ཡང་གསང་འཛིན་པ་རང་གྲོལ་ལསཿ བཀའ་དང་གཏེར་སྲུང་མཆོད་ཐབསཿ

From Khyentse Lineage - A Tsadra Foundation Project
Revision as of 15:46, 13 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title yang gsang 'dzin pa rang grol las bka' dang gter srung mchod thabs DKYD-DZINDROL-030.pdf
Location mdo mkhyen brtse 'dzin grol
Volume 1, Text 30, Pages 321-322 (Folios 1a1 to 1b6)
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation Mdo mkhyen brtse. Yang gsang 'dzin pa rang grol las bka' dang gter srung mchod thabs. In Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor, (The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje): 321-322. Delhi: Shechen Publications, 2020.
Genre Torma-offering Rituals - gtor chog
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
Karchag page DKYD-DZINDROL-Karchag
Colophon

དྲི་མ་མེད་པའི་གསུང་གི་བདུད་རྩིའི་རྒྱུནཿ གནད་བྱང་མཁའ་འགྲོའི་བརྡ་འགྲོལ་ཆེན་མོ་ལསཿ བདག་ཉིད་ཁྲག་འཐུང་ལས་ཀྱི་དཔའ་བོ་ཡིསཿ ཡང་གསང་ཐུགས་ཀྱི་ཐིག་ལེའི་མཐའ་རྟེན་དུཿ ཡི་གེ་ཉེ་གནས་འོད་ཟེར་མིང་གིས་བགྱིསཿ མངྒ་ལཾ། ཤུ་བྷཾ།།

dri ma med pa'i gsung gi bdud rtsi'i rgyun:_gnad byang mkha' 'gro'i brda 'grol chen mo las:_bdag nyid khrag 'thung las kyi dpa' bo yis:_yang gsang thugs kyi thig le'i mtha' rten du:_yi ge nye gnas 'od zer ming gis bgyis:_mang+ga laM/_shu b+haM//

[edit]
ཡང་གསང་འཛིན་པ་རང་གྲོལ་ལསཿ བཀའ་དང་གཏེར་སྲུང་མཆོད་ཐབས་བཞུགསཿ བཀའ་དང་གཏེར་སྲུང་མཆོད་ཐབས་ནིཿ བ་ལིཾ་གཏོར་མ་ཤ་ཁྲག་བརྒྱནཿ ཁྱད་པར་རིན་ཆེན་སྣ་ལྔ་དངཿ ཇ་ཆང་ལ་སོགས་མཐུན་རྫས་རྣམསཿ ལེགས་པར་བཤམས་ལ་འདི་སྐད་དོཿ ཧཱུྃཿ འཇིགས་རུང་སྲིན་པོའི་གྲོང་ཁྱེར་དཔལ་གྱི་རིཿ རྩ་གསུམ་རྒྱལ་བའི་ཞིང་ཁམས་པདྨ་འོདཿ སྲིན་པོའི་རྒྱལ་པོ་གཟའ་བདུད་རཱ་ཧུ་ལཿ སྐུ་མདོག་དམར་སྨུག་འཇིགས་རུང་བྱིན་ཆགས་པའིཿ སྤྱན་སྟོང་སྡང་མིག་འབར་བས་དགྲ་ལ་གཟིགསཿ ཞལ་ནས་གདུག་པ་དུག་གི་ཁ་ཕྲུ་འཐོརཿ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེསཿ འཛིན་པ་རང་གྲོལ་བཀའ་ཡི་བྱ་ར་མཛོདཿ དམ་ལྡན་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལཿ དམ་མེད་ལོག་ལྟ་ཅན་གྱི་སྙིང་ཁྲག་བཞེསཿ གཟུགས་ཅན་གཟུགས་མེད་ལོག་འདྲེན་ཚར་བཅད་ནསཿ བསམ་དོན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོདཿ བྷྱོཿ ཁཾ་ལས་རྒྱ་མཚོ་འཁྱིལ་པའི་ཀློང་དཀྱིལ་དབུསཿ གདུག་པའི་སྲས་མཆོག་སྨྱོ་ཁ་ནག་པོ་ཆེཿ སྨུག་ནག་ཁྲོ་ཉམས་སྲིན་པོའི་གཟུགས་འཆང་བཿ དམ་ལྡན་རྣལ་འབྱོར་དཔའ་བོས་འབོད་ལགས་ནཿ དམ་ཚིག་ཅན་གྱི་ལྷ་མཆོག་གཤེགས་སུ་གསོལཿ དམ་རྫས་བ་ལིཾ་རྒྱན་ལྡན་བདུད་རྩིའི་སྐྱེམསཿ རིན་ཆེན་ལྔ་དང་གསེར་སྐྱེམས་གཡུ་སྐྱེམས་སོགསཿ འབུལ་ལོ་དགྱེས་བསྐངས་ཕྲིན་ལས་ཐོགས་མེད་སྒྲུབསཿ ཁྱེད་ལ་ལས་ཀྱི་གཉེར་ཁ་གཏད་པ་ནིཿ འཛིན་པ་རང་གྲོལ་བཀའ་ཡི་བྱ་ར་མཛོདཿ ཁྱད་པར་བླ་མའི་བཀའ་ལ་མི་བརྩི་ཞིངཿ གདམས་ངག་རང་གར་སྤྱོད་པའི་དམ་མེད་རྣམསཿ སྙིང་ནང་ཁྲག་གི་ཐིག་ལེ་དྭངས་མ་ནིཿ ཐང་དུ་ཕོབ་ཅིག་བཛྲ་ས་མ་ཡཿ མ་གཡེལ་དམ་ཚིག་ཅན་གྱི་ལྷ་མཆོག་ཁྱོདཿ ཉིན་མཚན་དུས་དྲུག་ཀུན་ཏུ་མེལ་ཚེ་མཛོདཿ ཁྱད་པར་རྣལ་འབྱོར་བདག་ཅག་སྒྲུབ་པ་པོཿ གཞིས་ལམ་བྱེས་གསུམ་གར་འགྲོ་གར་འདུག་ཀྱངཿ ཁ་མགོན་རོགས་དན་མཐུ་དཔུང་མ་གཡེལ་བརཿ བསམ་དོན་འབད་མེད་ལྷུན་གྲུབ་ཕྲིན་ལས་མཛོདཿ དྲི་མ་མེད་པའི་གསུང་གི་བདུད་རྩིའི་རྒྱུནཿ གནད་བྱང་མཁའ་འགྲོའི་བརྡ་འགྲོལ་ཆེན་མོ་ལསཿ བདག་ཉིད་ཁྲག་འཐུང་ལས་ཀྱི་དཔའ་བོ་ཡིསཿ ཡང་གསང་ཐུགས་ཀྱི་ཐིག་ལེའི་མཐའ་རྟེན་དུཿ ཡི་གེ་ཉེ་གནས་འོད་ཟེར་མིང་གིས་བགྱིསཿ མངྒ་ལཾ། ཤུ་བྷཾ།། །།