DKR-KABUM-05-CA-039

From Khyentse Lineage - A Tsadra Foundation Project
Revision as of 12:32, 7 November 2022 by WikiBot2015 (talk | contribs)

DKR-KABUM-05-CA-039

Wylie title DKR-KABUM-05-CA-039.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "ca"., Text 39, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "CA" is not a number.

"CA" is not a number.

[edit]
༄༅། རྟ་ཞལ་ཡིད་བཞིན་རྒྱ་ཅན་ལས། ལྕགས་སྡིག་མེ་རླུང་རབ་འཁྲུག་གི་བྱིན་རླབས་སྒྲུབ་ཐབས་དང་བཅས་པ་བདུད་སྡེ་མཐར་བྱེད་ཡེ་ཤེས་མེ་གཟེར་བཞུགས་སོ།། ༄༅། །དབང་ཆེན་ཡེ་ཤེས་ཁྲོ་རྒྱལ་གཏུམ་མོ་ཡི། །ཕོ་ཉ་དྲག་རྩལ་རྣོ་མྱུར་རྨད་བྱུང་བ། །ལྕགས་སྡིག་ཡེ་ཤེས་རོལ་པ་ལ་བཏུད་ནས། །ཚུལ་འདི་སྒྲུབ་པའི་ལས་རིམ་འདིར་གསལ་བྱ། །དེ་ཡང་དུག་ལྔའི་རང་གཟུགས་རྒྱལ་བསེན་དམ་སྲིའི་གཉེན་པོ་གཅིག་ཆོག་ལྕགས་སྡིག་མེ་རླུང་འཁྲུག་པའི་བྱིན་རླབས་ཇི་ལྟར་བྱ་བའི་ཚུལ་ལ། སྟེགས་ཀྱི་ཁར་མཉྫིའི་སྟེང་དུ་གཏོར་མ་གྲུ་གསུམ་ནག་པོ་བརྗིད་བག་དང་ལྡན་པ་གཙོ་འཁོར་ལྔ་ལ་སྡིག་པ་རིགས་ལྔའི་ཙཀླི་བཙུགས་པའི་མཐའ་བསྐོར་དུ། ཁྲག་གི་ཨརྒྷཾ་དབང་པོའི་མེ་ཏོག་སོགས་དྲག་པོའི་ཉེར་སྤྱོད་ཀྱིས་བསྐོར། གཞན་ཡང་སྨན་རཀ །བགེགས་གཏོར། ཚོགས། ཁྲུས་བུམ་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་འདུ་བྱས་ལ། ལས་གཞུང་སྔོན་དངོས་རྗེས་གསུམ་ལས། སྔོན་འགྲོ་སྐྱབས་སེམས་ནས་བརྩམས་མཆོད་པ་བྱིན་རླབས་བར་དྲག་པོ་ཡཀྴ་མེ་དབལ་ལྟར་ལ། དངོས་གཞི་བདག་མདུན་ལྷར་བསྐྱེད་པ་ནི། སྭ་བྷཱ་ཝས་བདག་མདུན་གཉིས་ཀ་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་མཐིང་ནག་གཅིག་ཏུ་བསམ། དེ་ལས་འོད་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད། ཐུགས་དམ་གྱི་རྒྱུད་བསྐུལ་གནོད་བྱེད་ཚར་བཅད་ཚུར་འདུས་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ལྟེ་བར་ཧཱུྃ་གིས་མཚན་པ་ཞིག་ཏུ་གྱུར། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་ལྕགས་ཀྱི་སྡིག་པ་མགོ་དགུ་པ། ཁ་དགུ་གདངས་པ། ལུས་པོ་དམར་ནག་གཉེར་མས་གང་བ། སྤྱན་དགུ་བགྲད་པ། གཡས་ཀྱི་རྭ་དགུས་སྲིད་པའི་རྩེ་མོ་བསྙིལ་བ། གཡོན་གྱི་རྭ་དགུས་ས་འོག་གཏིང་ནས་གཡེངས་བ། ཁ་དང་རྭའི་རྩེ་མོ་རྣམས་ནས་མེ་འབར་བས་གནོད་བྱེད་སྲེག་པ། ཡན་ལག་བགྲད་པས་ས་གཞི་ཁེངས་པ་ལུས་ལ་རྡོ་རྗེ་དང་མེ་ཡི་ཚྭ་ཚྭ་འཕྲོ་བ་འཇིགས་སུ་རུང་བ། གནོད་བྱེད་ཐམས་ཅད་རྭ་ཡིས་བཟུང་ཞིང༌། ཁ་གདངས་ནས་ཧབ་ཧབ་ཟ་བར་གསལ་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་བསམ། སྤྱན་འདྲེན་པ་ནི། ཧཱུྃ། ཡུལ་གྱི་མིང་ནི་རྔ་ཡབ་གླིང༌། །ཟངས་མདོག་དཔལ་རིའི་གནས་མཆོག་གི །པདྨ་འོད་ཀྱི་གཞལ་ཡས་ནས། །ཁྲག་འཐུང་ཁྲོ་བོ་རོལ་པ་ཡི། །དམར་ནག་མེ་ཀློང་དཀྱིལ་འཁོར་ནས། །གདུག་པ་མ་ལུས་འདུལ་མཛད་པ། །རྗེ་བཙུན་པདྨ་ཐོད་ཕྲེང་གི །ཡང་སྤྲུལ་ལྕགས་སྡིག་གནས་འདིར་བྱོན། །ཨེ་ཧྱེ་ཧི། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་བསམ། ས་མ་ཡ་ཏིཥྛ་ལྷན། ཞེས་བཞུགས་སུ་གསོལ། མཆོད་པ་ནི། ཧཱུྃ། དམ་སྲི་འབྱུང་པོ་བསྒྲལ་བ་ལས་བྱུང་བའི། །ཁྲག་གི་ཨརྒྷཾ་དབང་པོའི་མེ་ཏོག་དང༌། །ཤ་ཆེན་གསུར་དུད་ཚིལ་ཆེན་མར་མེ་སྦར། །མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་ཚོགས། །རྐང་གླིང་ཐོད་རྔ་སྨན་གཏོར་རཀྟ་དང༌། །ལོངས་སྤྱོད་ཚོགས་ཀྱི་འཁོར་ལོར་བཅས་པ་འབུལ། །ཨོཾ་བཛྲ་ཛྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་ཨཱཿཧཱུྃ་ནས་ཤཔྟའི་བར་དང༌། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཾ༴ མ་ཧཱ་རཀྟ༴ གྷ་ན་ཙཀྲ་པཱུ་ཛ་ཨཱཿཧཱུྃ། མཆོད་གཏོར་བྱིན་རླབས་ནི། རྃ་ཡྃ་ཁྃ་གིས་བསྲེག་གཏོར་བཀྲུས། རླུང་མེ་ཐོད་པའི་སྒྱེད་པུ་གསུམ་ལ་གནས་པའི་ཀ་པཱ་ལར། གཏོར་རྫས་ཤ་ལྔ་བདུད་རྩི་ལྔར་གནས་པ་མེ་རླུང་གིས་སྦྱངས་བདུད་རྩིར་འཁྱིལ་བའི་ཁ་ཆོད་ཟླ་བ་རྡོ་རྗེ་དང་བཅས་པ་ལས་འོད་ཟེར་འཕྲོས་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་རྡོ་རྗེའི་ཁོང་སེང་བརྒྱུད་གཏོར་མ་ལ་ཐིམ་པས་བདུད་རྩིའི་རྒྱ་མཚོར་དཀར་མེར་གྱིས་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། ཁྲོ་རྒྱལ་ལྕགས་སྡིག་རིགས་ལྔའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་བཛྲ་ཛྙཱ་ན་ར་ཙ་ཙིཏྟ་སྲོག་དུང་དུང༌། རུ་རུ་བྷ་ཤ་ཧཱུྃ། མ་མ་སྲོག་དུང་དུང༌། སྙིང་ལ་མ་མ་བྷྱོཿཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལན་གསུམ། ཨོཾ་བུདྡྷ། བཛྲ། རཏྣ། པདྨ། ཀརྨ་ཌཱ་ཀི་ནི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལན་གསུམ། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལན་གསུམ། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལན་གསུམ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཕྲིན་ལས་བཅོལ། བསྟོད་པ་ནི། ཧཱུྃ། དབང་དྲག་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །སྡིགས་མཛུབ་རྩེ་ལ་སྡིག་པའི་ཆོ་འཕྲུལ་འགྱེད། །ཡང་སྤྲུལ་སྡིག་པས་སྟོང་གསུམ་འཇིག་རྟེན་འགེངས། །ཁྲོ་རྒྱལ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །བསྙེན་བཟླས་ནི། །ཐུགས་ཀའི་ཧཱུྃ་ལས་མེ་འབར་བས། །བདག་གཞན་ལོག་རྟོག་བག་ཆགས་བསྲེགས། །རིག་པའི་ངར་ལྡན་ཧཱུྃ་སྒྲ་སྒྲོགས། །འཇིག་རྟེན་ཁམས་ཀུན་ཤིག་ཤིག་ལྡེག །སྟོང་གསུམ་ཧཱུྃ་སྒྲས་གང་བར་བསམ། །སྣང་སྲིད་དབང་དུ་འདུས་པར་གྱུར། །ཨོཾ་བཛྲ་ཛྙཱ་ན་ར་ཙ་ཙིཏྟའི་སྲོག་དུང་དུང༌། རུ་རུ་བྷ་ཤ་ཧཱུྃ། མ་མ་སྲོག་དུང་དུང༌། སྙིང་ལ་མ་མ་བྷྱོ། ཞེས་ཇི་ལྟར་རིག་པ་བཟླ། མཐར་མཆོད་བསྟོད་ཡིག་བརྒྱ་བཟླ། དབང་བསྐུར་དགོས་ན་སློབ་མ་ཁྲུས་ནས་དབྱུང༌། བགེགས་བསྐྲད། སྲུང་འཁོར་རྗེས་ལོ་རྒྱུས་ཀྱི་ཁྱད་པར། དེ་ཡང་རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཀྱི་དགོངས་པ་ཆོས་དབྱིངས་བདེ་བ་ཆེན་པོ་ལས་རྟག་པར་གཡོ་བ་མེད་ཀྱང༌། གདུལ་བྱ་སེམས་ཅན་གྱི་ཤེས་རྒྱུད་དང་འཚམས་པའི་གང་འདུལ་ཕྲིན་ལས་ཀྱི་རོལ་པ་ཅིར་ཡང་འཆར་བས་ཡིད་ཅན་མཐའ་དག་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་འཇིགས་པ་ཀུན་ལས་སྐྱོབ་ཅིང་ཕན་བདེ་མི་ཟད་པའི་དཔལ་ལ་རྟག་ཏུ་སྦྱོར་བ་ལས། སངས་རྒྱས་གཉིས་པ་རྒྱལ་དབང་པདྨ་འབྱུང་གནས་ཀྱིས་གངས་ཅན་གྱི་འགྲོ་བ་སྤྱི་དང༌། སྙིགས་མའི་སེམས་ཅན་ལོག་རྟོག་འཁྲུལ་པས་བཙན་པ་ལ་ལྷག་པར་དགོངས་པས་རྒྱལ་བསེན་དམ་སྲིའི་ནད་མུག་མཚོན་གྱི་བསྐལ་པ་སྐྱོབ་ཕྱིར་བླ་མ་དྲག་པོ་གཙོ་རྐྱང་དང་འཁོར་ཅན། ལས་བྱེད་ཕོ་ཉའི་སྒྲུབ་པ་ཟབ་གཉན་དུ་མ་རིན་ཆེན་གཏེར་གྱི་ཆོས་སྐོར་དུ་ཡང་ཡང་འབྱུང་བ་བཞིན་སྐབས་འདིར་གུ་རུ་དྲག་པོའི་ཐུགས་ཡེ་ཤེས་ལྔ་ཡི་ཆོ་འཕྲུལ་ལྕགས་སྡིག་རིགས་ལྔའི་དབང་བསྐུར་ཞུ་བའི་ཆེད་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ། ཕྱོགས་དུས་རྒྱལ་བ་མ་ལུས་པའི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །བདག་ཅག་མི་ཕྱེད་དད་པར་ལྡན། །ཁྱེད་ཀྱི་རྗེས་སུ་གནང་བ་དང༌། །དབང་བཞི་རྫོགས་པར་བསྩལ་དུ་གསོལ། །ལན་གསུམ། གསང་སྔགས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ལ་དམ་ཚིག་ཚུལ་བཞིན་སྲུང་དགོས་པས་རྡོ་རྗེའི་མནའ་ཆུ་འདི་ཉིད་སྲུང་འདས་ཁེ་ཉེན་གྱི་དཔང་པོའི་ཚུལ་དུ་སྙིང་དབུས་ཡེ་ཤེས་སེམས་དཔའི་ངོ་བོར་བཞུགས་པར་མོས་ཤིག །འདི་ནི་ཁྱེད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེགས་པར་བྱེད། །རྡོ་རྗེ་ཁྲོ་བོ་ཆེན་པོར་གྱུར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །ཞེས་བརྗོད་དམ་ཆུ་སྦྱིན། །དམ་ཚིག་ཚུལ་བཞིན་སྲུང་བར་ཁས་བླང་བས་རྗེས་སུ་འཛིན་པར་གནང་བ་ནི། ཇི་སྐད་སྨྲས་པ་ཇི་བཞིན་ནི། །གསང་བ་གསུམ་ལས་མི་འདའ་ཞིང༌། །ཚུལ་བཞིན་དམ་ཚིག་མི་འདའ་ན། །ཚུར་ཤོག་བདག་གིས་རྗེས་སུ་གཟུང༌། ཞེས་བརྗོད། མདུན་གྱི་ནམ་མཁར་སྐྱབས་ཡུལ་བླ་མ་ཞི་ཁྲོའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ། བླ་མ་བདེ་གཤེགས་སོགས་གསུམ། གདུལ་དཀའ་མ་རུངས་བའི་ཡིད་ཅན་མཐའ་དག་བླ་མེད་བྱང་ཆུབ་ཆེན་པོའི་ས་ལ་འགོད་པར་བྱའོ་སྙམ་པས་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། སེམས་བསྐྱེད་འགྲོ་བ་སོགས་ལན་གསུམ། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་ལྟར་སྒོམས་ཤིག །ལས་སྔགས་དང་ཆུས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྣོད་བཅུད་ཐ་མལ་གྱི་སྣང་ཞེན་དབྱིངས་སུ་དག་པའི་ངང་ལས་ཧཱུྃ་མཐིང་ནག་གཅིག་ཏུ་བསམ། དེ་ལས་འོད་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད། ཐུགས་དམ་གྱི་རྒྱུད་བསྐུལ་གནོད་བྱེད་ཚར་བཅད་ཚུར་འདུས་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ལྟེ་བར་ཧཱུྃ་གིས་མཚན་པ་ཞིག་ཏུ་གྱུར། དེ་ཡོངས་སུ་གྱུར་པ་ལས། སློབ་མ་རྣམས་ལྕགས་ཀྱི་སྡིག་པ་མགོ་དགུ་པ། ཁ་དགུ་གདངས་པ། ལུས་པོ་དམར་ནག་གཉེར་མས་གང་བ། སྤྱན་དགུ་བགྲད་པ། གཡས་ཀྱི་རྭ་དགུས་སྲིད་པའི་རྩེ་མོ་བསྙིལ་བ། གཡོན་གྱི་རྭ་དགུས་ས་འོག་གཏིང་ནས་གཡེང་བ། ཁ་དང་རྭའི་རྩེ་མོ་རྣམས་སུ་མེ་འབར་བས་གནོད་བྱེད་སྲེག་པ་ཡན་ལག་བགྲད་པས་ས་གཞི་ཁེངས་པ་ལུས་ལ་རྡོ་རྗེ་དང་མེ་ཡི་ཚྭ་ཚྭ་འཕྲོ་བ་འཇིགས་སུ་རུང་བ། གནོད་བྱེད་ཐམས་ཅད་རྭ་ཡིས་བཟུང་ཞིང་ཁ་གདངས་ནས་ཧབ་ཧབ་ཟ་བར་གསལ་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་བསམ། དེ་ལྟར་གསལ་བའི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། སློབ་དཔོན་དང་དཀྱིལ་འཁོར་ལྷ་ཡི་ཐུགས་རྒྱུད་བསྐུལ། དེ་དག་གི་ཐུགས་ནས་མཐའ་ཡས་པའི་འོད་ཀྱིས་བསྐུལ་ཏེ་སྐུ་གསུམ་དག་པའི་ཞིང་རབ་འབྱམས་ནས་རྒྱལ་བ་སྲས་དང་བཅས་པ་ལྕགས་སྡིག་མེ་རླུང་འཁྲུག་པའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་ཆར་དྲག་ཏུ་བབ་པ་བཞིན་བྱོན་ནས་སློབ་མའི་སྒོ་གསུམ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་པའི་མོས་པ་མཛོད། ཌཱ་དྲིལ་སྤོས་རོལ་དང་བཅས་ཏེ། ཧཱུྃ། ཡུལ་གྱི་མིང་ནི་རྔ་ཡབ་གླིང༌། །ཟངས་མདོག་དཔལ་རིའི་གནས་མཆོག་གི །པདྨ་འོད་ཀྱི་གཞལ་ཡས་ནས། །ཁྲག་འཐུང་ཁྲོ་བོ་རོལ་པ་ཡི། །དམར་ནག་མེ་ཀློང་དཀྱིལ་འཁོར་ནས། །གདུག་པ་མ་ལུས་འདུལ་མཛད་པ། །རྗེ་བཙུན་པདྨ་ཐོད་ཕྲེང་གི །ཡང་སྤྲུལ་ལྕགས་སྡིག་གནས་འདིར་བྱོན། །ཨེ་ཧྱེ་ཧི། ཛཿཧཱུྃ་བཾ་ཧོཿཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ ཞེས་པས་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དབང་དངོས་ནི། མདུན་གྱི་སྡིག་པའི་དཔྲལ་བ་ནས་དུང་སྡིག་མགོ་དགུ་ཁ་དགུ་རྭ་བཅོ་བརྒྱད་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་འཕྲོས། སློབ་མའི་སྤྱི་བོར་ཞུགས། ལུས་ཀྱི་ནང་ཐམས་ཅད་སྡིག་པས་གང་བས་ནད་གདོན་ཐམས་ཅད་མགོ་དང་རྭ་མཇུག་གི་ཁ་རྣམས་ཀྱིས་ཟོས་ཏེ་ལྷག་མེད་དུ་སྦྱངས། སྐུའི་བྱིན་རླབས་ཐོབ་པའི་དམིགས་པ་སྤྲད་ནས། དུང་སྡིག་དཀར་པོའི་ཙཀླི་སྤྱི་བོར་བཞག་སྟེ། ཧཱུྃ། རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །སྤྲུལ་པ་ཡཀྴ་མེ་དབལ་ལས། །ཡང་སྤྲུལ་ཆོ་འཕྲུལ་དུང་སྡིག་གི །སྐུ་ཡི་བྱིན་རླབས་དབང་བསྐུར་སྩོལ། །ཨོཾ་བཛྲ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། མདུན་གྱི་སྡིག་པའི་མགྲིན་པ་ནས་ཟངས་སྡིག་མགོ་དགུ་ཁ་དགུ་རྭ་བཅོ་བརྒྱད་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་འཕྲོས། སློབ་མའི་མགྲིན་པར་ཞུགས། ལུས་ཀྱི་ནང་ཐམས་ཅད་སྡིག་པས་གང་བས་ནད་གདོན་ཐམས་ཅད་མགོ་དང་རྭ་མཇུག་གི་ཁ་རྣམས་ཀྱིས་ཟོས་ཏེ་ལྷག་མེད་དུ་སྦྱངས། གསུང་གི་བྱིན་རླབས་ཐོབ་པའི་དམིགས་པ་སྤྲད་ནས། ཟངས་སྡིག་གི་ཙཀླི་མགྲིན་པར་བཞག་སྟེ། ཧཱུྃ། རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །སྤྲུལ་པ་ཡཀྴ་མེད་དབལ་ལས། །ཡང་སྤྲུལ་ཆོ་འཕྲུལ་ཟངས་སྡིག་གི །གསུང་གི་བྱིན་རླབས་དབང་བསྐུར་སྩོལ། །ཨོཾ་བཛྲ་ཛྙཱ་ན་ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ མདུན་གྱི་སྡིག་པའི་ཐུགས་ཀ་ནས་གཡུ་སྡིག་མགོ་དགུ་ཁ་དགུ་རྭ་བཅོ་བརྒྱད་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་འཕྲོས། སློབ་མའི་སྙིང་གར་ཞུགས། ལུས་ཀྱི་ནང་ཐམས་ཅད་སྡིག་པས་གང་བས་ན་གདོན་ཐམས་ཅད་མགོ་དང་རྭ་མཇུག་གི་ཁ་རྣམས་ཀྱིས་ཟོས་ཏེ་ལྷག་མེད་དུ་སྦྱངས། ཐུགས་ཀྱི་བྱིན་རླབས་ཐོབ་པའི་དམིགས་པ་སྤྲད་ནས། གཡུ་སྡིག་གི་ཙཀླི་སྙིང་ཀར་བཞག་སྟེ། ཧཱུྃ། རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །སྤྲུལ་པ་ཡཀྴ་མེ་དབལ་ལས། །ཡང་སྤྲུལ་ཆོ་འཕྲུལ་གཡུ་སྡིག་གི །ཐུགས་ཀྱི་བྱིན་རླབས་དབང་བསྐུར་སྩོལ། །སྔགས་ཤམ་དུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། མདུན་གྱི་སྡིག་པའི་ལྟེ་བ་ནས་གསེར་སྡིག་སེར་པོ་མགོ་དགུ་ཁ་དགུ་རྭ་བཅོ་བརྒྱད་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་འཕྲོས། སློབ་མའི་ལྟེ་བར་ཞུགས། ལུས་ཀྱི་ནང་ཐམས་ཅད་སྡིག་པས་གང་བས་ན་གདོན་ཐམས་ཅད་མགོ་དང་རྭ་མཇུག་གི་ཁ་རྣམས་ཀྱིས་ཟོས་ཏེ་ལྷག་མེད་དུ་སྦྱངས། ཡོན་ཏན་གྱི་བྱིན་རླབས་ཐོབ་པའི་དམིགས་པ་སྤྲད་ནས། གསེར་སྡིག་གི་ཙཀླི་ལྟེ་བར་བཞག་སྟེ། ཧཱུྃ། རྗེ་བཙུན་ཐོད་ཕྲེང་རྩལ། །སྤྲུལ་པ་ཡཀྴ་མེ་དབལ་ལས། །ཡང་སྤྲུལ་ཆོ་འཕྲུལ་གསེར་སྡིག་གི །ཡོན་ཏན་བྱིན་རླབས་དབང་བསྐུར་སྩོལ། །སྔགས་ཤམ་དུ་གུ་ཎ་ཨ་བྷི་ཥིཉྩ་སྭཱ། མདུན་གྱི་སྡིག་པའི་གསང་གནས་ནས་མརྒད་ཀྱི་སྡིག་པ་མགོ་དགུ་ཁ་དགུ་རྭ་བཅོ་བརྒྱད་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་འཕྲོས། སློབ་མའི་གསང་གནས་སུ་ཞུགས། ལུས་ཀྱི་ནང་ཐམས་ཅད་སྡིག་པས་གང་བས་ནད་གདོན་ཐམས་ཅད་མགོ་དང་རྭ་མཇུག་གི་ཁ་རྣམས་ཀྱིས་ཟོས་ཏེ་ལྷག་མེད་དུ་སྦྱངས། ཕྲིན་ལས་ཀྱི་བྱིན་རླབས་ཐོབ་པའི་དམིགས་པ་སྤྲད་ནས། ལྗང་སྡིག་གི་ཙཀླི་གསང་གནས་སུ་བཞག་སྟེ། ཧཱུྃ། རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །སྤྲུལ་པ་ཡཀྴ་མེ་དབལ་ལས། །ཡང་སྤྲུལ་ཆོ་འཕྲུལ་ལྗང་སྡིག་གི །ཕྲིན་ལས་བྱིན་རླབས་དབང་བསྐུར་སྩོལ། །སྔགས་ཤམ་དུ་ཀརྨ་ཨ་བྷི་ཥིཉྩ་ཧཱཿ རྗེས་འབྲེལ་བཟླས་པའི་ལུང་བྱིན་པའི་ཆེད་དུ། མདུན་བསྐྱེད་དང་སློབ་དཔོན་གྱི་ཐུགས་ཀ་ནས་ཉི་མའི་སྟེང་སྔགས་ཀྱི་ཕྲེང་བ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང༌། སློབ་དཔོན་གྱི་ཞལ་ནས་ཐོན། སློབ་མའི་ཁར་ཞུགས། སྙིང་ཁར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་གི་མཐར་གཡས་འཁོར་དུ་འཁོད་པར་མོས་ལ། ཨོཾ་བཛྲ་ཛྙཱ་ན་རཱ་ཙ་ཙིཏྟ་སྲོག་དུང་དུང༌། རུ་རུ་བྷ་ཤ་ཧཱུྃ། མ་མ་སྲོག་དུང་དུང༌། སྙིང་ལ་མ་མ་བྷྱོཿ ལན་གསུམ། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །མེ་ཏོག་གི་ཕྲེང་བ་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ་སྤྱི་བོར་བཅིང་བར་མོས་པ་མཛོད། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་བཅོམ་ལྡན་འདས་ལྕགས་སྡིག་མེ་རླུང་འཁྲུག་པའི་གསུང་རིགས་སྔགས་ཀྱི་ནུས་པ་དང་དངོས་གྲུབ་འཇུག་ཅིང་བརྟན་པར་མཛད་དུ་གསོལ། །མེ་ཏོག་འཐོར། དེ་ནས་མཐའ་རྟེན་གཏོར་མའི་དབང་བསྐུར་བ་ནི། དཔལ་གྱི་གཏོར་མ་འདི་ཉིད་ལྕགས་སྡིག་སྟོང་ཟིལ་གྱི་མདོག་འདྲ་བ་གནག་ཅིང་འཚེར་བ་ལ་དམར་བའི་མདངས་ཅན་མེ་འབར་བའི་སྐུར་གྱུར་པར་མོས་ལ་སྤྱི་བོར་བཞག་སྟེ། ཧཱུྃ། །རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །སྤྲུལ་པ་ཡཀྴ་མེ་དབལ་ལས། །ཡང་སྤྲུལ་ཆོ་འཕྲུལ་ལྕགས་སྡིག་གི །བྱིན་རླབས་དབང་བསྐུར་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཛྙཱ་ན་ཛཿཧཱུྃ་བཾ་ཧོཿ ཞེས་ཐིམ་པས་རང་སེམས་དང་སྡིག་པ་དབྱེར་མེད་ཀྱི་ངང་དུ་དར་ཅིག་མཉམ་པར་འཇོག །གཏོར་མའི་བཀའ་བསྒོ་བྱེད་ན། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། བདུད་འདུལ་པདྨ་དྲག་པོ། གཏུམ་དྲག་མེ་ལྕེའི་ཕྲེང་བ། །ཁྲོ་རྒྱལ་ཡཀྴ་མེ་དབལ། །བགེགས་འདུལ་ཕོ་ཉའི་ཚོགས་དང་བཅས་པས་རྡོ་རྗེའི་སློབ་མ་འདི་རྣམས་ལ་གནོད་ཅིང་འཚེ་བའི་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག །བར་གདོན་བཙན་དང་རྒྱལ་འགོང༌། དམ་སྲི་བགེགས་རིགས་ཀྱི་གནོད་པ། ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱད་ཕུར་རྦོད་གཏོང་ལོ་ཟླ་ཞག་སྐག །དུས་མིན་འཆི་བ་རྣམ་བརྒྱད། གློ་བུར་དགུ་བཅུ་རྩ་གཅིག་གི་གནོད་པ་སོགས་ལས་དང་རྐྱེན་ལས་གྱུར་པའི་འཕྲལ་ཡུན་གྱི་བར་ཆད་ཐམས་ཅད་སྐྱོབ་པ་དང༌། ཚེ་བསོད་དཔལ་འབྱོར་དབང་ཐང་ཡོན་ཏན་དངོས་གྲུབ་ཐམས་ཅད་འཕེལ་ཞིང་རྒྱས་པས་རང་གཞན་གྱི་དོན་གཉིས་བདེ་བླག་ཏུ་འགྲུབ་སྟེ་ལྕགས་སྡིག་མེ་རླུང་འཁྲུག་པའི་གསང་བ་གསུམ་དང་དབྱེར་མེད་པར་མངོན་པར་བྱང་ཆུབ་པར་མཛད་དུ་གསོལ། ཞེས་བཀའ་སྒོས་པས་གཏོར་མའི་ལྷ་ཚོགས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པས་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོབ་ནས་རྡོ་རྗེའི་གསང་གསུམ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་མོས་ཤིག །སྐབས་སུ་བབ་པའི་ཤིས་བརྗོད་དང་བཅས་མེ་ཏོག་གཏོར། རྗེས་དམ་ཚིག་ཁས་བླང༌། མཎྜལ། ལུས་འབུལ་དགེ་བསྔོས་མཐའ་བསྡུས་ཏེ་སློབ་མ་རང་གནས་སུ་བཏང༌། སློབ་དཔོན་གྱིས་ལས་བྱང་གི་མཇུག་བསྡུས་པས་གྲུབ་པའོ། །འཕོ་འགྱུརྃ་གཉིས་སྣང་འཁྲུལ་པའི་གཟུང་འཛིན་གདོན། །ཐོགས་མེདྃ་ཡེ་ཤེས་རྡོ་རྗེས་འཇོམས་མཛད་ལྷའི། །སྒྲུབ་ཐབས་བྱིན་རླབས་ཐེགྃ་མཆོྃག་བསྟནྃ་པའིྃ་དཔལ། །ཕྱོགས་ལས་རྣམ་རྒྱལ་རྒྱལྃ་མཚྃན་འདི་རྨད་བྱུང༌། །ལྕགས་སྡིག་མེ་རླུང་འཁྲུག་པའི་དབང་དང་སྒྲུབ་ཐབས་ཀྱི་ལེའུ་ཚན་ནོ།། །།

Footnotes

Other Information