JKCL-KABUM-07-JA-017

From Khyentse Lineage - A Tsadra Foundation Project
Revision as of 14:15, 22 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-07-JA-017.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "ja"., Text 17, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "JA" is not a number.

1 Texts in this Section (sde tshan or chos tshan)

"JA" is not a number.

[edit]
བླ་མ་རྡོ་རྗེ་རྣལ་འབྱོར་མ་ལ་གསོལ་བ་འདེབས་པའི་གླུ་ཌཱ་ཀིའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །ན་མོཿབཛྲ་ཙཎྜ་ལི་ཡེ། །སྤྱི་གཙུག་འདབ་སྟོང་བཞད་པའི་ཚ་ཟེར་གྱི་དབུས་ན། །དྲག་པོ་ཕོ་མོའི་གདན་ལ་དྲིན་ཆེན་གྱི་བླ་མ། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མ་དཔལ་དེ་བཞུགས་ཡོད། །བདེ་སྟོང་ཡེ་ཤེས་མཆོག་གི་བྱིན་རླབས་ཞིག་ཞུའོ། །རྣལ་འབྱོར་གསང་མཐའི་བཅུད་ཕྱུངས་ནཱ་རོ་ཡི་ཐུགས་བཅུད། །ས་སྐྱའི་རྗེ་བཙུན་མཆོག་ལ་སྙན་བརྒྱུད་དུ་བབ་པ། །དྲིན་ཅན་བླ་མ་ཚར་ཆེན་ཡབ་སྲས་ཀྱི་དྲིན་ལས། །སྙན་བརྒྱུད་ཟབ་དོན་སེང་གེའི་འོ་མ་དེ་ཐོབ་བྱུང་། །བདག་ལུས་རྡོ་རྗེའི་ཕུང་པོ་གསེར་སྦྱངས་ཀྱི་བུམ་པར། །བྱིན་བརླབ་དབང་བཞིའི་བདུད་རྩིའི་བཅུད་མཆོག་དེས་གཏམས་པས། །ཟུང་འཇུག་སྐུ་བཞིའི་གོ་འཕང་ལག་མཐིལ་དུ་གདའོ། །གདམས་ངག་གཞན་ལ་འགྲམ་ཆུ་ལྡང་བ་ལ་མི་སྨོན། །བསྐྱེད་རིམ་ཟབ་མོ་རྣལ་འབྱོར་བཅུ་གཅིག་གི་རིམ་པ། །རྫོགས་རིམ་ཡེ་ཤེས་དབུ་མའི་དེ་ཉིད་ཀྱི་ཉམས་ལེན། །འོད་གསལ་བསམ་མི་ཁྱབ་པའི་རྣལ་འབྱོར་ལ་བརྟེན་ནས། །མཁའ་སྤྱོད་མཆོག་གི་གྲོང་དུ་ད་ལྟ་རང་འགྲོའོ། །ལུས་སྣང་དྭངས་མ་འཇའ་དང་འོད་སྐུར་ནི་སྨིན་ནས། །རིག་པ་གཞོམ་བྲལ་ཆོས་སྐུ་རྣལ་འབྱོར་གྱི་མ་དཔལ། །ཡེ་ཤེས་མཁའ་ལ་སྤྱོད་པའི་བདེ་ཆེན་གྱི་དབང་མོ། །མངོན་སུམ་བརྙེས་པའི་གདམས་ཟབ་འདི་འདྲ་དེ་ཨ་ཧོ། །སྙིང་དབུས་དྭངས་མ་མི་ཤིག་ཐིག་ལེ་ཡི་ངོ་བོ། །ཐབས་མཆོག་དཔལ་ལྡན་འཁོར་ལོ་སྡོམ་པ་ནི་དགྱེས་རོལ། །ལྟེ་བའི་པདྨོར་རླུང་ལྔའི་ཏི་ལ་ཀའི་ངོ་བོར། །ཤེས་རབ་རྣལ་འབྱོར་མ་དཔལ་གདོད་མ་ནས་བཞུགས་པའི། །ཁ་སྦྱོར་བདེ་བ་མཆོག་གི་རོལ་མོ་འདི་ཨ་ཧོ། །རང་སེམས་གདོད་ནས་མ་སྐྱེས་ནམ་མཁའ་ལྟར་འབྱམས་ཀླས། །བརྟན་གཡོ་ཀུན་ཁྱབ་གསལ་སྟོང་ཟུང་འཇུག་གི་གནས་ལུགས། །རིག་པ་མཚན་མའི་སྒྲོགས་ལས་རང་གྲོལ་གྱི་ངང་དེར། །སྐུ་གསུམ་བདག་ཉིད་ཡེ་ཤེས་ཌཱ་ཀི་ཡི་རང་ཞལ། །བླ་མའི་དྲིན་གྱི་རང་ལ་རང་ཆས་སུ་མཐོང་ངོ་། །འདི་ནི་མི་འབྲལ་ཡེ་ཤེས་རྡོ་རྗེ་ཡི་རྒྱས་བཏབ། །དཔལ་ལྡན་འཁོར་ལོ་བདེ་མཆོག་དངོས་གྲུབ་དེ་ཨ་ཧོ། །ཅེས་པའང་དད་ལྡན་གྱི་སློབ་མས་བསྐུལ་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་གླུར་བླངས་པ་ཨི་ཐི།། །།
[edit]

bla ma rdo rje rnal 'byor ma la gsol ba 'debs pa'i glu DA ki'i dbyangs snyan ces bya ba bzhugs so/__/na moHbadz+ra tsaN+Da li ye/__/spyi gtsug 'dab stong bzhad pa'i tsha zer gyi dbus na/__/drag po pho mo'i gdan la drin chen gyi bla ma/__/dpal ldan rdo rje rnal 'byor ma dpal de bzhugs yod/__/bde stong ye shes mchog gi byin rlabs zhig zhu'o/__/rnal 'byor gsang mtha'i bcud phyungs nA ro yi thugs bcud/__/sa skya'i rje btsun mchog la snyan brgyud du bab pa/__/drin can bla ma tshar chen yab sras kyi drin las/__/snyan brgyud zab don seng ge'i 'o ma de thob byung /__/bdag lus rdo rje'i phung po gser sbyangs kyi bum par/__/byin brlab dbang bzhi'i bdud rtsi'i bcud mchog des gtams pas/__/zung 'jug sku bzhi'i go 'phang lag mthil du gda'o/__/gdams ngag gzhan la 'gram chu ldang ba la mi smon/__/bskyed rim zab mo rnal 'byor bcu gcig gi rim pa/__/rdzogs rim ye shes dbu ma'i de nyid kyi nyams len/__/'od gsal bsam mi khyab pa'i rnal 'byor la brten nas/__/mkha' spyod mchog gi grong du da lta rang 'gro'o/__/lus snang dwangs ma 'ja' dang 'od skur ni smin nas/__/rig pa gzhom bral chos sku rnal 'byor gyi ma dpal/__/ye shes mkha' la spyod pa'i bde chen gyi dbang mo/__/mngon sum brnyes pa'i gdams zab 'di 'dra de a ho/__/snying dbus dwangs ma mi shig thig le yi ngo bo/__/thabs mchog dpal ldan 'khor lo sdom pa ni dgyes rol/__/lte ba'i pad+mor rlung lnga'i ti la ka'i ngo bor/__/shes rab rnal 'byor ma dpal gdod ma nas bzhugs pa'i/__/kha sbyor bde ba mchog gi rol mo 'di a ho/__/rang sems gdod nas ma skyes nam mkha' ltar 'byams klas/__/brtan g.yo kun khyab gsal stong zung 'jug gi gnas lugs/__/rig pa mtshan ma'i sgrogs las rang grol gyi ngang der/__/sku gsum bdag nyid ye shes DA ki yi rang zhal/__/bla ma'i drin gyi rang la rang chas su mthong ngo /__/'di ni mi 'bral ye shes rdo rje yi rgyas btab/__/dpal ldan 'khor lo bde mchog dngos grub de a ho/__/ces pa'ang dad ldan gyi slob mas bskul ngor 'jam dbyangs blo gros rgya mtshos glur blangs pa i thi//___//

Footnotes

Other Information