DKR-KABUM-02-KHA-049-04

From Khyentse Lineage - A Tsadra Foundation Project
Revision as of 12:15, 9 November 2022 by Mort (talk | contribs)

DKR-KABUM-02-KHA-049-04

རྣམ་འདྲེན་འཁོར་ལོའི་མགོན་པོ་མདོ་སྔགས་ཀྱི་ཤིང་རྟ་མཆོག་ལ་མོས་གུས་བླ་མ་རྒྱང་འབོད་བྱིན་རླབས་ཉིན་བྱེད་འདྲེན་པའི་ཤིང་རྟ།
Wylie title rnam 'dren 'khor lo'i mgon po mdo sngags kyi shing rta mchog la mos gus bla ma rgyang 'bod byin rlabs nyin byed 'dren pa'i shing rta DKR-KABUM-02-KHA-049.pdf
Location dil mgo mkhyen brtse bka' 'bum
Volume 2, sde tshan 49, Text 4, Pages 245-246 (Folios 8a3 to 9b1)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Rnam 'dren 'khor lo'i mgon po mdo sngags kyi shing rta mchog la mos gus bla ma rgyang 'bod byin rlabs nyin byed 'dren pa'i shing rta. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 245-246. Delhi: Shechen Publications, 1994.
Genre Calling the Lama from Afar - bla ma rgyang 'bod
Colophon

།ཅེས་མཚུངས་མེད་མགོན་པོ་ཟུང་གི་དད་སློབ་བླ་མ་རྡོ་རྗེ་རྣམ་རྒྱལ་ནས་བསྐུལ་ངོར་མཉམ་མེད་བླ་མ་མཆོག་གི་འབངས་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་ཆོ་འཕྲུལ་ཟླ་༡ ཚེས་༡༠ ལ་བྲིས་པ་སྐྱེ་ཀུན་རྣམ་འདྲེན་མཁས་གྲུབ་རྒྱ་མཚོའི་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག

/ces mtshungs med mgon po zung gi dad slob bla ma rdo rje rnam rgyal nas bskul ngor mnyam med bla ma mchog gi 'bangs 'gyur med theg mchog bstan pa'i rgyal mtshan gyi cho 'phrul zla 1_tshes 10_la bris pa skye kun rnam 'dren mkhas grub rgya mtsho'i rjes su 'dzin pa'i rgyur gyur cig

[edit]
༈ རྣམ་འདྲེན་འཁོར་ལོའི་མགོན་པོ་མདོ་སྔགས་ཀྱི་ཤིང་རྟ་མཆོག་ལ་མོས་གུས་བླ་མ་རྒྱང་འབོད་བྱིན་རླབས་ཉིན་བྱེད་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། ན་མོ་གུ་རུ། འོད་གསལ་ཆོས་སྐུའི་དབྱིངས་སུ་བདེ་ཆེན་གྱི་སྒྱུ་འཕྲུལ། །རབ་འབྱམས་རིགས་ཀུན་ཁྱབ་བདག་ལྔ་ལྡན་གྱི་སྟོན་པ། །གང་འདུལ་ཐར་པའི་དེད་དཔོན་ཆེན་པོ་རུ་བཞེངས་པ། །དྲན་པས་ཡིད་ཀྱི་གདུང་སེལ་ཉི་ཟླ་ཟུང་མཁྱེན་ནོ། །གསང་ཆེན་བཀའ་ཡི་སྡུད་པོ་རྡོ་རྗེ་ཆོས་མཆོག་ཉིད། །བོད་ཡུལ་ཆོས་ཀྱི་ཉིན་བྱེད་མཆོག་གཅིག་ཏུ་བཞེངས་ཏེ། །སླར་ཡང་རྒྱལ་བས་ལུང་བསྟན་འཇམ་མགོན་གྱི་བླ་མའི། །རྣམ་འཕྲུལ་པདྨ་དྲི་མེད་བློ་གྲོས་དེ་མཁྱེན་ནོ། །སངས་རྒྱས་སྟོང་གི་འདྲེན་པ་ནུས་ལྡན་གྱི་རྡོ་རྗེ། །གུ་རུའི་ཐུགས་ཀྱི་ཁྱེའུ་ཆུང་ལོ་ཙཱ་ཡི་ཚུལ་གང༌། །བཀའ་གཏེར་སྨིན་གྲོལ་བདུད་རྩིའི་འབྱུང་གནས་སུ་བྱོན་པ། །འཇིགས་བྲལ་རིག་འཛིན་ཡེ་ཤེས་རྡོ་རྗེ་དེ་མཁྱེན་ནོ། །ཕྱོགས་དུས་འདྲེན་པས་མ་ཐུལ་སྙིགས་མ་ལྔའི་སེམས་ཅན། །ཀུན་ཁྱབ་ཐུགས་རྗེའི་ཕྱག་གིས་ཅོ་ཏོ་ནས་བཟུང་སྟེ། །ཀུན་མཁྱེན་ནོར་བུའི་གླིང་དུ་འདྲེན་པ་ཡི་སྐྱབས་གཅིག །མཚུངས་མེད་མཁས་དང་གྲུབ་པའི་དེད་དཔོན་རྗེ་མཁྱེན་ནོ། །ཟབ་རྒྱས་སྨིན་གྲོལ་བདུད་རྩིའི་ཆུ་ཀླུང་གི་འབྱུང་གནས། །དགོངས་རྒྱུད་བྱིན་རླབས་གཟི་འབར་ཡེ་ཤེས་ཀྱི་སྣང་བས། །རྩོད་དུས་གདུང་སེལ་མདོ་སྔགས་སྟོན་པ་ཡི་རྒྱལ་ཚབ། །དགེ་ལེགས་ཕན་བདེའི་འབྱུང་གནས་གཅིག་པུ་དེ་མཁྱེན་ནོ། །ཀུན་ཕན་ཐུགས་བསྐྱེད་ནོར་བུའི་འོད་ཟེར་གྱི་ཕྲེང་བས། །ལྔ་བདོ་སྙིགས་མའི་མུན་པ་སེལ་བྱེད་ཀྱི་ཕྲིན་ལས། །སྨིན་གྲོལ་ཆོས་ཀྱི་དཔལ་འབྱོར་ཕོངས་མེད་དུ་བསྩལ་བས། །ཡང་དག་ཐར་བའི་ལམ་མཁན་རྨད་བྱུང་དེ་མཁྱེན་ནོ། །ཕྱོགས་སུ་མ་ལྷུང་མཐའ་ཡས་གདུལ་བྱའི་ཚོགས་ཀུན་ལ། །བརྩེ་ཆེན་ཐུགས་རྗེའི་གང་འདུལ་ཕྲིན་ལས་ཀྱི་རོལ་པས། །རྗེས་འཛིན་རྣམ་གྲོལ་མཆོག་གི་ངལ་སྟེགས་ལ་བཀོད་པའི། །བཀའ་དྲིན་མཚུངས་ཟླ་བྲལ་བའི་མགོན་པོ་ཟུང་མཁྱེན་ནོ། །ཁྱད་པར་བདག་རྒྱུད་ལས་ཉོན་འདམ་རྫབ་ཀྱི་ཁྲོད་དུ། །ཡེ་ཤེས་ནོར་བུའི་འོད་ཀྱིས་ཐར་གྲོལ་གྱི་པད་ཚལ། །བཞད་མཛད་བཀའ་དྲིན་རྗེས་སུ་དྲན་པ་ཡི་ངང་ནས། །ཡབ་གཅིག་རྣམ་འདྲེན་རྒྱ་མཚོའི་དབང་ཕྱུག་དེ་མཁྱེན་ནོ། །སྲིད་ལས་ངེས་པར་འབྱུང་བའི་བློ་མཆོག་གི་ཞིང་སར། །གཞན་ཕན་བྱང་ཆུབ་སེམས་ཀྱི་དབྱར་སྐྱེས་ཚལ་དར་བས། །བླ་མ་མཆོག་གསུམ་བྱིན་རླབས་སྙེ་མ་ཡིས་དུད་དེ། །སྡོམ་གསུམ་མ་ཉམས་འབྲས་བུ་ཕྱུག་པ་རུ་མཛོད་ཅིག །མཚུངས་མེད་རྡོ་རྗེ་བཞི་ཡི་དཀྱིལ་འཁོར་དུ་སྨིན་པས། །སྣང་སྲིད་བླ་མའི་ཡེ་ཤེས་དཀྱིལ་འཁོར་དུ་ཤར་ཏེ། །ལྷན་སྐྱེས་བདེ་བ་ཆེན་པོའི་དངོས་གྲུབ་ཀྱི་དགའ་སྟོན། །མཆོག་གི་རིག་འཛིན་བརྙེས་པའི་བྱིན་རླབས་ཀྱི་མཐུ་སྩོལ། །བཟོད་ནས་རྣམ་གྲོལ་འོད་གསལ་ཆོས་སྐུ་ཡི་བླ་མ། །འདུ་འབྲལ་མེད་པའི་མོས་གུས་སྙིང་དབུས་སུ་སྐྱེས་ཏེ། །སྐུ་བཞི་རང་ལ་རྫོགས་པ་མངོན་གྱུར་དུ་སད་དེ། །ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རང་རློབས་ཤིག །ཅེས་མཚུངས་མེད་མགོན་པོ་ཟུང་གི་དད་སློབ་བླ་མ་རྡོ་རྗེ་རྣམ་རྒྱལ་ནས་བསྐུལ་ངོར་མཉམ་མེད་བླ་མ་མཆོག་གི་འབངས་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་ཆོ་འཕྲུལ་ཟླ་༡ ཚེས་༡༠ ལ་བྲིས་པ་སྐྱེ་ཀུན་རྣམ་འདྲེན་མཁས་གྲུབ་རྒྱ་མཚོའི་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག
[edit]

!__rnam 'dren 'khor lo'i mgon po mdo sngags kyi shing rta mchog la mos gus bla ma rgyang 'bod byin rlabs nyin byed 'dren pa'i shing rta zhes bya ba bzhugs so/_na mo gu ru/_'od gsal chos sku'i dbyings su bde chen gyi sgyu 'phrul/_/rab 'byams rigs kun khyab bdag lnga ldan gyi ston pa/_/gang 'dul thar pa'i ded dpon chen po ru bzhengs pa/_/dran pas yid kyi gdung sel nyi zla zung mkhyen no/_/gsang chen bka' yi sdud po rdo rje chos mchog nyid/_/bod yul chos kyi nyin byed mchog gcig tu bzhengs te/_/slar yang rgyal bas lung bstan 'jam mgon gyi bla ma'i/_/rnam 'phrul pad+ma dri med blo gros de mkhyen no/_/sangs rgyas stong gi 'dren pa nus ldan gyi rdo rje/_/gu ru'i thugs kyi khye'u chung lo tsA yi tshul gang*/_/bka' gter smin grol bdud rtsi'i 'byung gnas su byon pa/_/'jigs bral rig 'dzin ye shes rdo rje de mkhyen no/_/phyogs dus 'dren pas ma thul snyigs ma lnga'i sems can/_/kun khyab thugs rje'i phyag gis co to nas bzung ste/_/kun mkhyen nor bu'i gling du 'dren pa yi skyabs gcig_/mtshungs med mkhas dang grub pa'i ded dpon rje mkhyen no/_/zab rgyas smin grol bdud rtsi'i chu klung gi 'byung gnas/_/dgongs rgyud byin rlabs gzi 'bar ye shes kyi snang bas/_/rtsod dus gdung sel mdo sngags ston pa yi rgyal tshab/_/dge legs phan bde'i 'byung gnas gcig pu de mkhyen no/_/kun phan thugs bskyed nor bu'i 'od zer gyi phreng bas/_/lnga bdo snyigs ma'i mun pa sel byed kyi phrin las/_/smin grol chos kyi dpal 'byor phongs med du bstsal bas/_/yang dag thar ba'i lam mkhan rmad byung de mkhyen no/_/phyogs su ma lhung mtha' yas gdul bya'i tshogs kun la/_/brtse chen thugs rje'i gang 'dul phrin las kyi rol pas/_/rjes 'dzin rnam grol mchog gi ngal stegs la bkod pa'i/_/bka' drin mtshungs zla bral ba'i mgon po zung mkhyen no/_/khyad par bdag rgyud las nyon 'dam rdzab kyi khrod du/_/ye shes nor bu'i 'od kyis thar grol gyi pad tshal/_/bzhad mdzad bka' drin rjes su dran pa yi ngang nas/_/yab gcig rnam 'dren rgya mtsho'i dbang phyug de mkhyen no/_/srid las nges par 'byung ba'i blo mchog gi zhing sar/_/gzhan phan byang chub sems kyi dbyar skyes tshal dar bas/_/bla ma mchog gsum byin rlabs snye ma yis dud de/_/sdom gsum ma nyams 'bras bu phyug pa ru mdzod cig_/mtshungs med rdo rje bzhi yi dkyil 'khor du smin pas/_/snang srid bla ma'i ye shes dkyil 'khor du shar te/_/lhan skyes bde ba chen po'i dngos grub kyi dga' ston/_/mchog gi rig 'dzin brnyes pa'i byin rlabs kyi mthu stsol/_/bzod nas rnam grol 'od gsal chos sku yi bla ma/_/'du 'bral med pa'i mos gus snying dbus su skyes te/_/sku bzhi rang la rdzogs pa mngon gyur du sad de/_/thugs yid dbyer med 'dres par byin gyis rang rlobs shig_/ces mtshungs med mgon po zung gi dad slob bla ma rdo rje rnam rgyal nas bskul ngor mnyam med bla ma mchog gi 'bangs 'gyur med theg mchog bstan pa'i rgyal mtshan gyi cho 'phrul zla 1_tshes 10_la bris pa skye kun rnam 'dren mkhas grub rgya mtsho'i rjes su 'dzin pa'i rgyur gyur cig

Footnotes

Other Information