སྙན་དངགས་མེ་ལོང་གི་མངོན་བརྗོད་རྣ་བའི་གླིང་བུ།

From Khyentse Lineage - A Tsadra Foundation Project
Revision as of 09:55, 3 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

PJCW-KABUM-01-KA-004
Wylie title snyan dngags me long gi mngon brjod rna ba'i gling bu
Location dpal sprul bka' 'bum
Volume 1, Text 4, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Poetry - snyan ngag
Colophon

།སྙན་དངགས་མེ་ལོང་གི་ཚིག་རྒྱན་རྣམས་ཀྱི་དཔེར་བརྗོད་དཔལ་སྤྲུལ་རིན་པོ་ཆེས་གསུངས་པའོ།

snyan dngags me long gi tshig rgyan rnams kyi dper brjod dpal sprul rin po ches gsungs pa'o

[edit]
༄༅། །སྙན་དངགས་མེ་ལོང་གི་མངོན་བརྗོད་རྣ་བའི་གླིང་བུ་ཞེས་བྱ་བ་བཞུགས་སོ། །


རྒྱ་གར་སྐད་དུ། ཀ་བྱཱ་དར་ཤ ། བོད་སྐད་དུ། སྙན་ངགས་མེ་ལོང་། དཔལ་ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །སྲིད་རྨོངས་མུན་ཁམས་མ་ལུས་མཐར་བྱེད་པའི། །ཟུར་ཕུད་ཟླ་རིས་མཛེས་པའི་འོད་དཀར་ཅན། །འཛིན་ཞལ་མེས་པོའི་ཡིད་བྲིས་མཚོ་བྱུང་འཛུམ། ། བདག་ཡིད་ཀུན་དའི་སྐྱེད་ཚལ་འདི་རོལ་ཀྱཻ།༡ །གང་བྱིན་རྙོགས་མེད་བདུད་རྩི་མངར་བོའི་སྐྱེས། །སྙིང་ལ་ཕུལ་བྱུང་སིམ་པའི་རོ་སྦྱིན་པ། །བཏུང་ཙམ་ངག་གི་སྙན་བརྗིད་ཉམས་བརྒྱའི་གཏེར། །མི་ཟད་དྲི་ཟའི་རྒྱུད་མང་ལས་འཕོས་ཚུལ། །བརྗིད་བག་བརྗོད་བྱའི་དོན་བརླིང་དུནྡུ་བྷི། །ཟབ་ཡངས་ཚངས་པའི་གླུ་ཡིན་བསྐྲུན་དཀའི་གཏམ། །ངག་ལས་ངག་གི་འདོད་འཇོར་སྤེལ་བའི་དཔྱིད། །གླེང་བརྗོད་ངེས་པ་རྙེད་ལས་ངས་འདིར་བཤད། །གང་ན་སྲིད་ཁམས་སྙན་དགུའི་དངོས་སྤུངས་བའི། །གླུ་བླང་སྦུ་འཕྲེང་གཡོ་བའི་དོ་ཤལ་ལ། །དགའ་བའི་མིག་དཀྱུས་འཛུམ་བྲལ་ཚངས་ཆེན་ལྷས། །གཏད་གྱུར་བདུད་རྩིའི་མཚོར་རོལ་གཉིས་མེད་མངལ། །ཡིད་ལས་ཡིད་ཀྱི་བུ་མོར་སྦྲུམ་པ་སྙམ། །དེ་སླད་སྲིད་ན་སྡེ་བཞིའི་དབང་གྱུར་ངག ། མཁས་ནས་མཁས་པར་བརྒྱུད་པའི་མུ་ཏིག་ཕྲེང་། །མ་ཉམས་དོ་ཤལ་གསར་བའི་ཕྲེང་རྒྱུད་དུ། །སྤེལ་མཁས་སྙན་ཚིག་ལྷ་མོ་དེ་བལྟམས་གྱུར། །གང་ཚེ་ལྷར་བཅས་སྲིད་ན་དེའི་གྲགས་སྙན། །སྒྲོགས་ལ་སྤྲིན་གཞོན་སྒྲ་བརྒྱ་དགོད་ལས་ཁའི། །ཟེགས་རླན་བདུད་རྩིའི་དོགས་པར་བྲུལ་བའི་ཆུས། །དཔྱིད་དཔལ་གསེར་ལྡན་མཁའ་ལས་བོས་པ་བཞིན། །ཅི་སླད་ཐུབ་ཚུལ་གཏམ་གྱི་གླིང་བུའི་སྒྲ། །བརྒྱུད་བཟོད་མི་བསྙེངས་ལྷ་མོ་སྔར་སྲིད་ན། །མེད་གྱུར་ངེས་པ་འགོགས་པའི་ཐབས་ཁོ་ནས། །ཚུལ་དགོངས་བཅུ་དྲུག་གཞོན་ནུས་འཛུམ་ཞལ་རྩེར། །གཡོ་བའི་ཐོར་ཅོག་མཁའ་ཞུན་རྩིས་བགོས་ལྟའི། །ལྔ་ཕྲག་མུ་ཏིག་སྐ་རགས་འཆགས་པའི་མདོར། ། གཞལ་དཀའ་ནོར་བུའི་ཐིག་ཕྲེང་གསར་བའི་འཕྲས། །ཚོམ་བུར་བཏབ་སྤྲས་མཛེས་པའི་ཀེ་ས་ར། །འཛིན་པའི་ཨུ་དཔལ་རྣ་ཆ་ཡིད་འོང་གིས། །བརྒྱན་གྱུར་ལྷ་ལུས་ཕྲག་བརྒྱའི་མཛེས་སྡུག་དཔྱིད། །བསྡམ་སྐུ་དབང་པོའི་གཞུ་རིས་འཁྱོགས་པོའི་གཟི། །ཕྲོག་པའི་རེག་འཇམ་དཔག་བསམ་ལས་འོང་གོས། །འཁྲིལ་ཆགས་མཛེས་གསོལ་སྒེགས་གྱུར་སྣ་ཚོགས་སྒྲ། ། སིལ་ཁྲོལ་གདུབ་འཛིན་དཔུང་པའི་ལྗོན་མཛེས་རྩེར། །སྨིན་གྱུར་སོར་བཅུའི་ལྕགས་ཕྲན་གྱིས་བཟུངས་པའི། །སྒྲིབ་གསུམ་དྲྭ་བ་དྲལ་མཛད་རལ་གྲི་ཅན། །འཇམ་དཔལ་གཞོན་ནུར་དགྱེས་པའི་དགའ་མར་བྱས། །༤ ཤིས་བརྗོད། གང་ན་རྒྱལ་ཀུན་གསུང་གི་རྡོ་རྗེའི་ངག །གཉིས་སུ་མ་ཡིན་སྣང་སྟོང་རོལ་བའི་ཚུལ། །འཇམ་པའི་རྡོ་རྗེར་ལེགས་ཤར་ཐབས་ཤེས་ལྷའི། །བྱིན་སྣང་བདུད་རྩིས་སྙིང་ལ་ཤིས་གྱུར་ཅིག །༥ ཕྱག་བྱ། གཡོ་རྩོལ་ངག་གི་རང་བཞིན་ཇི་སྙེད་ཚིག ། སྒྲ་དོན་གབ་རྒྱན་ནོར་བུའི་འཕྱང་འཕྲུལ་བརྒྱས། །སྤུད་གྱུར་ལུས་མཛེས་མཁས་པའི་ཡིད་འཛིན་འཛུམ། །སྤེལ་མཁས་སློབ་དཔོན་བརྒྱུད་བཅས་ཕྱག་གི་གནས། །༦ དངོས་པོ་ངེས་བསྟན། ཕུན་ཚོགས་དཔལ་དེས་གང་བཟུང་སྒྲ་སྙན་རྔ། །སྲིད་ན་གཅིག་ཏུ་སྒྲོག་འགྱུར་སྙན་ཚིག་ལམ། ། ལེགས་བཤད་གསེར་གྱི་ཐུར་མས་རྨོངས་ཁམས་སྒྲིབ། །དབྱེའོ་སྐལ་བཟང་སྣང་བ་ད་གཟིགས་ཤིག །༧ གྲོང་ཁྱེར་ལ་བསྔགས་པ། འབྱོར་བའི་ཕུན་ཚོགས་ནོར་བུའི་བ་གམ་བརྒྱ། ། བཀོད་པས་ངོ་མཚར་ཐིག་ལེའི་འོད་ཕྲེང་གཟི། །འབར་གྱུར་མུ་ཏིག་དོག་པའི་དཔྱང་ཐག་དེས། །མཛེས་མཐོང་དགོད་པའི་དགའ་བ་འཕྲུལ་པ་བཞིན། །འགྲན་ལ་ཕན་ཚུན་ཆས་ལྟའི་རྒྱུ་བའི་རྩེས། །མཁའ་འཇིང་གོ་ས་ཡངས་འཕྲོག་འབྱོར་པའི་གྲོང་། །བཀྲམ་པའི་རྒྱུ་སྐར་གྲངས་ལ་འགོག་བཟོད་པའི། །གནས་དེར་སྲིད་ཁམས་མེས་པོ་དགའ་བཞིན་གཞེས། །༨ རྒྱ་མཚོ་ལ་བསྔགས་པ། ཕུན་ཚོགས་མཛེས་པ་དེ་འཛིན་བདུད་རྩིའི་ཆབ། །རྙོག་མེད་དྭངས་འཁྱིལ་དགོད་པའི་དབའ་རླབས་ཅན། །ཀློང་ལས་ལག་འགྲོའི་གྲོང་ཁྱེར་འབྱོར་མཛེས་ཤིང་། །དྭངས་ལས་ལྷ་ཡུལ་གྲོང་བཟང་གཉིས་པར་འཛིན། །ནོར་བུའི་དབང་མཛོད་གང་བའི་སྒོ་འཕར་བརྒྱ། །བསྲུངས་ལ་ཆུ་སྲིན་གདུག་པའི་ཁྲོ་གཉེར་ཁ། །གླལ་བའི་ཤུགས་རིང་སྒྲ་བརྒྱས་ཟིལ་བསྐྱེད་པའི། །མཛེས་རྔམས་ཉམས་བརྒྱའི་དཔལ་འཛིན་རོལ་མཚོའི་འགྲམ། །རི་ལ་བསྔགས་པ། ཞུན་མའི་གསེར་ཁམས་གུར་གུམ་བདུད་རྩིའི་ཆུས། །བྲན་བྱས་མཚམས་སྤྲིན་ལང་ཚོའི་གཟི་འབར་ཞིང་། །བརྟན་གྱུར་དབང་ཆེན་གཞིར་བརླིང་གསེར་རིའི་ཕྲེང་། །ཁོར་ཡུག་ཙནྡན་ལྗོན་པའི་ཡ་ལད་ཅན། །ཟླ་ཉི་ལང་ཚོའི་ཅོད་པཎ་མཛེས་པའི་མགུལ། །སྣ་ཚོགས་རིན་ཆེན་བྲག་གི་ཁང་བཟང་སྐྱིབས། །བསིལ་བའི་རྡོ་ལེབ་དཀར་པོའི་འཇམ་སྟེང་གཞིར། །ལྷ་དང་དྲང་སྲོང་གྲུབ་པས་བརྟེན་བྱས་དེར། །དུས་ལ་བསྔགས་པ། དཔྱིད་དཔལ་ནམ་ཟླའི་དཔལ་ཕུན་བསྐྲུན་བཞེད་ལྷའི། །དོ་ཤལ་དཔྱང་ཐག་ཆད་པའི་འཕྲེང་འཐོར་ལྟའི། །ཆར་ཟིལ་མུ་ཏིག་ཐིག་པའི་གསོས་སྨན་རྒྱུན། །འགྲིམ་ལས་གེ་སར་དགོད་པའི་ཨུད་པ་ལ། །ལྡེམ་བག་དྲི་བསུང་དངར་བོའི་འདབ་གཡོ་བས། །རྐང་དྲུག་ནགས་ཀྱི་དགའ་མར་འབོད་པ་བཞིན། །སྡོད་གནས་འཕུར་ལྡིང་གཡོ་བའི་བྷྲ་མ་རས། །གླུ་ལེན་དལ་གྱིས་བདུད་རྩིའི་རོ་མངར་འཐུང་། །ཉི་ཟླ་འཆར་བ་ལ་བསྔགས། དེ་སླད་ལྡུམ་ར་ཆས་པའི་རི་བོང་འཛིན། །འཛུམ་ཟེར་སོར་འཕྲེང་འོད་དཀར་བཀོད་པ་ན། །སྐྱེངས་བའི་ཆུ་སྐྱེས་འདབ་རྒྱ་ཟླུམ་བྱས་དེར། །ཡ་མཚན་ཀུ་མུད་དགོད་པས་འཕྱ་བ་སྙམ། །ནམ་ཞིག་སྐྱ་རེངས་གཞོན་ནུའི་སྔོན་བསུས་རྟ། །བདུན་ཕྲག་ཤུགས་ཀྱིས་བཏེགས་པའི་འོད་སྟོང་དཀྱིལ། །ཆས་མཐོང་རྒྱ་གྲོལ་པད་གཞོན་ཀཻ་ས་རར། །འདར་ལྡན་ཀུ་མུད་འདབ་མས་ཐར་སྦྱར་འདུད། །སྐྱེད་ཚལ། དེ་མཐོང་ཟླ་བ་ཟག་པའི་ཞུན་ཁམས་ཀླུང་། །སྣ་ཚོགས་ནོར་བུའི་རྫིང་གཏིང་བསྐྱིལ་ལྟའི་ཆུའི། །ཕྱོགས་ཕྱོགས་ཡལ་འདབ་གཡོ་བའི་ལྗོན་བཟང་ལུས། །འཁྲིལ་བག་ལྕུགས་ཕྲན་གོས་བཅས་སྒྲིབ་པའི་རྩེར། །བཻཌཱུར་རྒྱུད་མང་བཀོད་དམ་ཀུ་ཧུའི་མགྲིན། །དབྱེ་དཀའ་སྐྱེད་ཚལ་ལང་ཚོའི་བཀོད་པ་ལ། །ཞི་བའི་གླུ་ལེན་ངང་ངུར་རོལ་བའི་འགྲོས། །མཁའ་ལ་ཉི་ཟེར་གཟིས་རེག་སྤྲིན་གཞོན་བཞིན། །ཆུ་ཡི་རོལ་རྩེད། དེ་ན་ལྷ་ཡུལ་གཞོན་ནུས་རོལ་བྱའི་རྫིང་། །ཡིད་སྲུབ་དཔུང་གི་སོར་རྩེར་གནས་མིན་ཡང་། །རེག་འཇམ་དོ་ཤལ་རླབས་མཛེས་གཡོ་བའི་གར། །སྨིན་ལེགས་ལྷ་མོ་དེ་ལ་འབོད་ལྟར་གྱུར། །ཆང་འཐུང་བ། སྐེད་མེད་བདུད་རྩིའི་མྱོས་བུམ་ཐོག་པའི་ཁུར། །འདེགས་དཀའ་འདར་ལྡན་གདུ་བུའི་སིལ་ཁྲོལ་བཅས། །འོང་བས་འཛུམ་བཅས་གཞོན་པའི་གྲལ་རིག་ན། །དལ་གྱི་མྱོས་པའི་དགའ་བ་ལག་པར་འཕེལ། །དགའ་བའི་དགའ་སྟོན། གདུབ་འཛིན་ལྕུགས་ཕྲན་སོར་རྩེས་ཕན་ཚུན་ཡིད། །སྦྲེལ་བའི་འཆིང་ཐབ་དམ་པོས་བཟུང་གྱུར་ལས། །རབ་དགའི་མཆུ་སྒྲོས་གཞིབ་པའི་དངར་བཅུད་ཀྱིས། །སྙིང་ལ་མྱོས་བཞིན་མྱོས་བཞིན་རབ་དགར་རྩེ། །བསླུ་བ། ཁ་ཅིག་དུས་བཏབ་དགའ་བའི་ཆད་འདས་ལས། །སྐྱོ་གྱུར་གླལ་བའི་ཤུགས་རིང་གཏམ་སྨྲེ་བའི། ། ཕྱོགས་ཕྱོགས་འཕྲུལ་བའི་མིག་དཀྱུས་གཏོང་ནའང་། །བཟུང་དཀའ་གཡོ་སྒྱུའི་ཞགས་འཆང་དེས་དེ་བསླུས། །བག་མ། འགའ་ཞིག་ཤིས་པར་གྱུར་ཅེས་མེ་ཏོག་འཕྲེང་། །འཐོར་བྱེད་ཚངས་སྐུད་བཅིང་བས་མདུན་བསུས་ཏེ། །དོ་ཤལ་འཕྱང་འཕྲུལ་གཡོ་བའི་ལྡེམ་བགས་ཀྱིས། ། གཉེན་བཅས་འབྱོར་བའི་ཁབ་དེར་བག་མར་བསུ། །གཞོན་ནུ་སྐྱེ། དེ་དག་མཐུན་པར་རྩེས་པའི་དགའ་བ་ལས། །དུས་སུ་མངལ་བུམ་མཐོ་བའི་སྐེད་མེད་ལུས། །ཟག་ལྡན་འོ་མ་འཛིན་པའི་ཁུར་དུད་ཅིང་། །འཕྲལ་ལ་ཡ་མཚན་ཁྱེའུར་བཙས་པར་གྱུར། །འཕེལ་བསྐྲུན་བསྙོལ་མཚོར་གནས་པའི་པདྨ་བཞིན། །ལེགས་བསྐྱངས་ལང་ཚོར་འཕེལ་ལས་དེའི་དགའ་བ། །འཕྲུལ་མང་གཞོན་ནུའི་རོལ་རྩེད་ལ་ཕྱོགས་པའི། །རིགས་མཐུན་གཞོན་པའི་གྲལ་དུ་རྩེན་པར་བྱེད། ། གྲོས་ཀྱིས་བརྒྱན་པ། རིམ་གྱིས་དར་བས་བླང་དང་དོར་བྱའི་གནས། །ཚུལ་ཤེས་རྒན་རིམ་ཚོགས་པའི་མདུན་ས་ན། །དོན་བརླིང་གཏམ་གྱི་བརྗོད་བྱ་ཕུལ་བྱུང་ཁུར། །འཛིན་བཟོད་ལྷར་བཅས་དབུས་ན་ལྷ་དབང་བཞིན། །ཕོ་ཉ། གང་སླད་དོན་ཆེན་སྒྲུབ་ལ་ཕྱོགས་ཕྱོགས་འཕྲན། ། སྐྱེས་བཅས་ཆུ་ཁུར་བཀོད་པའི་གོམ་འགྲོས་ལྟའི། །མཛའ་དང་མི་མཛའ་བར་མའི་གླེང་འོས་ངག །སྒྲིབ་མིན་རི་བོར་གནས་ཀྱང་དྲུང་གནས་བཞིན། །བགྲོད་པ། དོན་བཟང་སྙེ་མ་སྦོམ་ལ་མངོན་ཕྱོགས་འགྲོས། །མཁའ་ལ་རླུང་གི་ཤིང་རྟས་ཉི་གཞོན་བཞིན། །མཛེས་སྟབས་དཔུང་བཅས་གཤེགས་ལས་དེའི་ཡིད་བཞེད། །སྐོང་ལ་མཁའ་ལམ་དགུ་ཚིགས་ལམ་སྲོང་ངོམས། ། གཡུལ། མུ་ཅོར་དེ་དེར་རྒོལ་རློམ་ཕས་རྒོལ་དཔུང་། །བརླགས་ལ་བརྒྱ་བྱིན་ཁྲོས་པའི་དཔུང་བཤམས་ལྟའི། །གཡུལ་ཚོགས་ཕྲུ་མ་བཏབ་མཐོང་ཚོགས་ཕྱིར་ཕྱོགས། །འདར་བའི་གཡོན་མིག་རྒྱབ་གཏོད་རྒྱང་རིང་འབྲོས། །འདྲེན་པ་དར། གང་ཚེ་ལྷ་དང་བཅས་པའི་འཇིག་རྟེན་ཁྱོན། ། ཡངས་བའི་རྒྱལ་ཐབས་གཅིག་གི་ཁྲིར་བཤམས་པའི། །ཆོས་བཞིན་གཏོང་བའི་སྒོ་འཕར་བརྒྱ་ཕྲག་བརྒྱ། །ཕྱི་གྱུར་མི་དབང་གྲགས་སྙན་སྲིད་ན་འབར། །ཕུན་ཚོགས་ཡུལ་དུས་སྐྱེད་ཚལ་ཆུ་ཀླུང་རྫིང་། །རྣམ་མང་བཀོད་གྱུར་མཚོར་བཅས་སའི་དཀྱིལ་འཁོར། །དབང་བྱས་མི་བདག་འབྱོར་བའི་རྣམ་གྲངས་ལས། །ལྗོང་དེར་ལེགས་བཤད་གཏམ་གྱི་གླེང་གཞིར་གྱུར། ། ཤར་ཕྱོགས་གཽ་ཊ་བའི་མ་ཡིག་བསྐོར་བའི་རྗེས་ཁྲིད། མ་དག་འགྲོ་ལ་མ་བས་བྱམས་ལྡན་མ། །མ་རིག་སྐྱེ་བོའི་མི་ཤེས་མིག་འབྱེད་མ། །མུ་ཏིག་མདངས་ལྡན་ལྷ་མོ་དབྱངས་ཅན་མ། །ཀྱེ་མ་མ་ལ་བདག་ཡིད་མ་མར་ཕེབས། །ཡང་། མ་ལུས་འགྲོ་བའི་ལས་སྣང་མ་རྫོགས་པར། །མ་འགགས་སྤྲུལ་པའི་རོལ་གར་མི་བསྡུ་བར། །མ་གཅིག་བུ་ལྟར་བརྩེ་བས་མི་འདོར་བའི། །མ་འདྲེས་མཛའ་བའི་བཤེས་གཅིག་འཇམ་པའི་དབྱངས། །བཻ་དརྦྷའི་སྦྱོར་བ། རྨོངས་པའི་བློ་ཡི་ཕ་རོལ་མི་དཔོག་པའི། །སྙན་དངགས་ཚིག་གི་ལེགས་ལམ་རྒྱ་ཆེན་པོར། །འཛམ་གླིང་ཡངས་པའི་ལྗོངས་འདིར་སྣང་བྱེད་པ། །གང་ཡིན་རྣམས་ལ་གུས་བཅས་ཐལ་མོ་སྦྱོར། །གཽ་ཊ་བའི་ལ་ཡིག་ལ་བསྐོར་བ། ལ་ལ་ལེགས་ལམ་མི་བསྒྲུབ་ལེ་ལོས་གཡེང་། །ལ་ལ་ལང་ཤོར་ལ་ལུང་ཀུན་ཏུ་རྒྱུག །ལས་ངན་ལ་ལ་ལོག་པའི་ལམ་ལ་ཞུགས། །བདག་ནི་ཆོས་ལམ་དེ་རུ་ལ་འུར་འགྲོ །བཻ་དརྦྷའི་རབ་དྭངས་ཡོན་ཏན། སྐྱེད་ཚལ་མཛེས་པའི་གཞི་ལ་གནས་བཅས་པའི། །པད་གཞོན་འདབ་མ་ཉི་ཟེར་གྱིས་བཀྲོལ་དབུས། །གེ་སར་བདུད་རྩིའི་རོ་མཆོག་མངར་བ་འདིས། །རྩི་བཅུད་སྙེག་པའི་སྦྲང་མ་ཀུན་དགར་འགྱེད། །ལྡོག་པ་གཽ་ཌ་པའི་རབ་དྭངས། དགའ་ཚལ་མཛེས་པའི་གཞི་ལ་འདུག་གྱུར་པའི། །དབྱར་སྐྱེས་འདབ་ཚོགས་མུན་འཇོམས་ཀྱིས་བཀྲོལ་དབུས། །ལེགས་གནས་གེ་སར་མཛེས་པའི་ཞལ་ཆབ་དེས། །དབྱངས་སྙན་རྐང་བ་དྲུག་པ་ཀུན་དགར་འགྱེད། ། བཻདརྦྷའི་མཉམ་ཉིད་ཡོན་ཏན། ཀུན་གསལ་ཉི་འོད་གཟི་ཡིས་བརྒྱན་པ་ལ། །རྣམ་བཀྲ་འཇའ་གུར་གཡོ་ལྡན་ཡིད་འོང་ཞིང་། །ས་གསུམ་ཚ་ཆེན་ཕྲོག་ཕྱིར་སྤྲིན་ཚོགས་ཁོལ། །ཕྱོགས་ཕྱོགས་སྦྲང་ཆར་ཚོགས་འཁྲིགས་སྒྲ་ཆེན་སྒྲོགས། །གཽ་ཌ་བའི་མཉམ་ཉིད། དགའ་བའི་ཀུན་དགའ་རབ་ཏུ་ཡངས་པ་ཡི། །རྩེད་འཇོའི་རྣམ་འགྱུར་ངོམས་པའི་མིག་ཡངས་མ། །ཁོང་ཁྲོས་ཚ་ཆེན་སྤངས་ཤིང་ཕན་ཚུན་ཚོགས། །ཡིད་འོང་བདུད་རྩིའི་བཏུང་བ་ཅིར་ཡང་བསྟེན། །ཚིག་མཚུངས་ཉེ་བའི་ཉམས། པདྨའི་ཚལ་ན་བུང་བའི་བུ་མོའི་གླུ། །རབ་སྙན་སྙིང་ལ་འབབས་དེ་སྙོག་འདོད་ནས། ། མེ་ཏོག་ཕང་ཕུང་འཕྱང་བ་དེ་བརྫིས་པས། །དགའ་མའི་རེག་བྱ་དྲན་ནས་དྲན་མེད་རྒྱུག །རྐང་པ་ལ་བསྐོར་བའི་རྗེས་ཁྲིད། སྙིང་སྡུག་དགའ་མས་མཛེས་པའི་བཞིན་རས་ཅན། །སྙོག་འདོད་སྐྱེད་ཚལ་ཡངས་པ་དེར་ཕྱིན་ཚེ། །སྙན་འཇེབས་ངང་བའི་བུ་མོའི་གླུ་ཐོས་ནས། །སྙིང་མེད་པོ་དེ་རྫིང་རིང་གཏིང་དུ་སོང་། །ཚིག་ལ་བསྐོར་བ། ལེགས་བྱས་ལང་ཚོའི་མཆོག་ལ་ལོངས་སྤྱོད་པས། ། ལྷ་དབང་ལྷུན་པོའི་རྩེ་མོར་ལྷག་པ་ཡང་། །དགའ་མ་དགོད་པའི་དགེ་མཚན་ལ་ལྟ་ན། ། འདོད་པའི་མདངས་བཀྲས་དེ་ལ་དེ་ལས་ཅི། །རིང་པོར་ཐོབ་པའི་རྗེས་ཁྲིད། ཕྲིན་ལས་ཉི་གཞོན་ཤིན་ཏུ་བཀྲག་གསལ་བའི། །སྲིད་པའི་རྨོངས་མུན་འབྱིན་པའི་སྒྱུ་ཐབས་ལ། །གཡེལ་མེད་ཐུགས་རྗེ་ཆེན་པོའི་ཁུར་བསྣམས་པ། །འཇམ་དཔལ་གཞོན་ནུས་དེང་འདིར་ཤེས་པ་སྩོལ། ། ཤར་བ་ཁོ་ནས་འདོད་པ། ཚང་ཚིང་ནགས་ཚལ་མེ་ཚོགས་ཀྱིས་ཚིག་ཚེ། །འཇམ་དཔལ་གཞོན་ནུས་བསྲེགས་ཕྱེད་སྲེག་པའི་ཚུལ། །འགྲོ་དོན་མངོན་བརྩོན་ཉོན་མོངས་ཡེངས་བྲལ་བ། །མགོན་པོ་གཞན་དོན་དགོངས་པ་བླ་ན་མེད། །བཻདརྦྷའི་ཤིན་ཏུ་གཞོན་པའི་ཡོན་ཏན། དགའ་བའི་ལྗོངས་དང་མཛེས་པའི་རྫིང་བུ་རུ། །སྙན་པའི་ངག་བཅས་འཕུར་ལྡིང་གཡོ་བ་ཅན། །གཉིས་སྐྱེས་ལས་ཀྱང་ངང་བ་གཞོན་ནུའི་ཁྱུ། །འདི་དག་སྡིག་མེད་ཟས་ཀྱིས་ངོམས་བཞིན་རྩེ། །གཽ་ཌ་བའི་འདོད་པ་བརྗོད་དཀའ་བ། སྤྲིན་ཚོགས་འབྲུག་སྒྲ་སྒྲོགས་ལྡན་འཁྲུགས་གྱུར་ཚེ། །དྲེགས་ལྡན་རྨ་བྱའི་སྒྲོ་གདུགས་སྒྲེང་བགྱིད་དེ། །འཁྲུལ་བྲལ་ཐེག་ཆེན་ཆོས་སྒྲ་ཡོངས་སྒྲོགས་ཚེ། །སྒྲིབ་འཐུལ་འཁྱོག་བློས་བདུད་ཚོགས་སྐྲགས་དངངས་མཐོང་། །དོན་གསལ་ཡོན་ཏན། ཐུབ་དབང་ཐུགས་རྗེའི་འོད་ཟེར་གྱིས་རེག་པའི། །ཚ་བའི་མེ་ཚོགས་གཞིར་པའི་པད་ཚལ་ན། །དམྱལ་གནས་སེམས་ཅན་ཕན་ཚུན་དགའ་བའི་གཏམ། །གླེང་བའི་ཡ་མཚན་འདི་ལ་སུ་ཡིས་བསྙོན། །ཤར་བ་རེ་འགའ་ཙམ་འདོད་པ། འཛམ་གླིང་ཐུབ་དབང་ཐུགས་རྗེའི་གདུལ་ཞིང་སྟེ། །རྟག་པར་ལས་ངན་དབང་སོང་དམྱལ་བ་པ། །ཚ་གྲང་སྡུག་བསྔལ་བརྒྱུད་ལས་མནར་བ་ཡང་། །ཐང་ཙམ་བདེ་བའི་ངང་ན་གནས་པ་ཡོད། །བཻ་དརྦྷའི་རྒྱ་ཆེ་བའི་ཡོན་ཏན། འཁོར་བའི་རྒྱ་མཚོར་གཏིང་རིང་ལ་ལྟུང་བ། ། འདི་སྐྱོབས་སུ་ཞིག་ཡོད་ཅེས་སྨྲེ་སྔགས་ཀྱང་། །ཀུན་མཁྱེན་ཞབས་ཀྱི་པདྨོ་ལ་རེག་ནས། །ད་ནི་འདྲེན་པ་གཞན་ལ་ཡོངས་མི་བརྟེན། །གཽ་ཌ་བའི་རྒྱ་ཆེ་བའི་ཡོན་ཏན། སྣ་ཚོགས་རིན་ཆེན་མཁར་གྱི་སྒོ་འགྲམ་ན། །ཞུམ་མེད་བཀྲེན་ལྡན་སློང་མོའི་ཚོགས་འདུ་ཞིང་། །འདོད་དགུའི་གཅལ་དུ་བཀྲམ་པའི་ཉེ་གམ་ན། །དར་ཟབ་ཁྲི་ལ་གནས་པའི་མི་དབང་མཇལ། །བཻ་དརྦྷའི་བརྗོད་པའི་ཡོན་ཏན།༢གང་ན་༢ཐུབ་༢གསུངས་༢ལྷ་ལམ་༢རྒྱ་ཆེན༢༼ཛ༽དུ། །༢དོན་༢གྱི་༢རྣམ་པ་ཆོས་ཀྱི་༢བདུད་རྩི༢་མཆོག༢། །༢འཐུང་༢ལ་དབང་བ་སྐལ་བ་༢མཆོག་ལྡན་༢དུ། །༢ངེས་ལ་༢གང་སུ་༢༼ཛ༽བསྔགས་པ་ཉིད་མི་༢བྱེད། །གཽ་ཌ་བའི་བརྗོད་པའི་ཡོན་ཏན།༢ཐུབ་༢ཚུལ་༢རབ་ཞི་བླ་ན་༢མེད་༢གྱུར་ཆོས། །༢གང་ཞིག༢་འཛིན༢་པ་མི་ཡི་འཇིག་རྟེན་ལས༢། །འདས༢་གྱུར༢་རྒྱལ༢་བ་ལྷ་ཡི་༢འབྲས་ཐོབ༢་ནས༢། །༢འགྲོ་༢ཁམས་༢ཀུན་ལ་བརྩེ་བ་༢རྨད་༢བྱུང་སྟོན། བཻ་དརྦྷའི་མཛེས་པ་གཏམ་ལ་སྦྱར་བ། ཐུབ་པའི་མཚན་དཔེའི་ཕུན་ཚོགས་སྐུའི་ཆ་ཤས། །གང་ཞབས་འཁོར་ལོས་མཚན་པས་རེག་བྱས་རྡུལ། །འཛིན་ལྡན་འཛམ་བུས་མཚན་པའི་དབྱིག་འཛིན་ཁྱོན། །བསྔགས་འོས་གླེང་ཞེས་བརྗོད་པ་དོན་དང་ལྡན། །བསྔགས་པ་ལ་སྦྱར་བ། ཐུབ་པའི་ལེགས་བཤད་ཟབ་ཡངས་ཚངས་པའི་གཏམ། །ཕུལ་བྱུང་སྐྱེ་དགུའི་ཡིད་འཕྲོག་ཐེག་གསུམ་ཆོས། །རྫོགས་པར་ལྟ་ཅི་ཆོས་ཕུང་ཆ་ཙམ་ཡང་། །འགྲོ་ཁམས་ཡིད་ཀྱི་གོ་ས་ཤོང་ནུས་མིན། ། གཽ་ཌ་བའི་མཛེས་པ་གཏམ་ལ་སྦྱར་བ། ཐུབ་ཚུལ་ལེགས་བཤད་གཏམ་གྱི་ཆ་རེས་ཀྱང་། །རྣམ་གྲོལ་ཡོན་ཏན་མཆོག་གི་འབྲས་སྟེར་དེས། །གང་ཞབས་སྤྱི་བོར་ནོད་པའི་སྐལ་བཟང་འགྲོ །དེང་ནས་རྒྱལ་བ་དངོས་ཞེས་གླེང་བར་རིགས། །བསྔགས་པ་ལ་སྦྱར་བ། ཚངས་སྤྱོད་བླ་གོས་གསར་བའི་དམར་འོད་ཀྱིས། །སྲིད་ཁམས་མུན་པའི་དངོས་པོ་མཐར་བྱེད་པའི། །ཡང་དག་སྣང་བ་གསལ་བའི་ཚུལ་ངེས་ན། །མཁའ་ལ་ཉི་གཞོན་ངལ་བ་མ་དགོས་གྲངས། །ཏིང་ངེ་འཛིན་གྱི་ཡོན་ཏན་སྤྱིར་བསྟན་པ། ཟུམ་པའི་པད་རྒྱར་འཐུམ་པའི་བྷྲ་མ་རས། །གཡོ་བའི་སྒྲ་བཅས་རྟ་བདུན་བོས་པའི་གླུ །སྐྱ་རེངས་པ་ལོའི་ལེགས་ཐོས་འོད་སྟོང་མིག །བསྒྲད་ནས་བདག་གཞན་སོར་འདབ་དཀྲོལ་ལ་བརྩོན། །ཆོས་གཅིག་བཀོད་པའི་ཏིང་ངེ་འཛིན་ནི། ཟླ་ཟེར་ཟགས་པའི་རྒྱུན་འཐུང་ཀུནྡའི་ཚལ། །རབ་དཀར་ག་བུར་ཟག་པའི་རླན་ཁམས་རྒྱུན། །འཐུང་ལས་ཡལ་འདབས་རུལ་བའི་ཆུ་ཐིག་ཕྲེང་། །ཟག་པ་ཉི་ཟེར་དང་བསྲེས་ལྷར་ཡང་འཐུང་། །ཆོས་དུ་མ་བཀོད་པས་ཏིང་ངེ་འཛིན་ནི། བརྩེ་དགའི་པད་མར་འོ་བྱེད་བྷྲ་མ་རས། །དལ་གྱི་སྙན་པའི་གླུ་ལེན་ཡན་ལག་གིས། ། ལེགས་འཁྱུད་མེ་ཏོག་ཁ་ཡི་བཅུད་འཐུང་ཞིང་། །མྱོས་པའི་རབ་དགའ་ཁོ་ན་སྙིང་ལ་སིམ། ། འདི་འཚམས་རང་བཞིན་བརྗོད་པས་དཔེ་རྒྱ ན་གཟུགས་ཅ ན་ཕལ་ཡོད་པ་མ་ཚང་བ་མ་དཔེའི་ཤོག་དྲིལ་བོར་བས་ཕྱིས་རྙེད་ན་འདིར་འཛུད་དགོས། གཟུགས་ཅན་གྱི་གཟུགས་ཅན། ལེགས་བྱས་ནོར་འཛིན་ཟླ་བའི་མ་མ་ལས། །ལེགས་འོང་མཚན་དཔེའི་ཉི་གཞོན་འདབ་བརྒྱ་བ། །ལེགས་བཤད་འོད་སྟོང་བདུད་རྩིའི་ཟིལ་སྤྲོ་བའི། །ལེགས་ལམ་ཕུན་ཚོགས་སྣང་བས་མྱོས་བགྱིད་ཉིད། །བསྙོན་དོར་གཟུགས་ཅན། རལ་ཚོགས་མ་ལགས་བསྐལ་བའི་མེ་ཆེན་དཔུང་། །ཁྱོད་སྤྱན་མ་ཡིན་འོད་སྟོང་ཉི་ཟླའི་བཀྲག ། གཏུམ་པའི་སྒྲ་མིན་གནམ་ས་གྲུམ་པའི་གདངས། །ཐོས་པས་བདུད་སྡེའི་སྙིང་ལ་ཟུག་རྔུ་བྱིན། ། གསུམ་པ་གསལ་བྱེད་ཀྱི་རྒྱན་ལ། དང་པོ་རིགས་བརྗོད་ཐོག་གསལ། རྒྱལ་རྣམས་མཚན་དཔེ་ཕུན་ཚོགས་འོད་སྣང་དཔལ། །སྲིད་པའི་གདུང་བ་མཐའ་དག་གཞིལ་སྤྱོད་ཅིང་། །རྩུབ་རྣོན་མེ་ལྕེས་བསྲེགས་ལྡན་དམྱལ་ཚོགས་ཀྱང་། །ཡུད་ཙམ་བསིལ་བའི་དགའ་བདེས་སིམ་པར་བྱེད། ། བྱ་བ་ཐོག་གསལ། དགའ་བར་བྱས་སོ་ཉིན་མོའི་ཕུན་ཚོགས་ཀྱིས། །གླིང་བཞིའི་འགྲོ་སྟེ་ཁྱོད་གསུངས་ལེགས་བཤད་གཏམ། །ཞི་བསིལ་རྙོགས་མེད་སྡེ་སྣོད་རིན་ཆེན་མཐུས། །ལྷར་བཅས་སྐལ་བཟང་ཐར་བ་འདོད་པ་རྣམས། །ཡོན་ཏན་ཐོག་གསལ། སིམ་པ་ཐོབ་པོ་ལྷ་ཡུལ་ལྷས་བདུད་རྩིས། །མཐོ་རིས་གྲོང་གི་མིག་མི་འཛུམ་པ་སྟེ། །དར་བབ་དགའ་སྟེར་མྱོས་མའི་རེག་འཇམ་གྱིས། །ལང་ཚོའི་དཔལ་རྫོགས་འདོད་ལྡན་གཞོན་པའི་ཡིད། །རྫས་ཐོག་གསལ། རིན་ཆེན་རྒྱན་མང་འཁྲོལ་བའི་དྲ་བ་དང་། །ཕྱེད་འཕྱང་སྣ་ཚོགས་མཛེས་པའི་ཕྲས་བཏབ་ཤིང་། ། གཡོ་བའི་སིལ་ཁྲོལ་གོམ་པའི་རྗེས་སྒྲོགས་པས། །ལྡེམ་བག་ལྷ་མོ་དལ་གྱིས་འོང་བར་ཤེས། ། རིགས་པར་གསལ། ཟླུམ་པོར་གཤོགས་ཟུངས་གཡོ་བའི་གར་རྩེན་ཞིང་། །མྱོས་པའི་གླུ་ལེན་རྐང་བ་དྲུག་པ་རྣམས། །སྐྱེད་ཚལ་མེ་ཏོག་གཡོ་བའི་ཕང་བ་ནས། །ཟིལ་དངར་གེ་སར་དྭངས་བཅུད་འཐུང་བར་བྱེད། །བྱ་བ་བར་གསལ། ལེགས་བཤད་དམ་པའི་ཆོས་ཀྱང་ལོག་ལམ་དང་། ། མཚུངས་མེད་རྒྱལ་བའི་སྐུ་ཡང་དགྲར་བལྟ་བ། །ཞི་བསིལ་བསྟན་པ་དྲི་མེད་དུག་གི་མཚོར། ། གཞན་འཕྲུལ་ལྷ་ཡི་བདག་པོའི་ཡིད་ལའོ། །ཡོན་ཏན་བར་གསལ། སྟོན་མཚན་མཁའ་ལ་རྒྱུ་བའི་རི་བོང་ཅན། །མི་བཟད་དུས་མེའི་རུབ་ཀྱིས་མ་བཏབ་པ། །དཀར་མཛེས་ཉིད་དེ་ལང་ཚོའི་ཆ་རྫོགས་པའི། །དར་བབ་དགའ་མའི་བཞིན་གྱིས་ཆ་ཤས་ཡང་། །རྫས་བར་གསལ། བདེ་གཤེགས་ཐུགས་རྗེས་ཡོངས་སྤྲུལ་བཟོ་སྦྱངས་ཀྱི། །སྐུ་གསུང་ཐུགས་ཀྱི་རྟེན་མཆོག་རྒྱུར་ཆེ་བ། །བུམ་བརྒྱ་སྐྱེས་པའི་རང་བཞིན་ལས་གྲུབ་པའི། །སྣ་ཚོགས་རྒྱན་འཕྲུལ་དགའ་མ་ཉིད་ལའང་འོས། ། རིགས་མཐའ་གསལ། རྟོག་མེད་ལེགས་བཤད་སྒྲ་སྒྲོགས་དུནྡུ་བྷི། །རྩུབ་འགྱུར་སྲ་བའི་གོ་སྟེར་ལྷའི་སྐྱེད་ཚལ། །རྫིང་བདུན་སྤྲུལ་བའི་ལུས་བཟང་རབ་བརྟན་གླང་། །འདི་དག་སུམ་རྩེན་ལྷ་རྣམས་ཀུན་གྱི་དཔུང་། །བྱ་བ་མཐའ་གསལ། ཤར་རིའི་རྩེ་ནས་སྟོན་ཟླ་གསལ་བའི་འཛུམ། །ཡིད་འོང་མལ་ན་དགའ་མ་མྱོས་པའི་ལུས། །བདག་ཡིད་རབ་དགའ་འདོད་པའི་འགྱུར་བག་བརྒྱ། ། སྲོད་མུན་མཚན་མོའི་ཐུན་ལ་མཉམ་དུ་མཐོང་། །ཡོན་ཏན་མཐའ་གསལ། ཆུ་སྐྱེས་ལང་ཚོ་དངར་བའི་སྐྱེད་ཚལ་གཞི། །འཛུམ་རླངས་འོད་དཀར་འཕེན་པས་རི་བོང་འཛིན། །སྙིང་སྡུག་མིག་ཟུར་གཡོ་བའི་སྨིན་ཁྱུག་གིས། །བཞིན་དཔལ་ལང་ཚོའི་དཀྱིལ་འཁོར་མཛེས་པར་བྱས། ། རྫས་མཐའ་གསལ། འབྲལ་དཀའ་སྙིང་ལ་གནས་པའི་ཡིད་གཅུགས་ཤིང་། །འཁྱུད་པའི་རེག་འཇམ་བདེ་སྟེར་ལྷ་ཡི་ལུས། །འཛུམ་བག་དལ་གྱིས་བལྟ་བའི་རྣམ་འགྱུར་དང་། །བརྩེ་བའི་གསང་གཏམ་གླུར་ལེན་བདག་གི་གྲོགས། །ཕྲེང་བའི་གསལ་བྱེད། ལང་ཚོའི་དཔལ་གྱིས་དགའ་མའི་མྱོས་པ་དང་། །དེས་ནི་བདག་ཡིད་གདུང་བའི་རྣམ་འགྱུར་གྱིས། །འཕེལ་བྱས་འཁྱུད་པའི་སིམ་པ་གཞལ་དཀའ་བའི། །མིག་ཟླུམ་དགའ་བའི་རང་བཞིན་རྣམ་པར་གསལ། །འགལ་བའི་གསལ་བྱེད། མྱོས་ལྡན་དགའ་མའི་རེག་པའི་ཆ་ཤས་ཀྱི། །གཡོ་བའི་ངང་ཚུལ་གསལ་བའི་བརྡ་ཐབས་དེས། །སྙིང་ལ་སིམ་པའི་ཁེངས་པ་ཆེར་སྐྱེད་ཅིང་། །ཁྲོ་གཏུམ་བག་མེད་དག་གིས་ཉམས་པར་བྱས། །དོན་གཅིག །ཆུ་འཛིན་གཡོ་བའི་ཕྲེང་ཚོགས་ཀྱིས། །དལ་བུས་མཁའ་ལ་རྒྱུད་བྱེད་ཅིང་། །བསིལ་བའི་ཆུ་ཐིག་ཚོགས་འཐོན་ལ། །ཞིང་བའི་ཡིད་ནི་ཀུན་དགའ་བགྱིད། །སྦྱར་བའི་གསལ་བྱེད། གཉིས་སྐྱེས་སྙན་པའི་ཚུལ་སྨྲ་བ། །དམར་སེར་ཉིད་དུ་མཛེས་པ་ཅན། །ངུར་བའི་ཚོགས་དག་མཚོར་སྤྱོད་ཅིང་། །འཕགས་ཚོགས་ཡང་དག་དམ་ཆོས་ལ། །དོན་བསྐོར་བ། ཉིན་མོའི་སྣང་བས་གླིང་གཞི་རྣམ་གསལ་ཞིང་། །རི་བོང་འཛིན་པས་མཚན་མོའི་མུན་སེལ་ལ། །སྒྲོན་མེའི་འོད་ཀྱིས་ཁྱིམ་གནས་གཟུགས་སྟོན་ཏེ། །མེ་ཁྱེར་སྲིན་བུས་རང་ལུས་སྣང་བར་བྱས། །ཚིག་བསྐོར་བ། འཛུམ་པའི་སྨིན་མ་གཡོ་ལྡན་པའི། །ན་ཆུང་བཞིན་གྱི་འདྲེན་བྱེད་ཉིད། །དགའ་བས་རྣམ་འགྱུར་གྱིས་བལྟ་བས། །འདོད་པས་ཕྱོགས་དེར་འདྲེན་བྱེད་ཉིད། །གཉིས་ཀ་བསྐོར་བ། ལེགས་བྱས་ཕུན་ཚོགས་སྐལ་བཟང་ལ་སྤྱོད་པའི། །ཐར་འདོད་སྐྱེ་བོ་ཡང་དག་ཆོས་ལ་གནས། །ཚུལ་བཟང་ཡབ་མེས་གོང་མའི་སྲོལ་སྐྱོང་བའི། །མི་དབང་རྗེ་ཁྱོད་སྲིད་ཀྱི་ཆོས་ལ་གནས། །འགོག་པ་ལས་བྱུང་བ་འགོག་པ། སྐེད་མེད་ལུས་ཕྲ་ལྡེམ་པའི་འཛུམ་གཅིག་གིས། །འདོད་ལྡན་ཡིད་ཀྱི་དལ་བ་བསྲེགས་ཞེས་བརྫུན། །འོན་ཀྱང་ལུས་མེད་བདག་གང་གཡོ་ཆེས་པའི། །རྣམ་འཕྲུལ་དེ་གང་བསམ་པར་དཀའ་བ་ཉིད། །ད་ལྟ་འགོག་པ། གཡོན་མིག་ལྡེམ་པའི་སོར་མོའི་ལྕུགས་ཕྲན་ལ། །མཛེས་ལྡན་སྣ་ཚོགས་རིན་ཆེན་ཕྲས་བཏབ་པའི། །འཁྲོལ་བའི་སོར་གདུབ་རི་མོ་དེས་ཅི་བགྱི། །འཆིང་བའི་བརྡའ་ཐབས་ཁོ་ནས་བདག་ཡིད་ཕྲོགས། །འབྱུང་འགྱུར་འགོག་པ། གང་ཞིག་འཁོར་བ་མེ་ཡི་འོབ་འདྲ་ལས། ། ཡིད་བྱུང་ཐར་བ་གཉེར་བའི་སྐལ་བཟང་རྣམས། །འདྲེན་མཆོག་མཚུངས་མེད་མིག་བཞིན་མ་བསྟེན་ན། །ཕྱིས་ནི་དམ་འགལ་གསོ་བའི་སྐབས་མི་དབྱེ། །ཆོས་འགོག་པ། རྣམ་འདྲེན་ཁྱོད་གསུངས་ལེགས་བཤད་དམ་པའི་ངག །ཞི་བསིལ་རྣ་བར་འཇེབས་ཞེས་སྨྲ་བ་བརྫུན། ། གཞན་དུ་ལས་ཉོན་ཁུར་ལྕིའི་ཉན་པ་པོ། །མཁུར་ཚོས་ཅི་ཕྱིར་མཆི་མས་དག་པར་བྱས། །ཆོས་ཅན་འགོག་པ། སྐལ་བཟང་དམ་པའི་འཁོར་ཚོགས་མང་དབུས་སུ། །ཁྱེད་སྐུ་བརྗིད་པར་བཞུགས་སམ་མ་ཡིན་ཞེས། །དཔགས་ནུས་མིན་ཏེ་འདི་ན་འོད་སྟོང་གི །རང་བཞིན་གཡོ་བ་ཙམ་ལས་གཞན་མ་མཐོང་། །རྒྱུ་འགོག་པ། ཉེས་ཅན་རྣམ་འདྲེན་གང་གི་བཀས་བཀྱོན་ཞིང་། ། རྫས་ངན་ཡོལ་གོ་ཕྲོག་སྟེ་བཅོམ་འགྱེད་ཀྱང་། །དྲི་འཛིན་ཡུལ་ན་ཞེན་པར་མ་བགྱིས་པས། ། བདག་གི་སེམས་ནི་ཅི་ཕྱིར་འཇིགས་ཤིང་དངངས། །འབྲས་བུས་འགོག་པ། དུས་སྙིགས་ཉེས་སྤྱོད་བདུད་སྡེའི་བསྟན་པ་དར། །གམ་ན་སྲིན་བུའི་གཡོ་འགུལ་སྡང་བར་སླ། །རྒྱ་དུད་ཙི་ནའི་ཚོང་དུས་འབོལ་ཆེ་ཡང་། །ངེས་པར་བླ་མའི་བཀའ་ལས་འདའ་མ་ནུས། །རྗེས་གནང་འགོག་པ། ཁྱོད་ཞེན་རྫས་དེ་འཆང་ན་ཅི་དགར་མཛོད། །ཕྱིས་ནི་དམ་པའི་ཐུགས་འགལ་མང་བསྐྱེད་པས། ། རང་རྟགས་སྣང་བར་གྱུར་ན་ཡིད་གཅུགས་བདག །ཡིད་ཆད་ལྔ་བའི་ལམ་དེར་འགྲོ་བར་འགྱུར། །དབང་གིས་འགོག་པ། རྣམ་འདྲེན་མཆོག་དེས་བཀས་ཀྱང་བཀྱོན་མིན་ལ། །ཉེས་པའི་རྣམ་གྲངས་མང་ཡང་མི་བསྐྱེད་མེད། །འོན་ཀྱང་ཁྱོད་ཞེན་གདུང་བས་མི་གཏོང་བའི། །རྫས་དེ་རྣམ་པ་ཀུན་ཏུ་འཆང་མི་བྱ། །མ་གུས་འགོག་པ། བདག་སེམས་རྩུབ་པའི་དྲི་རྣོན་དེར་མི་དགའ། ། འདྲེན་མཆོག་བཀའ་བཞིན་བསྒྲུབ་ལ་ཡིད་མགུ་མོད། །གྲོགས་དག་རང་གི་བཞེད་པ་ཇི་ལྟ་བུ། ། བགྱིད་ཀྱང་གནས་ཚུལ་ཙམ་ཞིག་ཞུས་པ་ལགས། །ཤིས་བརྗོད་ཀྱིས་འགོག་པ། གྲོགས་དག་འཕྲལ་དགའི་རྫས་དེར་ཡིད་མཉེས་ན། །ཡང་ཡང་ལེགས་དགའི་འབྱོར་བ་རྒྱས་པར་སྨོན། །ཁོ་བོ་ཕྱོགས་དེའི་དྲི་བཞོན་རྫི་ཡིས་ཀྱང་། །རེག་མིན་ཡུལ་ནས་ཕྱི་ཕྱག་བགྱིད་གྱུར་ཅིག །རྩུབ་མོས་འགོག་པ། ངས་བསླབ་དམ་པའི་ངག་བཞིན་བགྱིད་མིན་པ། །ལོག་ལ་མཐར་བར་སྟོན་ནུས་གཞན་ཞིག་ཚོལ། །ཁོ་བོས་རྣམ་འདྲེན་རྗེ་ལས་གང་ཐོས་པའི། །ལེགས་བཤད་དེ་ལས་གཞན་ཞིག་ཤེས་མི་འགྱུར། །གྲོགས་ཀྱིས་འགོག་པ། ཁྱོད་ཅིག་འཕྲད་དགའི་གྲོགས་ལ་བརྟེན་བཞེད་ན། །ད་ལྟ་གསར་བའི་སྐབས་འདིར་ཅི་དགེས་མཛོད། །ཕྱི་ནས་སྙིགས་མའི་སྐྱེ་བོའི་རང་རྟགས་ཀྱིས། །ཁོང་ཁྲོས་རྣམ་འགྱུར་བསླང་ཚེ་ཉེས་མི་འགྱུར། །འབད་པས་འགོག་པ། བསླབ་གསུམ་སྤངས་བླང་བྱེད་ལོས་ཚུལ་འཆོས་ཀྱིས། །དགའ་མའི་འཛུམ་དཀར་འཕེན་ལ་ཁྲོ་སྙམ་ཡང་། །སྙིང་ནས་དགའ་བདེའི་རོ་ལ་ཞེན་ཆེས་པའི། །འདོད་ཞེན་འཛུམ་བག་ཕྱུང་ལ་ཅི་བྱར་ཡོད། །གཞན་དབང་གིས་འགོག་པ། ཡང་དག་ཁྲིམས་ལ་སྤངས་བླང་གྱིས་གསུང་ན། །བདག་སེམས་སྣང་བའི་ཡུལ་ལ་ཞེན་བདོ་བས། །རྨི་ལམ་ཡུལ་ནའང་དགའ་མའི་ཕྱོགས་བསྒྲོད་པའི། ། གནས་དེར་ཚངས་པར་སྤྱོད་ཅེས་གསུངས་པར་རིག །ཐབས་ཀྱིས་འགོག་པ། ཚུལ་གནས་བསླབ་པའི་ཡང་དག་ཚངས་སྤྱོད་ཁྲིམས། །འཆའ་བར་བཞེད་ན་གང་གིས་བཏུང་ཙམ་གྱིས། །རྣམ་གཡེང་ཉོན་མོངས་འཇོམས་ནུས་བདུད་རྩིའི་ཆབ། །སྩོལ་ཤིག་གསུངས་བཞིན་སྤྱི་བོས་བླང་བར་གྱིས། །ཁྲོ་བས་འགོག་པ། དགའ་མའི་དགའ་སྟོན་གསར་བ་དེ་སྤོང་ཞེས། །བརྩེ་མེད་གསུང་གི་ངང་ཚུལ་དེས་བཀྱོན་ནས། །ད་ནི་འདོད་ཡོན་ལམ་ཁྱེར་གདམ་པའི་གནད། །བསྟན་ཀྱང་ཡིད་ཆད་བདག་ལ་དེས་ཀོ་ཅི། །མྱ་ངན་གྱིས་འགོག་པ། འཕྲལ་སྣང་དགའ་བའི་ལོངས་སྤྱོད་མ་བྱས་ཤིང་། །གཏམ་ཕུག་ལེགས་པའི་ཆོས་ལ་ཕུལ་མིན་པར། །ཉམ་དམན་འཇུར་འགེག་སེར་སྣས་བསྡམ་པའི་ནོར། །སྐད་ཅིག་ཙམ་དུ་དགྲ་སྡེས་བཅོམ་ལ་ལྟོས། །འགྱོད་པས་འགོག་པ། མི་ཆོས་བརྩེ་དགའི་དགའ་སྟོན་མ་མྱོང་ཞིང་། །ལྷ་ཆོས་དམ་པའི་དཀའ་བ་སྤྱད་མིན་ལ། །འདི་སྣང་མཛེས་པའི་ལོངས་སྤྱོད་བསགས་མིན་པར། །ད་ནི་ལང་ཚོ་མཐའ་དག་སོང་བར་གྱུར། ། འདི་ཡང་མྱ་ངན། ཕབ་པའི་དགའ་སྟོན་ཉམས་སུ་མ་མྱོང་ཞིང་། །བསྐྲུན་པའི་རིགས་རྒྱུད་ཆེད་དུ་མ་བཞག་ལ། །བསྐྱེད་པའི་བཀྲག་མདངས་ལུས་ཀྱི་ལང་ཚོའི་བཅུད། །ཉེས་གསུམ་འདུ་བའི་ནད་ཀྱིས་ཕྲོག་པར་གྱུར། །ཐེ་ཚོམ་འགོག་པ། སྐྱེད་ཚལ་པད་མའི་ཕུང་པོ་གཡོ་བའམ། །མཛེས་སྡུག་དགའ་མའི་རྣམ་འགྱུར་ངོམས་སམ་ཅི། །སྣ་ཚོགས་ནོར་བུའི་སིལ་ཁྲོལ་སྒྲོགས་པ་འདི། ། འདམ་སྐྱེས་གསར་བའི་ལང་ཚོ་དེ་མ་ཡིན། །སྦྱར་བའི་འགོག་པ། རྡུལ་མེད་སྐྱོན་གྱིས་མ་གོས་དག་པའི་ཞལ། །འདབས་བཀྲོལ་ཡོན་ཏན་མང་འཛིན་རྒྱས་པ་ཅན། །རེག་འཇོམ་འདབ་མའི་རྣ་ཆ་དེས་ཅི་བྱ། །དོན་གཞན་འགོག་པ། ཚེ་གང་གཡོ་སྒྱུས་གཞན་ནོར་བླང་ནའང་། །ཚིམ་གྱུར་འབྱོར་བའི་གོ་སྐབས་མེད་དེ་མཚར། །ཡང་དག་གཉུག་མའི་པད་མོ་དེ་རྙེད་ན། །འོན་ཀྱང་གསོག་མཁས་བྱི་བའི་བང་མཛོད་ཀྱང་། །མ་སྤྱད་མུ་གེའི་གདུང་བས་ཤི་ལ་ལྟོས། །རྒྱུས་འགོག་པ། འབྱོར་ལྡན་ཁྱོད་ཅིག་ལོངས་སྤྱོད་རྒྱ་ཆེ་ཞེས། །སུས་ཀྱང་སློང་བའི་བློ་ལྟ་སྐྱེ་མིན་ཏེ། །སྔོན་ནས་གོམས་པའི་གཏོང་སེམས་ཉག་ཕྲ་བས། །སྦྱིན་པ་པོ་ཞེས་སུས་ཀྱང་ཤེས་མི་འགྱུར། །དོན་གཞན་ལ་དང་པོ་ཀུན་ཁྱབ་དོན་གཞན། སོ་སོ་ཡང་དག་རིག་པའི་རྣམ་དཔྱོད་ངོར། །ཆ་མེད་ཕྱི་ནང་དུས་རྡུལ་ཕྲ་མོའི་ཡང་། །རྟག་དངོས་ཚད་མའི་རང་ཚོ་མི་ཟིན་ན། །བདག་མེད་དམ་པའི་ལམ་འདིར་སུ་ཡིས་བསྙོན། །ཁྱད་པར་དོན་གཞན། ཉི་གཞོན་ལང་ཚོ་དར་བའི་འོད་སྟོང་གཟིས། །སྲིད་གསུམ་ཡིད་ལ་དགའ་བ་སྦྱིན་པ་སྟེ། །འགྲོ་ལ་སྙོམས་པའི་ཕན་བདེ་སྦྱིན་པ་ཀུན། །སུས་ཀྱང་ཡི་གར་འོང་བ་ཆོས་ཉིད་ཡིན། །སྦྱར་པའི་དོན་གཞན། ལེགས་བྱས་ཕུན་ཚོགས་སྟོང་གི་རང་བཞིན་ཅན། །རྒྱལ་རྣམས་འགྲོ་བའི་གཉེན་དུ་གྱུར་བ་སྟེ། །ཉི་མའི་རིགས་སྐྱེས་འོད་སྟོང་སྣང་བ་ཅན། །སྲིད་གསུམ་ཡིད་ཀྱི་གདུང་སེལ་ཁོ་ནར་བརྩོན། །མི་འོས་པའི་དོན་གཞན། བློ་འདས་མཆོག་གསང་ཐེག་པའི་གནད་ཤེས་ན། །ཟག་བཅས་ལམ་གྱི་དགེ་བའང་འཆིང་བའི་རྒྱུར། །རྟོགས་ནས་བྱ་རྩོལ་ཞེན་པས་མི་འཆིང་སྟེ། །ཐེག་རྩེ་ཨ་ཏིའི་ཁྱད་ཆོས་བསམ་མི་ཁྱབ། །འགལ་བའི་དོན་གཞན། གཅེར་བུའི་ཚུལ་ཡང་བལྟ་བས་མི་ངོམ་པའི། །གཟི་བརྗིད་དཔལ་ལྡན་བཞད་པའི་རྡོ་རྗེ་སྟེ། །རྟོག་པར་ལྡན་མིན་སྲིད་ཁམས་མུན་སེལ་བ། །རྟ་བདུན་བདག་པོའི་དལ་གྱི་ཁྱད་ཆོས་ཡིན། །མི་འོས་པའི་དོན་གཞན། འགྲོ་ཀུན་སྣང་བྱེད་མིག་ཏུ་གྱུར་པ་སྟེ། །རྣམ་གསལ་འོད་སྟོང་སྤྲོ་བའི་ཉི་གཞོན་གཞི། །གཏིབ་པའི་མུན་པ་སྟུག་པོར་སྣང་གྱུར་པ། །འབྱུང་པོའི་བྱ་ཚོགས་ལས་སྣང་བརྣག་པར་དཀའ། །འོས་པའི་དོན་གཞན་བཀོད་པ་ནི། ཨུཏྤལ་གེ་སར་གསར་དུ་དགོད་པ་ཡང་། །ཡིད་ལ་དགའ་བའི་ཕུན་ཚོགས་སྦྱིན་པ་སྟེ། །འཛུམ་པའི་ཚུལ་ལས་བསུང་ཞིམ་ངད་གཡོ་བ། །དགའ་མའི་ཞལ་དང་མཚུངས་པར་རིགས་པ་ཉིད། །འོས་ཤིང་མི་འོས་པ། ཁྲོ་བའི་བརླང་ཚིག་སྒྲ་ལ་གཤུངས་རིགས་ཀྱི། །ཕན་པའི་ཁ་ཏ་སྨྲ་ལ་ཅིའི་ཕྱིར་ཁྲོ། །གཡུལ་ངོར་མཚོན་ཆས་བརྡེག་ལ་ལེན་འདེབས་ཀྱི། །འཚོ་བྱེད་གཙག་བུས་འདེབས་ལ་རྒོལ་རིགས་སམ། །མི་འོས་ཤིང་འོས་པ་ནི། ཚིག་ཙམ་གྱིས་ཀྱང་ཕས་རྒོལ་དཔུང་འཇོམས་ན། །ཡན་ལག་བཞི་བའི་གཡུལ་གྱིས་ལྟ་ཅི་ཞིག །ཉི་མ་གཅིག་གིས་རྩྭ་ཤིང་ཀུན་བསྲེགས་ན། །དེ་ཉིད་བདུན་དུ་གྱུར་ན་ཅིས་མི་བསྲེགས། །ལྡོག་པ་ཅན་ལ། དང་པོ་གཅིག་གི་ལྡོག་པ་ཅན། འཁོར་ཡུག་འོད་སྟོང་སྣང་བས་ཁྱབ་བགྱིད་ཅིང་། །སྙོམས་པས་སེམས་ཅན་ཀུན་གྱི་མགོན་གྱུར་ལ། །གླིང་བཞིའི་མུན་སེལ་ནམ་མཁའི་ནོར་བུ་དང་། །འོད་མཚུངས་འོན་ཀྱང་རྒྱལ་རྣམས་མཚན་དཔེར་བཅས། །གཉིས་ལྡོག་པ། ཞི་དུལ་ངང་རྒྱུད་དེས་པའི་ཨི་ཤྭ་ར། །པད་དཀར་འདབ་བཞིན་འཇམ་ཞིང་མཉེན་ན་ཡང་། །དེ་ནི་འདམ་ལས་སྐྱེས་ཤིང་སྨད་པ་སྟེ། །འདི་ནི་མི་ལུས་རིན་ཆེན་རྙེད་པ་ལགས། །སྦྱར་པའི་ལྡོག་པ་ཅན། རིག་སྔགས་སྟོབས་ཀྱིས་འཕགས་དང་འཁོར་ལོས་སྒྱུར། །ཁྱད་ཆོས་ཡན་ལག་བཞི་རྫོགས་འགལ་ཟླའི་དཔུང་། །འཇོམ་མཛད་ཡོན་ཏན་ནོར་བདུན་ལྡན་པ་སྟེ། །ཆོས་དང་སྲིད་ཀྱི་འཁོར་ལོའི་སོ་སོར་དབང་། །འགོག་པའི་ལྡོག་པ་ཅན། སྟོབས་བཅུའི་འཇུག་པ་རྒྱ་ཆེ་ལྷ་མིན་དཔུང་། །ཉམས་མཛད་ཐུབ་པ་མཆོག་ལ་འགྲན་ནུས་མཐུ། །གཡོ་སྒྱུས་ཕ་རོལ་གནོན་པའི་ཐབས་སེམས་པའི། །ཚུལ་ངན་གོས་སེར་ཅན་ལ་ཡོད་མ་ཡིན། །གཏན་ཚིག་ལྡོག་པ་ཅན། དཀར་མཛེས་རི་དྭགས་ཆ་འཛིན་གཞོན་གྱུར་ཡང་། །འཕེལ་འགྲིབ་དུས་མེས་སྐྱོན་ལས་མ་གྲོལ་ཕྱིར། །རྒྱ་མཚོའི་མར་གསལ་མཁའ་ནས་ངོམས་པ་ཡང་། །དགའ་མའི་བཞིན་ལས་ལྷག་པར་དམན་པ་ཉིད། །ཡང་འགོག་པའི་ལྡོག་པ། དྲི་མེད་དག་པའི་རང་བཞིན་རྒྱ་ཆེ་ཞིང་། །དངོས་མཚན་སྣང་བའི་ཡུལ་མིན་ཀུན་གསལ་ལམ། །ཆགས་མེད་མཁྱེན་ཆའི་ཡོན་ཏན་རྩལ་དམན་པ། ། ཐུབ་པའི་དགོངས་ཀློང་ཡངས་བར་འགྲན་ནུས་མིན། །དོན་གྱི་དབྱེ་བའི་ལྡོག་པ་ཅན། ཐུབ་དབང་རྒྱལ་བའི་སྐུ་དང་གསེར་གྱི་རི། །ཕན་ཚུན་ཐ་དད་ཙམ་དུ་འབྱེད་པའི་ཆོས། །རྣམ་འདྲེན་མཆོག་གང་གདུལ་བྱའི་ཡུལ་ལ་སྟེ། །གསེར་རིའི་འཕྲེང་མཛེས་བ་ཚའི་མཚོ་འགྲམ་བསྟེན། ། དཔེ་ཅན་ལྷག་པ། བུམ་བརྒྱ་སྐྱེས་དེར་མཚན་དཔེའི་ཡོན་ཏན་དང་། །འཁོར་ཡུག་ཁྱབ་པའི་འོད་སྣང་ཡོད་མིན་ཏེ། །ཐུབ་དབང་ཐུགས་རྗེས་རང་བཞིན་སྐུའི་བཀོད་པ། །རྟག་པར་ཡོན་ཏན་ཚོགས་འདིས་སྤྲས་པ་ལགས། །མཚུངས་ཆོས་འབྱེད་བྱེད་གཉིས་ཀ་ཅན། བྱང་ཕྱོགས་ལྷུན་པོའི་ངོས་དང་ཐུབ་དབང་སྐུ། །གསེར་མདོག་བལྟ་ན་སྡུག་ཅིང་མཛེས་པ་སྟེ། །ཁྱོད་སྐུ་དམར་སེར་ཆོས་གོས་རྣམ་གསུམ་དང་། །རི་དབང་མཚམས་སྤྲིན་གསར་བས་མངོན་པར་སྤྲས། །འབྱེད་བྱེད་ཅན། ཐུབ་སྐུ་ཡོན་ཏན་རྒྱ་མཚོས་བརྗིད་པ་སྟེ། །རི་དབང་རིན་ཆེན་སྣ་ལྔའི་དཔལ་མཐོ་བའི། །རྒྱལ་རྣམས་གྲངས་མེད་སྤྲུལ་བའི་རྟེན་གྱུར་དེ། །ལྷུན་པོ་ལྷ་གནས་བྱེ་བའི་རྨིང་དུ་གནས། །རིགས་མཐུན་འབྱེད་པའི་ལྡོག་པ་ཅན། སྐྱེད་ཚལ་རོལ་བའི་རྫིང་བུ་མ་སྐྱེས་ཤིང་། །ཉི་གཞོན་འོད་སྣང་དང་པོས་བྱེ་མིན་པའི། །རེག་འཇམ་མཆུ་སྒྲོས་པད་མའི་གེ་ས་ར། །འཐུངས་ཤིང་འཐུངས་ཤིང་བདུད་རྩིའི་ཟིལ་དངར་སྤྲོ། །སྲིད་པ་ཅན་ཕྱི་དུས་ལ་སྦྱར་བ། མ་བྲིས་མེ་ཏོག་ཚོན་བརྒྱའི་མདངས་འབར་དབུས། །མ་བསྐུལ་གླུ་སྙན་དབྱངས་སྒྲོགས་བྷྲ་མ་ར། །མ་བོས་གེ་སར་རྩི་ལ་འདུ་བའི་ཚུལ། །བྱ་མིན་སྐྱེད་ཚལ་མཛེས་པའི་དགའ་བ་ལགས། །ནང་ལང་ཚོ་ལ་སྦྱར་བ། མ་བསྐུས་པ་སངས་དཀར་བའི་མདངས་འཛིན་བཞིན། །མ་བྲིས་ལི་ཁྲིས་མཁུར་ཚོས་བཀྲགས་པ་ཅན། ། མ་མཐོང་སྙིང་ལ་སིམ་པའི་དགའ་སྟེར་བ། །མ་འདྲིས་ཡིད་ཀྱི་དབུས་ན་གནས་འདི་ཅི། །ངོ་བོ་ཙམ་སྟོན་པ། མ་སྡུས་ཁྲོ་གཉེར་རི་མོ་མི་གཡོ་བའི། །མ་བསྐུས་མིག་སྨན་ཐལ་བའི་མདང་འཛིན་པ། །མ་བརྡར་བརླགས་ཚིག་རང་གཤིས་རྣོ་བ་ཅན། །མ་བཅོས་མ་རབས་སྐྱེ་བོའི་རང་གཤིས་ལགས། །བསྡུས་བརྗོད་ལས་དང་པོ། སྤྱིའི་བསྡུས་བརྗོད། དུད་པའི་འབྲས་བཟང་རོ་བདའི་བཟའ་ཤིང་ཚལ། །སྤྱོད་པའི་ངོ་མཚར་འབྱོར་བས་ཚིམ་མིན་པར། །ཟོས་ཟིན་ཡལ་གས་སྤངས་བའི་སྡོང་དུམ་ལ། །དངར་བའི་འབྲས་བཅུད་འཚོལ་འདི་བཞད་གད་གནས། །ཁྱད་གཞི་ཐ་དད་ཁྱད་ཆོས་གཅིག་པའི་བསྡུས་བརྗོད། དར་བབ་འཁྲིལ་ལྡེམ་ཆགས་པས་མཛེས་པའི་དཔལ། ། ཡིད་འོང་བསུང་ཞིམ་དངར་བའི་ཁྱད་ཆོས་ཅན། །མཐོང་ན་རབ་དགར་སྙིང་ལ་སིམ་སྟེར་བ། ། སྐྱེད་ཚལ་ཨུ་དཔལ་རྫིང་རིང་བདག་གིས་རྙེད། །ཁྱད་ཆོས་ཐ་དད་ཐ་དད་མིན་པ། རེག་འཇམ་འདབ་མའི་སྦུབས་གྲོལ་གེ་སར་ཕྲེང་། །དངར་བཅུད་བདུད་རྩིའི་ཟེག་མ་སྤྲོ་བ་ཡི། །ཡིད་འོང་མཛེས་པའི་ཆ་རྫོགས་ཨུཏྤལ་ཚལ། །གཞོན་པའི་ཡིད་དབང་དགའ་བའི་དགའ་སྟོན་བྱས། ། སྔོན་མེད་བསྡུས་བརྗོད། རྩུབ་པའི་རྡོ་གསེག་ཚེར་མས་བཟུང་མིན་ལ། །དར་རྒུད་དུས་བཞིའི་འགྱུར་བ་མི་ངོམས་ཤིང་། །ཉིན་མཚན་རབ་དགའི་འོད་སྣང་མི་འབྲལ་བའི། །མི་ཡུལ་མེ་ཏོག་སྐྱེད་ཚལ་ཁོ་བོས་རྙེད། །ཕུལ་བྱུང་ལས་ཁྱད་འཕགས་ཕུལ་བྱུང་། རབ་དཀར་མཛེས་པའི་བཞིན་བཀྲག་མཁུར་ཚོས་ཟུང་། །དམར་བའི་འོད་མཛེས་རེག་འཇམ་བལྟ་ན་སྡུག །བསུང་ཞིམ་རྐང་དྲུག་རོལ་བའི་སྐེད་མེད་ལུས། །སྐྱེད་ཚལ་མེ་ཏོག་ཚོགས་དབུས་མཚོན་མ་ཡིན། །ཐེ་ཚོམ་ཕུལ་བྱུང་། རབ་དཀར་གསར་བའི་འཛུམ་འཛིན་ལང་ཚོའི་དཔལ། །རེག་འཇམ་དར་དཀར་གོས་ཀྱིས་བཀླུབ་པའམ། །མཛེས་པའི་ཤ་བཀྲག་གསར་བའི་ཚུལ་ཡིན་ནམ། །རྣམ་པ་ཅི་ཞེས་བདག་ཡིད་འཕྱང་མོ་ཉུག །ངེས་པའི་ཕུལ་བྱུང་། འཇམ་མཉེན་དར་དཀར་གོས་ཀྱིས་ལྷབ་ལྷུབ་ཀྱིས། ། བཀླུབ་མིན་སྒྲེན་མོར་སྤྱོད་པའི་འོས་མིན་ཕྱིར། །དགའ་སྟེར་ལང་ཚོའི་ཆ་ཤས་དེ་ཁོ་ན། །སྒྲིབ་བྱེད་ཟ་འོག་གསལ་བར་ངེས་པ་རྙེད། །ཡང་ཐེ་ཚོམ་ཕུལ་བྱུང་། འཁྱུད་པའི་རེག་བདེའི་སིམ་གྱུར་ན། །འཁྲིལ་ལྡེམ་ཆགས་པའི་ལང་ཚོ་ནི། །ཕན་ཚུན་གཅིག་ཏུ་འདྲེས་སམ་ཅི། །བདག་ཡིད་ཐེ་ཚོམ་ཁོ་ནར་གནས། །ངེས་པའི་ཕུལ་བྱུང་། གཡོ་བའི་མཆུ་སྒྲོས་འདར་ལྡན་པའི། །ཕན་ཚུན་ཙུམ་པ་ནས་ཐ་དད། །ལན་སྟེར་དེ་མཐོང་ད་དུང་ཡང་། །གཅིག་ཏུ་གྱུར་མིན་ངེས་པ་རྙེད། །གྲགས་པ་ཕུལ་བྱུང་། འཁྲིལ་བག་ལུས་ཀྱི་ཆས་རེག་པས། །དངོས་མེད་ཡིད་ལའང་དགའ་སྟེར་བ། ། དགའ་མ་མྱོས་པའི་བདེ་ཆེན་ཁུར། །འདེགས་བཟོད་འདར་མིན་གསེར་ལྡན་མཚར། །རབ་རྟོག་ལས་སེམས་ལྡན། མྱོས་པའི་ཟུར་མིག་གྱིས་བལྟ་བའི། །མཛའ་གྱུར་མཐོང་བ་སྒྲིབ་བྱེད་པ། ། མཐོན་མཐིང་འཕྱང་བ་ལ་ཁྲོ་ནས། །ལན་བུར་སླས་ཏེ་མདུད་པ་བཞིན། །སེམས་མེད། མཛེས་ལྡན་ལུས་ཀྱིས་ཆས་རེག་ཞེས། །དེ་ལ་དགའ་བ་ཙམ་ཁོ་ནས། །ཟླ་གཞོན་ཁྲུས་རྫིང་ལ་རྩེན་པ། །ཀུ་མུད་དགོད་པས་འཕྱ་བ་བཞིན། །ཟླ་ཞུན་དྭངས་མས་བྱུག་བཞིན་དཀར་བའི་ལུས། ། སྟོན་མཚན་ཀུ་མུད་དགོད་ལ་འགྲན་པའི་བློས། །ཆས་བཞིན་དལ་བུས་འོང་བའི་ལུས་ཕྲ་མ། ། བལྟ་འདོད་བ་སྤུའི་འཁྲི་ཤིང་ལྡང་བ་བཞིན། །བཞིན་སྒྲ་ཅན་ནོ། །སྙམ་སྒྲ་ཅན། ཆ་ཙམ་མིག་ཟུར་མཐོང་བས་མྱོས་པའི་ཡང་། །འདོད་ལྡན་ཡིད་ཀྱི་དལ་བ་རྙེད་མིན་ན། །ལང་ཚོའི་ཆ་ཀུན་བལྟ་བར་བཟོད་མིན་ཞེས། །སྣ་ཚོགས་ལྷབ་ལྷུབ་གོས་ཀྱིས་བསྒྲིབས་སམ་སྙམ། །རབ་བརྟགས་ལས་དོགས་སྒྲ་ཅན། གང་གི་ལན་བརྒྱར་དབུ་དང་ཕྱག་དག་ཀྱང་། །འགྲོ་ཀུན་ཉེར་འཚོའི་སླད་དུ་སྩལ་མཛད་ནས། །སྲིད་གསུམ་ལང་ཚོའི་མཛེས་པའི་ཡོན་ཏན་དཔལ། །གཅིག་ཏུ་བསྡམས་ཏེ་བདག་གིར་མཛད་པར་དོགས། །ངེས་སྒྲ་ཅན། རྒྱལ་སྲས་ཐུ་བོ་མཚན་དཔེའི་དཔལ་འབར་གཟི། ། བཟོད་མིན་རི་དྭགས་མིག་གཞན་ཞུམ་གྱུར་ཚེ། །ལྷ་ཡུལ་ལང་ཚོའི་ཆ་ཀུན་ཡོངས་བསྡམས་ནས། །ཤག་རིགས་གྲགས་འཛིན་ལྷ་མོར་བྱིན་པར་ངེས། །འདྲ་བའི་སྒྲ་ཅན། བརྒྱ་ཕྲག་བགྲངས་བ་ལས་འདས་མཚན་དཔེའི་དཔལ། །ཟུང་ཙམ་འདྲེན་བྱེད་ཀྱིས་བལྟ་ནུས་མིན་ཞེས། །ལྷ་དབང་གཙོ་དེས་མིག་དབང་སྟོང་ཕྲག་ཏུ། །སྤྲུལ་ནས་མི་ཡུལ་ལྗོང་འདིར་འོང་བ་འདྲ། །མིན་པའི་སྒྲ་ཅན། བརྒྱད་ཁྲི་བཞི་སྟོང་ལེགས་བཤད་དམ་པའི་ངག །སྒྲ་འཛིན་ཟུང་ཙམ་གྱིས་ཉན་ནུས་མིན་ཞེས། །དང་པོའི་ལེགས་གསུངས་དམ་ཆོས་བསྐུལ་བ་སོགས། །ལྷ་ཡུལ་རྣ་བ་བརྒྱད་པས་བྱས་མིན་ནམ། །རྒྱུའི་རྒྱན་ལས། དང་པོ་སྐྱེད་བྱེད་ཀྱི་རྒྱུ། གྲངས་མེད་གོམས་པའི་ལེགས་བྱས་ཡོངས་རྫོགས་ཤིང་། །མཚན་དཔེའི་ཡོན་ཏན་ཕུན་སུམ་ཚོགས་པའི་དཔལ། །ཉི་མའི་རིགས་འཁྲུངས་ལེགས་བཤད་དམ་ཆོས་དེས། །སྐལ་བཟང་ཐར་འདོད་ཡིད་ཀྱི་དགའ་བ་བསྐྱེད། །ཉམས་བྱེད་ཀྱི་རྒྱུ། རྒྱལ་སྐུ་འོད་ཟེར་བསིལ་བའི་ཕྲེང་མཛེས་ཚོགས། །ཕུན་ཚོགས་དགེ་ལེགས་བྱེ་བའི་དཔལ་སྤྲོ་ཞིང་། །གྲངས་མེད་འགྲོ་བ་རྣམ་མཁྱེན་སར་དཀྲི་བའི། །ལུས་མེད་དཔུང་བཅས་དགའ་བ་ཉམས་པར་བྱས། །རྣམ་འགྱུར་གྱི་རྒྱུ། བརྒྱད་ཁྲིའི་གྲངས་ལྡན་བཙུན་མོའི་རོལ་རྩེད་དང་། །སྣ་ཚོགས་རྒྱལ་བའི་འབྱོར་བ་དཔག་མེད་པའི། །དབང་བསྒྱུར་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱང་། །རྒྱལ་སྲས་མཆོག་དེས་མཆིལ་མའི་ཐལ་བཞིན་གཟིགས། ། ཐོབ་བྱེད་ཀྱི་རྒྱུ། འདོད་ཡོན་འཆིང་ཞེན་དམ་པོས་དཀྲིས་པའི་ཡིད། །ཕུན་ཚོགས་དཔལ་ལ་ཆགས་ལྡན་གདུལ་བྱའི་ངོར། །སྲབ་འཇམ་དར་དཀར་ཤ་ནའི་གོས་སྤངས་ཏེ། །ཐབས་ཀྱིས་ཕྱག་དར་ཁྲོད་པ་བདག་གིར་མཛད། །ཕྱི་དུས་ཤེས་བྱེད་ཀྱི་རྒྱུ། རབ་མཛེས་སྐྱེད་ཚལ་ལང་ཚོ་དར་བབས་ཤིང་། །ཕྱོགས་ཕྱོགས་བུང་བའི་བུ་མོས་འཕུར་ལྡིང་གཡོ། །སྣ་ཚོགས་བཀོད་པས་མཛེས་པའི་གནྡྷོ་ལར། །ཐུབ་མཆོག་ཟླ་བ་གསུམ་ཞིག་གནས་པར་མཛད། །ནང་ཤེས་བྱེད་ཀྱི་རྒྱུ། གང་གི་སྨིན་མཚམས་མཛེས་པའི་མཛོད་སྤུ་ལས། །སྣ་ཚོགས་འོད་ཟེར་འཕྲོ་ཞིང་མཛེས་འབར་བ། །གཙུག་ཏོར་འཁོར་ལོ་འདུ་བའི་ངང་ཚུལ་འདིས། །རྒྱལ་སྲས་མཆོག་རྣམས་བྱང་ཆུབ་ལུང་སྟོན་ངེས། །སྔ་ན་མེད་པའི་བྱེད་རྒྱུ། འཇུངས་དང་སེར་སྣས་གསོག་འཇོག་མ་བྱས་ཤིང་། ། དཀའ་ཚེག་ངལ་བས་འདོད་པ་བསྒྲུབ་མིན་ལ། །གཞན་འབྱོར་དཔལ་ལ་རློམ་སེམས་མ་བྱས་པའི། །སེམས་དཔའ་ཆེ་རྣམས་ལོངས་སྤྱོད་ཕ་མཐར་སོན། །ཡང་ན། མཁོ་དགུ་ཡོ་བྱད་དངོས་པོ་མ་བསྟབས་ཤིང་། །ཞི་བསིལ་དམ་ཆོས་བདུད་རྩི་མ་བཏུང་བར། །ཡང་དག་ཚངས་སྤྱོད་བླང་མིན་སྐྱེ་བོ་འགའ། །ཐུབ་དེ་ཞི་བར་གཤེགས་ཞེས་མྱ་ངན་བྱེད། །ཞིག་ནས་མེད་པའི་བྱེད་རྒྱུ། མཚུངས་མེད་སྐྱོབས་པ་དེ་ཡང་ཞི་བར་གཟིམས། །འགྲོ་ཁམས་དགེ་ལེགས་དཔལ་འབྱོར་ཀུན་ནས་ཉམས། །རྗེས་འཇུག་བསླབ་གསུམ་ཁྲིམས་ཀྱི་ཚུལ་ཞིག་པས། །བདག་ནི་བསྟན་པ་རིན་ཆེན་ཁོ་ནར་སེམས། །ཕན་ཚུན་མེད་པའི་བྱེད་རྒྱུ། མཆོག་གསུམ་སྐྱབས་དེ་སྲིད་འབྱོར་དཔོན་མ་ཡིན། །རྡོ་རྗེའི་མཆེད་ལྕམ་གཉེན་འདུན་བུ་ཚ་མིན། །སྒོ་གསུམ་ངལ་འདི་ཚེ་འདིའི་ཆེད་མིན་ཞིང་། །ལེགས་བཤད་འཁྲུལ་བ་མིན་དེས་དགའ་བ་ལ། །སྤངས་ནས་མེད་པའི་བྱེད་རྒྱུ། ཐོགས་མེད་རྒྱུན་རིང་ཉོན་མོངས་སྒྲིབ་པའི་ཆ། །དངོས་འཛིན་རང་སྣང་ཤེས་བྱའི་དྲི་བཅས་ཀུན། ། གཉེན་པོའི་ཡེ་ཤེས་མཆོག་གིས་སྤངས་ཟིན་དེས། །རྒྱལ་རྣམས་ཐུགས་རྗེས་གཟིགས་པ་ཕ་མཐའ་མེད། །ལྡོག་པ་སྐྱེད་བྱེད་ཀྱི་རྒྱུ། གང་གི་མཉན་ཡོད་ཆོ་འཕྲུལ་འདུན་ཁང་དུ། །སྣ་ཚོགས་སྤྲུལ་བསྒྱུར་མ་བསྟན་པ་མིན་ན། །ཕྱིར་རྒོལ་རྫོགས་བྱེད་ལ་སོགས་སྟོན་པ་དྲུག །ཉམས་སྨད་འགྱོད་བཅས་ཡུལ་དབུས་མི་གནས་འགྱུར། །རིང་འབྲས་ཀྱི་རྒྱུ། ཐུབ་པའི་ཆོ་འཕྲུལ་རྣམ་རོལ་མི་ཟད་པས། །ལོག་རྟོག་སྟོན་པ་དྲུག་པོ་ཚར་བཅད་པས། །ཁེངས་ལྡན་རལ་ཁུར་ལྕི་བ་འབུམ་ཕྲག་ཡང་། །འདུད་བཞིན་ཡང་དག་ཚངས་པར་སྤྱོད་ལ་བཀོད། །རྒྱུ་འབྲས་ལྷན་ཅིག་པ་ནི། ལྷས་བསྟན་གླག་ཤས་དུད་པའི་སྐྱེད་ཚལ་དུ། །རྒྱལ་སྲས་མཚན་དཔེའི་དཔལ་ངོམ་དང་མཉམ་པར། །ཕུན་ཚོགས་ཡོན་ཏན་སྒོ་འཕར་བརྒྱ་ཕྲག་བརྒྱ། །ཤཱཀ་རིགས་རྒྱལ་བོའི་ཁབ་ན་ཕྱེ་ལ་ལྟོས། །རྒྱུ་ལས་འབྲས་སྔ། བྱང་ཆུབ་སྙིང་པོའི་མངོན་མཛེས་རྡོ་རྗེའི་གདན། །སྔོན་དུ་ལྷ་ཡུལ་འབྱོར་བས་མཛེས་བྱས་ཤིང་། །ཡིད་འོང་ལྷ་རྫས་བཀྲམ་པའི་ལམ་སྲང་ནས། །ཕྱིས་ནི་ཐུབ་མཆོག་གླང་པོའི་སྟབས་བཞིན་གཤེགས། །རིག་མིན་གྱི་རྒྱུ། ཐུབ་གསུང་ལེགས་བཤད་ཡང་དག་ཞི་བའི་ལམ། །མཉན་འོས་འཇེབས་ཤིང་འཇམ་པར་བསྟན་པའི་ངག །ལྷར་བཅས་བདུད་རྩིའི་སྣོད་གྱུར་སྐྱེ་བོའི་ཡིད། །སྒྲིབ་གསུམ་མ་རིག་དྲྭ་བ་གཅོད་ལ་དབང་། །རིག་པའི་རྒྱུ། མཚན་དཔེའི་དཔལ་རྫོགས་སྐྱོབས་པའི་ཐུགས་རྗེའི་འོད། །ཕུལ་བྱུང་ཡིད་ཀྱི་གདུང་སེལ་མི་ཟད་པའི། །ས་འོག་ལག་འགྲོ་གདུང་བའི་མུན་ཚོགས་ཀྱང་། །རྨིག་མེད་གཞིལ་གྱུར་སྣང་བ་བསམ་མི་ཁྱབ། །ཕྲ་མོའི་རྒྱན་ལས་ཟུང་གི་ཕྲ་མོ། དཔུང་བཅས་ཤཱཀ་རིགས་གཞོམ་འདོད་དམགས་ཚོགས་མདུན། །ཟླུམ་པོར་ཡལ་འདབ་གནས་མིན་ལྗོན་པའི་གྲིབ། །ཁྲལ་ཁྲོལ་ཉི་ཟེར་ཐིག་ལེའི་ཕིག་པའི་དྲུང་། །ཞི་གྱུར་ཐུབ་པ་མཆོག་གིས་བསིལ་གྲིབ་བརྟེན། །རྣམ་པའི་ཕྲ་མོ། ཕུན་ཚོགས་ལེགས་བྱས་མཆོག་གིས་བསྐྲུན་པའི་སྐུ། །མཐོང་ཙམ་ཉིད་ནས་དད་པའི་ཡིད་གཡོ་ཞིང་། །སོར་བཅུ་སྙིང་གར་ཟུམ་པའི་ཕྱག་རྒྱ་དང་། །ལྷན་ཅིག་ཨུཏྤལ་མེ་ཏོག་འཐོར་བ་མཐོང་། །ཆའི་རྒྱན་ལས་ཟོལ་གྱིས་སྦེད་པའི་འོས་པའི་ཆ། འདུད་བཅས་ལྷས་སྦྱིན་ལག་པད་ཟུམ་པ་ཡི། ། ཐལ་སྦྱར་གུས་བཅས་ཐུབ་མཆོག་ཞབས་དྲུང་ན། །གང་ཞབས་སྤྱི་བོར་ལེན་པའི་ཚུལ་འཛིན་པ། །སྤུན་གྱུར་བཀུར་སྟིར་བྱེད་ལས་གཞན་དུ་ཅི། །མི་འོས་པའི་ཆ། རྩུབ་པའི་དུག་ལྡན་སེན་མོས་འདེབས་པའི་ཚུལ། །ཐུབ་དབང་ཞབས་དཀྱིལ་འཁོར་ལོ་རེག་པས་ཀྱང་། །མཚན་དཔེའི་རང་བཞིན་མདུད་མེད་འཇམ་པའི་དཔལ། །སྲིད་དམ་ཅི་ཞེས་བལྟ་ལས་གཞན་དུ་ཅི། ། ཟོལ་གྱིས་སྨད་པའི་ཆ། ཤཱཀྱའི་རིགས་སྐྱེས་རྒྱལ་པོའི་སྲིད་ལ་དགའ། །སྒྱུ་རྩལ་ཀུན་ཤེས་ཕུན་ཚོགས་ཐབས་ལ་མཁས། །རྙེད་བཀུར་ཕུལ་བྱུང་གཅུང་གྱུར་ལྷས་བྱིན་ཡང་། །ཐུབ་པ་ཁྱོད་ཀྱི་འཁོར་དུ་འོས་པ་ལགས། །ཟོལ་གྱིས་བསྟོད་པ། འཁོར་གྱུར་བརྣག་པའི་ཟུག་རྔུ་སྙིང་བཅང་ནས། ། འཕྲུལ་སྒྱོགས་འཕྲུལ་འཁོར་འཕེན་པའི་གཅུང་ལའང་། །ཕྱིར་རྒོལ་བརླག་པའི་ཐབས་ཚུལ་དགོངས་མིན་པ། །ཐུབ་པ་དགྲ་ཐུལ་ཁྱོད་ཀྱིས་རིགས་སམ་ཅི། །རིམ་པ་ཅན་གྱི་རྒྱན། སྲིད་ཞིར་དབང་མཛད་ཐུབ་པ་མཆོག་ཁྱོད་ཀྱི། །མཛོད་སྤུ་མཛེས་འབར་གཙུག་ཏོར་མཐིང་ཀའི་འོད། ། དཀྱུས་རིང་སྤྱན་ཟུང་ཟླ་གཞོན་ནམ་མཁའི་ཁམས། །ཨུཏྤལ་ལང་ཚོ་ཕྲོག་པར་ངེས་པ་རྙེད། ། དགའ་བའི་རྒྱན་ལས། དངོས་ཐོབ་ཀྱི་དགའ་བ། བསྐལ་མང་ལེགས་བྱས་སྣང་བའི་དཔལ་མཐོ་བའི། ། ཐུབ་དབང་མཚན་མཆོག་མཛེས་མཐོང་དགའ་བའི་ཚུལ། །གང་ཡིན་སླར་ཡང་སྐྱོབས་པའི་དྲི་མེད་ཞལ། །ངེས་པར་བལྟ་ལས་གཞན་དུ་འབྱུང་མི་འགྱུར། །གཟུགས་བརྙན་དགའ་བ། ཞི་གྱུར་རྒྱལ་བ་སྐྱོངས་པའི་ཆོས་ཀྱི་སྐུ། །ཕུན་ཚོགས་ཡེ་ཤེས་གཟིགས་པའི་ཡུལ་ཡིན་གྱི། །མཐོང་འོས་གདུལ་བྱར་མངོན་སྣང་གཟུགས་སྐུའི་དལ། །སྐལ་བཟང་མིག་གི་བདུད་རྩིར་ལོངས་སུ་སྤྱོད། །ཉམས་ལྡན་ལས། སྒེག་པའི་ཉམས། དགྱེས་རོལ་བདུད་རྩིའི་རོས་མྱོས་རྒྱལ་པོའི་སྲིད། ། སྤངས་པའི་དཀའ་ཐུབ་ལུས་ཅན་དོན་ཀུན་གྲུབ། །ཐེག་ཆེན་བདེ་སྟོང་རྡོ་རྗེའི་ལམ་མཁྱེན་ནས། །ལྷ་ཡུལ་ཕྱག་རྒྱའི་ལམ་བརྟེན་དགྱེས་དགུར་རོལ། །དྲག་ཤུལ་གྱི་ཉམས། བརྗིད་བག་ཁྲོས་པའི་ཚུལ་གནས་གསང་འཛིན་དབང་། །བཞུགས་བཞིན་ཐུབ་དབང་རྒྱལ་ལ་ཅོ་འདྲི་ཞིང་། ། བསྐུལ་བཅས་བསླུ་བའི་སེམས་ལྡན་མུ་སྟེགས་སྡེ། །སྐད་ཅིག་སོས་དལ་སྟན་ལ་གནས་འགྱུར་རམ། །དཔའ་བའི་ཉམས། སྡེར་བཅས་དཔུང་གི་བཀོད་པ་བཤམས་མིན་ཞིང་། །སྣ་ཚོགས་རྒྱུ་ཡི་གཡོ་ཐབས་མ་བྱས་པར། །གང་ཞབས་རྩིབས་སྟོང་མཚན་མའི་གཟི་འབར་བ། །ལྷར་བཅས་དྲེགས་ལྡན་རལ་བའི་རྩེ་མོར་བཀོད། །སྙིང་རྗེའི་ཉམས། ཨུཏྤལ་དོ་ཤལ་འཕྱང་བའི་ལྷབ་ལྷུབ་ཀྱིས། །ལེགས་སྤྲས་ཤཱཀ་རིགས་བུ་མོ་ལྔ་བརྒྱ་དག །རྩུབ་རྣོན་མཚོན་གྱིས་ཡན་ལག་ཀུན་གཏུབ་སྟེ། །གཡོ་འགུལ་མེད་པའི་དོང་ན་འོ་དོད་འབོད། །མི་སྡུག་པའི་ཉམས། རུལ་མྱག་གཤང་ལྕིའི་འདམ་རྫབ་དྲི་ང་བར། །མི་གཙང་སྣབ་ལུད་སྐྱུགས་པའི་རོས་འཚོ་ཞིང་། །དལ་བུས་གཡོ་འགུལ་བྱེད་པའི་སྲིན་བུའི་ཁྲོད། །ཐུབ་ཁྱོད་གསེར་གྱི་སྦྲང་མས་ལེགས་བཤད་སྒྲོག ། བཞད་གད་ཀྱི་ཉམས། ཡང་དག་ཚངས་སྤྱོད་ཁུར་འཛིན་རལ་བ་ཅན། །ཁྱོད་ཅིག་ཐུབ་དབང་རྒྱལ་ལ་ཅོ་འདྲི་ན། །དང་པོར་མཛེས་ལྡན་སྐེད་མེད་མཛེས་མཐོང་བའི། །ལྡང་བའི་སྤུ་ལང་ཅུང་ཞིག་སྙོལ་བར་རིགས། །ཉམས་ལྡན་ལས་རྨད་བྱུང་གི་ཉམས། ཐུབ་པ་ཁྱོད་གསུང་འདུལ་བ་རིན་པོ་ཆེ། ། སྐལ་བཟང་ཐར་འདོད་ལེགས་ལམ་འཇུག་ངོགས་ཏེ། །མ་སྡོམ་བབ་ཅོལ་བསྲུང་བའི་མེལ་ཚེ་དང་། །ཉོན་མོངས་ཚང་ཚིང་བསྲེགས་པའི་མེ་ཚོགས་ལགས། །འཇིགས་རུང་གི་ཉམས། གདུལ་དཀའ་དྲེགས་ལྡན་གདུག་པའི་འཁོར་ཚོགས་དབུས། །ཐུབ་ཁྱོད་འཁྱོལ་བའི་ཁྲོ་བོ་ལྟར་བསྟན་ཏེ། །གཤེ་བའི་སྒྲ་གདངས་ཧ་ཧར་དགོད་པའི་སྒྲས། །ཐོས་ཙམ་ཉིད་ནས་བདུད་སྡེའི་སྙིང་རྩ་འདར། །གཟི་བརྗིད་ཅན་གྱི་རྒྱན། ནག་ཕྱོགས་བདུད་སྡེའི་ཚོགས་ཀུན་འཇོམས་མཛད་ཅེས། །ཕྱི་རྒོལ་གང་དག་དངངས་སྐྲག་མི་འོས་ཀྱི། །ཐུགས་རྗེའི་འོད་སྣང་བཀྲག་འབར་བཟོད་མིན་ལས། །ཐུབ་པ་དེས་ནི་འགྲོ་ཀུན་སྲས་བཞིན་གཟིགས། །རྣམ་གྲངས་བརྗོད་པ། ཁྱོད་ཀྱིས་ཤཱཀ་རིགས་ལས་བརྩམ་ཆོས་སྟོན་ཞེས། །ཐུབ་པ་གང་ལ་གཉེན་རྣམས་ཀྱིས་ཞུས་ཚེ། །རྡོ་རྗེའི་སྐུ་ཡང་བསྙུན་པའི་ཚུལ་ཙམ་དུ། །དྲན་པ་ཉེ་བར་བཞག་སྟེ་གཟིམ་ཚུལ་སྟོན། ། ཀུན་ཕན། འཛམ་གླིང་ལྟ་ངན་ཐིབ་པོས་ཡོངས་བསྐོར་ཏེ། །ལམ་དང་ལམ་མིན་འབྱེད་པའི་བཤེས་བྲལ་བས། །ཕལ་ཆེར་ངན་འགྲོར་ཆས་ལ་བརྩོན་པ་ན། །ཐུབ་པ་ཁྱོད་ཀྱི་མཚན་དཔེ་ལྗོངས་འདིར་ངོམས། །བསམ་པ་རྒྱ་ཆེ་བ། ལྷར་བཅས་འགྲོ་བའི་ཅོད་པཎ་རྩེས་བཏུད་ཅིང་། ། ཕུལ་བྱུང་སྒྱུ་རྩལ་དུ་མས་ཕྱུགས་གྱུར་པ། །ས་བཅུའི་དབང་ཕྱུག་ཟས་གཙང་སྲས་དེས་ཀྱང་། ། ད་དུང་རབ་ཏུ་འབྱུང་ཞེས་ཡབ་ལ་གསོལ། །འབྱོར་བ་རྒྱ་ཆེ་བ། སྣ་ཚོགས་རིན་ཆེན་ལས་གྲུབ་གཞལ་མེད་ཁང་། །ཡིད་འོང་ནོར་བུ་གཅལ་དུ་བཀྲམ་པའི་ཁྲིར། །བརྒྱད་ཁྲི་བཙུན་མོའི་འཁོར་དབུས་དགྱེས་རོལ་བའི། །ལྷ་མིའི་འབྱོར་དགུའི་ཕུན་ཚོགས་ཤཱཀྱའི་སྲས། །ཆོས་ལ་བསྙོན་དོར། སྲིད་གསུམ་འགྲོ་བའི་སྣང་བར་རྗེས་མཐུན་པའི། །གྲངས་མེད་སྤྲུལ་པས་རོལ་མཛད་ཤཱཀྱའི་ཏོག །གཅིག་ཉིད་མ་ཡིན་མི་མཇེད་ལྗོངས་ཁོ་ནར། །དུས་གཅིག་བརྗོད་འདས་ཐུབ་རྣམས་བྱོན་པར་ངེས། །ལུས་ལ་བསྙོན་པ། ཐུབ་པའི་མཚན་དཔེ་ཕུན་ཚོགས་ལང་ཚོའི་གཟི། ། བདུད་རིགས་ལོག་ལྟའི་སྙིང་ལ་བརྣག་དཀའ་བའི། །མི་བཟོད་སྡུག་བསྔལ་ཁུར་ལྕི་སྦྱིན་པ་སྟེ། །གཞན་དུ་ཕུན་ཚོགས་ཀུན་གྱི་བྱེད་པོར་གྲགས། །རང་བཞིན་བསྙོན་དོར། གྲངས་མེད་བསྐལ་མང་གོང་ནས་འབྲལ་མེད་པར། །ཐུབ་པས་བྱང་ཆུབ་སྤྱོད་པའི་གྲོགས་གྱུར་པ། །གཞན་འཕྲུལ་བདག་གང་བདུད་གྱུར་མ་ཡིན་ཏེ། །ལེགས་ལམ་བར་གཅོད་བྱེད་ལ་བདུད་ཅེས་གྲགས། །སྦྱར་བ་ལས་ཐ་དད་མིན་པའི་སྦྱར་བ། རབ་མཛེས་ལང་ཚོའི་དཔལ་རྫོགས་མིག་གི་དཔྱིད། ། སྐྱེ་དགུའི་ལེགས་ཚོགས་ཕན་བདེའི་བྱེད་པོ་དེ། །སྣ་ཚོགས་འདོད་དགུའི་ལོངས་སྤྱོད་རྒྱ་ཆེ་བའི། །བདག་ཉིད་དབང་ཕྱུག་ཆེན་པོ་དེ་ཁོ་ན། །ཐ་དད་ཚིག་འདྲའི་སྦྱར་བ། སྣ་ཚོགས་སྣང་བའི་ཡུལ་རྣམས་ཀུན་ཁྱབ་འཇུག །གཅིག་ལས་དུ་མའི་རྣམ་རོལ་ལེགས་འཆར་བའི། །ཐུགས་རྗེའི་ཁུར་བསྣམ་ཕན་མཛད་ཚུལ་ཤེས་ན། །སྐྱེས་བུ་དེའང་རྒྱལ་བའི་རྗེས་སུ་འཇུག །བྱ་བ་ཐ་དད་མིན་པའི་སྦྱར་བ། འགྲོ་ཀུན་བརྩེ་བས་གཟིགས་པ་མི་འདོར་བའི། །ཞི་བའི་རེག་བཞིན་ཡང་དག་ལམ་སྟོན་མཛད། །རྒྱལ་བ་མཆོག་དང་དེ་ཡི་སྲས་རྣམས་ཀུན། །འགྲོ་བ་ཀུན་གྱི་སྐྱབས་མགོན་ཉིད་དུ་བཞུགས། །བྱ་བ་འགལ་མིན་གྱི་སྦྱར་བ། ཕུན་ཚོགས་ལེགས་ལམ་སྣང་མཛད་སྐྱེ་རྒུའི་ཤེས། །གང་ལ་བརྟེན་རྣམས་རྣམ་གྲོལ་མཛོད་བརྙེས་པའི། །ཐུབ་པའི་མཚན་དཔེ་ཡོན་ཏན་རྗེས་དྲན་ཏེ། །བསྟན་པ་རིན་ཆེན་དེ་ལ་འཇུག་པར་འོས། །བྱ་བ་འགལ་བའི་སྦྱར་བ། མཚུངས་མེད་སྐྱོབས་པ་དེ་ཡི་རྗེས་ཞུགས་ཏེ། །ཟད་དང་ཟིལ་གནོན་རྫུ་འཕྲུལ་སྟོབས་བརྙེས་པའི། །ཐོས་སྒྲོགས་འབྲས་མཐར་ཕྱིན་པ་ཉུང་གྱུར་ཏེ། །གྲུབ་བརྙེས་སྔགས་རིག་འཛིན་པ་མང་ཞིག་བྱུང་། ། ངེས་པའི་སྦྱར་བ། རྣམ་གྲོལ་ཡེ་ཤེས་མཆོག་ལ་དབང་པོ་དང་། །སྒྲིབ་མེད་ཆོས་ཀུན་གཟིགས་ལ་སྤྱན་ཉིད་དེ། །ཟག་མེད་ཡོན་ཏན་ཕུང་པོའི་སྒྲས་བསྟན་པའི། །བདུད་བཞིའི་དགྲར་བགྱིད་མི་འཇིགས་ཐུབ་པ་ལགས། །ངེས་པ་འགོག་པའི་སྦྱར་བ། ཐུབ་ཁྱོད་གདུལ་བྱའི་ཡུལ་ལ་ནི་སྟྲིཾ་ཤ ། གདུལ་དཀའ་གདུག་པའི་འཁོར་ལ་ཁྲོ་བའི་ཚུལ། །ཁོ་ནར་སྣང་མོད་འོན་ཀྱང་རིགས་དྲུག་པའི། །ཐ་མའི་ཕྱག་རྒྱར་རལ་གྲི་དག་ཀྱང་མཐོང་། །འགལ་མེད་ཀྱི་སྦྱར་བ། འདྲེན་པ་ཉིད་དེ་ལེགས་པར་སྤྱོད་པའི་བཤེས། །སྐྱེས་བུའི་མཆོག་གྱུར་གྲོང་ཁྱེར་གསུམ་ལས་འདས། །རང་བྱུང་མཆོག་བརྙེས་བདུད་རྩིའི་བདག་པོ་སྟེ། །ཁ་ལོ་སྒྱུར་བ་ཉི་མའི་རིགས་ལས་འཁྲུངས། ། འགལ་བ་ཅན་གྱི་སྦྱར་བ། རྒྱལ་རིགས་ཆེན་པོར་སྐྱེས་ཀྱང་སྙེམས་དང་བྲལ། །ལེགས་ཉེས་རྣམ་པར་དཔྱད་དེ་འཁྲུལ་པ་སྤངས། །སྐྱེས་བུ་གདུལ་བ་ཉིད་དེ་དྲག་ཤུལ་མིན། །མགོན་པོ་སེམས་ཅན་ཀུན་ལ་སྙོམས་པར་གཟིགས། །ཁྱད་པར་བརྗོད་པའི་རྒྱན་ལས་དང་པོ་ཡོན་ཏན་མ་ཚང་བའི་ཁྱད་པར་བརྗོད་པ། གང་གི་བྱམས་པ་ཆེན་པོའི་ཏིང་ངེ་འཛིན། །སྲ་མཁྲེགས་བེམ་པོར་མ་ཡིན་རྩུབ་རྣོན་མིན། ། འོན་ཀྱང་ལུས་མེད་དཔུང་གི་མཚོན་ཆར་གྱིས། །བརྫི་མིན་གཡུལ་ལས་རྣམ་རྒྱལ་ཤཱཀྱའི་ཏོག ། རིགས་མ་ཚང་བའི་ཁྱད་པར་བརྗོད་པ། ཐུབ་པའི་ཆོས་འདུལ་རིན་ཆེན་མཛོད་འཛིན་པ། །ཚངས་དབང་ལྷ་ཡི་སྲས་སུ་འཁྲུངས་མིན་ཞིང་། །རྒྱལ་དང་བྲམ་ཟེའི་རིགས་སུ་མ་སྐྱེས་ཀྱང་། །སྲིད་གསུམ་འགྲོ་བའི་སྤྱི་བོས་མཆོད་པར་འོས། །བྱ་བ་མ་ཚང་བའི་ཁྱད་པར་བརྗོད་པ། སྟོབས་ཤུགས་གཡུལ་གྱི་རལ་ཁ་སྤྲད་མིན་ཞིང་། །སྒྱུ་རྩལ་འཕོང་གིས་གཅོད་ཚུལ་མ་བྱས་པར། །བརྣག་པའི་ཁྲོས་ལྡན་མ་ཡིན་ཐུབ་པ་དེས། །བདུད་རིགས་ལོག་སྤྱོད་གཡུལ་ངོ་ཕམ་པར་མཛད། །རྫས་མ་ཚང་བའི་ཁྱད་པར་བརྗོད་པ། རྒྱལ་བའི་ལེགས་བཤད་ཕ་རོལ་ཕྱིན་པའི་གཏམ། །སྙིང་ལ་ངེས་གནས་དུལ་བའི་བཟོད་ལྡན་ན། །སྲ་བའི་གོ་དང་རྣོ་བའི་མཚོན་སྤངས་ཀྱང་། །ཕ་རོལ་དགྲ་ཡིས་བརྫི་མིན་ངེས་པ་རྙེད། །རྒྱུ་མ་ཚང་བའི་ཁྱད་པར་བརྗོད་པ། རྒྱལ་པོའི་སྲིད་སྤངས་གཅིག་པུར་གནས་མཛད་ཅིང་། །ལོངས་སྤྱོད་འབྱོར་མིན་གཟི་བརྗིད་དཔལ་མངའ་མིན། །དཀའ་ཐུབ་ལུས་ཅན་དོན་ཀུན་གྲུབ་པ་དེ། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་འོས་ཉིད། །བསྟོད་པའི་མཚུངས་སྦྱོར། ཉིན་བྱེད་དཀྱིལ་འཁོར་བཀྲག་དང་ཟླ་གཞོན་ཁམས། །ནོར་བུའི་སྒྲོན་མེ་ཚངས་ཆེན་ལྷ་ཡི་ལུས། །ཐུབ་པ་ཁྱོད་སྐུའི་ལང་ཚོ་མ་སྨད་པ། །འཇིག་རྟེན་སྣང་བྱེད་ཁོ་ནར་སྲིད་ན་གླེང་། །སྨད་པའི་མཚུངས་སྦྱོར། གཞན་འཕྲུལ་ལྷ་ཡི་གཙོ་དང་དེའི་སྡེ་རིས། །ལམ་གོལ་སྟོན་པ་དྲུག་དང་མ་སྐྱེས་དགྲ། །ལྷས་བྱིན་ལོག་པའི་བློ་འཆང་དཔལ་སྦས་རྣམས། །དྲེགས་བཅས་ཐུབ་པར་རྒོལ་ཡང་ཕམ་པར་གྱུར། །འགལ་རྐྱེན་ལས་དང་པོ་ཁྱད་གཞི་ཐ་དད་བྱ་བ་འགལ་བ། ཐུབ་པའི་ལེགས་བཤད་ཆོས་ཀྱི་སྒོ་དབྱེ་བས། །ལྷར་བཅས་སྐལ་བཟང་ལེགས་ལམ་མཆོག་རྙེད་ནས། །རབ་དགའི་དཔལ་ཐོབ་ལུས་མེད་སྡེ་དཔུང་བཅས། །ཕུན་ཚོགས་ཉམས་གྱུར་འགྱོད་བཅས་མྱ་ངན་བྱེད། ། གཞི་གཅིག་བྱ་བ་འགལ་བ། ཐུབ་པའི་ལེགས་བཤད་ཆོས་འདུལ་དམ་པའི་མཛོད། །གང་གི་མཐོང་རྣམས་རྣམ་གྲོལ་ལམ་བཟང་ལ། །ལེགས་བརྩོན་རབ་དགའི་ཡོན་ཏན་འཕེལ་འགྱུར་ཞིང་། ། ཉེས་བཅས་ལེགས་བཤད་གནས་ལ་སྤྲོ་མི་འགྱུར། །གཞི་གཅིག་གི་ཆོས་དུ་མ་འགལ་བ། ཐུབ་པའི་ལེགས་བཤད་བསླབ་པའི་ཁྲིམས་དམ་ཞིང་། །འཆིང་དང་ཉོན་མོངས་ལྷོད་གྱུར་གང་ལེགས་པ། །ཉེས་པའི་ཆ་ཉུང་ཡོན་ཏན་ཚོགས་མང་སྟེ། །རྣམ་གྲོལ་སྤེལ་མཛད་ཉོན་མོངས་ཆ་ཕྲི་མཛད། །རྫས་དང་ལས་འགལ་བ། ཐུབ་པའི་ལེགས་བཤད་ཞི་བསིལ་སྙན་གྱུར་པས། །ལམ་གོལ་སྟོན་རྣམས་འཁྲུགས་བགྱིད་ཡེ་ཤེས་དཔུང་། །རྣམ་པར་འབར་མཛད་བདུད་རིགས་ལོག་སྤྱོད་སྡེ། །སྙིང་ལ་ཟུག་རྔུའི་ཚོར་བས་གདུང་བར་བྱེད། །བྱ་བ་འགལ་བ། ཐུབ་པའི་ལེགས་བཤད་ཆོས་ཀྱི་གཏམ་མཛད་ཚེ། །ཐོས་པ་མེད་ཀྱང་བསྟིར་མེད་བཟོད་དཀའ་བའི། །དམྱལ་མེ་འབར་བའང་ཡུད་ཙམ་རབ་ཞི་བའི། །བདུད་རྩིའི་རང་བཞིན་ཉིད་དུ་གནས་པར་གྱུར། །སྦྱར་བའི་འགལ་བ། ཐུབ་པའི་ལེགས་བཤད་འཁོར་ལོ་དང་པོའི་གཏམ། །ཀུན་རྫོབ་མེད་དང་དོན་དམ་ཡོད་པའི་ཚུལ། །སྐལ་བཟང་བློ་དམན་རྗེས་སུ་འཛིན་པ་སྟེ། །སྐལ་དམན་བདུད་རིགས་སྐྱེ་བོ་དངངས་སྐྲག་སྐྱེ། །ཡང་། ཐུབ་པའི་ལེགས་བཤད་ཆོས་ཀྱི་འཁོར་ལོའི་གཏམ། །ཡོད་དང་མེད་པའི་མཐའ་གཉིས་རྣམ་སྤངས་ནས། །སྐལ་བཟང་ཐར་འདོད་རྗེས་སུ་འཛིན་པ་སྟེ། ། སྐལ་མེད་བློ་གྲོས་དམན་པ་དངངས་སྐྲག་སྐྱེ། །ཡང་། ཐུབ་པའི་ལེགས་བཤད་འཁོར་ལོ་ཐ་མའི་གཏམ། །མཐའ་ལ་མི་གནས་གཉིས་མེད་རང་བཞིན་ཚུལ། །སྐལ་བཟང་བློ་ཆེན་རྗེས་སུ་འཛིན་པ་སྟེ། །སྐལ་མེད་ཉན་རང་ཚོགས་རྣམས་དངངས་སྐྲགས་སྐྱེ། །སྐབས་མིན་བསྟོད་པ། ཐུབ་པའི་ལེགས་བཤད་བསྟན་པ་འདི་གནས་བཞིན། །བདུད་རྩིའི་བགོ་སྐལ་ཉམས་པའི་སྐྱེ་བོ་ལས། །གང་ཞབས་འཁོར་ལོས་བཅག་པའི་རྡུལ་ཕྲན་ཁམས། །འཛིན་པའི་གསེར་ལྡན་སྐལ་བ་བཟང་སྙམ་བགྱིད། །མཐུ་ཕུན་ཚོགས་ཀྱི་ཟོལ་བསྟོད། ཐུབ་པའི་ལེགས་བཤད་ཚིག་གི་ཆ་ཙམ་ཡང་། །ཐོས་པས་སྲིད་པའི་ཟུག་རྔུ་དྲུང་འབྱིན་ན། །ཇི་བཞིན་ཉམས་སུ་བླང་བའི་སྐལ་བཟང་དག །ཚེ་གཅིག་མངོན་སངས་རྒྱས་ལ་མཚར་དུ་ཅི། །དཔལ་བ་ཕུན་ཚོགས་ཀྱི་ཟོལ་བསྟོད། ཐུབ་པའི་ལེགས་བཤད་ཆོས་ཀྱི་བདུད་རྩི་དེས། །སྲིད་གསུམ་འགྲོ་མང་ངེས་ལེགས་སར་བཀོད་ནས། །

གཞན་འཕྲུལ་བདག་པོའི་སྡེ་རིས་ཟད་གྱུར་པས། །སྡུག་བསྔལ་ཁུར་ཆེན་སྦྱིན་འདི་རིགས་སམ་ཅི། །སྦྱར་བའི་ཟོལ་བསྟོད། ཐུབ་པའི་ལེགས་བཤད་ཆོས་དང་འཁོར་ཚོགས་བཅས། །དམན་པའི་སྤྱོད་ཡུལ་བི་ན་ཡ་ག་སྟེ། །དེ་སླད་ཐུབ་པ་ཁྱོད་ཀྱི་ཕྲིན་ལས་མཆོག །སུས་ཀྱང་འགྲན་ཟླར་བྲལ་ཞེས་གླེང་འོས་སམ། །མཆོག་གི་ངེས་བསྟན། ཐུབ་པའི་ལེགས་བཤད་གཏམ་གྱི་གྲགས་སྙན་དེས། །སྐལ་བཟང་ཡིད་ལ་ཀུན་དགའི་དཔལ་སྟེར་བ། །དབྱར་སྐྱེས་སྤྲིན་གྱི་སྒྲ་བརྒྱ་བཞད་པའི་མོད། །མདངས་ཅན་རབ་དགའི་དཔལ་གྱིས་བྲེལ་དེས་མཚོན། །མཆོག་མིན་ངེས་བསྟན། ཐུབ་པའི་ལེགས་བཤད་གནས་ལས་ཉམས་གྱུར་པ། །གསོན་བཞིན་ལྷས་བྱིན་མནར་མེད་མེས་གདུང་བས། །གང་ཞིག་ཆོས་འདུལ་འདི་ལས་ཕྱིན་གྱུར་རྣམས། །ནམ་ཡང་འཁོར་བའི་གནས་ལས་ཐར་དཀའ་མཚོན། །ཡོན་ཏན་ལྷན་ཅིག་བརྗོད་པ། ཐུབ་པའི་རྗེས་འཇུག་ཚངས་སྤྱོད་བླ་གོས་དང་། །ལྷན་ཅིག་ཐུན་མཚམས་སྤྲིན་གྱི་ལང་ཚོ་མཛེས། །གང་གི་རྣམ་པར་གྲོལ་བའི་ཡོན་ཏན་དང་། །མཉམ་དུ་ཉིན་བྱེད་མཛེས་པ་ཆེས་ཆེར་འབར། །ལས་ལྷན་ཅིག་བརྗོད་པ། ཐུབ་པའི་རྗེས་འཇུག་འབྱོར་བའི་གྲོང་གཤེགས་དང་། །མཉམ་དུ་རྟ་བདུན་འཛམ་གླིང་མཁའ་ལ་རྒྱུ། །གང་གིས་ལེགས་བཤད་བཟང་པོའི་གཏམ་མཛད་དང་། །ལྷན་ཅིག་ཉིན་བྱེད་ལང་ཚོའི་འོད་སྟོང་སྤྲོ། །བྱ་བ་གཅིག་པའི་ལྷན་ཅིག་བརྗོད་པ། ཐུབ་པའི་རྗེས་འཇུག་བསླབ་གསུམ་ཡོན་ཏན་དང་། །རྣམ་གྲོལ་མཆོག་གི་ཡེ་ཤེས་བྱང་ཆུབ་སེམས། །སྣ་ཚོགས་རྫུ་འཕྲུལ་མངོན་ཤེས་ཏིང་ངེ་འཛིན། །སྐྱེ་དགུའི་ལེགས་ཚོགས་མ་ལུས་མཉམ་དུ་འཕེལ། །ཡོངས་རྗེས་ཀྱི་རྒྱན། ཐུབ་པའི་རྗེས་འཇུག་གྲོང་དང་རྒྱལ་པོའི་ཁབ། །ཀུན་ཏུ་སྐྱེ་བོའི་ཚོགས་ལ་ཆོས་སྟོན་ཞིང་། །དེ་དག་རྣམས་ལས་མཁོ་བའི་ཡོ་བྱད་དང་། །མཐའ་གཉིས་མ་ལྷུང་བསོད་སྙོམས་བདག་གིར་བཞེས། །ཤིས་བརྗོད་ཀྱི་རྒྱན། ཐུབ་པའི་རྗེས་འཇུག་འཕགས་པའི་སྤྱོད་ཡུལ་ཏེ། །སྤྲོས་མཚན་དམིགས་པའི་ཡུལ་མིན་དེ་བཞིན་ཉིད། །ཡེ་ཤེས་མཆོག་གི་གཟིགས་པ་མི་འགྱུར་བའི། །སོ་སོ་རང་རིག་སྣང་བས་ཁྱོད་ལ་བསྲུང་། །སྙན་དངགས་མེ་ལོང་གི་ཚིག་རྒྱན་རྣམས་ཀྱི་དཔེར་བརྗོད་དཔལ་སྤྲུལ་རིན་པོ་ཆེས་གསུངས་པའོ། །