དམ་ཆོས་པདྨ་སྙིང་པོ་ལསཿ ལས་བྱང་དངོས་གྲུབ་ཀུན་འབྱུངཿ

From Khyentse Lineage - A Tsadra Foundation Project
Revision as of 10:53, 24 June 2024 by Mort (talk | contribs)
Wylie title dam chos pad+ma snying po las las byang dngos grub kun 'byung
Location mdo mkhyen brtse bka' 'bum
Volume 4, Text 2, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Activity Manual - las byang
Colophon

སྤྲང་སྨྱོན་མཐུ་སྟོབས་བདུད་འདུལ་གྱིསཿ གང་ཤར་བཅོས་ལྷད་མེད་པར་བྲིསཿ འགལ་འཁྲུལ་གྱུར་ན་ལྷ་ལ་བཤགསཿ

sprang smyon mthu stobs bdud 'dul gyis: gang shar bcos lhad med par bris: 'gal 'khrul gyur na lha la bshags:

[edit]
༄༅། །དྷ རྨ པ དྨ ག རྦྷ ཏྲེཿ བི དྷི སི དྷི སི རྦ ཀ རཱ སྟི ཿ

༄༅། །དམ་ཆོས་པདྨ་སྙིང་པོ་ལསཿ ལས་བྱང་དངོས་གྲུབ་ཀུན་འབྱུང་བཞུགསཿ ཿ

༄༅། «།རྒྱལ་ཀུན་སྤྱི་གཟུགས་པདྨ་རྒྱལཿ ཁམས་གསུམ་སྐྱེ་དགུའི་བླ་ཡིད་བདགཿ དབང་གི་ལྷ་ལ་གུས་བཏུད་ནསཿ དེ་ཡི་སྒྲུབ་ཐབས་པདྨའི་བཀའཿ དག་སྣང་ཤར་བཞིན་འདིར་བཀོད་བྱཿ དང་པོ་ཡོ་བྱད་བཤམ་པ་ནིཿ མཎྜལ་དབུས་སུ་འདབ་བཞི་བྲིཿ ཕྱོགས་བཞིར་ཧ་རི་ནི་ས་དངཿ དབུས་སུ་ཧཱུྃ་དང་མཐར་ལྕགས་སྒྲོགསཿ མཐའ་རུ་ལྕགས་ཞགས་འོད་འཕྲེང་གིསཿ བསྐོར་ཞིང་དེ་བཞིན་མཉྫུའི་ཁརཿ མཚན་ལྡན་ཐོད་པ་རྫས་ཀྱིས་བཀངཿ དར་དམར་གུར་ཕུབ་སྨན་གཏོར་རགཿ ཕྱི་ནང་གསང་བའི་མཆོད་པས་བསྐོརཿ དགོང་མོ་དབང་གི་དུས་ཉིད་དུཿ ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ལཿ དཔྲལ་བར་ལི་ཁྲིའི་ཐིག་ལེ་བྱཿ དམར་པོའི་གདན་ལ་ཆགས་སེམས་ཀྱིསཿ དང་པོ་སྐྱབས་སུ་འགྲོ་བ་ནིཿ» ཧྲཱིཿ མཁའ་མཉམ་འགྲོ་བ་ཀུན་གྱི་སྐྱབས་གཅིག་པུཿ གུ་རུ་པདྨ་རྒྱལ་པོར་སྐྱབས་སུ་མཆིཿ འགྲོ་རྣམས་བྱང་ཆུབ་ལམ་ལ་འགོད་པའི་ཕྱིརཿ ལྷག་པའི་ལྷ་མཆོག་སྒྲུབ་པར་སེམས་བསྐྱེད་དོཿ ལན་གསུམཿ «གཉིས་པ་ཡན་ལག་བདུན་པ་ནིཿ» གུ་རུ་པདྨ་རྒྱལ་པོའི་ལྷ་ཚོགས་ལཿ ཕྱག་འཚལ་མཆོད་འབུལ་སྒོ་གསུམ་ཉེས་ཚོགས་བཤགསཿ འགྲོ་དོན་མཛད་ལ་ཡི་རང་ཆོས་འཁོར་བསྐོརཿ བཞུགས་པར་གསོལ་འདེབས་དགེ་རྩ་འགྲོ་ལ་བསྔོཿ «གསུམ་པ་བགེགས་ལ་བཀའ་བསྒོ་བ་ནིཿ »རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་མ་རིག་འཁྲུལ་པ་ལས་བྱུང་བགེགསཿ གློ་བུར་བག་ཆགས་གདོན་གྱི་ཚོགསཿ རང་བྱུང་གཏོར་མ་འདི་ལོངས་ལཿ རིག་པ་ཡེ་ཤེས་ངང་དུ་དེངཿ རང་གྲོལ་ཆེན་པོར་མཚམས་བཅད་དོཿ «ཧཱུྃ་བཞིའི་སྔགས་བརྗོད་བགེགས་བསྐྲད་བྱཿ བཞི་པ་བྱིན་ཆེན་དབབ་པ་ནིཿ »ཧཱུྃཿ ཆོས་དབྱིངས་དོན་གྱི་ཕོ་བྲང་ནསཿ ཀུན་བཟང་ཡབ་ཡུམ་བྱིན་ཕོབ་ཅིགཿ ངེས་པ་ལྔ་ལྡན་ཕོ་བྲང་ནསཿ རིགས་ལྔའི་སངས་རྒྱས་བྱིན་ཕོབ་ཅིགཿ པདྨ་འོད་ཀྱི་གཞལ་ཡས་ནསཿ པདྨ་རྒྱལ་པོས་བྱིན་ཕོབ་ཅིགཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ གུ་རུ་པདྨ་རཱ་ཛ་ཡེ་ཨེ་ཨཱ་ར་ལི་ཕེཾ་ཕེཾ་ཛ་ཛཿ «ལྔ་པ་མཆོད་པ་བྱིན་བརླབ་ནིཿ »ཨོཾ་ཨཱཿཧཱུྃཿ ཕྱི་སྣོད་བདེ་བ་ཆེན་པོའི་ཞིངཿ ནང་བཅུད་རྣམ་པར་དག་པ་ཡིཿ དཀྱིལ་འཁོར་ལྷ་ཚོགས་མཉེས་བྱེད་རྫསཿ ཟག་མེད་བདེ་བ་ཆེན་པོར་གྱུརཿ «དྲུག་པ་ལྷ་བསྐྱེད་འདི་ལྟ་སྟེཿ» ཧྲཱི༔ ཆོས་དབྱིངས་མ་བཅོས་ངང་ཉིད་ལསཿ སྟོང་ཉིད་སྙིང་རྗེ་དབྱེར་མེད་རྩལཿ ཟླ་གམ་སྒོ་གཅིག་ཕོ་བྲང་དབུསཿ སྣ་ཚོགས་པད་ཉིའི་གདན་སྟེང་དུཿ བདག་ཉིད་སྐད་ཅིག་དྲན་རྫོགས་ཀྱིཿ གུ་རུ་པད་མ་རྒྱལ་པོ་ནིཿ སྐུ་མདོག་དམར་པོ་གཟི་འོད་འབརཿ ཞབས་གཉིས་རྒྱལ་པོ་རོལ་སྟབས་བཞུགསཿ དར་དང་རུས་པའི་རྒྱན་དྲུག་གསོལཿ ཕྱག་གཡས་རྡོ་རྗེ་ནམ་མཁར་ཕྱརཿ གཡོན་པས་ལྕགས་སྒྲོགས་དྲིལ་བུ་འཛིནཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུདཿ དབུ་སྐྲ་ཐོར་ཚུགས་ཐོད་པའི་བརྒྱནཿ དེ་ཡི་པང་དུ་བདེ་ཆེན་ཡུམཿ གསང་བ་ཡེ་ཤེས་ལེ་བརྒན་མདོགཿ གཡས་པས་འགུགས་བྱེད་ལྕགས་ཀྱུ་བཅསཿ ཡབ་ལ་འཁྱུད་ཅིང་གཡོན་དུང་དམརཿ ཆགས་པའི་རང་བཞིན་ཞལ་དུ་སྟོབསཿ དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབཿ ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྲིལཿ གཅེར་མོ་རུ་བརྒྱན་རུས་པས་བརྒྱནཿ ཆགས་པའི་རང་བཞིན་གཟི་འོད་འབརཿ ཡབ་ཡུམ་གཉིས་སུ་མེད་པ་སྟེཿ ཕུང་ཁམས་གཤེགས་པ་གཤེགས་མ་དངཿ དབང་ཡུལ་སེམས་དཔའ་སེམས་མ་སྟེཿ ཡན་ལག་ཁྲོ་བོ་ཁྲོ་མོའི་མཚནཿ ཕྱོགས་བཞིར་པདྨ་འདབ་བཞིའི་སྟེངཿ རིགས་བཞིའི་མདོག་གམ་ལས་བཞིའི་མདོགཿ གཡས་པས་འགུགས་བྱེད་ལྕགས་ཀྱུ་དངཿ གཡོན་པས་མྱོས་བྱེད་དྲིལ་ཞགས་འཛིནཿ ཀུན་ཀྱང་བཞེངས་སྟབས་རུས་རྒྱན་གསོལཿ ནུ་འབུར་བྷ་ག་ལང་ཚོ་རྒྱསཿ གཅེར་མོ་གར་སྟབས་ལིང་ངེར་བཞུགསཿ གཞན་ཡང་རིག་འཛིན་རྗེ་འབངས་དངཿ དཔའ་བོ་གྲུབ་ཆེན་བརྒྱད་ཅུ་སོགསཿ འབུམ་ཕྲག་ཡངས་པའི་མཁའ་འགྲོར་བཅསཿ བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགསཿ ཏིལ་གྱི་གོང་བུ་ཁ་ཕྱེས་བཞིནཿ དེ་ལྟར་གསལ་བའི་གཙོ་འཁོར་ལྷའིཿ གནས་གསུམ་འབྲུ་གསུམ་མཚན་པ་ལཿ འོད་འཕྲོས་ཡེ་ཤེས་ལྷ་ཡི་ཚོགསཿ སྤྱན་དྲངས་གཉིས་སུ་མེད་པར་བསྟིམཿ «བདུན་པ་སྤྱན་དྲངས་བྱ་བ་ནིཿ གདུང་བའི་དབྱངས་ཀྱིས་འདི་སྐད་དོཿ »ཧཱུྃཿ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམསཿ པདྨ་གེ་སར་སྡོང་པོ་ལཿ ཡ་མཚན་མཆོག་གི་དངོས་གྲུབ་བརྙེསཿ པདྨ་རྒྱལ་པོ་ཞེས་སུ་གྲགསཿ འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོརཿ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིཿ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལཿ གནས་མཆོག་འདི་རུ་བྱིན་ཕོབ་ལཿ སྒྲུབ་མཆོག་བདག་ལ་དབང་བཞི་སྐུརཿ བགེགས་དང་ལོག་འདྲེན་བར་ཆད་སོལཿ ཉམས་དང་རྟོགས་པ་སྤར་དུ་གསོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཨོཾ་ཨཱཿཧཱུྃ༔བཛྲ་གུ་རུ་པདྨ་རཱ་ཛ་ཛ་བཛྲ་ས་མ་ཡ་ཛ་ཛཿ ཨེ་ཨ་ར་ལི་ཕེཾ་ཕེཾཿ «བརྒྱད་པ་བཞུགས་གསོལ་ཕྱག་འཚལ་ནིཿ» རང་ལས་བྱུང་བའི་ཡེ་ཤེས་ལྷཿ དམ་ཚིག་ཡེ་ཤེས་དབྱེར་མེད་ཕྱིརཿ རང་བྱུང་དཀྱིལ་འཁོར་ཆེན་པོ་རུཿ དུ་མར་སྣང་བ་རོ་གཅིག་བཞུགསཿ བླང་དོར་མེད་པར་ཕྱག་འཚལ་ལོཿ ས་མ་ཡ་ཏིཥྛ་ལྷནཿ ཨ་ཏི་པཱུ་ཧོཿ པྲ་ཏིཙྪ་ཧོཿ «དགུ་པ་མཆོད་པའི་བྱེ་བྲག་ནིཿ »ཨོཾ་ཨཱཿཧཱུྃཿ ཕྱི་མཆོད་འདོད་ཡོན་སྣ་ལྔ་དངཿ ནང་མཆོད་སྨན་རག་གཏོར་མའི་ཚོགསཿ གསང་བ་སྦྱོར་སྒྲོལ་བླ་མེད་རྫསཿ དཀྱིལ་འཁོར་ལྷ་ལ་མཆོད་པར་བགྱིདཿ ཨོཾ་བཛྲ་ཨརྒྷཾ་པ་དྱཾ་པུཥྤེ་«སོགས། »ཤབྡ་སརྦ་པཉྩ་ཨ་མྲྀ་ཏ་བ་ལིངྟ་རཀྟ་ཏ་ན་ག་ཏ་པཱུ་ཛ་ཨཱ་ཧཱུྃ༔ «བཅུ་པ་བསྟོད་པ་བྱ་བ་ནིཿ »ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུཿ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེཿ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུཿ སྐུ་གསུམ་རིགས་འདུས་པདྨ་རྒྱལ་ལ་བསྟོདཿ ངོ་བོ་ཆོས་སྐུའི་རྒྱལ་སར་ངལ་བསོས་ཀྱངཿ རང་བཞིན་ལོངས་སྤྱོད་རྫོགས་པའི་རྣམ་རོལ་ལསཿ ཐུགས་རྗེ་སྤྲུལ་པས་རོལ་གར་སྣ་ཚོགས་བསྒྱུརཿ དཔའ་བོ་རིག་འཛིན་གྲུབ་ཐོབ་ཚོགས་ལ་བསྟོདཿ འཇིག་རྟེན་ལས་འདས་ཡེ་ཤེས་ཌཱཀྐི་ཚོགསཿ ལེགས་ཉེས་སྟང་འཛིན་མཆོག་ཐུན་དངོས་གྲུབ་སྩོལཿ སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ་མཛད་པའིཿ མ་སྲིང་མཁའ་འགྲོ་རྒྱ་མཚོའི་ཚོགས་ལ་བསྟོདཿ «བཅུ་གཅིག་པ་འཛབ་བཟླས་བྱ་བ་ནིཿ »བདག་ཉིད་པདྨ་རྒྱལ་པོ་ཡིཿ ཐུགས་ཀར་ཉི་མའི་གདན་གྱི་སྟེངཿ ཡེ་ཤེས་སེམས་དཔའི་ཧཱུྃ་གི་མཐརཿ སྔགས་ཕྲེང་གཡས་སུ་འཁོར་བར་གྱུརཿ «འདི་ལ་རྣམ་པ་གསུམ་ཡིན་ཏེཿ བསྙེན་དང་སྒྲུབ་པ་ལས་སྦྱོར་རོཿ »ཨོཾ་ཨཱཿཧཱུྃཿ བཛྲ་གུ་རུ་པདྨ་རཱ་ཛ་སརྦ་སིདྡྷི་ཧཱུྃཿ «བསྙེན་པ་གྲངས་ནི་སུམ་འབུམ་སྟེཿ སྒྲུབ་སྔགས་བཟླ་བའི་དམིགས་པ་ནིཿ» ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པསཿ རྒྱལ་རྣམས་ཐུགས་རྗེའི་ནུས་སྟོབས་བཅུདཿ བསྡུས་ནས་རང་བསྟིམ་སླར་ཡང་འཕྲོསཿ འགྲོ་ཀུན་ལས་ཉོན་སྦྱངས་བར་བསམཿ ཨོཾ་ཨཱཿཧཱུྃཿ བཛྲ་མ་ཧཱ་གུ་རུ་པདྨ་རཱ་ཛ་སརྦ་སིདྡྷི་ཝ་ཤཾ་ཀུ་རུ་ཧོཿ «སྒྲུབ་པ་བསྙེན་པའི་ཕྱེད་དུ་བཟླཿ ལས་སྦྱོར་དམིགས་པ་འདི་ལྟ་སྟེཿ »ཐུགས་ཀའི་ཧཱུྃ་ལས་འོད་དམར་པོཿ ལྕགས་ཀྱུའི་དབྱིབས་ཅན་འཕྲོས་པ་ཡིསཿ ཁམས་གསུམ་སྐྱེ་དགུའི་བླ་ཡིད་བཅུདཿ ཚེ་བསོད་བཀྲགས་མདངས་གཟི་བྱིན་ནོརཿ ཁྱད་པར་དམིགས་པའི་ཡུལ་གྱུར་ཀུནཿ བཀུགས་ནས་བདག་ལ་ཐིམ་པར་གྱུརཿ ཨོཾ་ཨཱཿཧཱུྃཿ བཛྲ་མ་ཧཱ་གུ་རུ་པད་མ་རཱ་ཛ་སརྦ་ལོ་ཀ་ཝ་ཤཾ་ཀུ་རུ་སྡུས་སྡུས་ན་ན་ཁ་དྷི་སྭཱ་ཧཱཿ «ལས་སྦྱོར་སྒྲུབ་པའི་སུམ་ཆ་བཟླསཿ ཐུན་བཞིའི་གནད་ལ་གོམ་བྱ་ཞིངཿ ཐུན་གཅིག་རླུང་གི་གནད་ལ་སྦྱངསཿ དུས་ཀུན་སྟོང་ཉིད་ངང་དུ་གནསཿ ཐུན་མཚམས་ཀུན་ཏུ་མཆོད་བསྟོད་བྱཿ ས་མ་ཡཱཿ རྗེས་མ་ཚོགས་ཀྱི་རིམ་པ་ནིཿ བསོད་ནམས་ཀུན་ཀྱི་མཆོག་ཏུ་གསུངསཿ དཀར་གསུམ་མངར་གསུམ་ཤ་ཆང་སོགསཿ འདོད་ཡོན་ལོངས་སྤྱོད་སྣ་ཚོགས་བཤམསཿ དང་པོ་བྱིན་གྱིས་བརླབ་པ་ནིཿ »རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃཿ བདག་ཉིད་ལྷར་གསལ་ཐུགས་ཀ་ནསཿ རཾ་ཡཾ་ཁཾ་གསུམ་མེ་རླུང་ཆུསཿ ཚོགས་ཀྱི་མ་དག་བསྲེགས་གཏོར་བཀྲུསཿ ཡེ་ཤེས་བདུད་རྩིའི་རང་བཞིན་གྱུརཿ «གཉིས་པ་སྤྱན་འདྲེན་པ་ནིཿ» ཧཱུྃཿ འོག་མིན་ཆོས་དབྱིངས་ཕོ་བྲང་དངཿ ནུབ་ཕྱོགས་ཨོ་རྒྱན་ཞིང་ཁམས་ནསཿ གུ་རུ་པདྨ་རྒྱལ་པོ་ལཿ མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅསཿ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལཿ བཛྲ་ས་མ་ཡ་ཛ་ཛཿ« གསུམ་པ་ཚོགས་ཕུད་འབུལ་བ་ནིཿ »ཧཱུྃཿ བླ་མ་ཡི་དམ་མཁའ་འགྲོ་ལྷརཿ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་དངཿ ཕྱི་ནང་གསང་བའི་མཆོད་པའི་ཚོགསཿ འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལཿ ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧིཿ «བཞི་པ་བཤགས་པ་བྱ་བ་ནིཿ »ཧཱུྃཿ ཐོག་མེད་དུས་ནས་ད་ལྟ་ཡནཿ སྒོ་གསུམ་ཉེས་ཚོགས་ཅི་བསགས་པཿ ཞལ་ཟས་ཚོགས་ཀྱི་མཆོད་པ་ཡིསཿ བཤགས་སོ་ཚངས་པའི་དངོས་གྲུབ་སྩོལཿ «ཡི་གེ་བརྒྱ་བ་བཟླ་ཞིང་བཤགས་པ་བྱཿ ལྔ་པ་བསྒྲལ་བསྟབས་བྱ་བ་ནིཿ »ཧཱུྃཿ གློ་བུར་རྣམ་རྟོག་ལས་བྱུང་བའིཿ བག་ཆགས་གཟུང་འཛིན་རུ་ཏྲའི་ཚོགསཿ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲལཿ གཟུགས་ཕུང་དཀྱིལ་འཁོར་ལྷ་ལ་འབུལཿ རུ་ཏྲ་སརྦ་ཧ་ལ་པཉྩ་པཱུ་ཙ་ཧོཿ« དྲུག་པ་ལྷག་མ་བསྔོ་བ་ནིཿ »ཧཱུྃཿ དཀྱིལ་འཁོར་བཀའ་སྡོད་ལྷག་མའི་བདགཿ མ་སྲིང་མཁའ་འགྲོ་ཤུགས་འགྲོའི་ཚོགསཿ དཔལ་གྱི་ཕ་འབབ་འདི་ལོངས་ལཿ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོདཿ ཨུཥྩི་ཊ་བ་ལིང་ཏ་ཁཱ་ཧིཿ «བདུན་པ་ཐུགས་དམ་བསྐུལ་བ་ནིཿ »ཧཱུྃཿ གུ་རུ་པདྨ་རྒྱལ་པོའི་ཚོགསཿ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལཿ བསྐྱེད་རྫོགས་བར་ཆད་ཞི་བ་དངཿ བསྒྲུབས་པའི་རྟགས་ཕྱུང་དངོས་གྲུབ་སྩོལཿ «བརྒྱད་པ་ཆད་ཐོ་བསྒྲགས་པ་ནིཿ» ཧཱུྃཿ དཔལ་གྱི་བཀའ་སྲུང་རྒྱ་མཚོའི་ཚོགསཿ སྔོན་ཚེ་པདྨ་ཐོད་ཕྲེང་གིཿ སྤྱན་སྔར་ཁས་བླངས་དམ་བཅས་བཞིནཿ མཆོད་གཏོར་བཞེས་ལ་ཕྲིན་ལས་མཛོདཿ མ་ཧཱ་བྷ་ལིང་ཏ་ཁཱ་ཧིཿ «དགུ་པ་བསྟན་མ་སྐྱོངས་བ་ནིཿ» ཧཱུྃཿ སློབ་དཔོན་པདྨ་རྒྱལ་པོ་ཡིཿ བཀའ་ཉན་བོད་སྐྱོང་བསྟན་མའི་ཚོགསཿ བཤལ་ཆུའི་གཏོར་མ་འདི་ལོངས་ལཿ རྣལ་འབྱོར་འགལ་རྐྱེན་བར་ཆད་སོལཿ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོདཿ མ་མ་ཧྲིང་ཧྲིང་བྷ་ལིང་ཏ་ཁཱ་ཧིཿ «བཅུ་པ་རྟ་བྲོ་བྱ་བ་ནིཿ» ཧཱུྃཿ གཏོར་གཞོང་རི་རབ་འབར་བའི་འོགཿ ལོག་འདྲེན་རྒབ་འདྲེ་དམ་སྲིའི་ཚོགསཿ མནན་ནོ་ཐེག་པ་རིམ་དགུས་རྒྱཿ བསྐལ་པ་ཞིག་ཀྱང་མི་གཏོང་ངོཿ སྟྭཾ་བྷ་ཡ་ནནཿ «བཅུ་གཅིག་པ་དངོས་གྲུབ་ལེན་པ་ནིཿ »ཧཱུྃ་གུ་རུ་པདྨ་རྒྱལ་པོའི་ལྷ་ཚོགས་རྣམསཿ བསྒྲུབ་པར་དམ་བཅས་དམ་ཚིག་ད་ནང་ཐིམཿ སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱིསཿ དངོས་གྲུབ་དམ་པ་བདག་ལ་བསྩལ་དུ་གསོལཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་ཛ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃཿ« བཅུ་གཉིས་པ་ནོངས་པ་བཤགས་པ་ནིཿ »ཧཱུྃཿ པདྨ་རྒྱལ་པོའི་དཀྱིལ་འཁོར་འདིརཿ གཙང་སྦྲ་ཉམས་དང་མཆོད་པ་ཆགསཿ བསྐྱེད་རྫོགས་མ་གསལ་དམ་ཚིག་ཉམསཿ ཆོ་ག་ལྷག་ཆད་འགལ་འཁྲུལ་བཤགསཿ «ཡི་གེ་བརྒྱ་བས་ནོངས་པ་བཤགསཿ བཅུ་གསུམ་བསྡུ་བའི་རིམ་པ་ནིཿ »ཧཱུྃཿ རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷཿ འཇའ་ཚོན་ནམ་མཁར་ཐིམ་པ་ལྟརཿ དམིགས་བསམ་བརྗོད་བྲལ་ངང་ལ་བཞགཿ རྗེས་ཐོབ་ཕྱག་རྒྱ་ཆེན་པོའི་ངངཿ ཨ་ཨཱཿ «རྗེས་མ་བཀྲ་ཤིས་བསྔོ་སྨོན་བྱཿ ཨེ་མ་བསྐྱེད་རྫོགས་ཟབ་གཏེར་རྣམ་གྲངས་མང་མོད་ཀྱངཿ འདི་ལས་ལྷག་པ་སྙིགས་མའི་དུས་འདིར་དཀོནཿ ཐེ་ཚོམ་མེད་པར་ཉམས་སུ་བླངས་གྱུར་ནཿ པདྨ་ང་དང་འདུ་འབྲལ་ཡོད་རེ་ཀནཿ སྙིང་འདྲའི་བུ་ལས་གཞན་དུ་ཤོར་ར་རེཿ གནོད་སྦྱིན་ཆེན་པོས་གཡེལ་བ་མེད་པར་སྲུངསཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ སྤྲང་སྨྱོན་མཐུ་སྟོབས་བདུད་འདུལ་གྱིསཿ གང་ཤར་བཅོས་ལྷད་མེད་པར་བྲིསཿ འགལ་འཁྲུལ་གྱུར་ན་ལྷ་ལ་བཤགསཿ