བསང་མཆོད་ནམ་མཁའ་ཀུན་ཁྱབ།

From Khyentse Lineage - A Tsadra Foundation Project
Revision as of 11:20, 28 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title bsang mchod nam mkha' kun khyab
Location mdo mkhyen brtse bka' 'bum
Volume 7, Text 6, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Smoke Offerings - bsangs mchod - lha bsang
Colophon

རྒྱུན་བསང་རང་དང་རྒྱུད་འཛིན་ལ། །ཕན་བློས་ཁྲག་འཐུང་དཔའ་བོ་ཡིས། །ཐོལ་བྱུང་ཤར་བཞིན་ཐོགས་མེད་དུ། །སྨྲས་འདི་དམ་ཅན་སྲུང་མའི་ཚོགས། །ཐུགས་ཀྱི་དགྱེས་པ་སྐོང་གྱུར་ཅིག །

rgyun bsang rang dang rgyud 'dzin la/_/phan blos khrag 'thung dpa' bo yis/_/thol byung shar bzhin thogs med du/_/smras 'di dam can srung ma'i tshogs/_/thugs kyi dgyes pa skong gyur cig_/

[edit]
༄༅། །བསང་མཆོད་ནམ་མཁའ་ཀུན་ཁྱབ་བཞུགས།« དྲིན་ཆེན་བླ་མའི་ཞབས་ལ་འདུད། བསང་མཆོད་ནམ་མཁའ་ཀུན་ཁྱབ་ནི།» རཾ་ཡཾ་ཁཾ། «ལན་གསུམ།» རཾ་ཡཾ་ཁཾ་གིས་མ་དག་ཉེས་པའི་ཚོགས། །བསྲེགས་གཏོར་བཀྲུས་ཤིང་ཨོཾ་ཨཱཿཧཱུྃ་གསུམ་གྱིས། །དུད་པ་ཕུན་ཚོགས་དྲི་མཆོག་དྭངས་མའི་རྒྱུན། །ཟེགས་མ་འདོད་ཡོན་བདུད་རྩིའི་ཆར་འབེབས་གྱུར། །ཨོཾ་ཨཱཿཧཱུྃ། «ལན་བདུན་བརྗོད།» ཀྱེ་སངས་རྒྱས་སྤྱན་མའི་ཀློང་ལས་བྱུང་བ་ཡི། ཤིང་རྩི་འབྲུ་སྨན་ཕྱེ་མར་ཟས་སྣ་སྦྱར། །གོས་དཀར་མོ་ཡི་ཀློང་དུ་ལེགས་བཞུས་ཏེ། །དྲི་ཞིམ་དུད་པ་འདོད་ཡོན་ལྔ་ལྡན་འཕྲོ། །དམ་ཚིག་སྒྲོལ་མའི་ཤུགས་ཀྱིས་བསྐྱོད་པ་ལས། །དགོས་འདོད་ཀུན་འབྱུང་ལོངས་སྤྱོད་ཆར་ལྟར་འབེབས། །ཟེར་ལས་མཱ་ཀི་བདུད་རྩིའི་ཆར་འབེབས་པས། །དྲི་མ་འཁྲུད་ཅིང་དགའ་བདེའི་གཟི་བྱིན་བསྐྱེད། །དབྱིངས་ཕྱུག་མ་ཡི་མཁའ་ཀློང་ཀུན་ཁྱབ་པའི། །ཡོན་ཏན་ཕུན་ཚོགས་བསང་གི་མཆོད་པ་ཡིས། །བསླུ་མེད་དཀོན་མཆོག་རིན་ཆེན་རྣམ་པ་གསུམ། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་བསང༌། །བྱིན་རླབ་འབྱུང་གནས་བཀའ་རྒྱུད་བླ་མ་དང༌། །བཀའ་དྲིན་སུམ་ལྡན་རྩ་བའི་བླ་མ་བསང༌། །ཡི་དམ་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ། །ཁྲག་འཐུང་ཁྲོ་བོ་རོལ་པའི་ཚོགས་བཅས༴ །དབྱིངས་དང་ཡེ་ཤེས་ལས་དང་དམ་ཚིག་དབང༌། །ཤ་ཟ་འཇིག་རྟེན་མཁའ་འགྲོའི་ཚོགས་བཅས་བསང༌། །ཁྱད་པར་བཅུ་བདུན་རྒྱུད་ཀྱི་བཀའ་སྲུང་ཆེ། །སྔགས་ཀྱི་བདག་མོ་ཨེ་ཀ་ཙ་ཏི༴ །སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ་སྲས་དང༌། །འཁོར་གྱི་མ་མོ་བྱེ་བ་འབུམ་སྡེ༴ །ཕོ་རྒྱུད་ཀུན་འདུས་དཔལ་མགོན་མ་ནིང་ནག །དཔལ་མགོན་སྡེ་ལྔ་སྤྲུལ་འཁོར་བཅས་པ༴ །དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །གཟའ་བརྒྱད་གདོང་མོ་རྒྱུ་སྐར་འཁོར་ཚོགས༴ །སྒྲོལ་གིང་སྐྱེས་མཆོག་བཛྲ་ཐིག་ལེ་རྩལ། །སྤྲུལ་པ་མཆེད་འཁོར་སུམ་བརྒྱ་དྲུག་ཅུ༴ །པདྨ་ཀཱ་རའི་གསང་ཡུམ་ཚེ་རིང་མ། །མཆེད་ལྔ་སྨན་བཙུན་བསྟན་མར་བཅས་རྣམས་བསང༌། །གཡུ་སྒྲོན་མཆེད་ལྔ་བསྟན་སྐྱོང་གཤོག་རྒོད་མ། །མིང་པོ་ཀླུ་རྗེ་འཁོར་དང་བཅས་པ་བསང༌། །ཕུར་སྲུང་མ་མོ་བཅུ་གཉིས་གིང་ཆེན་བཞི། །དུར་ཁྲོད་ལྷ་མོ་མིང་སྲིང་འཁོར་བཅས༴ །བདུད་མགོན་ཡབ་ཡུམ་བམ་རོ་ཕོ་མོ་དང༌། །ལས་ལ་དབང་སྒྱུར་སྤྲུལ་འཁོར་ཚོགས་བཅས་བསང༌། །ཁྱད་པར་གཏེར་གྱི་སྲུང་མ་དམ་ཚིག་ཅན། །ཀླུ་ཡི་དགེ་བསྙེན་བསྙོ་ཁ་འཁོར་བཅས་བསང༌། །ལྷ་གཤིན་མ་བདུད་གཟའ་བཙན་གནོད་སྦྱིན་ཀླུ། །དྲེགས་པའི་སྡེ་དཔོན་འཁོར་དང་བཅས་པ་བསང༌། །རྡོ་རྗེ་འབར་བ་རྡོ་རྗེ་དྲག་རྩལ་དང༌། །རྡོ་རྗེ་ལས་དབང་རྡོ་རྗེ་ཐོགས་མེད་བསང༌། །བཙན་རྒོད་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ། །རོལ་པ་རྐྱ་བདུན་འབར་བ་སྤུན་བདུན་བསང༌། །གཞན་ཡང་འཛམ་གླིང་དཀར་ཕྱོགས་སྐྱོང་བ་ཡི། །མངའ་རིའི་དབུས་གཙང་མདོ་ཁམས་གཞི་བདག་བསང༌། །ཡུལ་ཕྱོགས་འདིར་གནས་ཟོ་དོར་མཐུ་བོ་ཆེ། །བཀའ་དང་དམ་ལ་གནས་པའི་ཚོགས་ཀུན་བསང༌། །དགོས་སུ་རྣལ་འབྱོར་བདག་ལ་འཁོར་བ་ཡི། །སློབ་དཔོན་ཕ་མྱེས་རྒྱུད་ཀྱི་སྲུང་མ་བསང༌། །ཕ་ལྷ་མ་ལྷ་སྲོག་ལྷ་ལེའུའི་ལྷ། །དགྲ་ལྷ་མཐུ་ཆེན་འཁོར་བཅས་ཐམས་ཅད་བསང༌། །དྲི་ཞིམ་བསང་གི་དུད་པས་བསངས་གྱུར་ཅིག །འདོད་པའི་ཡོན་ཏན་ལྔ་ཡིས་མཉེས་གྱུར་ཅིག །རོ་བརྒྱ་བདུད་རྩིའི་ཆར་གྱིས་ཚིམ་གྱུར་ཅིག །བསང་དང་ཞི་བའི་མཆོད་པ་འདི་ཕུལ་བས། །བཀྲག་མདངས་གཟི་བརྗིད་བསྐྱེད་ལ་དབུ་འཕང་བསྟོད། །གཞི་བྱེས་ལམ་གསུམ་གར་འགྲོ་གར་འདུག་ཀྱང༌། །དགྲ་ལྷ་གཉན་པོ་མི་དང་མ་འབྲལ་ཞིག །གསར་བྱུང་ནག་ཕྱོགས་འབྱུང་པོ་གདུག་པ་ཅན། །ལྷ་རུ་བརྫུ་ཞིང་བསྟན་སེལ་སྡེ་འཁྲུགས་སློང༌། །གཤིན་པོར་བརྫུ་ཞིང་འགྲོ་ཀུན་སྡུག་ལ་སྦྱོར། །དེ་རིགས་ཚེ་བསོད་བསྡུས་ལ་རྗེས་མེད་ཐོངས། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་རྔ་བརྡུང༌། །ཕ་རོལ་སྤ་བཀོང་ཟིལ་གནོན་དབང་དུ་བསྡུས། །རྣལ་འབྱོར་འདོད་པའི་དོན་དང་གཉེར་བའི་གནས། །མྱུར་འགྲུབ་བཀྲ་ཤིས་བདེ་སྐྱིད་དཔལ་འབར་མཛོད།« །རྒྱུན་བསང་རང་དང་རྒྱུད་འཛིན་ལ། །ཕན་བློས་ཁྲག་འཐུང་དཔའ་བོ་ཡིས། །ཐོལ་བྱུང་ཤར་བཞིན་ཐོགས་མེད་དུ། །སྨྲས་འདི་དམ་ཅན་སྲུང་མའི་ཚོགས། །ཐུགས་ཀྱི་དགྱེས་པ་སྐོང་གྱུར་ཅིག ། །།