DKR-KABUM-02-KHA-020

From Khyentse Lineage - A Tsadra Foundation Project
Revision as of 15:49, 7 November 2022 by Mort (talk | contribs)

DKR-KABUM-02-KHA-020

བླ་མའི་རྣལ་འབྱོར་བྱིན་རླབས་མཆོག་གཏེར།
Wylie title bla ma'i rnal 'byor byin rlabs mchog gter DKR-KABUM-02-KHA-020.pdf
Location dil mgo mkhyen brtse bka' 'bum
Volume 2, Text 20, Pages 125-126 (Folios 1a1 to 2b3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Bla ma'i rnal 'byor byin rlabs mchog gter. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 125-126. Delhi: Shechen Publications, 1994.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཅེས་པའང་དད་མོས་རྣམ་པར་དཀར་བ་སྡེ་དགེ་སྨད་ཤོད་ཕུ་མ་རིན་རྣམ་ནས་ལྷ་རྫས་ཀྱི་རྟེན་བཅས་བསྐུལ་ངོར་དཔལ་མགོན་བླ་མ་དགྱེས་པའི་འབངས་མངྒ་ལ་ཤྲཱི་བྷཱུ་ཏིས་རང་འདྲའི་སྐལ་མཉམ་ལ་ཕན་པའི་བློས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག སརྦ་མངྒ་ལཾ།།

/ces pa'ang dad mos rnam par dkar ba sde dge smad shod phu ma rin rnam nas lha rdzas kyi rten bcas bskul ngor dpal mgon bla ma dgyes pa'i 'bangs mang+ga la shrI b+hU tis rang 'dra'i skal mnyam la phan pa'i blos bris pa don dang ldan par gyur cig__sarba mang+ga laM//

[edit]
༄༅། བླ་མའི་རྣལ་འབྱོར་བྱིན་རླབས་མཆོག་གཏེར་བཞུགས། ཨེ་མ་ཧོ། ཕྱི་སྣོད་བླ་མའི་ཞིང་ཁམས་པདྨ་འོད། །ནང་བཅུད་དཔའ་བོ་མཁའ་འགྲོ་བླ་མའི་འཁོར། །རང་ལུས་འཛིན་མེད་སྤྱི་བོར་བླ་མ་རྗེ། །ཕྱོགས་དུས་སྐྱབས་གནས་ཀུན་འདུས་པདྨ་འབྱུང༌། །སྐུ་ཡིས་བཀོད་པས་རབ་འབྱམས་ཞིང་ཀུན་ཁྱབ། །ཞིང་ཁམས་རབ་འབྱམས་རྡོ་རྗེའི་སྐུ་ལ་རྫོགས། །འཆི་མེད་འཇའ་ལུས་རྡོ་རྗེའི་མཚན་དཔེ་ཅན། །གང་འདུལ་སྒྱུ་འཕྲུལ་དྲྭ་བ་ཅི་ཡང་སྟོན། །ཟབ་རྒྱས་གསུང་ནི་གྲགས་སྟོང་ཚངས་པའི་དབྱངས། །མཐའ་ཡས་ཆོས་སྒོ་མཛད་མེད་རྟག་ཏུ་སྒྲོག །ཡེ་ཤེས་ཐུགས་ནི་འགྱུར་མེད་འོད་གསལ་ངང༌། །རྟག་ཏུ་བདེ་ཆེན་དབྱིངས་ལ་བྲི་གང་བྲལ། །ཡོན་ཏན་དཔག་ཡས་སངས་རྒྱས་ཀུན་དང་མཉམ། །སྲས་བཅས་འདྲེན་པའི་རྣམ་ཐར་ཡོངས་སུ་རྫོགས། །ཕྲིན་ལས་རྨད་བྱུང་རྟག་ཁྱབ་ལྷུན་གྱིས་གྲུབ། །ནམ་མཁའ་ཇི་སྲིད་འགྲོ་དོན་རྒྱུན་ཆད་མེད། །བླ་མ་གཅིག་ལ་སྐྱབས་གནས་ཐམས་ཅད་རྫོགས། །དེ་ཉིད་གསོལ་བཏབ་དོན་གཉིས་ཡིད་བཞིན་འགྲུབ། །བླ་མར་གསོལ་བཏབ་མདོ་སྔགས་ལམ་ཀུན་ཚང༌། །གཅིག་ཆོག་བློ་བདེའི་ངང་ནས་གསོལ་བ་འདེབས། །སྲིད་ལས་ངེས་འབྱུང་རྒྱུ་འབྲས་བླང་དོར་བརྩོན། །དྲན་ཤེས་བླ་མས་གསོས་བཏབ་དད་མོས་དང༌། །སྙིང་རྗེའི་གཏན་བདེའི་ལམ་སྣ་ཟིན་པ་ཞིག །ཇི་ལྟར་གསོལ་བ་བཏབ་བཞིན་མྱུར་འགྲུབ་ཤོག །བླ་མར་ཡིད་ཆེས་སྐྱབས་འགྲོའི་སྙིང་པོ་སྟེ། །བླ་མའི་རྣམ་ཐར་རྗེས་སློབ་སེམས་བསྐྱེད་མཆོག །འགྲོ་ཀུན་བླ་མའི་གོ་འཕང་འགོད་འདོད་བློས། །བསགས་སྦྱངས་བརྩོན་པས་བླ་མར་གསོལ་བ་འདེབས། །བླ་མའི་གསང་བ་གསུམ་གྱི་བྱིན་རླབས་ཀྱིས། །དབང་བཞིས་རྒྱུད་སྨིན་བླ་མའི་སྐུ་བསྒོམས་པས། །རིགས་ཀུན་ཁྱབ་བདག་བསྐྱེད་རིམ་མཐར་ཐུག་ཕྱིར། །བརྟན་གཡོ་སྣང་སྟོང་སྒྱུ་མར་ལྷར་འཆར་ཤོག །བླ་མའི་གསོལ་འདེབས་གསང་སྔགས་ཐམས་ཅད་འདུས། །གྲགས་སྟོང་ཛཔ་ཀྱིས་བརྟན་གཡོའི་སྒྲ་ཀུན་ཁྱབ། །ཡིད་ཀྱིས་དྲན་རྟོག་ཡེ་ཤེས་རོལ་པ་ཆེ། །དཔལ་ལྡན་བླ་མའི་ཐུགས་སུ་ཤེས་པར་ཤོག །ཚེ་འདིའི་བདེ་སྐྱིད་གང་འདོད་བླ་མས་སྩོལ། །ཕྱི་མར་བར་དོའི་འཁྲུལ་སྣང་བླ་མས་སྐྱོབ། །སྐྱེ་འཆི་ཐམས་ཅད་བླ་མ་སྐུ་གསུམ་དུ། །ངོ་ཤེས་ངང་ནས་ས་ལམ་མཐར་ཕྱིན་ཤོག །ཆོས་བརྒྱད་འཆིང་གྲོལ་ཚེ་འདི་བློ་ཡིས་བཏང༌། །གཞན་ཕན་སེམས་འབྱོང་ཚོགས་གཉིས་རྫོགས་སྨིན་སྦྱངས། །བཀའ་གདམས་བླ་མའི་རྣམ་ཐར་རྒྱུད་འབྱོངས་ཏེ། །ཐེག་ཆེན་ལམ་ཀུན་རྫོགས་པར་བྱིན་གྱིས་རློབས། །དབང་བཞིའི་ཆུ་བོས་རིགས་ཁམས་ནུས་པ་གསོས། །ཕྱི་ནང་གསང་བའི་ལམ་གྱི་རྟེན་འབྲེལ་གྱིས། །མི་སློབ་མངོན་གྱུར་བླ་མ་ས་སྐྱ་པའི། །ལམ་འབྲས་གྲུབ་མཐའ་འབྱོང་བར་བྱིན་གྱིས་རློབས། །ཞེན་ལོག་མོས་གུས་སྙིང་རུས་གོ་ཆ་ཆེའི། །རྡོ་རྗེའི་ལམ་རྫོགས་འོད་གསལ་ཆོས་སྐུའི་ཀློང༌། །ཕྱག་ཆེན་དོན་རྟོགས་བཀའ་བརྒྱུད་བླ་མ་རྗེའི། ངོ་མཚར་རྣམ་ཐར་འབྱོང་བར་བྱིན་གྱིས་རློབས། །དབང་གིས་རྒྱུད་སྨིན་དམ་ཚིག་སྡོམ་པ་དག །བསྐྱེད་པའི་རིམ་པས་སྣོད་བཅུད་ལྷར་ཤར་ཞིང༌། །རྫོགས་རིམ་མཐར་སོན་སྐུ་གསུམ་བླ་མ་རྗེའི། །དོན་གྱི་རྣམ་ཐར་འབྱོང་བར་བྱིན་གྱིས་རློབས། །དགོངས་བརྒྱུད་ལྟ་བས་རིག་པ་རྗེན་ལ་བུད། །བློ་འདས་སྒོམ་པས་འོད་གསལ་ལམ་མཐར་སོན། །འཁྲུལ་པ་གཞི་གྲོལ་དཔལ་མགོན་བླ་མ་བཞིན། །སྣང་བཞི་མཐའ་རུ་འཁྱོལ་བར་བྱིན་གྱིས་རློབས། །སྲིད་ཞིའི་འཆིང་བ་ཆོས་ཉིད་ཀློང་དུ་གྲོལ། །ཡེ་ཤེས་རོལ་པས་དགོངས་པའི་གདེང་ཚུད་ནས། །མཐར་ཐུག་རིག་འཛིན་བླ་མ་ཆེན་པོ་དང༌། །དབྱེར་མེད་ཚོམ་བུ་གཅིག་ཏུ་གྲོལ་བར་ཤོག །མདོར་ན་རིགས་ཀུན་ཁྱབ་བདག་བླ་མ་དང༌། །སྐད་ཅིག་འདུ་འབྲལ་མེད་པའི་ངེས་ཤེས་ཀྱིས། །ཐུགས་ཡིད་གཅིག་འདྲེས་དོན་གཉིས་ལྷུན་གྲུབ་པའི། །མཐར་ཐུག་གྲུབ་མཐའ་འབྱོང་བར་མཛད་དུ་གསོལ། །ཅེས་པའང་དད་མོས་རྣམ་པར་དཀར་བ་སྡེ་དགེ་སྨད་ཤོད་ཕུ་མ་རིན་རྣམ་ནས་ལྷ་རྫས་ཀྱི་རྟེན་བཅས་བསྐུལ་ངོར་དཔལ་མགོན་བླ་མ་དགྱེས་པའི་འབངས་མངྒ་ལ་ཤྲཱི་བྷཱུ་ཏིས་རང་འདྲའི་སྐལ་མཉམ་ལ་ཕན་པའི་བློས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག སརྦ་མངྒ་ལཾ།། །།

Footnotes

Other Information