དམ་ཆོས་པད་མ་སྙིང་ཐིག་ལསཿ བཀའ་སྲུང་ཁྲོས་མའི་ཕྲིན་ལསཿ

From Khyentse Lineage - A Tsadra Foundation Project
Wylie title dam chos pad ma snying thig las bka' srung khros ma'i phrin las
Location mdo mkhyen brtse bka' 'bum
Volume 4, Text 3, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Activity Manual - las byang  ·  Protector Rituals - gsol mchod
Cycle དམ་ཆོས་པད་མ་སྙིང་ཐིག་ (dam chos pad ma snying thig)
Deity e ka dzA TI
[edit]
༄༅། །དམ་ཆོས་པད་མ་སྙིང་ཐིག་ལསཿ བཀའ་སྲུང་ཁྲོས་མའི་ཕྲིན་ལས་བཞུགསཿ

༄༅། །«རུ་དྷེ་ཝ་དྷཱཀྐི་ནིཿ པདྨ་རྒྱལ་པོའི་སྐུ་ལ་འདུདཿ བཀའ་སྲུང་སྔགས་ཀྱི་བདག་མོ་ཡིཿ ཕྲིན་ལས་རིམ་པ་འདིར་འགོད་བྱཿ དེ་ཡང་སྒྲུབ་རྫས་བསྐང་རྫས་དངཿ མཆོད་གཏོར་སྨན་རག་རྣམ་ལྔའི་ཚོགས༔ འདུ་བྱས་ལྷ་ཡི་ང་རྒྱལ་གྱིསཿ »རཾ་ཡཾ་ཁཾཿ རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་རཾ་ཡཾ་ཁཾ་གསུམ་འཕྲོས་པས་གཏོར་མའི་དངོས་པོ་མ་དག་པ་ཐམས་ཅད་མེས་བསྲེགས་རླུང་གིས་གཏོར་ཆུས་སྦྱངས་ཏེ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ «ཞེས་པས་བྱིན་རླབས་རྟེན་བསྐྱེད་པ་ནིཿ» ཨོཾ་སྭ་བྷ་ཝ«ས་སྦྱངས་ལ།» སྟོང་པའི་ངང་ལས་རང་གི་མདུན་དུ་དུར་ཁྲོད་ཀྱི་གཞལ་མེད་ཁང་རབ་ཏུ་འཇིགས་ཤིང་རྒྱ་ཁྱོན་ཤིན་ཏུ་ཆེ་བའི་དབུས་སུ་ཁྲག་གི་རྒྱ་མཚོ་ཆེན་པོ་འཁྱིལ་པའི་དབུས་སུ་པད་ཉི་རོའི་གདན་ལ་དཔལ་ལྡན་སྔགས་ཀྱི་སྲུང་མ་མ་མོ་ཁྲོས་མའི་རྒྱལ་མོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་པས་དགྲ་སྙིང་ཞལ་དུ་གསོལ་ཞིང་གཡོན་པས་གཡུའི་སྤྱང་མོ་འགྱེད་པ༔ ཡེ་ཤེས་ཀྱི་སྤྱན་གཅིག་གིས་དུས་གསུམ་ཀུན་ཏུ་གཟིགས་པ༔ ཞབས་གཉིས་དོར་སྟབས་སུ་བཞུགས་ཤིང་མི་མགོ་དང་སྙིང་གི་ཕྲེང་བས་བརྒྱན་པཿ མདུན་དུ་ལས་བྱེད་རེ་ཏི་ནག་མོ་དར་ནག་གི་གོས་གསོལ་ཞིང་ཕྱག་གཡས་རལ་གྲི་ཕྱར་ཞིང་གཡོན་པས་ནད་རྐྱལ་འཛིན་པ༔ རལ་པ་བསིགས་པ༔ གཞན་ཡང་བཀའ་ཉན་མ་མོའི་དམག་ཚོགས་འབུམ་གྱིས་བསྐོར་བཿ རང་ཡི་དམ་གྱི་ཐུགས་ཀའི་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་སྔགས་སྲུང་འཁོར་དང་བཅས་པ་བཛྲ་ས་མ་ཡ་ཛཿ མ་མ་ཏྲག་རཀྴ་བཛྲ་ས་མ་ཡ་ཛ་ཛཿ ཧཱུྃཿ ཐོད་མཁར་འབར་བའི་གཞལ་ཡས་ཆེན་པོ་ནསཿ མ་མོའི་རྒྱལ་མོ་དཔལ་ལྡན་སྔགས་སྲུང་མཿ སྐུ་མདོག་མཐིང་ནག་ཤིན་ཏུ་འཇིགས་པའི་སྐུ༔ ཞལ་གཅིག་ཕྱག་གཉིས་དགྲ་སྙིང་གཡུ་སྤྱང་འགྱེད༔ སྤྱན་གཅིག་དུས་གསུམ་གཟིགས་ཤིང་ཚེམས་གཅིག་རྔམས༔ ལས་མཁན་རེ་ཏི་ནག་མོ་སྤྲུལ་པར་འགྱེད༔ འཁོར་དང་བཅས་པ་མ་ལུས་ཐམས་ཅད་ཀུན༔ དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ༔ མ་མ་ཏྲག་རཀྴ་བཛྲ་ས་མ་ཡ་ཛ༔ «བཞུགས་གསོལ་ཕྱག་མཆོད་འབུལ་བ་ནིཿ» ཧཱུྃཿ སྔགས་སྲུང་མ་མོ་ཁྲོས་མ་འཁོར་དང་བཅསཿ དུར་ཁྲོད་རོལ་པའི་གཞལ་ཡས་དམ་པ་འདིར༔ ཉི་ཟླ་པད་མ་བམ་ཆེན་བསྣོལ་བའི་སྟེང༔ དགྱེས་པར་བཞུགས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ བསྟན་པ་སྲུང་ཕྱིར་གུས་པས་ཕྱག་འཚལ་ལོ༔ མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་སོགསཿ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོར་བཅསཿ འབུལ་ལོ་མཆོག་ཐུན་དངོས་གྲུབ་མྱུར་དུ་སྩོལཿ ཛཿཧཱུྃ་བཾ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔« དེ་ནས་ཐུགས་དམ་བསྐང་བ་ནིཿ »ཧཱུྃཿ རྒྱལ་བའི་བསྟན་སྲུང་མ་མོ་ཀུན་ཀྱི་རྗེ༔ སྔགས་ཀྱི་བདག་མོ་ཨེ་ཀ་ཙ་ཊི་མ༔ ཐུགས་དམ་བསྐང་ཕྱིར་གནས་འདིར་གཤེགས་སུ་གསོལ༔ སྐུ་རྟེན་སྦ་ལྕགས་ཚིགས་གསུམ་དར་སྣས་བརྒྱན༔ རྟག་ཏུ་མི་འབྲལ་འགྲོགས་པའི་ཐུགས་དམ་བསྐངཿ གསུང་རྟེན་སྔགས་དང་བླ་རྡོ་སྲོག་འཁོར་དང༔ ཐུགས་རྟེན་ནལ་བུའི་སྙིང་དང་ཏིང་འཛིན་གྱིས༔ དུས་ཀུན་སྲུང་ཞིང་སྐྱོབ་པའི་ཐུགས་དམ་བསྐང༔ དམར་ཆེན་བརྒྱན་པའི་གཏོར་མ་དམ་པ་དང་༔ མྱོས་བྱེད་བདུད་རྩི་ལྔ་དང་ཨ་མྲྀ་ཏཿ མི་ཁྱི་རྟ་ཡི་ཤ་སྙིང་རཀྟའི་ཚོགས༔ གཞན་ཡང་དཀར་གསུམ་མངར་གསུམ་རོ་དྲུག་རྫས༔ སྣ་ཚོགས་མཆོད་པ་རྒྱ་མཚོའི་ཐུགས་དམ་བསྐང་༔ དར་སྣས་ཅོད་པན་རྨ་བྱའི་རྒྱལ་མཚན་དང་༔ རྟ་དང་བ་གླང་གཡག་ལུག་ར་ཡི་ཚོགསཿ ཐུགས་དམ་བསྐང་ཕྱིར་དགྱེས་པར་བཞེས་སུ་གསོལ༔ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱིཿ འགལ་འཁྲུལ་ཉམས་ཆགས་ནོར་འཁྲུལ་གྱུར་པ་ཀུན༔ མཐོལ་ལོ་བཤགས་སོ་ཐུགས་དམ་གཉན་པོ་བསྐངཿ མི་མཐུན་རྐྱེན་དང་བར་ཆད་བཟློག་པ་དང་ཿ བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོདཿ «ཅེས་བརྗོད་བསྟོད་པ་བྱ་པ་ནིཿ »ཧཱུྃཿ རྒྱལ་ཀུན་བསྐྱེད་ཡུམ་ཀུན་བཟང་ཡུམ་ཆེན་མོ༔ བསྟན་པ་སྲུང་ཕྱིར་ཁྲོ་མོའི་སྐུར་བཞེངས་པ༔ སྔགས་ཀྱི་སྲུང་མ་ནག་མོ་ཁྲོས་མ་རྒྱལ༔ སྤྱན་གཅིག་སངས་རྒྱས་བསྟན་པ་གཉན་པོ་སྲུང༔ ཚེམས་གཅིག་དམ་ཉམས་དགྲ་བོའི་སྲོག་ལ་རྔམས༔ དགྲ་སྙིང་གསོལ་ཞིང་གཡུ་ཡི་སྤྱང་མོ་འགྱེད༔ སྔགས་སྲུང་ཁྲོ་མོའི་རྒྱལ་ལ་ཕྱག་འཚལ་བསྟོད༔ ལས་བྱེད་ནག་མོ་སྤྱན་གདངས་མཆེ་བ་གཙིགསཿ གཡས་པས་རལ་གྲིས་དམ་ཉམས་སྲོག་རྩ་གཅོད༔ གཡོན་པས་ཕུང་བྱེད་ནད་ཀྱི་རྐྱལ་པ་འཛིན༔ རེ་ཏི་ནག་མོ་འཁོར་དང་བཅས་ལ་བསྟོད༔ «ཅེས་བརྗོད་བསྒྲུབ་སྔགས་བཟླ་བ་ནིཿ» རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་སྔགས་སྲུང་གི་ཐུགས་ཀར་ཕོག་པས་སྔོན་གྱི་དམ་བཅའ་དྲན་ནས་ལས་བཞིའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ༔ ཨོཾ་མ་མ་ཏྲག་རཀྴ་ཁ་མུ་ཏྲ་རུ་ལུ་རུ་ལུ་ཧཱུྃ་བྷྱོ༔ མ་མ་རག་མོ་ཐུན་བྷྱོ༔ སརྦ་རག་ཐུན་བྷྱོ་ཧཱུྃ་ཕཊ༔ «ཅེས་བརྒྱ་སྟོང་ཁྲི་འབུམ་བཟླཿ སླར་ཡང་གཏོར་འབུལ་བྱ་བ་ནིཿ »ཧོ་དཔལ་ལྡན་སྔགས་ཀྱི་སྲུང་མ་སངས་རྒྱས་བསྟན་པའི་སྲོག་ཤིང་༔ རྣལ་འབྱོར་ཡོངས་ཀྱི་མ་མ༔ སྒྲུབ་པ་པོའི་མཛའ་ན་མོ༔ དུག་གསུམ་ནད་ཀྱི་སྨན་པ༔ ཕྲིན་ལས་སྒྲུབ་པའི་ཕོ་ཉ་མོ༔ ཁྱེད་རྣམས་ལ་ཤ་ཁྲག་དམར་གྱི་གཏོར་མ་རཀྟ་ཕུད་ཀྱི་མཆོད་པ་དམ་རྫས་བདུད་རྩིའི་མཆོད་པ་རྒྱ་ཆེན་པོ་འདི་འབུལ་ལོ༔ མཆོད་དོ༔ ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ༔ «ཕུད་སྦྲེང་གདུང་བའི་དབྱངས་སྙན་པོས། »མ་མ་ཏྲག་རཀྴ་མ་ཧཱ་མཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་ཀིཾ་ནི་རི་ཏི་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་བ་ལིང་ཏ་ཁཱ་ཧི་ཁཱ་ཧི༔« ཅེས་པ་བདུན་ནམ་ཉེར་གཅིག་གིསཿ འབུལ་ལ་ཕྲིན་ལས་བཅོལ་བ་ནིཿ »ཧཱུྃ་སྔོན་ཚེ་འདས་དུས་བསྐལ་བའི་དང་པོ་ལ༔ རང་སྣང་དག་པ་ཆོས་སྐུའི་ཕོ་བྲང་དུ༔ དྲུག་པའི་བདག་ཉིད་ཀུན་ཏུ་བཟང་པོ་ཡི༔ སྤྱན་སྔར་ཁས་བླང་དམ་བཅས་དྲན་པར་མཛོད༔ བར་དུ་རི་རྒྱལ་མེ་རི་འབར་བའི་རྩེར༔ མཐུ་སྟོབས་དབང་ཕྱུག་ཕྱག་ན་རྡོ་རྗེ་ཡི༔ སྤྱན་སྔར་ཁས་བླངས་ཐ་ཚིག་དྲན་པར་མཛོད༔ དེ་འོག་བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ རིག་འཛིན་བླ་མ་པདྨ་རྒྱལ་པོ་ཡི༔ སྤྱན་སྔར་ཁས་བླངས་ཐ་ཚིག་དྲན་གྱིས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་སྒྲུབ་པ་དང༔ འགལ་རྐྱེན་སོལ་ལ་མཐུན་རྐྱེན་འབྱོར་པ་སྤེལ༔ སྒྲུབ་ལ་བར་ཆད་བྱེད་པའི་དགྲ་བགེགས་ཐུལ༔ བསམ་པའི་དོན་རྣམས་མ་ལུས་འགྲུབ་པ་དང༔ ལུས་དང་གྲིབ་ལྟར་མི་འབྲལ་འགྲོགས་པར་མཛོད༔ གཞི་བྱས་ཀུན་ཏུ་བཀྲ་ཤིས་འབྱོར་པ་བསྐྱེད༔ ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད༔ «ཅེས་བརྗོད་གང་འདོད་ཕྲིན་ལས་བཅོལཿ ཕུད་གཏོར་གཤེགས་ཤིང་ཤིས་བརྗོད་བྱཿ རྒྱ་རྒྱཿ ཨེ་མ་བདག་འདྲ་པདྨ་འབྱུང་གནས་ཀྱིསཿ ཟབ་གཏེར་བརྒྱ་རྩ་བརྒྱད་དང་ནིཿ ཡང་སྙིང་མང་དུ་རྒྱས་བཏབ་ཀྱངཿ མ་མོའི་སྲོག་སྙིང་དམར་ཕྱུང་འདིཿ སྙིང་ལས་གཅེས་པའི་གདམས་ངག་གོཿ རྒྱ་རྒྱ་རྒྱཿ ཟབ་རྒྱཿ སྦས་རྒྱཿ རིག་འཛིན་མཐུ་སྟོབས་བདུད་འདུལ་རྩལ་གྱིས་ཕབ་པའོཿ