དགེ་བའི་བཤེས་གཉེན་དུ་མར་གསོལ་འདེབས།

From Khyentse Lineage - A Tsadra Foundation Project
Revision as of 09:01, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-03-GA-011
Wylie title dge ba'i bshes gnyen du mar gsol 'debs DKR-KABUM-03-GA-011.pdf
Location dil mgo mkhyen brtse bka' 'bum
Volume 3, Text 11, Pages 102-128 (Folios 1a1 to 27a5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Dge ba'i bshes gnyen du mar gsol 'debs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 3: 102-128. Delhi: Shechen Publications, 1994.
Genre Supplications - gsol 'debs
[edit]
བསྐལ་བཟང་རྣམ་འདྲེན་བཞི་བའི་རིང་ལུགས་མཆོག །རབ་མཛེས་དོནྃ་བྃརྒྱུད་འོད་སྟོང་ཕྲེང་བ་ཡིས། །རྟག་འཁྱུད་འཕགས་པའི་རྣམ་ཐར་ཆ་རྫོགས་པ། །སྨྲ་བའི་ཉིྃ་མྃའི་ཡེ་ཤེས་སྒྱུ་འཕྲུལ་ཁྱེད། །སྙིགས་མའི་སྨག་གི་མུན་པར་མ་གྱུར་པ། །དམ་པའི་ཡོན་ཏན་ཀུན་ནས་རབ་རྫོགས་པའི། །ངང་ཚུལ་འཆར་ཁའི་སྣང་བ་གསར་པ་ནི། །ཐུབ་བསྟན་དབྱར་གྱི་ལང་ཚོ་རྒྱས་པའི་གཉེན། །འཁོར་ལོ་གསུམ་གྱི་ཕྲིན་ལས་སྤྲིན་ཕྲེང་སྦུབས། །མཁྱེན་བརྩེའི་ནུས་སྟོབས་ལྷ་ཡི་བདུད་རྩིའི་ལྕིད། །མཆོག་བསྟན་དབྱར་སྐྱེས་གཞོན་ནུའི་དཔལ་གྱུར་པ། །རབ་དྭངས་དད་པའི་མེ་ཏོག་སྙིང་ནས་སྒེག །སྦྱོར་ནུས་ཕྲ་ཡང་ལྷག་བསམ་པདྨ་དཀར། །དད་དམ་གེ་སར་ཟེའུ་འབྲུའི་འཛུམ་པའི་མདངས། །ཁྱེད་ཀྱི་ཕྲིན་ལས་ཉིན་བྱེད་གཉེན་གྱུར་པས། །ལས་སྨོན་འདབ་མ་ཅུང་ཟད་གཙང་ངམ་སྙམ། །དེ་ཕྱིར་ཁྱོད་ནི་འཆི་མེད་ཚེ་ལྷའི་སྐུར། །རྟག་བརྟན་ཕྲིན་ལས་ཐུགས་བསྐྱེད་རྫོགས་ལྡན་དུས། །རྒུད་མེད་ཁྱད་པར་ཐུན་མོང་ཐུན་མིན་གྱི། །ཟབ་གསང་ལེགས་བཤད་ཅིར་ཡང་སྤྲོ་མཛད་གསོལ། །ཚིག་སྙན་ཉུང་ངུ་རྣམ་གསལ་མཚོ་བྱུང་ངག །དོན་ཟབ་སྐབས་འབྲེལ་ཕུན་ཚོགས་དགའ་བསྐྱེད་ཟས། །སྙིགས་དུས་བསྟན་འཛིན་དབུས་ན་མགོན་ཁྱོད་ཀྱི། །ཁྱད་ཆོས་གྲུབ་པས་དད་སྤྲོས་རྗེས་སུ་རང༌། །ཐུགས་བསྐྱེད་བརྩོན་པའི་མདུད་པ་མི་ལྷོད་པས། །ངོ་མཚར་རྣམ་ཐར་སྐྱ་རེངས་དང་འགྲོགས་པའི། །ཐུབ་དབང་རིང་ལུགས་སྒོ་ཀུན་སྤེལ་མཛད་ཀྱི། །ཤིང་རྟས་ས་གསུམ་འཇིག་རྟེན་དགེ་གྱུར་ཅིག །ཅེས་པའང་སྐྱབས་རྗེ་མདོ་ཁམས་པ་ཆེན་པོ་སྐུ་ཕྲེང་བརྒྱད་པའི་ལེགས་གསུང་བདུད་རྩིའི་དགའ་སྟོན་མིག་དང་རྣ་བའི་རྒྱན་དུ་ཐོབ་པའི་ཚེ་སླར་ཡང་ལེགས་བཤད་བདུད་རྩིའི་སྐྱེས་བཟང་དུ་མའི་སྒོ་འབྱེད་པར་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་འདི་ཡང་འཇམ་དབྱངས་བླ་མ་དགྱེས་པའི་འབངས་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་གྱིས་གུས་ཤིང་དྭངས་པས་ཕུལ་བ་དོན་དང་ལྡན་པར་གྱུར་ཅིག །སརྦ་དཱ་མངྒལཾ། ༈ ཨོཾ་སྭ་སྟི། རྒྱལ་ཀུན་ཕྲིྃན་ལསྃ་ཤིང་རྟ་མཚོ་སྐྱེས་རྗེའི། །རྣམ་འཕྲུལ་པདྨའི་གདུང་འཚོབ་ཆེན་པོ་ཡི། །སྐུ་གསུང་ཐུགས་སྲས་བཀའ་གཏེར་བསྟན་པའི་དཔལ། །ཐུགས་བསྐྱེད་ནོརྃ་བུྃས་མཛེས་གང་ཞབས་བརྟན་གསོལ། །བདུད་དཔུང་མཐར་བྱེད་བསྟན་པའི་ཤིང་རྟ་ཡི། །ལྔ་བདོའི་རྒུད་ཞི་བཤད་སྒྲུབ་དགའ་སྟོན་རྒྱས། །རིག་འཛིན་འདུས་པས་ནོར་འཛིན་མཛེས་པ་ཡིས། །བཀྲ་ཤིས་དགེ་མཚན་དཔལ་མགོན་རྟག་བརྟན་ཤོག །ཅེས་སྔ་འགྱུར་བསྟན་པའི་མཛེས་རྒྱན་སྔགས་རིག་འཛིན་པ་མཁས་བཙུན་བཟང་པོ་སྟོན་འཁོར་དང་བསོད་ནམས་ཚེ་རིང་ཅན་ནས་ལྷ་རྫས་ཀྱི་རྟེན་དང་བཅས་གསུང་བསྐུལ་བཞིན་བཀྲ་ཤིས་དཔལ་འབྱོར་གྱིས་སྤྲོ་ཞིང་དྭངས་བའི་བློས་ཤིང་བྱི་གནམ་ལོ་གསར་ཚེས་ལ་བྲིས་ཤིང་སྙིང་ནས་སྨོན་པ་དོན་དང་ལྡན་པར་གྱུར་ཅིག ༈ རྩ་གསུམ་ཀུན་འདུས་པྃདྨྃ་འབྱུང་གནས་དང༌། །གཉིས་མེད་དབྃང་ཆེནྃ་ཁྲོ་རྒྱལ་རྟ་མཆོག་རྩལ། །དགྱེྃས་པྃས་བྱིན་རླབས་དཔལ་ལྡན་བླ་མ་རྗེར། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །ཅེས་འབྲི་གུང་གཡུ་སྒྲ་མཆོག་སྤྲུལ་སྐུ་མཆེད་བསོད་ནམས་དཔལ་འབར་གྱིས་རྟེན་བཅས་གསུང་བསྐུལ་བཞིན་རང་ཉིད་ཀྱིས་བྲིས་པ་དགེ་ལེགས་འཕེལ། ཐེག་མཆོག་འོད་གསལ་རྡོ་རྗེ་རྩེ་མོའི་ལམ། །ཀུན་མཁྱེན་ཡབ་སྲས་རིང་ལུགས་སྨིན་གྲོལ་གྱིས། །སྐལ་བཟང་རྗེས་འཛིན་སྙིགས་དུས་བསྟན་འགྲོའི་མགོན། །ཐུབ་བསྟན་ཕྲིན་ལས་དཔལ་འབར་གསོལ་བ་འདེབས། ཞེས་གྲོང་སར་བླ་མ་ཡེ་ཤེས་ཀློང་གྲོལ་ནས་འབོད་བསྐུལ་བཞིན་མངྒ་ལས་སྨྲས་པའོ ༈ དྲུང་པ་བཅུ་གཅིག་པ་ཆོས་ཀྱི་རྒྱ་མཚོའི་གསོལ་འདེབས་བྱིན་རླབས་སྣང་བ་བཞུགས། མཆོག་ཏུ་མི་འགྱུར་བདེ་བ་རྡོ་རྗེའི་དབྱིངས། །སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲོ་བསྡུའི་མེས། །ཧེ་རུ་ཀ་དཔལ་དཀྱིལ་འཁོར་ཀུན་གྱི་བདག །བླ་མ་དང་པོའི་སངས་རྒྱས་གསོལ་བ་འདེབས། །མཁའ་ཁྱབ་ཐུགས་རྗེའི་ཡེ་ཤེས་རོལ་རྩལ་ལས། །འཕགས་བོད་ཀུན་དང་ཁྱད་པར་དྭགས་རྙིང་གི །བསྟན་པའི་ཤིང་རྟ་འདྲེན་མཛད་མཁས་དང་གྲུབ། །རྒྱུན་མི་འཆད་པར་བྱོན་ལ་གསོལ་བ་འདེབས། །ཁྱད་པར་དམ་པའི་ཡེ་ཤེས་སྒྱུ་མའི་འཕྲུལ། །གསན་བསམ་སྒོམ་པའི་ཡོན་ཏན་རྨད་བྱུང་བའི། །ཕྲིན་ལས་བདག་སོགས་དཔལ་དུ་སྣང་མཛད་མགོན། །ཆོས་ཀྱི་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །ཆོས་ཉིད་དོན་གྱི་དགོངས་པ་མངོན་དུ་གྱུར། །འཁྲུལ་པ་གཞིར་ཟད་ཡེ་ཤེས་ཀློང་ནས་བརྡོལ། །སྣང་སྲིད་ཆོས་སྐུའི་དཀྱིལ་འཁོར་གཅིག་ཏུ་རྫོགས། །ནམ་མཁའ་ཆོས་ཀྱི་རྒྱ་མཚོར་གསོལ་བ་འདེབས། །སྐྱེ་འཆི་རང་དབང་དབྱིངས་སུ་བྱང་ཆུབ་མཐུས། །ཐུགས་རྗེ་བྲི་གང་བྲལ་བའི་གཟིགས་པ་ཡིས། །བདག་ཅག་གདུལ་བྱའི་ལྷག་མ་རྗེས་འཛིན་པས། །བདག་རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། རྩོལ་མེད་ཐེག་པའི་ལམ་བཟང་མཐར་ཕྱིན་ནས། །དཔལ་ལྡན་བླ་མར་ཐུགས་ཡིད་གཅིག་ཏུ་འདྲེས། །ཁྱད་པར་དྲུག་ལྡན་གཞོན་ནུ་བུམ་པ་སྐུར། །ལེགས་གྲོལ་དོན་གཉིས་མཐའ་རུ་ཕྱིན་པར་ཤོག །ཅེས་པའང་དད་བློ་རྣམ་པར་དཀར་བ་རྗེ་མཆོག་གི་གསང་གྲོགས་དཀོན་མཆོག་དཔལ་སྒྲོན་ནས་རིན་པོ་ཆེའི་སྐྱེས་དང་བཅས་བསྐུལ་བ་བཞིན་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་པ་གནས་ལུགས་དོན་གྱི་བླ་མ་རང་ཞལ་མཇལ་བའི་རྒྱུར་གྱུར་ཅིག ༈ ན་མོ་གུ་རུ། ཆོས་སྐུ་ཀུན་བཟང་རྡོར་སེམས་དགའ་རབ་རྗེ། །འཇམ་དཔལ་བཤེས་གཉེན་ཤྲཱི་སེང་ཡེ་ཤེས་མདོ། །བི་མ་མི་ཏྲ་ཨོ་རྒྱན་པདྨ་འབྱུང༌། །རྗེ་འབངས་ཉེར་ལྔ་སོ་ཟུར་གནུབས་ཆེན་རྗེ། །གཏེར་ཆེན་བརྒྱ་རྩ་རྣམས་ལ་གསོལ་བ་འདེབས། །ཁྱད་པར་བཀའ་བབ་བདུན་ལྡན་མཁྱེན་བརྩེའི་དབང༌། །མཛོད་ལྔའི་ཤིང་རྟ་བློ་གྲོས་མཐའ་ཡས་ཞབས། །མཆོག་གྱུར་གླིང་པ་མི་ཕམ་རྣམ་པར་རྒྱལ། །ཁྱབ་བདག་པདྨ་བི་ཛར་གསོལ་བ་འདེབས། །བཀའ་གཏེར་རྫོགས་ཆེན་བརྒྱུད་པའི་བླ་མ་དང༌། །འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ། །འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་སོགས། །བརྒྱུད་གསུམ་བླ་མ་རྣམས་ལ་གསོལ་བ་འདེབས། །རྙེད་དཀའི་དལ་འབྱོར་དོན་དང་ལྡན་པའི་ཕྱིར། །མི་རྟག་འཆི་བ་དྲན་པས་རྒྱུད་བསྐུལ་ཏེ། །དགེ་སྡིག་བླང་དོར་མ་ནོར་སྤྱོད་པ་ཡིས། །འཁོར་བའི་རྒྱ་མཚོའི་ཕ་རོལ་སོན་གྱུར་ཅིག །དཀོན་མཆོག་གསུམ་ལ་ཡིད་ཆེས་སྐྱབས་འགྲོ་དང༌། །མཁའ་ཁྱབ་འགྲོ་ཀུན་ཕ་མར་ཤེས་པའི་བློ། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །བསྐྱེད་རྫོགས་ཉམས་ལེན་གནད་དུ་སྨིན་པར་ཤོག །ཁྱད་པར་མི་མེད་དབེན་པའི་བྲག་ཕུག་ཏུ། །རང་རིག་གཉུག་མའི་གནས་ལུགས་ཟབ་མོའི་དོན། །མོས་གུས་མཆོག་གིས་ཉེར་ལེན་ལ་བརྟེན་ནས། །མངོན་སུམ་མཐོང་བའི་ཡིད་ཆེས་སྐྱེ་གྱུར་ཅིག །མ་བཅོས་རང་ངོ་ཤེས་པའི་ལྟ་བ་དང༌། །ཡིན་ལུགས་གཤིས་སུ་འཇོག་པའི་སྒོམ་པ་དང༌། །རང་བབ་གཉུག་མའི་སྤྱོད་པ་རང་གྲོལ་བས། །རིག་སྟོང་སྐུ་གསུམ་འབྲས་བུའི་མཆོག་ཐོབ་ཤོག །མདོར་ན་ཡེ་ཤེས་ཟབ་མོའི་ཆོས་ཀྱི་དབྱིངས། །བློས་བྱས་རང་དག་འོད་གསལ་སྒྲ་ཇི་བཞིན། །རྟོགས་ནས་གདོད་མའི་དབྱིངས་སུ་བྱང་ཆུབ་པའི། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཅེས་པའང་སྒ་པ་རྡོ་རྐོ་བློ་གྲོས་ནས་བསྐུལ་བ་བཞིན་བཀྲ་ཤིས་དཔལ་འབྱོར་གྱིས་བྲིས་པའོ། ༈ ཁྱད་ཆོས་དྲུག་ལྡན་ཆོས་སྐུ་ཀུན་ཏུ་བཟང༌། །རིགས་ཀུན་ཁྱབ་བདག་ལོངས་སྐུ་རྡོ་རྗེ་སེམས། །རིགས་གསུམ་སེམས་དཔའ་སྤྲུལ་སྐུའི་སྒྱུ་འཕྲུལ་གར། །རྒྱུད་གསུམ་བླ་མའི་ཚོགས་ལ་གསོལ་བ་འདེབས། །རིགས་ཅན་དྲྭ་མ་ལྔ་དང་རྒྱལ་པོ་ཛཿ བདེ་བ་གསལ་མཛད་སྒེག་རྡོར་སངས་རྒྱས་གསང༌། །བི་མ་ཡབ་སྲས་པད་འབྱུང་རིག་འཛིན་བརྒྱད། །བརྡ་བརྒྱུད་བླ་མའི་ཚོགས་ལ་གསོལ་བ་འདེབས། །སོ་ཟུར་གནུབས་ཉང་གཏེར་སྟོན་བརྒྱ་རྩ་དང༌། །རོང་ཟོམ་ཀློང་ཆེན་རབ་འབྱམས་གཏེར་ཆེན་མཆེད། །མཁྱེན་བརྩེའི་དབང་པོ་བློ་གྲོས་མཐའ་ཡས་སོགས། །བཀའ་གཏེར་ཤིང་རྟ་རྣམས་ལ་གསོལ་བ་འདེབས། །ཐེག་མཆོག་སེང་གེའི་སྒྲ་སྒྲོགས་མི་ཕམ་ཞབས། །ངེས་པར་མཁས་གྲུབ་དེད་དཔོན་རྒྱལ་ཚབ་རྗེ། །ཐུགས་སྲས་འཇམ་མགོན་ཉི་ཟླ་ཟུང་གཅིག་སོགས། །ཁྱད་པར་བརྒྱུད་འཛིན་རྣམས་ལ་གསོལ་བ་འདེབས། །མཁས་དང་གྲུབ་པས་སྔ་འགྱུར་བསྟན་སྲོག་བཟུང༌། །བཟང་དང་བཙུན་པས་རྒྱལ་བསྟན་མཛེས་པའི་རྒྱན། །ཀླུ་ཡི་རྒྱལ་མཚན་མི་ཕམ་ཆོས་རྗེའི་འཕྲུལ། །མཁན་ཆེན་བློ་གྲོས་རབ་གསལ་གསོལ་བ་འདེབས། །དགོངས་བརྒྱུད་ཐོབ་པས་སྨིན་གྲོལ་ཡོངས་སུ་རྫོགས། །རིག་རྩལ་ཀློང་རྡོལ་དོན་གྱི་མཁས་པའི་མཆོག །ཆོས་ཉིད་མངོན་གཟིགས་གྲུབ་པ་རྒྱ་མཚོའི་ཏོག །མགོན་པོ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །ཞེས་པའང་ངེས་དོན་ཕྱིར་མི་ལྡོག་པའི་སེང་གེའི་སྒྲ་ཆེན་པོ་དད་དང་བློ་གྲོས་ཀྱི་སྒོ་ཡངས་པའི་སྣོད་ལྡན་དགེ་སྦྱོང་པདྨ་འགྱུར་མེད་ནས་བསྐུལ་ངོར་བླ་སྒྲུབ་ཀྱི་བརྒྱུད་འདེབས་ཞེ་ཆེན་པའི་བཀའ་འབངས་འགྱུར་མེད་བསླབ་གསུམ་རྒྱལ་མཚན་གྱིས་ཨ་སུ་རའི་བྲག་ཕུག་ནས་བྲིས་པ་དགོངས་བརྒྱུད་ཡེ་ཤེས་མཐོང་བའི་རྒྱུར་གྱུར་ཅིག །དགེའོ། །མངྒ་ལཾ། ༈ ཟེ་ཆེན་བླ་བརྒྱུད་གསོལ་འདེབས། ན་མོ་གུ་རུ། འཇམ་དཔལ་བཤེས་གཉེན་ཐུགས་རྗེའི་འོད་ཟེར་ལས། །ཡོངས་ཤར་ལུང་རིགས་སེང་གེའི་ང་རོ་ཡིས། །ལྟ་དམན་རི་དྭགས་སྐྲག་མཛད་རབ་འབྱམས་པ། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །མཁྱེན་རྟོགས་མཐར་ཕྱིན་གཞན་ཕན་སྒོ་བརྒྱ་འབྱེད། །འཆད་རྩོད་རྩོམ་པས་ངེས་གསང་བསྟན་མཆོག་འཛིན། །རླབས་ཆེན་ཕྲིན་ལས་ཟླ་བྲལ་ཟེ་ཆེན་པ། །ཀུན་བཟང་རྣམ་རྒྱལ་ཞབས་ལ༴ །བསླབས་གསུམ་རྣམ་དག་མཁྱེན་བརྩེ་ནུས་པའི་གཏེར། །སྨིན་གྲོལ་བདུད་རྩིས་སྐལ་བཟང་གདུལ་བྱའི་ཚོགས། །ཡོངས་སུ་སྨིན་མཛད་དོན་གྱི་རིག་པ་འཛིན། །དཔལ་འབྱོར་རྒྱ་མཚོའི་ཞབས་ལ༴ ཨོ་རྒྱན་ལུང་བསྟན་ཟབ་མོའི་གཏེར་ལ་དབང༌། །བརྟུལ་ཞུགས་སྤྱོད་པས་སྦས་པའི་གནས་ཞལ་འབྱེད། །བསྐྱེད་རྫོགས་གདེང་ལྡན་སྔགས་སྤྱོད་གར་གྱི་དབང༌། །ཆོས་ཀྱི་རྒྱལ་མཚན་ཞབས་ལ༴ །འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་རྗེས་སུ་བཟུང༌། །གཞན་ཕན་བསྡུ་བཞིའི་ཕྲིན་ལས་བསམ་མི་ཁྱབ། །འབྲེལ་ཚད་དོན་ལྡན་འགྱུར་མེད་བདེན་དོན་གཟིགས། །ཀུན་བཟང་བསྟན་པའི་ཉི་མར༴ རླབས་ཆེན་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཡིས། །བསྟན་པ་རིན་ཆེན་འཛིན་སྐྱོང་སྤེལ་བའི་གཉེན། །སྙིགས་མའི་གདུལ་བྱ་འདུལ་མཛད་སྤྲུལ་པའི་སྐུ། །བསྟན་པའི་ཉི་མའི་ཞབས་ལ༴ སྔ་འགྱུར་བསྟན་པའི་ཉི་མ་གཏེར་ཆེན་རྗེའི། །ཐུགས་བསྐྱེད་དུལ་བབས་རྣམ་བཞིའི་ཕྲིན་ལས་ཀྱིས། །ངེས་གྲོལ་ཆུ་གཏེར་བསྐྱིལ་བའི་མགོན་གཅིག་པུ། །བསྟན་འཛིན་ཆོས་ཀྱི་རྒྱལ་པོར༴ །མཁྱེན་རྟོགས་ཀློང་རྡོལ་ནུས་མཐུའི་རྩལ་ཆེན་རྫོགས། །སྡེ་བརྒྱད་བྲན་ཁོལ་བསྟན་འགྲོའི་བདེ་སྐྱིད་སྤེལ། །གདུལ་དཀའ་དམུ་རྒོད་འདུལ་བའི་ཐུགས་རྗེ་ཅན། །ཨོ་རྒྱན་རང་བྱུང་རྡོ་རྗེར༴ །སྐྱེ་བ་གསུམ་དུ་རྫོགས་ཆེན་རབ་འབྱམས་པའི། །ཕྲིན་ལས་རྗེས་བསྒྲུབས་བླ་མ་སངས་རྒྱས་སུ། །གཡུ་སྒྲའི་རྣམ་འཕྲུལ་དྷརྨ་ཤྲཱི་ཡི། །ཡེ་ཤེས་རང་རྩལ་ངེས་གསང་བསྟན་པའི་བདག །ཤེས་བྱ་ཀུན་མཁྱེན་མ་ཧཱ་པཎྜི་ཏ། །བསྟན་འཛིན་འཕེལ་རྒྱས་ཞབས་ལ༴ འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང༌། །སྒོམ་བྱུང་ཀློང་རྡོལ་སྣང་བཞི་མཐར་རུ་ཕྱིན། །བཻ་རོའི་རྣམ་འཕྲུལ་གྲུབ་པ་ཡོངས་ཀྱི་རྗེ། །ཤེས་རབ་ཡར་འཕེལ་ཞབས༴ རྒྱལ་བས་ལུང་བསྟན་རྩོད་བྲལ་སྤྲུལ་པའི་སྐུ། །མཛོད་ཆེན་རྣམ་ལྔའི་སྲོལ་འབྱེད་ཤིང་རྟ་ཆེ། །ཡོངས་རྫོགས་བསྟན་པའི་ཉི་མ་ཐམས་ཅད་མཁྱེན། །བློ་གྲོས་མཐའ་ཡས་ཞབས༴ རྣམ་འཕྲུལ་ཚད་མེད་གདུལ་བྱའི་མཁའ་ལ་ཤར། །འཕགས་པའི་རིགས་སད་གཞན་ཕན་བྱང་སེམས་འབྱོངས། །གང་འབྲེལ་དོན་ལྡན་བསྟན་པའི་སྒྲོན་མེ་སྦར། །ཕྲིན་ལས་འོད་ཟེར་ཞབས༴ ཟབ་རྒྱས་རྒྱལ་སྲས་སྤྱོད་པས་གསང་གསུམ་མཛེས། །མཐའ་ཀླས་ཤེས་བྱའི་དངོས་ཀུན་ཡང་དག་མཁྱེན། །ལོག་སྨྲ་ཚར་གཅོད་སེང་གེའི་ང་རོ་ཅན། །མི་ཕམ་འཇམ་དབྱངས་རྣམ་རྒྱལ་གསོལ༴ རྒྱལ་ཚབ་རིན་པོ་ཆེ་སྐུ་ཕྲེང་བཞི་པ། །རྨད་བྱུང་ཐུགས་བསྐྱེད་ཟླ་བའི་འཛུམ་ཟེར་གྱིས། །ངེས་གསང་བསྟན་པའི་ཆུ་གཏེར་རྒྱས་མཛད་ཅིང༌། །འཕགས་པའི་རྣམ་ཐར་རི་དྭགས་གཟུགས་ཀྱིས་བཀྲ། །འགྱུར་མེད་པདྨ་རྡོ་རྗེར༴ དིལ་མཁྱེན་རྒད་པོ། མཚུངས་མེད་རྣམ་འདྲེན་རྒྱ་མཚོའི་ཞབས་པད་བསྟེན། །རིས་མེད་བཤད་སྒྲུབ་ཤིང་རྟའི་ཟམ་ཆེན་ཐོབ། །ཕྱོགས་མེད་རྒྱལ་ཁམས་འགྲིམ་པའི་སྔགས་བཙུན་ཟོལ། །ཐེག་མཆོག་བསྟན་པའི་རྒྱལ་མཚན་གསོལ༴ རབ་འབྱམས་བདུན་པ། མཁས་གྲུབ་དབང་ཕྱུག་རྫོགས་ཆེན་རབ་འབྱམས་པའི། །བྱིན་རླབས་ངེས་གསང་བསྟན་པའི་ལམ་སྲོལ་འཛིན། །གཞན་ཕན་གོ་ཆ་རབ་བརྟན་རྒྱལ་བའི་སྲས། །འགྱུར་མེད་ཆོས་ཀྱི་སེང་གེར༴ མཁན་ཆེན་བློ་གྲོས་རབ་གསལ། ཐེག་མཆོག་རྡོ་རྗེ་སྙིང་པོའི་རིང་ལུགས་ཀྱི། །ངོ་མཚར་ལྟ་སྒོམ་སྤྱོད་པ་རྨད་བྱུང་བ། །ལུང་རིགས་སེང་གེའི་སྒྲ་སྒྲོགས་པཎྜི་ཏ། །མཁན་ཆེན་བློ་གྲོས་རབ་གསལ༴ མཁན་པོ་གང་ཤར། སྦྱངས་པ་མཐར་ཕྱིན་མཁས་པའི་ཕུལ་དུ་ཕྱིན། །ཉམས་རྟོགས་མཐར་ཕྱིན་ནང་གི་དེ་ཉིད་གཟིགས། །གཞན་ཕན་མཐར་ཕྱིན་འབྲེལ་ཚད་དོན་དང་ལྡན། །བྱང་ཆུབ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །ཚེ་རབས་ཕྲེང་བར་དམ་པའི་མགོན་རྣམས་ཀྱིས། །རྗེས་བཟུང་མཉེས་པ་གསུམ་གྱིས་ལེགས་བསྟེན་ནུས། །དོན་གཉིས་བསམ་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་རབ་འབྱམས་སྨྲ་བའི་སེང་གེའི་དབོན་པོ་ཤཱཀྱའི་དགེ་སློང་འགྱུར་མེད་ཡོན་ཏན་མཁས་གྲུབ་ནས་བསྐུལ་ངོར་རྗེ་བླ་མའི་གསུང་ལ་ཞལ་སྐོང་དུ་འགྱུར་མེད་བསླབ་གསུམ་རྒྱལ་མཚན་གྱིས་དད་ཅིང་གུས་པས་བྲིས་པ་དགེ་ལེགས་འཕེལ། ༈ མདོ་ཁམས་ལྗོངས་སུ་རྒྱལ་བསྟན་སྣང་མཛད་གཙོ། །མཁས་དང་གྲུབ་པའི་རྣམ་ཐར་རྒྱན་གྱུར་པ། །རྡོ་རྗེ་འཛིན་དབང་སྔ་འགྱུར་བཀའ་གཏེར་གྱི། །རབ་འབྱམས་བསྟན་པའི་ཉི་མར་གསོལ་བ་འདེབས། །བདེ་གཤེགས་མྱ་ངན་མེད་ཀྱི་རྣམ་པར་འཕྲུལ། །སྔ་འགྱུར་བཀའ་གཏེར་ཤིང་རྟ་རབ་འབྱམས་པའི། །གསང་གསུམ་བྱིན་རླབས་ཐུགས་རྗེའི་རྣམ་འཕྲུལ་དུ། །དབུགས་དབྱུང་བསྟན་པའི་ཉི་མར་གསོལ་བ་འདེབས། ༈ འགྱུརྃ་མེདྃ་གདོད་ནས་དག་པའི་ཡེ་ཤེས་རྩལ། །ཀུན་ཁྱབ་ཐུགས་རྗེའི་རིག་གདངས་སྤྲུལ་པའི་སྐུ། །ཐེགྃ་མཆོྃག་བསྟནྃ་པའིྃ་རྒྱལྃ་མཚྃན་གྲགས་པའི་ཚུལ། །དཔལ་མགོན་བླ་མ་མཆོག་ལ་གསོལ་བ་འདེབས། །ཞེས་པའང་རྡོ་རྗེ་བྲག་རིག་འཛིན་ཆེན་པོའི་སྤྲུལ་པའི་སྐུ་འཇམ་དཔལ་བློ་བཟང་ནས་གསུང་བསྐུལ་བཞིན་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རང་ཉིད་ཀྱིས་བྲིས་པ་བརྒྱུད་གསུམ་བླ་མ་རྣམས་ཀྱིས་བྱིན་གྱིས་བརླབ་པའི་རྒྱུར་གྱུར་ཅིག ༈ སྐྱབས་གནས་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང༌། །དབྱེར་མེད་དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་འདེབས་འདི་ཕྱི་བར་དོར་ཐུགས་རྗེས་ཟུངས། །སེམས་ཉིད་རང་ངོ་མཐོང་བར་བྱིན་གྱིས་རློབས། །ཞེས་བཀྲ་ཤིས་དཔལ་ལྡན་ནས་བསྐུལ་ངོར་དིལ་མཁྱེན་མངྒ་ལ་ཤྲཱི་བྷཱུ་ཏིས་ལྷ་གདན་གནས་མཇལ་སྐབས་བྲིས་པ་དགེ ༈ གྲུབ་དབང་རྫོགས་ཆེན་རིན་པོ་ཆེའི་སྐྱེ་བརྒྱུད་གསོལ་འདེབས་བཞུགས་སོ། །དུས་གསུམ་སྐྱེ་འགག་མེད་པ་ཆོས་ཉིད་ཀྱང༌། །སེམས་ཅན་ཁམས་ལ་གཟུགས་སྐུ་རྣམ་གཉིས་སུ། །སྣང་བའི་ངོ་མཚར་བདེ་གཤེགས་གཙུག་ཏོར་ཅན། །མཚན་གྱིས་ངན་སོང་སྒྲོལ་ལ་གསོལ་བ་འདེབས། །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཀུ་ཀུ་རི། །འཕོ་ཆེན་རྡོ་རྗེའི་ས་བརྙེས་བི་མ་ལ། །སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་ས་ར་ཧ། །བསྟན་པའི་ཆུ་འགོ་གསུམ་ལ་གསོལ་བ་འདེབས། །ལྷ་སྲིན་བྲན་ཁོལ་རླངས་ཆེན་དཔལ་སེང་གེ །འཁྲུལ་སྣང་བྲག་རི་སྙིལ་བ་དཀོན་མཆོག་འབྱུང༌། །རྒྱལ་བསྟན་ཉིན་མོར་བྱེད་པའི་ཁྲི་རལ་ཞབས། །བསྟན་པའི་རྩ་ལག་གསུམ་ལ་གསོལ་བ་འདེབས། །གཏི་མུག་ལམ་ལོང་གྲུབ་ཆེན་ཕག་འཚོང་པ། །མི་ལ་བཞད་པའི་སྲས་གྱུར་བྱང་ཆུབ་རྒྱལ། །དྲུག་པ་སེང་གེའི་སྒྱུ་འཕྲུལ་དུས་གསུམ་མཁྱེན། །གྲུབ་པ་མཆོག་བརྙེས་གསུམ་ལ་གསོལ་བ་འདེབས། །རྟོགས་པས་བདག་རྒྱུད་གྲོལ་བའི་གླིང་རས་རྗེ། །བླ་མར་མོས་གུས་མཐར་ཕྱིན་སྟག་ལུང་པ། །བརྟུལ་ཞུགས་གྲུབ་པ་ཨོ་རྒྱན་རང་བྱུང་དཔལ། །སྒྲུབ་བརྒྱུད་བསྟན་འཛིན་གསུམ་ལ་གསོལ་བ་འདེབས། །གཞི་གསུམ་རྩ་བ་བརྟན་པའི་བློ་གྲོས་བཟང༌། །རྙིང་བསྟན་མདོ་སྨད་སྤེལ་ལ་སྨོན་ལམ་གྱི། །མཐུ་གྲུབ་པདྨའི་རིག་པ་འཛིན་པ་དང༌། །འགྱུར་མེད་ཐེག་མཆོག་ཞབས་ལ་གསོལ་བ་འདེབས། །སྔ་འགྱུར་བསྟན་པའི་རྩ་བ་མདོ་སྒྱུ་སེམས། །ཡང་ཕུར་སངས་རྒྱས་མཉམ་པར་སྦྱོར་ལ་སོགས། །བཀའ་བབས་གྲུབ་ཆེན་ཕྲིན་ལས་སྲོལ་གཏོད་པ། །ངེས་དོན་བསྟན་འཛིན་བཟང་པོར་གསོལ་བ་འདེབས། །དམ་པ་དུ་མའི་ཞབས་པད་གཙུག་ཏུ་ཁུར། །སངས་རྒྱས་བསྟན་ལ་ལྷག་བསམ་ཟླ་ལྟར་དཀར། །གསང་སྔགས་རྫོགས་པ་ཆེན་པོའི་དོན་ལ་སྤྱོད། །འཇིགས་མེད་མཁྱེན་བརྩེའི་དབང་ཕྱུག་གསོལ་བ་འདེབས། །བི་མའི་རྣམ་འཕྲུལ་རྡོ་རྗེའི་ལུང་གིས་བསྔགས། །ཐུགས་བསྐྱེད་ཕྲིན་ལས་དོན་ཡོད་ཞགས་པ་ཡིས། །བསྟན་འགྲོའི་རྒུད་སེལ་བཀའ་གཏེར་བསྟན་པའི་བདག །ཐུབ་བསྟན་ཆོས་ཀྱི་རྡོ་རྗེར་གསོལ་བ་འདེབས། །དུས་གསུམ་གཟིགས་པས་ཇི་ལྟར་ལུང་བསྟན་བཞིན། །ཐུགས་རྗེ་ཡས་སྤྲུལ་འཕགས་པའི་རྣམ་ཐར་གྱིས། །འགྲོ་ཀུན་རྗེས་སྐྱོང་རྒྱལ་སྲས་སེམས་དཔའ་ཆེ། །འཇིགས་བྲལ་བྱང་ཆུབ་རྡོ་རྗེར་གསོལ་བ་འདེབས། །ཀུན་བཟང་བསྟན་པའི་བདག་པོའི་ཡེ་ཤེས་ཀྱིས། །སྒྲིབ་བྲལ་དགོངས་པས་ལུང་བསྟན་མཆོག་སྤྲུལ་ཆེ། །དཔའ་ཆེན་འགྲོ་འདུལ་ཕྲིན་ལས་ཐུགས་རྗེའི་གཏེར། །འཇིགས་མེད་བློ་གསལ་དབང་པོ་ཞབས་བརྟན་གསོལ། །ངེས་འབྱུང་རྒྱུད་བརླན་བྱང་ཆུབ་སེམས་གཉིས་ཀྱི། །ཤིང་རྟས་དྲངས་པས་སྨིན་གྲོལ་ལམ་མཆོག་ལ། །རྟག་ཏུ་བརྟེན་གོམས་བགྱིད་པས་དངོས་གྲུབ་ཀུན། །ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་མདོ་ཁམས་དགེ་རྩེ་བླ་མས་བསྐུལ་ངོར་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་མཛད་པ་ལ་བླ་མ་རྒྱལ་དབང་ཉི་མས་རྟེན་བཅས་བཀའ་ཡི་བསྐུལ་མ་གནང་བ་བཞིན་སྐུ་རབས་གསུམ་གྱི་གསོལ་འདེབས་ཞལ་སྐོང་དུ་མཚུངས་མེད་གྲུབ་དབང་ཆེན་པོའི་སློབ་གྲལ་དུ་འཁོད་པ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་བྲིས་པ་དགེ་ལེགས་འཕེལ། ༈ སངས་རྒྱས་ཀུན་གྱི་ཕྲིན་ལས་ཕྱག་རྒྱའི་དབང༌། །གདོད་ནས་གསང་གསུམ་རྡོ་རྗེར་རྫོགས་པའི་དཔལ། །མཁྱེན་བརྩེའི་དབང་པོ་ཀུན་མཁྱེན་གཟི་བརྗིད་རྩལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བཀའ་གཏེར་ཕུར་པའི་བཀའ་བབ་རིག་པ་འཛིན། །སྣང་སྲིད་ཐལ་འབྱིན་ཡེ་ཤེས་དགོངས་རྩལ་རྫོགས། །རྡོ་རྗེ་དབང་མཆོག་ཐུབ་བསྟན་ཆོས་རྡོར་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྒྱལ་ཀུན་མཁྱེན་བརྩེའི་ཡེ་ཤེས་སྣང་བ་ཆེའི། །སྲིད་གསུམ་བདུད་སྡེ་མཐར་བྱེད་རྡོ་རྗེ་ཅན། །པདྨ་ཡེ་ཤེས་རྡོ་རྗེ་རྩལ་འཆང་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། ༈ ཀུན་མཁྱེྃན་ཡེ་ཤེས་མེ་ལོང་འཇམ་པའི་དབྱངས། །ཀུན་ཁྱབ་བརྩེྃ་ཆེན་འཇིག་རྟེན་དབང་ཕྱུག་ཆེ། །ཀུན་གྲོལ་སྟོབས་བཅུའི་འོདྃ་ཟེརྃ་བརྒྱ་པའི་དབྱིག །ཀུན་གཟིགས་དཔལ་ལྡན་བླ་མར་གསོལ་བ་འདེབས། །དོན་དམ་ཡེ་ཤེས་དབྱིངས་ཀྱི་བླ་མ་ནི། །གདོད་ནས་འདུ་འབྲལ་མེད་པར་རང་ལ་བཞུགས། །ཡིད་ཆེས་མོས་གུས་དད་པས་རྟག་འབོད་ན། །ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པར་མཛོད། །ཚུལ་གནས་ཐོས་བསམ་སྒོམ་པའི་ཡོན་ཏན་རྫོགས། །བསྟན་པའི་སྙིང་པོ་བཤད་སྒྲུབ་ལས་ལ་བརྩོན། །རང་གི་རྒྱུད་གྲོལ་གཞན་ཕན་མཁའ་ལྟར་ཁྱབ། །ཆོས་རྗེ་བླ་མའི་གོ་འཕང་མངོན་གྱུར་ཤོག །ཅེས་གྲུབ་ཆེན་སངས་རྒྱས་མཉན་པའི་རྗེ་དབོན་འཆི་མེད་སྤྲུལ་པའི་སྐུ་དང༌། མཁྱེན་ཡོན་དཔལ་མངའ་ཨ་གྲོ་སྤྲུལ་སྐུ་ཟུང་ནས་གསུང་བསྐུལ་བཞིན་རྒད་པོ་རང་ཉིད་ཀྱིས་བྲིས་ཤིང་སྨོན་པ་དགེ་ལེགས་འཕེལ། ༈ སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་བཤད་རྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་པ་བཀྲ་ཤིས་གྲུབ་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། སྟོན་པ་ཀུན་བཟང་རྒྱལ་ཚབ་རིགས་ལྔ་དང༌། །རིགས་གསུམ་དྲྭ་མ་ལྔ་དང་རྒྱལ་པོ་ཛཿ །ཀུ་ཀུ་རཱ་ཛ་ཨིནྡྲ་བོདྷི་དང༌། །སིང་ཧ་རཱ་ཛ་རྣམས་ལ་གསོལ་བ་འདེབས། །ཨུ་པ་རཱ་ཛ་གོ་མ་དེ་ཝིའི་ཞབས། །སློབ་དཔོན་ཀུ་ཀུ་རཱ་ཛ་ཕྱི་མ་དང༌། །རོ་ལང་བདེ་བ་རྡོ་རྗེ་བཞད་པ་རྩལ། །པྲ་བྷ་ཧསྟི་རྣམས་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་དངོས་པདྨ་སཏྟ་བྷ་ཝ། །སྒེག་རྡོར་སངས་རྒྱས་གསང་བ་བི་མ་ལ། །རྨ་ལོ་རིན་མཆོག་གཙུག་གྱེར་རྣམ་པ་གཉིས། །ཞང་སྟོན་རྒྱལ་ཡོན་རྣམས་ལ་གསོལ་བ་འདེབས། །གནུབས་ཆེན་སངས་རྒྱས་ཡོན་ཏན་རྒྱ་མཚོ་དང༌། །ཡེ་ཤེས་རྒྱ་མཚོ་ཉང་ཆེན་ཤེས་རབ་མཆོག །ཡེ་ཤེས་འབྱུང་གནས་ཟུར་ཆུང་ཤཱཀྱ་འབྱུང༌། །ཟུར་ཆེན་ཤེར་གྲགས་རྣམས་ལ་གསོལ་བ་འདེབས། །ཐུགས་སྲས་ཀ་ཆེན་བཞི་དང་སྒྲོ་ཕུག་པ། །ཉེ་སྟོན་ཆོས་སེང་གཙང་ནག་འོད་འབར་དང༌། །མེས་སྟོན་མགོན་པོ་ཤེས་རབ་ཚུལ་ཁྲིམས་དང༌། །རྟ་ནག་བདུད་འདུལ་རྣམས་ལ་གསོལ་བ་འདེབས། །ཤཱཀྱ་འཕེལ་དང་བྱམས་པ་སེང་གེ་དང༌། །འགྲོ་སྟོན་བསམ་འགྲུབ་སྒྲོལ་ཆེན་སངས་རྒྱས་མཚན། །གཞོན་ནུ་དཔལ་དང་ཡེ་ཤེས་དཔལ་བཟང་པོ། །རིན་ཆེན་ཕུན་ཚོགས་རྣམས་ལ་གསོལ་བ་འདེབས། །ཉི་ཟླ་སངས་རྒྱས་འཁོན་རིགས་ཚེ་དབང་དང༌། །དཔལ་འབྱོར་ལྷུན་གྲུབ་བཀྲ་ཤིས་ཀུན་དགའ་དང༌། །ཕྲིན་ལས་ལྷུན་གྲུབ་འགྱུར་མེད་རྡོ་རྗེ་དང༌། །ངག་དབང་ཆོས་དཔལ་རྣམས་ལ་གསོལ་བ་འདེབས། །འགྱུར་མེད་རྒྱ་མཚོ་རིན་ཆེན་རྣམ་པར་རྒྱལ། །པདྨ་བསྟན་འཛིན་ཨོ་རྒྱན་བསྟན་རྡོར་དང༌། །ཆོས་ཀྱི་གྲགས་པ་འཇིགས་མེད་ངོ་མཚར་ཞབས། །པདྨ་བཀྲ་ཤིས་རྣམས་ལ་གསོལ་བ་འདེབས། །རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་དང༌། །ངག་གི་དབང་ཕྱུག་པདྨའི་མཚན་ཅན་དང༌། །འཇམ་དཔལ་དབྱངས་དངོས་མི་ཕམ་རྣམ་པར་རྒྱལ། །མཁན་ཆེན་ཡོན་ཏན་རྒྱ་མཚོར་གསོལ་བ་འདེབས། །ཁྱབ་བདག་རྡོ་རྗེ་སེམས་དངོས་བི་ཛ་ཡ། །བསྟན་པའི་ཉི་མ་ཆོས་ཀྱི་བློ་གྲོས་སོགས། །སྙིང་པོའི་རྒྱུད་རྒྱལ་ལེགས་པར་འཛིན་པ་ཡི། །རིག་འཛིན་བླ་མ་རྣམས་ལ་གསོལ་བ་འདེབས། །གཞན་ཕན་མཐའ་ཡས་འཇིགས་མེད་ཆོས་ཀྱི་དབང༌། །ཡོན་ཏན་རྒྱ་མཚོ་མཁན་ཆེན་རྡོ་རྗེ་འཛིན། །ཐུབ་བསྟན་ཆོས་འཕེལ་འཇམ་དབྱངས་བསྟན་འཛིན་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས །ཁྱད་པར་རྒྱུད་ཀྱི་རྒྱལ་པོའི་མཐར་ཐུག་དོན། །ལེགས་བཤད་ཉི་ཟླའི་སྤྲིན་གྱི་སྣང་བ་ཡིས། །གསལ་མཛད་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ནས། །རིམ་བརྒྱུད་བླ་མའི་ཚོགས་ལ་གསོལ་བ་འདེབས། །གཞན་ཡང་གསང་ཆེན་སློབ་བཤད་སྙིང་པོའི་སྲོལ། །འཛིན་མཛད་རོང་ཟོམ་ཆོས་ཀྱི་བཟང་པོ་དང༌། །རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ་སོགས། །བྱིན་རླབས་ཉེ་བརྒྱུད་བླ་མར་གསོལ་བ་འདེབས། །བརྒྱུད་གསུམ་བླ་མའི་དགོངས་དོན་བདུད་རྩིའི་བཅུད། །རྨད་བྱུང་ཐུགས་ཀྱི་གསང་བ་སྙིང་པོའི་རྒྱུད། །སྙིང་གི་དཔལ་བེར་སྩོལ་བའི་བཀའ་དྲིན་ཅན། །རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས། །ཟུང་འཇུག་འབྲས་བུའི་ཡེ་ཤེས་བླ་མེད་པ། །རྣམ་པ་རྟགས་ཀྱི་ཕྱག་རྒྱར་ཤར་བ་ཡི། །ཡི་དམ་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་བཅས། །སྐྱབས་གནས་དམ་པ་རྣམས་ལ་གསོལ་བ་འདེབས། །དག་མཉམ་གཞི་ཡི་གནས་ལུགས་ཇི་བཞིན་རྟོགས། །བསྐྱེད་རྫོགས་ལམ་གྱི་རྣལ་འབྱོར་མཐར་རུ་ཕྱིན། །ཟུང་འཇུག་འབྲས་བུའི་ཡེ་ཤེས་མངོན་གྱུར་ནས། མཐའ་ཡས་འགྲོ་ཀུན་འདྲེན་པའི་དཔལ་ཐོབ་ཤོག །བརྒྱུད་གསུམ་བླ་མའི་བྱོན་རླབས་སྙིང་ལ་ཞུགས། །བཤད་དང་སྒྲུབ་པས་སྙིང་པོའི་བསྟན་པ་འཕེལ། །རྩ་གསུམ་སྲུང་མ་དགྱེས་པའི་གཟི་བྱིན་གྱིས། །འཇིག་རྟེན་དགེ་ལེགས་ཆེན་པོས་ཁྱབ་གྱུར་ཅིག །ཅེས་པའང་སྒྱུ་འཕྲུལ་བརྒྱུད་འདེབས་ལ་བཤད་བཀའི་ཕྱོགས་ཀྱི་ཁ་སྐོང་དང་སྨོན་ལམ་བཅས་འཇམ་དཔལ་དགྱེས་པས་སྤེལ་བ་དགེ་ལེགས་སུ་གྱུར་ཅིག །མངྒལཏྟ། ༈ སྒྱུ་འཕྲུལ་རྒྱུད་བཤད་རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོའི་ཉེ་བརྒྱུད་ལྟར་ན། ངག་དབང་ཆོས་དཔལ་རྣམས་ལ་གསོལ་འདེབས། ཞེས་པའི་མཚམས་སུ། མདོ་རྒྱུད་རྒྱ་མཚོ་འགྱུར་མེད་རབ་གསལ་དང༌། །སྣ་ཚོགས་རང་གྲོལ་འཇམ་མགོན་མཐུ་སྟོབས་ཞབས། །བཀའ་བབས་བདུན་གྱི་མངའ་བདག་མདོ་སྔགས་གླིང༌། །ཀུན་གཟིགས་ཡོན་ཏན་རྒྱ་མཚོར་གསོལ་བ་འདེབས། །མདོ་སྔགས་བསྟན་འཛིན་ཨོ་རྒྱན་ཆོས་ཀྱི་ཉི། །བཤད་སྒྲུབ་རྒྱ་མཚོ་འཇམ་དབྱངས་ཆོས་བློ་གྲོས། །པདྨ་དྲི་མེད་བྱང་ཆུབ་རྡོ་རྗེའི་ཞབས། ཉེ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །གཞན་ཡང་གསང་ཆེན་སློབ་བཤད་སྙིང་པོའི་ཚུལ། །འཛིན་མཛད་རོང་ཀློང་མཁས་གྲུབ་ཟླ་བྲལ་ཟུང༌། རང་བྱུང་རྡོ་རྗེ་སོགས་བརྒྱུད་འདེབས་དཀྱུས་ལྟར་བྱ་འོ། ༈ འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གསུང༌། དཔལ་གསང་བ་སྙིང་པོའི་བཤད་རྒྱུན་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཤིང་རྟའི་བརྒྱུད་འདེབས་ཁ་སྐོང་ནི། བཀའ་བབས་བདུན་གྱི་མངའ་བདག་མདོ་སྔགས་གླིང༌། །གསང་བའི་བདག་པོ་ཡོན་ཏན་རྒྱ་མཚོའི་ཞབས། །མདོ་སྔགས་བསྟན་འཛིན་ཨོ་རྒྱན་ཆོས་ཀྱི་ཉི། །བཤད་སྒྲུབ་རྒྱ་མཚོ་རྣམས་ལ་གསོལ་བ་འདེབས། །ཀུན་གཟིགས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རྗེ། །པདྨ་དྲི་མེད་བྱང་ཆུབ་རྡོ་རྗེ་ཞབས། །སྙིང་པོའི་རྒྱུད་རྒྱལ་ལེགས་པར་འཛིན་པ་ཡི། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་སོགས་ཀྱུས་ལ་འཇུག་གོ །ཞེས་མངྒ་ལས་སོ། ༈ མདོ་ཁམས་ལྗོངས་སུ་རྒྱལ་བསྟན་སྣང་མཛད་གཙོ། །མཁས་དང་གྲུབ་པའི་རྣམ་ཐར་རྒྱན་གྱུར་པ། །རྡོ་རྗེ་འཛིན་དབང་སྔ་འགྱུར་བཀའ་གཏེར་གྱི། །རབ་འབྱམས་བསྟན་པའི་ཉི་མར་གསོལ་བ་འདེབས། །བདེ་གཤེགས་མྱ་ངན་མེད་ཀྱི་རྣམ་པར་འཕྲུལ། །སྔ་འགྱུར་བཀའ་གཏེར་ཤིང་རྟ་རབ་འབྱམས་པའི། །གསང་གསུམ་བྱིན་བརླབས་ཐུགས་རྗེའི་རྣམ་འཕྲུལ་དུ། །དབུགས་དབྱུང་བསྟན་པའི་ཉི་མ་གསོལ་བ་འདེབས། ༈ རྒྱུད་ལུགས་འཇམ་དཔལ་ཞི་བའི་སྒྲུབ་ཐབས་ཡེ་ཤེས་སྣང་བ་མཆོག་སྦྱིན་གྱི་བརྒྱུད་འདེབས་ཡེ་ཤེས་དཔལ་སྟེར་བཞུགས། ངོ་བོ་ཀ་དག་སྤྲོས་མཚན་འཇམ་པའི་དབྱངས། །རང་བཞིན་ལྷུན་གྲུབ་སྐུ་དང་ཡེ་ཤེས་དཔལ། །གཉིས་སུ་མི་ཕྱེད་གཞོན་ནུ་བུམ་པའི་སྐུ། །ཆོས་དབྱིངས་སྲིད་ཞི་ཁྱབ་ལ་གསོལ་བ་འདེབས། །ཟག་མེད་ཡེ་ཤེས་སྐུ་ཡིས་ཞིང་ཀུན་ཁྱབ། །རབ་འབྱམས་ཆོས་འབྱུང་ཚངས་དབྱངས་གསུང་དབང་ཕྱུག །རྒྱལ་ཀུན་ཐུགས་དབུས་ཡེ་ཤེས་སེམས་དཔའི་ཚུལ། །ཕྱོགས་དུས་འདྲེན་པའི་དེད་དཔོན་གསོལ་བ་འདེབས། །འདས་པའི་སངས་རྒྱས་བདེ་གཤེགས་ཀླུའི་དབང་པོ། །ད་ལྟ་བྱང་ཕྱོགས་མོས་པ་རབ་དགའི་རྒྱལ། །མ་འོངས་མགོན་པོ་ཀུན་ཏུ་གཟིགས་ཆེན་པོ། །དུས་གསུམ་རྒྱལ་བའི་ཚུལ་སྟོན་གསོལ་བ་འདེབས། །ཐུབ་པའི་དྲུང་ན་རྒྱལ་སྲས་འཇམ་དཔལ་དབྱངས། །ཟབ་རྒྱས་ཆོས་སྟོན་བསྐུལ་མཛད་ཉེ་བའི་སྲས། །དུས་གསུམ་འདྲེན་པའི་བྱང་ཆུབ་ལམ་གྱི་གྲོགས། །ངོ་མཚར་བསམ་མི་ཁྱབ་ལ་གསོལ་བ་འདེབས། །རྣམ་དབྱེར་མེད་པའི་སེམས་ཅན་དོན་གྱི་ཕྱིར། །ཟབ་མོ་ལྟ་བའི་ལེགས་གསུང་གངྒའི་ཀླུང༌། །ཤིང་རྟ་ཆེན་པོ་ཀླུ་དབང་རྗེས་བཟུང་ནས། །ཐེག་མཆོག་ལམ་བཟང་སྟོན་ལ་གསོལ་བ་འདེབས། །སུམ་ཁྲི་དྲུག་སྟོང་འཇམ་དཔལ་སྒྱུ་འཕྲུལ་དྲྭ། །གསང་ཆེན་རྒྱུད་སྡེའི་སྨིན་གྲོལ་དབྱིག་གི་སྒྲོམ། །འཇམ་དཔལ་ཆོས་ཀྱི་བཤེས་གཉེན་ཚུལ་བཟུང་ནས། །བདེ་གཤེགས་སྐུ་ཡི་བཀའ་བབ་གསོལ་བ་འདེབས། །དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས། །བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་ཞི་བ་འཚོ། །ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་ཚུལ། །གངས་ཅན་སྒྲོན་མེ་གསུམ་ལ་གསོལ་བ་འདེབས། །མདོ་སྒྱུའི་ཤིང་རྟ་སངས་རྒྱས་ཡེ་ཤེས་དང༌། །ཤེལ་བཟའ་སྒྲོན་གསལ་སར་བན་ཕྱོགས་མེད་དང༌། །བདུད་འདུལ་རྡོ་རྗེ་གླིང་སོགས་ཟབ་གཏེར་གྱི། །སྨིན་གྲོལ་བསམ་ཡས་སྟོན་ལ་གསོལ་བ་འདེབས། །པཎ་ཆེན་མ་ཏི་དམ་པ་སངས་རྒྱས་སོགས། །རྒྱུད་སྡེ་བཞི་འབྲེལ་འཇམ་དཔལ་ཞི་དང་ཁྲོའི། །རྒྱུད་ལུང་མན་ངག་སྨིན་གྲོལ་ཀུན་འདུས་པ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །བློ་གྲོས་མཐའ་ཡས་ཞབས་དང་མཆོག་གྱུར་གླིང༌། །དབང་ཆེན་དགྱེས་རབ་རྡོ་རྗེ་ལ་སོགས་པའི། །བཀའ་གཏེར་མན་ངག་བདུད་རྩིའི་བཅུད་སྩོལ་བའི། །དངོས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱ་ཆེན་ཤེས་བྱའི་ཆོས་ཀུན་ཐུགས་སུ་ཆུད། །ཟབ་དོན་ཡེ་ཤེས་དགོངས་པའི་གཏེར་མཛོད་གྲོལ། །སྔ་འགྱུར་བསྟན་པའི་ཉིན་བྱེད་འཇམ་དཔལ་དབྱངས། །མི་ཕམ་རྣམ་པར་རྒྱལ་ལ་གསོལ་བ་འདེབས། །དེ་སྲས་ཐུ་བོ་པདྨ་རྣམ་པར་རྒྱལ། །གནས་ལྔ་རིག་པའི་པཎ་ཆེན་ཆོས་རྒྱ་མཚོ། །ཆོས་དབྱིངས་འོད་གསལ་ཆོས་ཀྱི་བློ་གྲོས་གཏེར། །རྣམ་འདྲེན་བླ་མ་རྣམས་ལ་གསོལ་བ་འདེབས། །སྲིད་ལས་ངེས་འབྱུང་གཞན་ཕན་སེམས་ཀྱིས་དུལ། །དབང་བཞིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །བསྐྱེད་རྫོགས་ལམ་གྱིས་རིག་འཛིན་བཞི་བགྲོད་ནས། །ཟུང་འཇུག་རྡོ་རྗེའི་མི་སློབ་ས་བརྙེས་ཤོག །ཁྱད་པར་ཡེ་ཤེས་སྐུ་ཅན་འཇམ་དཔལ་གྱི། །རྣམ་ཐར་བསམ་མི་ཁྱབ་པའི་དཔལ་མཐའ་དག །མངོན་གྱུར་བསྟན་འགྲོའི་དོན་གཉིས་མཐར་ཕྱིན་པའི། །གོ་འཕང་རྨད་བྱུང་ཚེ་འདིར་མངོན་གྱུར་ཤོག །ཅེས་མཁྱེན་ཡོན་དད་བརྩོན་རྨད་བྱུང་དགེ་སློང་ཡེ་ཤེས་རྒྱལ་མཚན་གསུང་བསྐུལ་བཞིན་འཇམ་དབྱངས་བླ་མ་དགྱེས་པའི་འབངས་བཀྲ་ཤིས་དཔལ་འབྱོར་གྱིས་ལྷོ་འབྲུག་བདེ་སྐྱིད་ཀུན་དགའི་ཚལ་ནས་བྲིས་པ་ཡེ་ཤེས་འདོད་དགུའི་སྣང་བ་ལ་རྩེན་པའི་རྒྱུར་གྱུར་ཅིག ༈ གསོལ་འདེབས་ལེའུ་བདུན་མའི་ཁ་སྐོང་བརྒྱུད་འདེབས་ནི། འགྱུར་མེད་ཕྲིན་ལས་རྣམ་རྒྱལ་ལ་གསོལ་བ་འདེབས། །རྗེ་བཙུན་ཕྲིན་ལས་ཆོས་སྒྲོན་ལ༴ །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ༴ །ཀུན་མཁྱེན་བློ་གྲོས་མཐའ་ཡས་ལ༴ །གཏེར་ཆེན་མཆོག་གྱུར་གླིང་པ་ལ༴ །མཁས་གྲུབ་འཇམ་དཔལ་དགྱེས་པ་ལ༴ །ཁྱབ་བདག་པདྨ་བསྟན་འཛིན་ལ༴ །རིག་འཛིན་འོད་གསལ་རྡོ་རྗེ་ལ༴ །འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལ༴ །དུས་གསུམ་རྩ་བརྒྱུད་བླ་མ་ལ༴ ཡི་དམ་སྒྲུབ་ཆེན་བཀའ་བརྒྱད་ལ༴ སོགས། མངྒ་ལས་སོ། ༈ བྱང་གཏེར་རྡོ་རྗེ་ཕུར་པ་དྲིལ་སྒྲུབ་ཀྱི་བརྒྱུད་འདེབས་བྱིན་རླབས་གཏེར་མཛོད་བཞུགས། ན་མོཿ ཤྲཱི་བཛྲ་ཀུ་མ་ར་ཡེ། འཁོར་འདས་ཀུན་ཁྱབ་ཆོས་སྐུ་ཀུན་ཏུ་བཟང༌། །ཁ་སྦྱོར་བདུན་ལྡན་ལོངས་སྐུ་རྡོ་རྗེ་སེམས། །གང་འདུལ་དེར་སྤྲུལ་གསང་བདག་སྨུག་ནག་ཡུམ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །ཚངས་པ་གདོང་གསུམ་ལྷ་དབང་ཀླུའི་རིག་འཛིན། །རྒྱལ་པོ་ཛ་དང་ཤཱཀྱ་པྲ་བྷའི་ཞབས། །གྲུབ་པའི་དབང་ཕྱུག་པདྨཱ་ཀ་ར་ལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །བི་མ་མི་ཏྲ་ཤཱི་ལ་མཉྫུ་དང༌། །མཁར་ཆེན་མཚོ་རྒྱལ་རྡོ་རྗེ་བདུད་འཇོམས་རྗེ། །ཟབ་གཏེར་སྒོ་འབྱེད་དངོས་གྲུབ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །སྐུ་ཡི་སྲས་མཆོག་རྣམ་རྒྱལ་མགོན་པོ་དང༌། །རིགས་སྔགས་འཆང་བ་རྡོ་རྗེ་མགོན་པོའི་ཞབས། །ངག་དབང་གྲགས་པ་སངས་རྒྱས་དཔལ་བཟང་ལ། །གསོལ་བ་འདེབས༴ ཐུགས་སྲས་ཆེན་པོ་སྔགས་འཆང་དྲང་སོ་བ། །ལེགས་ལྡན་ཞབས་དང་ཆོས་རྒྱལ་དབང་པོའི་སྡེ། །ངག་གི་དབང་པོ་རིག་འཛིན་ཡོལ་མོ་བར། །གསོལ་བ་འདེབས་སོ༴ མཐུ་སྟོབས་དབང་ཕྱུག་ཆོས་དབྱིངས་རང་གྲོལ་རྗེ། །གྲངས་མེད་རྒྱལ་བའི་སྤྱི་གཟུགས་བཤེས་གཉེན་མཆོག །ཀུན་མཁྱེན་ངག་དབང་བློ་བཟང་རྒྱ་མཚོའི་ཞབས། །གསོལ་བ་འདེབས་སོ༴ རིང་ནས་བསྙེན་ཅིང་བསྒྲུབ་པ་ལྷག་པའི་ལྷ། །ཕྲིན་ལས་རྒྱ་མཚོའི་བདག་ཉིད་ཧེ་རུ་ཀ །རྡོ་རྗེ་གཞོན་ནུས་རྗེས་བཟུང་རིག་འཛིན་རྗེར། །གསོལ་བ་འདེབས་སོ༴ སངས་རྒྱས་བྱམས་བཟང་སེ་སྟོན་ཉི་མ་བཟང༌། །མགོན་པོ་རིན་ཆེན་རྒྱལ་མཚན་དང༌། །སྤྱན་ཚབ་མཉམ་མེད་ཆོས་རྒྱལ་དབང་པོའི་སྡེར། །གསོལ་བ་འདེབས་སོ༴ རིག་འཛིན་ཆེན་པོ་ངག་གི་དབང་པོ་དང༌། །སྟོབས་ལྡན་དཔའ་བོ་ཟུར་ཆེན་པདྨ་དབང༌། །རྩ་བའི་བླ་མ་བླ་མེད་རྡོ་རྗེ་རྩལ། །གསོལ་བ་འདེབས་སོ༴ རིས་མེད་ཡོངས་འཛིན་དུ་མའི་ཐུགས་ཀྱི་སྲས། །སུམ་ལྡན་རྡོ་རྗེ་འཛིན་པའི་གྲུབ་མཆོག་རྗེ། །ལྷ་བཙུན་ཆེན་པོ་པདྨ་ཕྲིན་ལས་ལ། །གསོལ་བ་འདེབས་སོ༴ ཐེག་མཆོག་རྡོ་རྗེ་སྙིང་པོའི་བ་གམ་རྩེར། །བསྟན་པའི་རྒྱལ་མཚན་ཕྱོགས་ཅུར་སྒྲེང་མཛད་པའི། །རིགས་བདག་དཀྱིལ་འཁོར་འཁོར་ལོའི་མགོན་པོ་ལ། །གསོལ་བ་འདེབས་སོ༴ མཁྱེན་བརྩེ་ནུས་པའི་ཕུང་པོ་གཅིག་བསྡུས་པའི། །པདྨཱ་ཀ་རའི་རྒྱལ་ཚབ་དམ་པ་མཆོག །རིག་འཛིན་སྐལ་བཟང་པདྨ་དབང་ཕྱུག་ལ། །གསོལ་བ་འདེབས་སོ༴ དམ་པའི་རྗེས་བཟུང་མཐུ་སྟོབས་ནུས་པའི་བདག །གྲུབ་པའི་བརྟུལ་ཞུགས་འཛིན་པའི་བཤེས་གཉེན་མཆོག །ཁྱབ་བདག་བླ་མ་པདྨ་མི་ཏྲ་ལ། །གསོལ་བ་འདེབས་སོ༴ བསླབ་གསུམ་སྡོམ་བརྩོན་འཛིན་པའི་དེད་དཔོན་མཆོག །སྔ་འགྱུར་བསྟན་པ་སྤེལ་མཛད་ཆོས་ཀྱི་རྗེ། །འཁོར་ལོའི་མགོན་པོ་པདྨ་ངག་དབང་ལ། །གསོལ་བ་འདེབས་སོ༴ ཐེག་མཆོག་རྡོ་རྗེ་སྙིང་པོའི་བཅུད་མཆོག་ཀུན། །ཟབ་མོ་ཐུགས་ཀྱི་བུམ་པར་ལེགས་གཏམས་ཤིང༌། །སྤེལ་མཁས་ཀུན་བཟང་གསང་སྔགས་བསྟན་འཛིན་ལ། །གསོལ་བ་འདེབས་སོ༴ ཟུང་འཇུག་འོད་གསལ་ཕྱག་རྒྱ་ཆེན་པོའི་དོན། །མ་ནོར་ཇི་བཞིན་སྟོན་མཛད་ཆོས་ཀྱི་རྗེ། །པདྨའི་ཐུགས་སྲས་ནམ་མཁའ་ཀློང་ཡངས་ལ། །གསོལ་བ་འདེབས་སོ༴ སྙིང་པོའི་དོན་གཟིགས་མདོ་སྔགས་ཆོས་ཀྱི་མཐོ། །གུ་རུའི་ལུང་ཐོབ་པདྨ་དབང་རྒྱལ་དང༌། །མཁས་གྲུབ་ཀུན་གཙོ་སྐལ་བཟང་བདུད་འདུལ་ལ། །གསོལ་བ་འདེབས་སོ༴ བསླབ་གསུམ་རྣམ་དག་སྡོམ་གསུམ་ཁྲིམས་ཀྱིས་མཛེས། །རྒྱལ་བའི་མྱུ་གུ་མཉམ་ཉིད་རྡོ་རྗེ་དང༌། །རྡོ་རྗེ་འཛིན་པ་ཐེག་མཆོག་བསྟན་འཛིན་ལ། །གསོལ་བ་འདེབས་སོ༴ སྣང་སྲིད་དག་པ་ཆོས་སྐུའི་ཀློང་དུ་གཟིགས། །མ་འདྲེས་ཁ་དོག་རྟགས་ཀྱིས་ལེགས་འཁྱུད་པའི། །དྲིན་ཆེན་སྤྲུལ་སྐུ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ༴ ཕུང་ཁམས་རྣམ་པར་དག་པ་རྡོ་རྗེའི་ལུས། །གསང་གསུམ་ལྷ་ཡི་འཁོར་ལོར་ལྷུན་གྲུབ་པའི། །ཕྲིན་ལས་ཕུར་པའི་དཀྱིལ་འཁོར་ལྷ་ཚོགས་ལ། །གསོལ་བ་འདེབས་སོ༴ ལྷོ་བྲག་དུག་སྦྲུལ་སྤུངས་འདྲའི་གསང་སྒོའི་ནང༌། །མི་ཕྱེད་རྒྱས་བཏབ་ཟབ་གཏེར་ཡིད་བཞིན་ནོར། །དམ་ཅན་གཏེར་སྐྱོང་སྲུང་མར་བཅས་པ་ལ། །གསོལ་བ་འདེབས་སོ༴ འདི་ཕྱི་རྣམ་ཀུན་བྱང་ཆུབ་སྙིང་པོའི་བར། །བླ་མ་མཆོག་དང་ལྷག་པའི་ལྷར་བཅས་པས། །རྗེས་སུ་བཟུང་ནས་གསང་ཆེན་སྙིང་པོའི་ལམ། །རིམ་གཉིས་ཟབ་དོན་ཉམས་སུ་ལོངས་པར་ཤོག །མཚན་མའི་ཕུར་བུས་དགྲ་བགེགས་ཚར་གཅོད་ཅིང༌། །དོན་གྱི་ཕུར་བུས་མ་རིག་རྟོག་འཛིན་བསྒྲལ། །ལྷུན་གྲུབ་དབྱིངས་རིག་འོད་གསལ་ཆམས་ཅིག་གཞིར། །ཡོངས་དག་སྐུ་གསུམ་འབྲས་བུ་ལྷུན་གྲུབ་ཤོག །ཅེས་པ་འདི་ཡང་རིགས་སྔགས་འཆང་བ་དགེ་སློང་པདྨ་ཕྲིན་ལས་ཀྱིས་རང་གི་ངག་འདོན་ཕྱིར་ཕུར་སྒྲུབ་ཀྱི་ཐུན་མཚམས་སུ་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་དོན་ལྡན་ནོ། ༈ གཏེར་མཛོད་བརྒྱུད་འདེབས་ལྟར་ན། རྒྱལ་དབང་ལྔ་པ་རིན་པོ་ཆེའི་མཚམས་སུ། རིས་མེད་ཡོངས་འཛིན་དུ་མའི་ཐུགས་ཀྱི་སྲས། །སུམ་ལྡན་རྡོ་རྗེ་འཛིན་པའི་གྲུབ་མཆོག་རྗེ། །ལྷ་བཙུན་ཆེན་པོ་པདྨ་ཕྲིན་ལས་ལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །རིག་པ་འཛིན་མཆོག་པདྨ་དབང་རྒྱལ་དང༌། །རྡོ་རྗེ་ཐོགས་མེད་འགྱུར་མེད་བློ་ལྡན་དང༌། །པདྨ་བཤེས་གཉེན་ཕྲིན་ལས་ལྷུན་གྱིས་གྲུབ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །ཨོ་རྒྱན་རང་གྲོལ་རྡོ་རྗེ་ཕྲིན་ལས་དང༌། །ངེས་དོན་བསྟན་འཕེལ་བསོད་ནམས་མཆོག་ལྡན་ཞབས། །ཚེ་དབང་རིག་འཛིན་ཐུབ་བསྟན་རྒྱལ་མཚན་ལ། །གསོལ་བ་འདེབས་སོ༴ ཉེ་བརྒྱུད་བཀའ་བབས་འཇམ་དབྱངས་མཁྱེན་བརྩེའི་དབང༌། །རྒྱལ་ཀུན་ཕྲིན་ལས་རྗེས་སྐྱོང་གུ་ཎའི་ཞབས། །ཕྲིན་ལས་མཆོག་གྲུབ་རྡོ་རྗེ་དབང་མཆོག་རྩལ། །གསོལ་བ་འདེབས་སོ༴ འཇམ་པའི་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཞབས། །ཕུར་པའི་ཐུགས་བརྙེས་རྡོ་རྗེའི་རིག་པ་འཛིན། །རྩ་བ་བརྒྱུད་པའི་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །ཕུང་ཁམས་རྣམ་པར་དག་པ་སོགས་བརྒྱུད་འདེབས་དཀྱུས་ལྟར་རོ། །ཞེས་པའང་དད་མོས་ཀྱི་བློས་རྙིང་སྔགས་རྒན་པོ་མཁྱེན་བརྩེའི་འོད་ཟེར་གྱིས་དད་པས་བྲིས་པའོ། །དགེའོ། ༈ བླ་མ་དགོངས་འདུས་ཀྱི་བརྒྱུད་འདེབས་མདོར་བསྡུས་བྱིན་རླབས་འོད་སྣང་ཞེས་བྱ་བ་བཞུགས་སོ། །ཨོཾ་ཨཱཿཧཱུྃ་ཧྲཱིཿ ངོ་བོ་ཆོས་སྐུ་ཀུན་བཟང་འོད་མཐའ་ཡས། །རང་བཞིན་འོད་གསལ་ལོངས་སྐུ་ཐུགས་རྗེ་ཆེ། །མ་འགག་ཕྲིན་ལས་མཚོ་སྐྱེས་རྡོ་རྗེ་འཆང༌། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བོད་ཡུལ་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ཞབས། །དགོངས་འདུས་བཀའ་བབས་ལྷ་སྲས་རོལ་པ་རྩལ། །མཁར་ཆེན་མཚོ་རྒྱལ་རྗེ་འབངས་ལོ་པཎ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཟབ་གཏེར་སྒོ་འབྱེད་ཨོ་རྒྱན་སངས་རྒྱས་གླིང༌། །ཆོས་བདག་ལས་ཅན་རྩ་བརྒྱུད་བླ་མ་དང༌། །འཇམ་མགོན་པདྨ་གར་གྱི་དབང་ཕྱུག་རྩལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇིག་རྟེན་དབང་ཕྱུག་མཁའ་ཁྱབ་རྡོ་རྗེའི་ཞབས། །ཀུན་ཏུ་བཟང་པོ་འཇམ་མགོན་མཁྱེན་བརྩེའི་གཏེར། །ཆོས་ཀྱི་བློ་གྲོས་བཀྲ་ཤིས་དཔལ་འབྱོར་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དཀྱིལ་འཁོར་གཙོ་མཆོག་པདྨ་བཛྲ་རྩལ། །ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་མཁའ་འགྲོའི་ཚོགས། །དམ་ཅན་ཆོས་སྐྱོང་རྩ་གསུམ་རབ་འབྱམས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །བསྐྱེད་རྫོགས་མཐར་ཕྱིན་ཟུང་འཇུག་རྡོ་རྗེའི་དབྱིངས། །ཚེ་འདིར་ཕྱིན་ནས་བསྟན་འགྲོའི་ཕན་བདེའི་དཔལ། །རྟག་འཕེལ་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་པའང་མཁའ་སྤྱོད་སྤྲུལ་སྐུ་སྐུ་མཆེད་དང༌། དད་བརྩོན་ཆོས་ལ་སྤྱོད་པ་དཀར་ཆུང་སྤྲུལ་སྐུ་ཛྙཱ་ན་བཛྲས་གསུང་བསྐུལ་ངོར་མངྒ་ལ་ཤྲཱི་བྷཱུ་ཏིས་བྲག་དཀར་བཀྲ་ཤིས་སྡིངས་སུ་དགོངས་འདུས་ཀྱི་སྒྲུབ་ཆེན་དབང་དང་བཅས་པའི་སྐབས་བྲིས་པའོ། ༈ གུ་རུའི་ཐུགས་སྲས་རྗེ་འབངས་ཡོངས་ཀྱི་གཙོ། །མུ་རུབ་བཙད་པོ་ཡེ་ཤེས་རོལ་པ་རྩལ། །དགོངས་འདུས་བཀའ་བབས་གཏེར་ཆེན་ཆོས་ཀྱི་རྗེ། །སངས་རྒྱས་གླིང་པའི་ཞབས་ལ་གསོལ་བ་འདེབས། །ཞེས་དད་ལྡན་སིདྡྷི་ནས་བསྐུལ་ངོར་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་པ་དགེ་ལེགས་འཕེལ། ༈ གནམ་ཆོས་སྤྱིའི་བརྒྱུད་འདེབས་བྱིན་རླབས་རྨད་བྱུང་བཞུགས། ཀུན་བཟང་འོད་མི་འགྱུར་པ་ཆོས་ཀྱི་སྐུ། །རྣམ་སྣང་ལོངས་སྐུ་གར་དབང་སྤྱན་རས་གཟིགས། །སྤྲུལ་སྐུ་གདུལ་དཀའ་འདུལ་མཛད་པདྨ་འབྱུང༌། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །གསང་འཛིན་བཻ་རོ་མཚོ་རྒྱལ་ལྷའི་མེ་ཏོག །ཤུད་པུ་དཔལ་སེང་འགྲོ་འདུལ་སྤྲུལ་པའི་སྐུ། །ཐུགས་རྗེ་ཚད་མེད་མི་འགྱུར་རྡོ་རྗེ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཀུན་བཟང་ཤེས་རབ་ལྷུན་གྲུབ་རྒྱ་མཚོ་དང༌། །པདྨ་ནོར་བུ་ཀརྨ་བཀྲ་ཤིས་ཞབས། །ཀརྨ་ལྷ་དབང་ཀརྨ་འགྱུར་མེད་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །པདྨ་གསང་སྔགས་བསྟན་འཛིན་འཇམ་པའི་དབྱངས། །བློ་གྲོས་མཐའ་ཡས་མདོ་སྔགས་ཆོས་ཀྱི་ཉི། །ཚེ་དབང་རྒྱ་མཚོ་ཡེ་ཤེས་རྡོ་རྗེ་རྩལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །བརྒྱུད་གསུམ་བླ་མ་ཞི་ཁྲོ་གང་འདུལ་ལྷ། །དངོས་གྲུབ་མཆོག་གི་གནས་གསུམ་མཁའ་འགྲོ་མ། །ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །བསྐྱེད་རྫོགས་གདམས་པས་ས་ལམ་ཡོན་ཏན་རྫོགས། །ཕྲིན་ལས་མཐའ་ཕྱིན་སྐུ་ལྔའི་དབྱིངས་གྲོལ་བའི། །དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཞེས་པའང་མཆོག་སྤྲུལ་རིན་པོ་ཆེ་འཇིགས་མེད་མཁྱེན་བརྩེའི་དབང་ཕྱུག་གི་བཀའ་བསྩལ་བ་བཞིན་གནམ་ཆོས་སྤྱི་ལ་འཇུག་པའི་དབང་དུ་བྱས་ནས་མངྒ་ལ་ཤྲཱི་བྷུ་ཏིའི་བདེ་ཆེན་ཆོས་གླིང་ནས་བྲིས་པ་སིདྡྷི་རསྟུ། །དགེའོ། །མངྒ་ལཾ། ༈ ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་བརྒྱུད་འདེབས་ཀྱི་ཞལ་སྐོང་ནི། རྩ་བའི་བརྒྱུད་པ་ནི། །གཏེར་ཆེན་རིན་པོ་ཆེའི་རྗེས་སུ། ཐེག་མཆོག་སྙིང་པོའི་ལམ་གྱི་ཕོ་བྲང་དུ། །འཇིག་རྟེན་མིག་གཅིག་དྷརྨ་ཤྲཱི་དང༌། །རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཟབ་ལམ་མངོན་གྱུར་ཡེ་ཤེས་ཕོ་བྲང་དུ། །བི་མའི་རྣམ་འཕྲུལ་རིན་ཆེན་རྣམ་པར་རྒྱལ། །མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྒྱུ་འཕྲུལ་བཀོད་པ་བསམ་ཡས་ཕོ་བྲང་དུ། །གནུབས་ཆེན་ཡང་སྲིད་ཕྲིན་ལས་རྣམ་པར་རྒྱལ། །རྗེ་བཙུན་འགྱུར་མེད་ཕྲིན་ལས་ཆོས་སྒྲོན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བཀའ་གཏེར་མདོ་སྔགས་ཆོས་ཀྱི་ཕོ་བྲང་དུ། །བཀའ་བབ་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང༌། །རྒྱལ་བས་ལུང་བསྟན་པདྨ་གར་དབང་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐུགས་རྗེས་འགྲོ་བ་སྒྲོལ་བའི་ཕོ་བྲང་དུ། །འགྱུར་མེད་ཀུན་བཟང་བདེ་ཆེན་རྒྱལ་པོ་དང༌། །ཐུགས་རྗེ་ཆེ་དངོས་པདྨ་བི་ཛ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁྱེན་བརྩེ་ནུས་པ་བསམ་ཡས་ཕོ་བྲང་ནས། །རིགས་ཀུན་ཁྱབ་བདག་འཇམ་དབྱངས་ཆོས་བློ་གྲོས། །སྨིན་གྲོལ་མཛོད་འཛིན་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། ༑ ཡང་ཞེ་ཆེན་དབང་ཁྲིད་བརྒྱུད་པ་རྙིང་པ་ལྟར་ན། གཏེར་ཆེན་རིན་པོ་ཆེའི་མཚམས་སུ། ངེས་གསང་ལམ་མཆོག་སྟོན་པའི་ཕོ་བྲང་དུ། །རྫོགས་ཆེན་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང༌། །སྨྲ་བའི་སེང་གེ་ཀུན་བཟང་རྣམ་རྒྱལ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འོག་མིན་པདྨ་འོད་ཀྱི་ཕོ་བྲང་དུ། །པདྨ་གསང་སྔགས་བསྟན་འཛིན་ཆོས་ཀྱི་རྒྱལ། །མཐུ་སྟོབས་རྣམ་རྒྱལ་འགྱུར་མེད་བསྟན་འཕེལ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རིས་མེད་ཐུབ་བསྟན་ཆོས་ཀྱི་གསང་མཛོད་ནས། །འཇམ་མགོན་པདྨ་གར་གྱི་དབང་ཕྱུག་དང༌། །འགྱུར་མེད་པདྨ་རྣམ་པར་རྒྱལ་བ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། ༈ ཡང་བདག་གི་བླ་མ་རིན་པོ་ཆེས་སྨིན་གླིང་གདན་ས་ནས་གསན་པའི་བརྒྱུད་པ་ལྟར་ན། ཕྲིན་ལས་ཆོས་སྒྲོན་རྗེས། ཟབ་རྒྱས་གསང་ཆེན་ལམ་གྱི་ཕོ་བྲང་དུ། །འགྱུར་མེད་ཡིད་བཞིན་དབང་གི་རྒྱལ་པོ་དང༌། །མ་གཅིག་བདེ་ཆེན་ཡེ་ཤེས་ཆོས་སྒྲོན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འོད་གསལ་རྡོ་རྗེའི་ལམ་སྟོན་ཕོ་བྲང་དུ། །རིགས་ཀུན་ཁྱབ་བདག་པདྨ་བི་ཛ་ཡ། །འཇམ་མགོན་པདྨ་ཡེ་ཤེས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། ༈ ཡང་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་ལྟར་ན། མ་གཅིག་ཛྙཱ་ན་ཏཱ་རའི་རྗེས། བཀའ་གཏེར་སྨིན་གྲོལ་ཆོས་ཀྱི་ཕོ་བྲང་ནས། །འགྱུར་མེད་ཚེ་དབང་ལམ་འདིའི་དངོས་གྲུབ་བརྙེས། །བསྟན་འཛིན་ནོར་བུ་མདོ་སྔགས་བསྟན་འཛིན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། ༈ ཡང་ན་བརྒྱུད་ཚུལ་འདྲ་མིན་ལ་མཁྱེན་བརྩེ་རིན་པོ་ཆེའི་རྗེས་སུ། ཐམས་ཅད་མཁྱེན་གཟིགས་ཆོས་ཀྱི་རྒྱ་མཚོ་ལ། །གསོལ་བ༴ འོག་མིན་པདྨ་འོད་ཀྱི་ཕོ་དྲང་ནས། ལྷ་བཙུན་འཇིགས་བྲལ་དཔའ་བོ་རྡོ་རྗེ་དང༌། ངག་དབང་གྲགས་པ་མདོ་སྔགས་བསྟན་འཛིན་ལ། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། དེང་ནས་བདག་སོགས་སོགས་དཀྱུས་ལྟར་རོ། །དེ་དག་ཀྱང་རང་ཉིད་ལ་སྨིན་གྲོལ་བདུད་རྩིའི་སྐལ་པ་དགེ་བའི་དད་མོས་ཡིད་སྤྲོའི་གསལ་འདེབས་སུ་ཆོས་ཀྱི་རྒྱལ་པོ་སྨིན་གླིང་པའི་བསྟན་ཞབས་སུ་སྐྱེས་པའི་མདོ་ཁམས་ཞེ་ཆེན་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བསྙེན་སྒྲུབ་འབྲེལ་འཇོག་སྐབས་བྲིས་པས་རྩ་བརྒྱུད་བླ་མ་རྣམས་ཀྱི་རྡོ་རྗེ་གསུམ་གྱི་ཡེ་ཤེས་རྒྱུད་ལ་འཇུག་པའི་རྒྱུར་གྱུར་ཅིག ༈ བི་མའི་རྣམ་འཕྲུལ་རིན་ཆེན་རྣམ་རྒྱལ་དང༌། །མཚོ་རྒྱལ་དངོས་སྣང་མི་འགྱུར་དཔལ་སྒྲོན་དང༌། །ཐམས་ཅད་མཁྱེན་པ་ཨོ་ཌི་ཡཱ་ན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཀ་དག་ལྷ?་གྲུབ་ཟབ་མོ་གནས་ལུགས་མཆོག །ད་ལྟ་ཉིད་?་རྟོགས་པར་བྱིན་གྱིས་རློབས། །རིག་འཛིན་འགྱུར་མེད་ཕྲིན་ལས་རྣམ་རྒྱལ་དང༌། །གདོད་མའི་མགོན་པོ་ཕྲིན་ལས་ཆོས་སྒྲོན་དང༌། །བི་མ་དངོས་བྱོན་མཁྱེན་བརྩེའི་དབང་པོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཛོད་ལྔའི་ཤིང་རྟ་བློ་གྲོས་ཕ་མཐའ་ཡས། །⁽111b⁾ན་གཟིགས་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ་དང༌། །སྣང་བཞི་མཐར་སོན་སྣ་ཚོགས་རང་གྲོལ་ཞབས། །དགོངས་ཀློང་ཚད་ཕེབ་པདྨ་བི་ཛ་ཡར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁས་གྲུབ་དབང་ཕྱུག་འཇམ་དབྱངས་ཆོས་བློ་གྲོས། །བརྒྱུད་གསུམ་བྱིན་བརླབ་མཁྱེན་བརྩེའི་འོད་ཟེར་སོགས། །རྡོ་རྗེ་འཆང་དངོས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཀ་དག་ལྷ?་གྲུབ་ཟབ་མོ་གནས་ལུགས་མཆོག །ད་ལྟ་ཉིད་?་རྟོགས་པར་བྱིན་གྱིས་རློབས། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་སྙིང་ཐིག་མ་བུའི་སྔོན་འགྲོའི་བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་ལ་རྗེ་བཙུན་ཕྲིན་ལས་ཆོས་སྒྲོན་དང་རྗེ་བླ་མ་གཉིས་ཀྱི་བར་བླ་བརྒྱུད་གསོལ་འདེབས་ཁ་སྐོང་ཨ་ནེ་མེ་ར་ལི་ནས་ཞུས་པ། མཆན། ༈ རྩ་གསུམ་སྤྱི་འདུས་སྙིང་ཐིག་གི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་བདུད་རྩིའི་སྣང་བ་བཞུགས། ཆོས་དབྱིངས་ཀུན་ཁྱབ་བདེ་གཤེགས་འོད་མཐའ་ཡས། །སྐུ་དང་ཞིང་ཁམས་སྣང་མཛད་སྤྱན་རས་གཟིགས། །ཕྱོགས་དུས་རྒྱལ་ཀུན་ངོ་བོ་པདྨ་འབྱུང༌། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །བདེ་སྟོང་མཆོག་བརྙེས་གསང་འཛིན་མཁར་ཆེན་བཟའ། །ཆོས་ཀྱི་རྒྱལ་པོ་མངའ་བདག་ལྷའི་མེ་ཏོག །འཇིག་རྟེན་མིག་གཅིག་རྒྱལ་ཚབ་བཻ་རོ་རྗེ། །གསོལ་བ་འདེབས་སོ༴ །བཻ་རོའི་རྣམ་འཕྲུལ་ཀུན་སྤང་ཟླ་འོད་འབར། །སྣང་བཞི་མཐར་ཕྱིན་འཇའ་ཚོན་ལས་འཕྲོ་གླིང༌། །བཀའ་བབས་བདུན་གྱི་མངའ་བདག་མདོ་སྔགས་གླིང༌། །གསོལ་བ་འདེབས་སོ༴ །མཛོད་ལྔའི་སྲོལ་འབྱེད་པདྨ་གར་གྱི་དབང༌། །ཆོས་ཀྱི་རྒྱ་མཚོ་ཤཱཀྱ་ཤྲཱི་ཛྙཱ་ན། །འཕགས་མཆོག་འཇམ་མགོན་ཡེ་ཤེས་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ །ཡི་དམ་ཡོང་འདུས་པདྨ་གཏུམ་པོ་དང༌། །མཁའ་འགྲོའི་དབང་ཕྱུག་བདུད་འདུལ་སེངྒེའི་ཞལ། །རབ་འབྱམས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ལ། །གསོལ་བ་འདེབས་སོ༴ །སྨིན་བྱེད་དབང་གིས་སྒོ་གསུམ་རྡོ་རྗེར་སྨིན། །བསྐྱེད་རྫོགས་ལམ་གྱིས་སྲིད་ཞིའི་འཆིང་ལས་གྲོལ། །རྩ་གསུམ་དབྱེར་མེད་པདྨའོད་འབར་གྱི། །གསང་བ་གསུམ་དང་གཉིས་མེད་བྱང་ཆུབ་ཤོག །ཅེས་པའང་རྒྱམ་རྒྱལ་པདྨ་ཤེལ་རིའི་གནས་ཞོལ་རང་བྱུང་པདྨ་ཡབ་སྲས་ཀྱི་རྫུ་འཕྲུལ་ཕྱག་རྟགས་ཀྱི་རེ་ཁཱས་བཀྲ་བ་མཚོ་ནག་མའི་ཁར་ཚོགས་ཀྱི་མཆོད་པ་ཕུལ་བའི་སྐབས་སྔགས་བཙུན་འཇིགས་མེད་མཁྱེན་བརྩེ་མིང་ཅན་གྱིས་བྲིས་པ་བརྒྱུད་གསུམ་བླ་མས་བྱིན་གྱིས་བརླབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ། དགེའོ། ༈ རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་བརྒྱུད་པའི་གསོལ་འདེབས་པདྨའི་དོ་ཤལ་བཞུགས། ཆོས་སྐུའི་སྟོན་པ་ཀུན་བཟང་སྣང་མཐའ་ཡས། །སྐུ་དང་ཡེ་ཤེས་ཁྱབ་བདག་སྤྱན་རས་གཟིགས། །རྩ་གསུམ་དབྱེར་མེད་སྤྲུལ་སྐུ་པདྨ་འབྱུང༌། །ཐོད་ཕྲེང་སྡེ་ལྔར་ཤར་ལ་གསོལ་བ་འདེབས། །ཡི་དམ་ཀུན་འདུས་དབང་ཆེན་རྟ་མཆོག་དཔལ། །མཁའ་འགྲོའི་དབང་ཕྱུག་ཕག་མོ་མཁར་ཆེན་བཟའ། །ཨ་ཙར་ཡེ་ཤེས་མཆོག་དབྱངས་མངའ་བདག་རྗེ། །བཻ་རོ་ཙཱ་ན་རྣམས་ལ་གསོལ་བ་འདེབས། །ཟབ་གཏེར་སྒོ་འབྱེད་ཀུན་བཟང་བདེ་ཆེན་རྒྱལ། །པདྨ་གསང་སྔགས་བསྟན་འཛིན་ཆོས་ཀྱི་རྒྱལ། །བསྟན་འཛིན་འཕེལ་རྒྱས་འཇམ་མགོན་གུ་ཎའི་ཞབས། །ཆོས་ཀྱི་ཉི་མ་རྣམས་ལ་གསོལ་བ་འདེབས། །འགྱུར་མེད་ཚེ་དབང་རྒྱ་མཚོ་འཇམ་པའི་དབྱངས། །ཆོས་ཀྱི་བློ་གྲོས་དབང་ཆེན་རྟ་ཕག་སྐུ། །མཁའ་འགྲོ་སྡེ་བཞི་རབ་འབྱམས་རྩ་གསུམ་ལྷ། །སྒྱུ་འཕྲུལ་དྲྭ་བའི་ཚོགས་ལ་གསོལ་བ་འདེབས། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །སྣང་སྲིད་ལྷ་དང་བླ་མའི་རྣམ་རོལ་གྱིས། །བསྐྱེད་རྫོགས་ལམ་གྱིས་དངོས་གྲུབ་འདོད་དགུ་ཐོབ། །དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་ཐོབ་ཤོག །ཅེས་ལྕགས་ཁྱི་རྒྱལ་ཟླ་བའི་ཚེས་ཉེར་ལྔ་ཉིན་ལྷོ་འབྲུག་སྨན་ལྗོངས་ནས་རིན་ཆེན་གཏེར་མཛོད་དབང་ཁྲིད་འདོན་སྐབས་རྒྱལ་ཁམས་པ་མངྒ་ལས་གསོལ་བ་བཏབ་པ་རྩ་བ་གསུམ་གྱི་བྱིན་རླབས་ཐོབ་པའི་རྒྱུར་གྱུར་ཅིག། ༈ བླ་མ་དགོངས་འདུས་སྙིང་པོའི་བརྒྱུད་འདེབས་བདེ་ཆེན་སྣང་བ་བཞུགས། བདེ་ཆེན་འོད་མི་འགྱུར་བ་ཆོས་ཀྱི་སྐུ། །ཚེ་མཐའ་ཡས་པའི་མགོན་པོ་ལོངས་སྤྱོད་རྫོགས། །རྒྱལ་ཀུན་སྤྱི་གཟུགས་པད་འབྱུང་སྤྲུལ་པའི་སྐུ། །གསོལ་བ་འདེབས་སོ་བདེ་ཆེན་མཆོག་ཐོབ་མཛོད། །དཀྱིལ་འཁོར་ཁྱབ་བདག་པདྨ་བཛྲ་རྩལ། །གསང་འཛིན་མཁའ་འགྲོ་སྤྲུལ་པའི་རྗེ་འབངས་སྲས། །རང་སྣང་ཡེ་ཤེས་དཀྱིལ་འཁོར་འཁོར་ལོ་ལ། །གསོལ་བ་འདེབས་སོ་བདེ་ཆེན་མཆོག་ཐོབ་མཛོད། གཏེར་འབྱིན་གྲུབ་བརྒྱའི་གཙུག་རྒྱན་མཆོག་གྱུར་གླིང༌། །མཁྱེན་བརྩེའི་དབང་པོ་པདྨ་གར་གྱི་དབང༌། །ཚེ་དབང་རྒྱ་མཚོ་འཇམ་མགོན་དྷརྨའི་མཚན། །གསོལ་བ་འདེབས་སོ་བདེ་ཆེན་མཆོག་ཐོབ་མཛོད། རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །ཡེ་ཤེས་ཀློང་དགུ་ཌཱ་ཀི་དམ་ཅན་དང༌། །བཀའ་གཏེར་ཆོས་སྲུང་རྩ་གསུམ་དཀྱིལ་འཁོར་ལྷར། །གསོལ་བ་འདེབས་སོ་བདེ་ཆེན་མཆོག་ཐོབ་མཛོད། དད་དང་ངེས་འབྱུང་སྙིང་རྗེའི་གཞི་བཟུང་སྟེ། །སྨིན་གྲོལ་རིམ་པས་རྡོ་རྗེའི་ལམ་མཐར་སོན། །སྐུ་བཞི་དབྱེར་མེད་བླ་མ་བདེ་ཆེའི། །རྡོ་རྗེ་གཞི་དབྱིངས་མངོན་པར་བྱང་ཆུབ་ཤོག །ཅེས་པའང་ལྷ་རི་འབྲས་ལྗོངས་སྤྲུལ་པའི་སྦས་གནས་ནས་རིན་ཆེན་གཏེར་མཛོད་ཆེན་པོའི་དབང་ལུང་འཆད་པའི་སྐབས་དད་པའི་བློ་ཡིས་མཚམས་སྦྱར་ཏེ་རྙིང་བཙུན་མངྒ་ལའི་མིང་གིས་བྲིས་ཤིང་གསོལ་བ་བཏབ་པ་བླ་མ་བདེ་བ་ཆེན་པོའི་བྱིན་རླབས་ཀྱི་བདུད་རྩི་སིམས་པའི་དཔལ་དུ་གྱུར་ཅིག ༈ རྩ་བའི་ཐུགས་སྒྲུབ་དགོངས་པ་ཀུན་འདུས་ཀྱི་བརྒྱུད་པའི་གསོལ་འདེབས་ཡེ་ཤེས་སྣང་བ་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བྷྱཿ ཆོས་དབྱིངས་འོད་གསལ་སྙིང་པོའི་དཀྱིལ་འཁོར་ན། །ཀུན་བཟང་རིགས་ལྔ་རྡོར་སེམས་འོད་མི་འགྱུར། །བླ་མ་ཆོས་སྐུའི་ལྷ་ཚོགས་གསོལ་བ་འདེབས། །དགོངས་ཀློང་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །འཆི་མེད་བདེ་ཆེན་བདུད་རྩིའི་དཀྱིལ་འཁོར་ན། །ཚེ་འོད་དཔག་མེད་ཐོད་ཕྲེང་རྩལ་འཆང་ལྔ། །བླ་མ་ལོངས་སྐུའི་ལྷ་ཚོགས་གསོལ་བ་འདེབས། །བརྡ་བརྒྱུད་བྱིན་ཆེན་ཐོབ་པར་བྱིན་གྱིས་རློབས། །ཐུགས་རྗེའི་འགྲོ་འདུལ་ཕྲིན་ལས་དཀྱིལ་འཁོར་ན། །པདྨ་འབྱུང་གནས་གུ་རུ་མཚན་བརྒྱད་སོགས། །བླ་མ་སྤྲུལ་སྐུའི་ལྷ་ཚོགས་གསོལ་བ་འདེབས། །སྙན་བརྒྱུད་གདམས་པས་འགྲོ་སྒྲོལ་བྱིན་གྱིས་རློབས། །ཡེ་ཤེས་ཀློང་དགུ་འབར་བའི་དཀྱིལ་འཁོར་དུ། །ཞི་ཁྲོ་བཀའ་བརྒྱད་གནས་ཡུལ་སྒོ་སྐྱོང་སོགས། །རབ་འབྱམས་རྩ་གསུམ་ལྷ་ཚོགས་གསོལ་བ་འདེབས། །མཆོག་ཐུན་དངོས་གྲུབ་མྱུར་ཐོབ་བྱིན་གྱིས་རློབས། །བསམ་ཡས་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་ན། །བརྒྱུད་གསུམ་བླ་མ་ཡི་དམ་ཞི་ཁྲོ་དང༌། །མ་ཚོགས་མཁའ་འགྲོ་ཆོས་སྐྱོང་གསོལ་བ་འདེབས། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །བཀའ་གཏེར་རྒྱུད་དང་སྒྲུབ་སྡེའི་དཀྱིལ་འཁོར་དུ། །མཆོག་གྱུར་གླིང་དང་ཀུན་གཟིགས་འཇམ་མགོན་ཟུང༌། །ཡབ་སྲས་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །སྨིན་གྲོལ་གདམས་པས་དོན་གཉིས་ལྷུན་གྲུབ་ཤོག །ཕན་ནུས་ཟབ་མོས་དབང་གིས་རིགས་མཆོག་སད། །བསྐྱེད་རྫོགས་རྡོ་རྗེའི་ལམ་གྱིས་རང་རྒྱུད་གྲོལ། །གཞན་ཕན་མཁའ་ཁྱབ་སྐུ་གསུམ་བླ་མ་རྗེའི། །རྡོ་རྗེ་བཞི་དབྱིངས་མངོན་པར་བྱང་ཆུབ་ཤོག །ཅེས་པའང་དད་བརྩོན་བློ་ལྡན་བྱང་འདྲེན་པདྨ་བཀྲ་ཤིས་ནས་ཆེད་བསྐུལ་བཞིན་རིག་འཛིན་རྩལ་འཆང་རྣམ་གསུམ་གྱི་བསྟན་ཞབས་སུ་སྐྱེས་པའི་འབངས་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་ཕྲིན་ལས་རོལ་པ་རྩལ་གྱིས་ཨེ་ཝཾ་ཆོས་ཀྱི་སྒར་ཆེན་དུ་བྲིས་པ་བླ་མ་སྐུ་བཞིའི་གོ་འཕང་རྟེན་འདིར་འགྲུབ་པའི་རྒྱུར་གྱུར་ཅིག །དགེའོ། ༈ ཆོས་བཞིའི་གསོལ་འདེབས་རིན་ཆེན་སྙིང་པོ་བཞུགས། །ཕ་གཅིག་བླ་མ་ཨོ་རྒྱན་རྡོ་རྗེ་འཆང༌། །བདག་རྒྱུད་དམ་པའི་ཆོསྃ་ཀྱིྃ་ཕྱོགྃས་སུ་གཞོལ། །བསམ་སྦྱོར་ཐམས་ཅད་རྣམ་མཁྱེན་ལམྃ་དུྃ་ཞུགྃས། །ལམྃ་མཆོྃག་འཁྲུལྃ་མེདྃ་ཐེག་ཆེན་ལྟ་སྒོམ་སྤྱོད། །འཁྲུལྃ་སྣངྃ་ཡེྃ་ཤེསྃ་འཆྃར་བའི་ཉམས་ལེན་གྱིས། །ཆོས་བརྒྱད་འཆིང་བྲལ་དབེན་པའི་རི་སུལ་དུ། །གཞན་ཕན་བྱང་ཆུབ་སེམས་ཀྱི་བསམ་སྦྱོར་གྱིས། །དཔལ་མགོན་བླ་མའི་དགོངས་རྒྱུད་ཇི་བཞིན་དུ། །སྤྱོད་པས་གདོད་མའི་བཙན་ས་ཟིན་པར་ཤོག །ཅེས་པའང་མཉེས་པ་གསུམ་གྱི་ཞབས་ཏོག་ཕུལ་ཕྱིན་ཀུན་བཟང་ཀློང་གྲོལ་སོགས་ཕ་རན་སིའི་སྒོམ་གྲྭ་རྣམས་ཀྱིས་ཆེད་དུ་བསྐུལ་བ་བཞིན་དུ་གུ་ཡངས་རྒན་པོ་གཏད་མེད་མངྒ་ལས་སྤྲོ་བའི་སེམས་ཀྱིས་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག ༈ བླ་མ་དྲག་མཐིང་ལྷག་པའི་ལྷ་མཆོག་སྒྲུབ་པ་བཀའ་བརྒྱད་དབྱེར་མེད་པ་ལ་གསོལ་བ་འདེབས་པ་བྱིན་རླབས་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། ཨོཾྃ་ཡིག་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང༌། །ཕྱོགས་དུས་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང༌། །བཀྲ་ཤིས་ཚངས་པའི་དབྱངས་ཀྱིས་དེང་བསྐུལ་ན། །བྱིན་རླབས་དགའ་སྟོན་སྩོལ་ཅིག་པདྨ་འབྱུང༌། །གུྃ་རུྃ་སྲིད་ཞིའི་བླ་མར་གྱུར་པ་ཁྱེད། །ཕུལ་བྱུང་མཁྱེན་བརྩེ་ནུས་པའི་ཡེ་ཤེས་བྱིན། །དད་བརྒྱའི་སྙིང་གི་པདྨོར་སིམ་པ་ལས། །དགོངས་རྒྱུད་ཡེ་ཤེས་སྩོལ་ཅིག་པདྨ་འབྱུང༌། །ཤྲཱིྃ་བརྟན་གཡོ་སྲིད་ཞིའི་སྤྱི་དཔལ་མཆོག །གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་བདག །རྒྱུད་སྡེ་རྒྱ་མཚོའི་ཁྱབ་བདག་སྒྲུབ་སྡེ་བརྒྱད། །ཡེ་ཤེས་རོལ་པས་རྗེས་བཟུང་པདྨ་འབྱུང༌། །བྃཛྲྃ་གཉིས་སུ་མི་ཕྱེད་སེམས་དཔའ་ཆེ། །སྒྲིབ་བྲལ་མཆོག་གི་བྱིན་རླབས་སྣང་བ་ཡིས། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་རྡོ་རྗེའི་དལ། །སད་པའི་དགའ་སྟོན་སྩོལ་ཅིག་པདྨ་འབྱུང༌། །ཡྃཀྵྃ་རྡོ་རྗེ་གནོད་སྦྱིན་ཁྲོ་རྒྱལ་ནི། །མི་བཟད་འབར་བ་ཆེན་པོའི་གདུག་པའི་ཚོགས། །སྲིད་གསུམ་དབྱིངས་སུ་སྒྲོལ་བའི་སྟོབས་བཅུའི་མཚོན། །བདུད་སྡེའི་གཤེད་དུ་ཕོབ་ཅིག་པདྨ་འབྱུང༌། །ཀྲོྃ་དྷྃ་ཧེ་རུ་ཀ་དཔལ་མངོན་སྤྱོད་ཀྱིས། །ཁྱད་པར་ནག་ཕྱོགས་རྒྱལ་བསེན་དམ་སྲིའི་དཔུང༌། །རྩ་སྤུར་མེ་བཞིན་དབྱིངས་སྒྲོལ་ཁྲོ་བོ་ཆེའི། །ཕྲིན་ལས་སྟོབས་རྩལ་ཕྱུངས་ཤིག་པདྨ་འབྱུང༌། །ཙིྃཏྟྃ་འཁོར་འདས་ཀུན་གྱི་སྲོག་གི་སྙིང༌། །རང་བྱུང་འབར་བ་སྤྱི་དཔལ་ཆེ་མཆོག་དབྱིངས། །གཞི་ལམ་འབྲས་བུ་དབྱེར་མི་ཕྱེད་པའི་ཀློང༌། །མངོན་པར་བྱང་ཆུབ་མཛོད་ཅིག་པདྨ་འབྱུང༌། །ཧཱུྃ་ཡིག་བདུད་བཞི་བཅོམ་པས་དགྲ་གསུམ་སོད། །ལེགས་པའི་ཡོན་ཏན་དྲུག་ལྡན་འཕྲང་གསུམ་བརྒལ། །སྲིད་ཞི་ལས་འདས་འཁོར་འདས་མཉམ་ཉིད་བརྡལ། །མཆོག་དངོས་གྲུབ་པར་མཛོད་ཅིག་པདྨ་འབྱུང༌། །རྡོ་རྗེ་རང་བྱུང་གསང་བའི་སྔགས་དོན་བཞིན། །རྡོ་རྗེའི་བླ་མ་ཡི་དམ་དབྱེར་མེད་ལ། །རྡོ་རྗེའི་ཐུགས་དམ་གནད་བསྐུལ་གསོལ་འདེབས་ཚིག །རྡོ་རྗེའི་སྒྲ་དབྱངས་བརྗོད་པ་དོན་ལྡན་མཛོད། །ཅེས་པའང་ས་རྟ་གྲོ་ཞུན་ཟླ་བའི་ཚེས་ཉེར་ལྔ་ལ་ཐུགས་སྒྲུབ་དྲག་པོ་དཔལ་ཆེན་འདུས་པའི་ཚོགས་སྒྲུབ་ཀྱི་དབུ་ཚུགས་ཉིན་རྣལ་འབྱོར་ཙམ་པོ་བ་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེས་གདུང་ཤུགས་ཀྱིས་གསོལ་འདེབས་སུ་སྦྱར་བ་རྡོ་རྗེའི་བྱིན་ཆེན་བཙན་ཐབས་སུ་འབེབས་པའི་རྒྱུར་གྱུར་ཅིག །དགེའོ། ༈ དཔལ་ཆེན་རྡོ་རྗེ་ཕུར་བུའི་དཀྱིལ་འཁོར་ལ་གསོལ་འདེབས་ཁྲག་འཐུང་དགྱེས་པའི་རང་སྒྲ་ཞེས་བྱ་བ་བཞུགས་སོ། ཧཱུྃ་ཧཱུྃ་ཧཱུྃ། མཉམ་ཉིད་མི་གཡོ་ངང་གིས་ཁྲོས་པའི་ཀློང༌། །གཉིས་སྣང་བདུད་བཅོམ་བདེ་ཆེན་ཤུགས་ཀྱིས་ཁྲོ། །གདུལ་དཀའི་གཤེད་གྱུར་རྡོ་རྗེ་སྲིན་པོའི་གཟུགས། །དཔལ་ཆེན་རྡོ་རྗེ་གཞོན་ནུར་གསོལ་བ་འདེབས། །རང་རིག་ཕུར་བུ་དབྱིངས་སུ་མ་ཐེབས་བར། །ཁྲག་འཐུང་དགྱེས་པའི་སྣང་བ་མི་འབྲལ་ཞིང༌། །གློ་བུར་སྡེ་གསུམ་ཡིད་སྲུབ་བར་ཆད་ལས། །རྣམ་རྒྱལ་ཐུན་མོང་མཆོག་གི་དངོས་གྲུབ་སྩོལ། །མཐའ་བཞིའི་སྤྲོས་བྲལ་འོད་གསལ་དེ་བཞིན་ཉིད། །ལྷན་སྐྱེས་རྣམ་ཐར་གསུམ་གྱི་བདེ་ཆེན་བདག །ནང་གསལ་དབྱིངས་ཀྱི་ཕྱག་རྒྱ་ཀུན་བཟང་མོ། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་གསོལ་བ་འདེབས། །རང་རིག་ཕུར་བུ་དབྱིངས་སུ་མ་ཐེབས་བར། །ཁྲག་འཐུང་དགྱེས་པའི་སྣང་བ་མི་འབྲལ་ཞིང༌། །ཡིད་དཔྱོད་མཚན་འཛིན་རྟོག་པའི་བར་ཆད་ལས། །རྣམ་རྒྱལ་ཐུན་མོང་མཆོག་གི་དངོས་གྲུབ་སྩོལ། །འཇིགས་བྲལ་སྟོབས་བཅུའི་རང་གཟུགས་ཕྱག་རྒྱའི་གར། །དབང་བཅུའི་སྒྱུ་འཕྲུལ་རོལ་པ་ཆེན་པོའི་སྐུ། །ཀུན་འབྱུང་སྡིག་སྤྱོད་བཅུ་ཡི་གཤེད་ཆེན་པོ། །ཁྲོ་རྒྱལ་ཡབ་ཡུམ་ཕྱག་བརྙན་གསོལ་བ་འདེབས། །རང་རིག་ཕུར་བུ་དབྱིངས་སུ་མ་ཐེབས་བར། །ཁྲག་འཐུང་དགྱེས་པའི་སྣང་བ་མི་འབྲལ་ཞིང༌། །ཕྱོགས་བཅུའི་བགེགས་ཀྱི་ཕྱི་ནང་བར་ཆད་ལས། །རྣམ་རྒྱལ་ཐུན་མོང་མཆོག་གི་དངོས་གྲུབ་སྩོལ། །ཟག་མེད་གསང་བས་སྲིད་གསུམ་ས་བོན་བཅད། །རང་རྩལ་སྙིང་རྗེས་ཁམས་གསུམ་གདུག་ཅན་སྒྲོལ། །གཙོ་མཆོག་དཔའ་བོའི་སྐུ་གསུང་ཐུགས་རྡོ་རྗེའི། །སྲས་མཆོག་ཉི་ཤུ་གཅིག་ལ་གསོལ་བ་འདེབས། །རང་རིག་ཕུར་བུ་དབྱིངས་སུ་མ་ཐེབས་བར། །ཁྲག་འཐུང་དགྱེས་པའི་སྣང་བ་མི་འབྲལ་ཞིང༌། །སྒོ་གསུམ་འཁྲུལ་པའི་ཉོན་མོངས་བར་ཆད་ལས། །རྣམ་རྒྱལ་ཐུན་མོང་མཆོག་གི་དངོས་གྲུབ་སྩོལ། །ཆོས་ཉིད་གཅིག་ལས་ཚད་མེད་རྣམ་པ་བཞིའི། །རང་མདངས་ཞི་རྒྱས་དབང་དང་དྲག་པོའི་ཚུལ། །བསྡུ་བཞིས་ཡིད་ཅན་བསྒྲལ་བའི་དམ་ཚིག་ཅན། །སྒོ་སྐྱོང་ཁྲོ་མོ་བཞི་ལ་གསོལ་བ་འདེབས། །རང་རིག་ཕུར་བུ་དབྱིངས་སུ་མ་ཐེབས་བར། །ཁྲག་འཐུང་དགྱེས་པའི་སྣང་བ་མི་འབྲལ་ཞིང༌། །རྟག་ཆད་མཐའ་བཞིའི་གཡང་སའི་བར་ཆད་ལས། །རྣམ་རྒྱལ་ཐུན་མོང་མཆོག་གི་དངོས་གྲུབ་སྩོལ། །བཅུ་གཉིས་དུས་སྦྱོར་འཕོ་བའི་རྒྱུ་བ་ཀུན། །རྟོག་བྲལ་དབུ་མའི་ཐིག་ལེར་ངལ་འཚོས་བཞིན། །དམ་ལྡན་སྐྱོང་ཕྱིར་དཔལ་གྱི་བཀའ་སྡོད་ཚུལ། །ཕུར་སྲུང་དམ་ཅན་བཅུ་གཉིས་གསོལ་བ་འདེབས། །རང་རིག་ཕུར་བུ་དབྱིངས་སུ་མ་ཐེབས་བར། །ཁྲག་འཐུང་དགྱེས་པའི་སྣང་བ་མི་འབྲལ་ཞིང༌། །རྟེན་འབྲེལ་ལུགས་འབྱུང་སྲིད་པའི་བར་ཆད་ལས། །རྣམ་རྒྱལ་ཐུན་མོང་མཆོག་གི་དངོས་གྲུབ་སྩོལ། །སྲིད་ཞིའི་སྟོང་སྲོག་ཐིག་ལེ་ཉག་གཅིག་པུ། །རྡོ་རྗེ་ཁྲོས་པའི་སྙིང་རྗེའི་རྔམས་པའི་ཞལ། །དུག་གསུམ་ཉམས་པའི་གཤེད་དུ་བརྗིད་པ་ཡི། །དཀྱིལ་འཁོར་གསུམ་དུ་ཤར་ལ་གསོལ་བ་འདེབས། །རང་རིག་ཕུར་བུ་དབྱིངས་སུ་མ་ཐེབས་བར། །ཁྲག་འཐུང་དགྱེས་པའི་སྣང་བ་མི་འབྲལ་ཞིང༌། །རིགས་དྲུག་འཁྲུལ་སྣང་སྡུག་བསྔལ་བར་ཆད་ལས། །རྣམ་རྒྱལ་རྫས་ཀྱི་ཕུར་བུའི་དངོས་གྲུབ་སྩོལ། །སྣོད་བཅུད་བརྟན་གཡོ་སྣང་གྲགས་རིག་པའི་ཆོས། །རང་བྱུང་རྡོ་རྗེ་གསུམ་དུ་རྫོགས་པ་ཡིས། །ལྷ་སྔགས་ཡེ་ཤེས་དག་པ་རབ་འབྱམས་སྤྲིན། །དཀྱིལ་འཁོར་གསུམ་དུ་ཤར་ལ་གསོལ་བ་འདེབས། །རང་རིག་ཕུར་བུ་དབྱིངས་སུ་མ་ཐེབས་བར། །ཁྲག་འཐུང་དགྱེས་པའི་སྣང་བ་མི་འབྲལ་ཞིང༌། །མཚན་འཛིན་གཉིས་སྣང་སྤང་བླང་བར་ཆད་ལས། །རྣམ་རྒྱལ་སྲིད་པའི་ཕུར་བུའི་དངོས་གྲུབ་སྩོལ། །རྡོ་རྗེ་ཕུང་པོར་གདན་གསུམ་ཡོངས་རྫོགས་པས། །རྩ་ཁམས་རླུང་དང་ཐིག་ལེའི་འཕོ་བའི་རྒྱུན། །མི་ཤིགས་དྷཱུ་ཏིའི་སྲོག་ཏུ་བསྡོམས་པའི་བཅུད། །དཀྱིལ་འཁོར་གསུམ་དུ་ཤར་ལ་གསོལ་བ་འདེབས། །རང་རིག་ཕུར་བུ་དབྱིངས་སུ་མ་ཐེབས་བར། །ཁྲག་འཐུང་དགྱེས་པའི་སྣང་བ་མི་འབྲལ་ཞིང༌། །སྣང་གསུམ་འཁོར་བའི་སྒྲིབ་བཅས་བར་ཆད་ལས། །རྣམ་རྒྱལ་བྱང་སེམས་ཕུར་བུའི་དངོས་གྲུབ་སྩོལ། །ཤིན་ཏུ་གསང་བ་ཡེ་ཤེས་ཀློང་ལྔའི་སྦུབས། །འོད་གསལ་རྒྱུན་ཆད་མེད་པའི་རིག་པ་ནི། །གཟོད་ནས་ཟུང་འཇུག་འདུ་འབྲལ་མེད་པའི་བདག །དཀྱིལ་འཁོར་གསུམ་དུ་ཤར་ལ་གསོལ་བ་འདེབས། །རང་རིག་ཕུར་བུ་དབྱིངས་སུ་མ་ཐེབས་བར། །ཁྲག་འཐུང་དགྱེས་པའི་སྣང་བ་མི་འབྲལ་ཞིང༌། །གློ་བུར་ལྟར་སྣང་ཡིད་དཔྱོད་བར་ཆད་ལས། །རྣམ་རྒྱལ་རིག་པའི་ཕུར་བུའི་དངོས་གྲུབ་སྩོལ། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །ཚེ་རབས་ཀུན་ཏུ་ལྷ་ཁྱོད་མི་འབྲལ་ཞིང༌། །ཕྱི་ནང་གསང་བའི་བར་ཆད་ལས་རྒྱལ་ཏེ། །རིག་འཛིན་གྲུབ་པའི་གོ་འཕང་མངོན་སུམ་བརྙེས། །མཉམ་ཉིད་ངང་ལས་ཐུགས་རྗེས་ཁྲོས་པ་ཡིས། །གདུག་པའི་ཚོགས་ཀུན་མཐར་བྱེད་ཡེ་ཤེས་སྐུ། །དེ་བཞིན་གཤེགས་པ་ཀུན་གྱི་དམ་ཚིག་མཆོག །རྡོ་རྗེ་ཁྲོས་པའི་རྒྱལ་པོ་འགྲུབ་གྱུར་ཅིག །དེའི་མཐུས་རྒྱལ་བའི་བསྟན་དང་དེར་འཛིན་གྱི། །གསང་གསུམ་རྟག་བརྟན་ལུང་རྟོགས་དཔལ་གྱིས་འབྱོར། །མཐའ་ཡས་འགྲོ་ཀུན་དཔལ་ཆེན་ཁྲོ་རྒྱལ་གྱི། །གོ་འཕང་རྟེན་འདིས་སྐལ་པར་སྤྱོད་པར་ཤོག །ཅེས་པའང་རབ་ཚེས་ཤིང་ཁྱི་ས་ག་ཟླ་བའི་དུས་ཆེན་ཉིན་ལྷ་མཆོག་འདི་ཡི་རྣལ་འབྱོར་ལ་བརྩོན་པའི་ཐུན་གསེང་དུ་གསང་ཆེན་རྙིང་མའི་སྔགས་རིག་རྒྱ་མཚོའི་རྗེས་སུ་འཇུག་པའི་ཀུ་སཱ་ལི་ཕྲིན་ལས་དྲག་པོ་རྩལ་གྱིས་འོག་མིན་བླ་མའི་གཟིམས་སྤྱིལ་བཀྲ་ཤིས་དཔལ་འབར་གླིང་ནས་སྤེལ་བ་འདིས་ཀྱང་འགྲོ་ཀུན་བར་ཆད་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་དགའ་སྟོན་ལ་རྟག་ཏུ་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག །མངྒ་ལཾ། ༈ རྒྱ་གར་རྡོ་རྗེ་གདན་གྱི་གསོལ་འདེབས་བཞུགས། བསྐལ་བཟང་རྣམ་འདྲེན་སྟོང་གིས་མི་སློབ་པའི། །གོ་འཕང་མཛད་གནས་འཛམ་གླིང་སའི་ལྟེ་བར། །ཐུབ་ཆེན་ཤཱཀྱའི་རྒྱལ་པོའི་རྣམ་ཐར་གྱི། །རེ་ཁཱ་བཀྲ་བའི་ཞིང་ལ་གསོལ་བ་འདེབས། །དབུས་འགྱུར་འཆང་གི་ཆོས་སྐུའི་མཆོད་སྡོང་ཆེ། །བྱང་ཆུབ་ཤིང་དང་ཞབས་ཀྱི་པདྨོའི་རྗེས། །མཚན་དཔེའི་སྣང་བརྙན་ལ་སོགས་ངོ་མཚར་གྱི། །རྟེན་མཆོག་དུ་མ་བཞུགས་ལ་གསོལ་བ་འདེབས། །ནམ་ཞིག་བྱམས་ཆེན་ཆོས་ཀྱི་ཉི་མ་ཡིས། །བདུད་རྩིའི་སྒོ་འཕར་དང་པོར་ཕྱེ་བའི་ཚེ། །འཁོར་གྱི་ཐོག་མར་སྐྱེས་ནས་འབྲེལ་ཚད་ཀུན། །རྒྱལ་བ་དགྱེས་པའི་ལམ་ལ་ཞུགས་པར་ཤོག །རྡོ་རྗེ་ཕུང་པོའི་ཡེ་ཤེས་རྩ་རླུང་ཐིག །མི་ཤིགས་དྭངས་མའི་ཐིག་ལེར་སིམ་པ་ལས། །རྣམ་པ་ཉི་ཤུས་མངོན་བྱང་ཆུབ་པའི་གནས། །ནང་གི་རྡོ་རྗེ་གདན་ལ་གསོལ་བ་འདེབས། །སངས་རྒྱས་རིན་ཆེན་ཟ་མ་ཏོག་ཆེན་པོ། །ངེས་གསང་ཆོས་རྣམས་མ་ལུས་འབྱུང་བའི་གནས། །རྒྱལ་ཀུན་ཡེ་ཤེས་སྙིང་པོ་འདུས་པའི་དོན། །མངོན་སུམ་རྟོགས་པས་ལམ་ལྔ་ཡོངས་རྫོགས་ཤོག །རྒྱལ་ཀུན་ཡེ་ཤེས་ཆོས་སྐུའི་མཆོད་སྡོང་དུ། །དབྱེར་མེད་འཇུག་པའི་སྐལ་བཟང་མངོན་གྱུར་ནས། །རྫོགས་སྨིན་སྦྱངས་པ་རྒྱ་མཚོའི་མཐར་ཕྱིན་ཏེ། །ངོ་མཚར་མཛད་པས་མཁའ་ཁྱབ་འགྲོ་སྒྲོལ་ཤོག །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །རྣམ་ཀུན་མཆོག་ལྡན་གཞོན་ནུ་བུམ་པ་སྐུར། །ཁྱད་པར་དྲུག་གིས་ངལ་འཚོ་ཐོབ་པའི་གནས། །མཐར་ཐུག་རྡོ་རྗེ་གདན་ལ་གསོལ་བ་འདེབས། །ཀུན་འབྱུང་འཁྲུལ་པའི་བདུད་ཚོགས་སྡེ་དང་བཅས། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་བཅོམ་ནས། །མཐའ་ཡས་ཡོན་ཏན་རྫོགས་པའི་སྟོབས་བཅུའི་བདག །དང་པོའི་སངས་རྒྱས་མཆོག་གི་གནས་སོན་ཤོག །ཀུན་བརྟགས་འཁྲུལ་པའི་མུན་པ་དབྱིངས་སུ་སངས། །ཡེ་ཤེས་རིག་པའི་སྣང་བ་མཁའ་ཁྱབ་བརྡལ། །ཟག་མེད་ཡོན་ཏན་རྫོགས་པའི་དཔལ་ཐོབ་ནས། །གྲོལ་བ་དྲུག་གི་ཕྲིན་ལས་མངོན་གྱུར་ཤོག །ཅེས་པའང་སྔོན་སྨོན་སྐལ་བ་བཟང་པོས་གནས་ཆེན་རྡོ་རྗེ་གདན་དུ་བསགས་སྦྱོང་གི་འབྲེལ་བ་ཡང་ཡང་བགྱིས་པའི་ཚེ་དད་མོས་ཀྱིས་རྒྱལ་ཁམས་པ་མངྒ་ལས་གསོལ་བ་བཏབ་པ་བཞིན་འགྲུབ་པར་གྱུར་ཅིག ༈ རྡོ་རྗེའི་བླ་མ་པདྨ་སཾ་བྷ་ཝ། །རྡོ་རྗེའི་སྐྱེ་འཆི་མེད་པའི་སྐུར་བཞེངས་པའི། །རྡོ་རྗེའི་གནས་མཆོག་འཆི་བ་མཐར་བྱེད་ཅེས། །རྡོ་རྗེ་ཚེ་ཡི་དཀྱིལ་འཁོར་གསོལ་བ་འདེབས། །ཕྱི་ལྟར་རི་བྲག་སྨན་ཤིང་ལྗོན་ཚལ་མཛེས། །ནང་ལྟར་རྡོ་རྗེ་ཕུང་པོའི་ཙིཏྟའི་དབྱིབས། །དོན་ལ་འཆི་མེད་རྡོ་རྗེ་བཀོད་པའི་ཚལ། །རང་སྣང་པདྨ་དྲྭ་བར་གསོལ་བ་འདེབས། ཡེ་ཤེས་སྐུ་ཅན་ལྷ་དང་ཌཱ་ཀི་བཞུགས། ཚེ་དང་ཡེ་ཤེས་ཡོན་ཏན་མཐའ་ཡས་ཞིང༌། །འཆི་མེད་རྡོ་རྗེའི་གྲོང་ཁྱེར་ཆེན་པོ་ལ། །མི་ཕྱེད་དད་མོས་གུས་པས་གསོལ་བ་འདེབས། །ཀུན་བརྟགས་མཚན་མའི་སྐྱེ་འཆི་འཁྲུལ་པ་དག །ཡོངས་གྲུབ་འཕོ་མེད་རྡོ་རྗེའི་སྲོག་ཏུ་ཤར། །དག་པའི་གཞན་དབང་ཐིག་ལེ་ཆེན་པོའི་སྲོག །པདྨ་ཚེ་མཐའ་ཡས་པ་མངོན་གྱུར་ཅིག །ཅེས་སྒྲུབ་བརྩོན་པུཎྱེ་ལཀྵྨཱི་ནས་རྟེན་བཅས་བསྐུལ་ངོར་རྒྱལ་ཁམས་ཀྱི་འཁྱམས་པོ་མངྒ་ལས་གནས་དེར་ལྷག་པའི་ཚེ་གསོལ་བ་བཏབ་པས་འགྲོ་ཀུན་བདེ་ཆེན་པདྨ་འོད་འབར་གྱི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག། །།

Footnotes

Other Information