བླ་མ་རྒྱང་འབོད་བྱིན་རླབས་བདུད་རྩིའི་འབྱུང་གནས།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-049-05
Wylie title bla ma rgyang 'bod byin rlabs bdud rtsi'i 'byung gnas DKR-KABUM-02-KHA-049.pdf
Location dil mgo mkhyen brtse bka' 'bum
Volume 2, sde tshan 49, Text 5, Pages 246-247 (Folios 9b1 to 10b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Bla ma rgyang 'bod byin rlabs bdud rtsi'i 'byung gnas. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 246-247. Delhi: Shechen Publications, 1994.
Genre Calling the Lama from Afar - bla ma rgyang 'bod
Colophon

།ཅེས་པའང་གཙུག་ལག་དུ་མ་བལྟ་བའི་བློ་གྲོས་ཀྱི་མིག་དང་ལྡན་པ་ལྷོ་བྲག་ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་གི་བཙུན་པ་ངག་དབང་མཆོག་ལེགས་ནས་གསུང་བསྐུལ་བཞིན་དཔལ་མགོན་བླ་མ་རྣམས་ཀྱི་བྲན་དུ་སྐྱེས་བའི་རྒན་པོ་མངྒ་ལས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག

/ces pa'ang gtsug lag du ma blta ba'i blo gros kyi mig dang ldan pa lho brag lha lung theg mchog rab rgyas gling gi btsun pa ngag dbang mchog legs nas gsung bskul bzhin dpal mgon bla ma rnams kyi bran du skyes ba'i rgan po mang+ga las bris pa don dang ldan par gyur cig

[edit]
༈ བླ་མ་རྒྱང་འབོད་བྱིན་རླབས་བདུད་རྩིའི་འབྱུང་གནས་བཞུགས། བླ་མ་མཁྱེན་ནོ། གཞི་དབྱིངས་རྡོ་རྗེ་སྙིང་པོ་ཚངས་པ་ཡི་རྔ་སྒྲའི། །ཞིང་ཀུན་མཛེས་བྱེད་ཕྱོགས་དུས་རྒྱལ་ཀུན་གྱི་མཁྱེན་བརྩེ། །གཅིག་བསྡུས་རྡོ་རྗེ་སློབ་དཔོན་པད་འབྱུང་གི་མཚན་ཅན། །དྲན་པའི་སྲིད་ཞིའི་གདུང་སེལ་བླ་མ་རྗེ་མཁྱེན་ནོ། །བཀའ་གཏེར་པདྨའི་ལང་ཚོ་དར་བབ་ཀྱི་ཚལ་དུ། །མཁས་གྲུབ་རྣམ་ཐར་ལུས་སྟོབས་རྫོགས་པ་ཡི་ལག་ལྡན། །སྙིགས་དུས་བསྟན་འགྲོ་དབུགས་འབྱིན་མཚུངས་མེད་ཀྱི་འདྲེན་པ། །ཁྱབ་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དེ་མཁྱེན་ནོ། །མཚུངས་བྲལ་རྣམ་འདྲེན་རྒྱ་མཚོའི་ཡེ་ཤེས་ཀྱི་སྣང་བས། །ལེགས་སྐྱོང་རིས་བྲལ་ཐུབ་བསྟན་སྙིང་པོ་ཡི་བདུད་རྩིས། །དད་བློ་སིམ་པས་ཐར་གྲོལ་འདབ་སྟོང་གི་མཛེས་པའི། །འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དེ་མཁྱེན་ནོ། །རྒྱལ་ཀུན་ཐུགས་རྗེའི་རོལ་པ་གང་འདུལ་གྱི་སྤྲིན་དཀར། །མོས་གུས་མཁའ་ལ་འདུ་འབྲལ་མེད་པ་རུ་བཞུགས་པས། །གསོལ་འདེབས་ཁུ་བྱུག་མྱོས་པའི་གླུ་དབྱངས་ཀྱིས་བསྐུལ་ན། །བྱིན་རླབས་ཆར་ཆེན་ཕོབ་ཅིག་དཔལ་མགོན་གྱི་བླ་མ། །འཇིགས་རུང་སྲིད་ལས་ངེས་འབྱུང་མཐུན་ཕྱོགས་ཀྱི་རླུང་གིས། །རབ་བསྐུལ་དལ་རྟེན་རིན་ཆེན་གྲུ་གཟིངས་ཀྱི་བ་དན། །རྒྱུ་འབྲས་ཡིད་ཆེས་བརྩོན་པ་མི་ལྷོད་པར་བགྲོད་པས། །ངེས་ལེགས་ནོར་བུའི་གླིང་དུ་ད་ལྟ་རང་སྐྱེལ་མཛོད། །གཞན་ཕན་བྱང་སེམས་ཡིད་བཞིན་ནོར་བུ་ཡི་ཏོག་མཛེས། །ཚོགས་གཉིས་ཟ་འོག་རྒྱལ་མཚན་རྩེ་མོ་རུ་མཆོད་ནས། །གདུལ་དཀའ་མི་འདོར་གོ་ཆའི་ཆུ་བའི་རྩེར་མཛེས་པས། །དོན་གཉིས་འདོད་དགུ་འབྱུང་བའི་དགའ་སྟོན་ལ་སྦྱོར་མཛོད། །སྨོན་ལམ་དབང་བཞི་སོས་ཀའི་ཆར་བཟང་གི་དགའ་སྟོན། །གཞི་རྒྱུད་ཟབ་གསལ་གཉིས་མེད་ཆོས་སྐུའི་ཞིང་བྲན་པས། །བསྐྱེད་རྫོགས་རིན་ཆེན་སྙེ་མ་གཡུར་དུ་རང་ཟ་བས། །སྐུ་བཞིའི་འབྲས་བུ་དུད་པའི་བྱིན་རླབས་མཆོག་སྩོལ་ཅིག །ཁྱད་པར་མོས་གུས་ཁྱུང་སྔོན་སྐྱེས་རྟ་ཡིས་དྲངས་པའི། །རྡོ་རྗེ་ནང་གི་ཉིན་བྱེད་རྩོལ་མེད་དུ་ཤར་ནས། །ཡིད་དཔྱོད་བློ་ཡི་སྦུབས་བརྟོལ་དོན་བརྒྱུད་ཀྱི་པད་ཚལ། །གསང་ཆེན་ཀུན་དགའི་དོ་ར་མཛེས་ནུས་སུ་མཛོད་ཅིག །དྲི་མེད་སྡོམ་གསུམ་མིག་གི་འབྲས་བུ་བཞིན་བསྲུངས་ནས། །ལྷ་སྔགས་ཆོས་སྐུའི་སྣང་གྲགས་རིག་པ་ཀུན་ལམ་ཁྱེར། །མཐའ་ཀླས་བསྟན་འགྲོའི་དོན་ཆེན་ཡིད་བཞིན་དུ་འགྲུབ་པའི། །མཐུན་གྱུར་རྗེ་བཙུན་དཔལ་ལྡན་བླ་མ་ཡིས་མཛོད་ཅིག །ཅེས་པའང་གཙུག་ལག་དུ་མ་བལྟ་བའི་བློ་གྲོས་ཀྱི་མིག་དང་ལྡན་པ་ལྷོ་བྲག་ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་གི་བཙུན་པ་ངག་དབང་མཆོག་ལེགས་ནས་གསུང་བསྐུལ་བཞིན་དཔལ་མགོན་བླ་མ་རྣམས་ཀྱི་བྲན་དུ་སྐྱེས་བའི་རྒན་པོ་མངྒ་ལས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག

Footnotes

Other Information