ། །ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ། །སྐུ་གཅིག་ཉིད་ནི་དུ་མར་བསྒྱུར། །བདེ་བ་ཅན་སོགས་ཞིང་མཐའ་ཡས། །རྫོགས་སྨིན་སྦྱངས་གསུམ་རྒྱ་མཚོར་སྤྱོད། །དབང་བཅུའི་མངའ་བདག་ལ་ཕྱག་འཚལ། །རྡོ་རྗེ་གསུམ་གྱི་ཐིག་ལེ་ལས། །བསྐྲུན་པའི་འོད་གསལ་གདུང་རིགས་འཛིན། །མཁས་གྲུབ་བརྒྱུད་མར་བྱོན་པ་ཡི། །གངས་ཅན་སྐྱོབ་པ་ལ་ཕྱག་འཚལ། །འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་དང་། །ནཱ་རོ་ཏ་པའི་ཞལ་ལུང་གི། གསུང་ངག་གདམས་པའི་བདུད་རྩི་ཡིས། །སྐལ་བཟང་གྲོལ་པར་མཛད་ཕྱག་འཚལ། །ས་དཀར་སེངྒེའི་གདོང་པའི་སྤོར། །མཁས་གྲུབ་རྒྱ་མཚོ་འདུ་བའི་ཚལ། །འཛམ་གླིང་བསྟན་པའི་མཆོད་སྡོང་ཆེ། །འབྱུང་གནས་དམ་པ་ལ་ཕྱག་འཚལ། །རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ། །དབང་བཞིའི་ཆུ་བོ་རྫོགས་པ་དང་། །རྟོགས་གྲོལ་འགྲོས་བཞི་ཐིམ་པ་ཡི། །རྡོ་རྗེ་འཛིན་དབང་ལ་ཕྱག་འཚལ། །དམ་ཚིག་ཤིན་ཏུ་རྣམ་པར་དག །བསྲུངས་མཚམས་ལས་གྲོལ་སྤངས་བླངས་མེད། །འཁོར་འདས་དབྱེར་མེད་མངོན་དུ་གྱུར། །རྣལ་འབྱོར་དབང་ཕྱུག་ལ་ཕྱག་འཚལ། །བྱང་ཆུབ་ཡན་ལག་བདུན་ལྡན་ཞིང་། །གདན་གསུམ་དཀྱིལ་འཁོར་ཆེན་པོར་རྫོགས། །ཕྱི་ནང་ཞིང་ཁམས་ལ་དབང་བསྒྱུར། །སྤྲུལ་སྐུར་མངོན་གྱུར་ལ་ཕྱག་འཚལ། །བདག་བྱིན་བརླབ་པའི་རིམ་པ་ཡིས། །དྭངས་མའི་རླུང་ལ་མངའ་བརྙེས་ཤིང་། །རིགས་དྲུག་སྐད་དུ་ཆོས་སྟོན་ཅིང་། །གསུང་གི་དབང་ཕྱུག་ལ་ཕྱག་འཚལ། །དཀྱིལ་འཁོར་འཁོར་ལོ་མཐར་སོན་པས། །བདེ་སྟོང་ཤེས་རབ་ལམ་མཐར་ཕྱིན། །བྱང་ཆུབ་སེམས་དཀྱིལ་མངོན་དུ་མཛད། །ཐུགས་ཀྱི་རྡོ་རྗེ་ལ་ཕྱག་འཚལ། །རྦ་རླབས་ལམ་གྱི་གཟུང་འཛིན་རེངས། །སྲིད་པ་རྣམ་དག་དབང་མཐར་ཕྱིན། །འཕགས་ལམ་ཡན་ལག་བརྒྱད་རྫོགས་པའི། །དབང་ཕྱུག་ཆེན་པོ་ལ་ཕྱག་འཚལ། །འབིགས་བྱེད་གཞོན་ནུའི་གྲོང་འཚོགས་ཏེ། །ཆོས་སྐུའི་ཞིང་ཁམས་ལ་དབང་འབྱོར། །ཤིན་ཏུ་རྣམ་དག་སྐུ་མངོན་མཛད། །དགྱེས་མཛད་རྡོ་རྗེ་ལ་ཕྱག་འཚལ། །སྲིད་པ་ཇི་སྲིད་གནས་ཀྱི་བར། །མི་ཟད་རྒྱན་འཁོར་ལྔ་ཕྲག་གི། ལྷུན་གྱི་གྲུབ་པའི་ཕྲིན་ལས་ནི། །བསམ་གྱིས་མི་ཁྱབ་ལ་ཕྱག་འཚལ། །གཟུགས་སྐུའི་རྣམ་རོལ་མཐའ་ཀླས་པས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་རང་སོ་སྐྱེའི་ཚོགས་རྣམས་འདུལ། །འདྲེན་པ་མཚུངས་མེད་ལ་ཕྱག་འཚལ། །སྲིད་ཞིར་ཕན་བདེ་ཅི་མཆིས་པ། །མགོན་པོ་ཁྱེད་དྲིན་ལས་བྱུང་ཞིང་། །རྣམ་ཐར་བསམ་ཡས་སྟོན་མཆོག་རྗེར། །རབ་ཏུ་གུས་པས་ཕྱག་འཚལ་ལོ། །བཅམ་བུ་མིན་པའི་གདུང་དབྱངས་གིས། །ཁྱོད་ལ་གསོལ་བ་འདེབས་བྱེད་ན། །མགོན་པོས་ཐུགས་རྗེས་གཟིགས་སུ་གསོལ། །རྡོ་རྗེའི་ཡེ་ཤེས་འབེབས་པར་མཛོད། །སྒོ་གསུམ་ལོངས་སྤྱོད་དང་བཅས་པས། །མཆོད་ཅིང་གསོལ་བ་འདེབས་པ་ལ། །མ་ཡི་བུ་ལ་བརྩེ་བ་ལྟར། །ཐུགས་ཀྱིས་དགོངས་པར་མཛད་དུ་གསོལ། །བདག་ནི་མི་ཤེས་རྨོངས་པ་ཡི། །སྡོམ་དང་དམ་ཚིག་ཉེས་ལྟུང་རྣམས། །གང་གི་གསང་གསུམ་བདུད་རྩིའི་ཆུས། །མ་ལུས་བྱང་ཞིང་དག་པར་མཛོད། །ལུས་ངག་ཡིད་ཀྱི་རྩོམ་པ་རྣམས། །དོན་མེད་ནམ་ཡང་མ་གྱུར་ཅིག །བསྟན་དང་འགྲོ་ལ་ཕན་པའི་རྒྱུར། །བྱིན་གྱིས་རློབས་པར་མཛད་དུ་གསོལ། །བདག་གི་མིང་ཙམ་ཐོས་པ་དང་། །འབྲེལ་པ་ཐོབ་ཚད་ངན་སོང་གི། གནས་སུ་ལྟུང་བར་མ་གྱུར་ཅིང་། །ཐར་པའི་ལམ་སྣ་ཟིན་པར་མཛོད། །བླ་མ་མཆོག་གི་དུས་འདི་ནས། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །ཐུགས་རྗེའི་ཕྱག་གིས་མི་གཏོང་ཞིང་། །གསུང་གི་བདུད་རྩིས་འཚོ་བར་ཤོག །བརྩེ་ཆེན་བླ་མའི་གསང་གསུམ་བྱིན་བརླབ་ཀྱིས། །བདག་གི་སྒོ་གསུམ་སྨིན་ཅིང་གྲོལ་བ་དང་། །རྡོ་རྗེ་བཞི་དང་རྣམ་དབྱེར་མེད་གྱུར་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་ས་གླང་ཐ་སྐར་ཟླ་བའི་དུས་དྲན་མཆོད་པར་ཀུན་དགའ་ཕྲིན་ལས་རྒྱ་མཚོས་གསོལ་བ་བཏབ་པ་སིདྡྷི་རསྟུ། མངྒ་ལཾ།། །།

Footnotes

Other Information