གཞོན་ནུ་བློ་ལྡན་གྱི་དྲིས་ལན་ལེགས་བཤད་བློ་གྲོས་སྙིང་པོ།

From Khyentse Lineage - A Tsadra Foundation Project
PJCW-KABUM-01-KA-003
Wylie title gzhon nu blo ldan gyi dris lan legs bshad blo gros snying po PJCW-KABUM-01-KA-003.pdf
Location dpal sprul bka' 'bum
Volume 1, Text 3, Pages 37-65 (Folios 1a1 to 15a4)
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation Dpal sprul rin po che. Gzhon nu blo ldan gyi dris lan legs bshad blo gros snying po. In Dpal sprul 'jigs med chos kyi dbang po'i gsung 'bum, Vol. 1: 37-65. Kathmandu: Tsadra Foundation and Shechen Publications, 2026.
Genre Replies to Questions - dris lan
Colophon

དེ་ལྟར་གཞོན་ནུ་བློ་ལྡན་གྱི་དྲིས་ལན་འདི་གོ་ཚད་མཐོང་ཚད་ཐམས་ཅད་ཀྱིས་ཡ་རབས་དམ་པའི་ལྷ་ཆོས་ལ་སྤྱོད་ནས་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །དགེའོ། །དཔལ་སྤྲུལ་པས་སོ།

de ltar gzhon nu blo ldan gyi dris lan 'di go tshad mthong tshad tham_sa cad kyis ya rabs dam pa'i lha chos la spyod nas dge zhing bkra shis par gyur cig_/dge'o/_/dpal sprul pas so/

[edit]
༄༅། །གཞོན་ནུ་བློ་ལྡན་གྱི་དྲིས་ལན་ལེགས་བཤད་བློ་གྲོས་སྙིང་བོ་ཞེས་བྱ་བ་བཞུགས་སོ། །


༄༅། །བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་འཇིག་རྟེན་ལུགས་ཀྱི་ཁ་ཏ་རྒན་པོའི་བདེན་གཏམ་ཞེས་བྱ་བ་ནི། སྔོན་མདོ་སྨད་ས་ཡི་ཐིག་ལེ་ཁྲ་མོ་གླིང་དཀར་སྟོད་ཀྱི་ས་ཆ་འདིར། ཁྱིམ་བདག་ཅིག་ལ་བུ་བློ་རྣོ་ཞིང་གཤིས་བཟང་བ་ཡ་རབ་ཀྱི་རྟགས་ཐམས་ཅད་ཚང་བ་གཞོན་ནུ་བློ་ལྡན་ཟེར་བ་ཞིག་ཡོད་པ་དེའི་ཕ་ཆུང་ངུའི་དུས་ནས་ཤི་བས་ཁ་ཏ་བསླབ་མཁན་གཅིག་ཀྱང་མེད་པས། ཡུལ་དེའི་གྲོགས་ངན་འགའ་རེའི་ཁ་ལ་བརྒྱུགས་ཏེ། རྫུན་རྐུས་སོགས་མ་རབས་ཀྱི་སྤྱོད་པ་ལ་ཕྱོགས་པའི་ཚེ། ཉིན་གཅིག་ལམ་ཀ་ཞིག་ན་རྒན་པོ་སྐྲ་དང་སྨྲ་ར་དཀར་པོ་མགོ་དཀར་པོ་ལུག་གུའི་ཚར་ཆུང་འདྲ་བ་ཞིག་གི་ལག་ན་དབྱུག་རྟེན་རིང་པོ་ཞིག་ཐོགས་ནས་གོམ་པ་འདར་ལྡེམ་ལྡེམ་འོང་མཁན་ཞིག་དང་འཕྲད་དེ། དེར་གཞོན་ནུས་འཛུམ་རྒོད་ཅིག་བྱས་ནས་ཚིག་འདི་སྐད་སྨྲས་སོ། །ཧ་ཧ། མགོ་ལ་ཚར་དཀར་མ་གྱོན་རུང་། །དགུན་འཁྱག་བ་མོ་འདི་ན་མེད། །ལྕང་དཀར་དབྱུག་པ་མ་བཟུང་ཡང་། །སྒོ་ཁྱི་བཙན་པོ་འདི་ན་མེད། །ལྡེམ་ལྡེམ་གོམ་པ་མ་སྤོས་ན། །བྲོ་གར་འགྲན་ཡ་འདི་ན་མེད། །རྒན་པོ་ས་ཆ་གང་གི་ཡིན། །ད་ནང་གང་ནས་འོང་ནི་ཡིན། །དོ་དགོང་གང་དུ་འགྲོ་ནི་ཡིན། །ཞེས་སྨྲས་སོ། །རྒན་པོས་མིག་ཅིག་འཕུར་ནས་ཚུལ་གཅིག་བལྟས་ཏེ། ཨ་ཧོ། གྱོན་པ་ཡག་པོར་དགའ་ལུགས་ལ། །ལོ་ཆུང་ཅོར་མགོ་ཅན་ཞིག་འདྲ། །ཁ་བརྒྱག་རྩོམ་ལ་མཁས་ལུགས་ལ། །མ་རབས་བློ་རིག་ཅན་ཞིག་འདྲ། །མགོ་དཀར་རྒན་པོ་འཕྱ་ལུགས་ལ། །ཕ་མེད་གྲོགས་ངན་ཅན་ཞིག་འདྲ། །རྒས་པ་རྡོ་རྗེའི་བྲག་ལ་ཡོད། །བྲ་རྒས་དམར་ཡག་སྟག་ལ་ཡོད། །བཟང་ངན་ཕ་གཅིག་སྤུན་ལ་ཡོད། །གཞོན་ནུ་ཤ་རྒྱས་ཁྲག་རྒྱས་དུས། །ཁྱོད་ལས་ཡག་ཅིག་ང་ཡང་ཡིན། །ཁ་མིག་དབང་པོ་གསལ་བའི་དུས། །ཁྱོད་ལས་མཁས་ཤིག་ང་ཡང་ཡིན། །རང་ཡུལ་ཕ་ཁྱིམ་ཡོད་པའི་དུས། །ཁྱོད་ལས་དྲག་ཅིག་ང་ཡང་ཡིན། །ང་ས་ཆ་མདོ་ཁམས་སྒང་གི་ཡིན། །ད་ནང་འཁོར་བའི་གནས་ནས་འོང་། །དོ་དགོང་ཐར་བའི་གླིང་དུ་འགྲོ། །ཟེར་བ་ལ། གཞོན་ནུ་འདིའི་བཤད་ལུགས་ལ་བལྟས་ན་མཁས་པ་ཞིག་རེད་སྙམ་ནས། ཀྱཻ། རྒན་པོ་དར་ཅིག་སྡོད་ལ་གཏམ་ཞིག་ཤོད་དང་ཟེར་བ་ལ། རྒན་པོས་གཏམ་ཅི་ཞིག་སྨྲ། ཆོས་ཀྱི་གཏམ་ནི་ངས་མི་ཤེས། །འཇིག་རྟེན་གྱི་གཏམ་ནི་ཁྱོས་མི་ཉན། །དེ་བས་རྒན་པོ་འགྲོ་དང་བཟང་། །ཟེར་བ་ལ། གཞོན་ནུས། ཁྱོད་ཀྱིས་གཏམ་གང་བཤད་ཀྱང་ངས་ཉན་ཟེར་བ་ལ། རྒན་པོ་བསྡད་ནས། ཡ་ད་ཆོས་འཇིག་རྟེན་གྱི་གཏམ་མང་བོ་ངས་ཀྱང་མི་ཤེས། ཤེས་རུང་དེང་སང་སྙིགས་མའི་སྐྱེ་བོ་ཐམས་ཅད་མ་རབ་སྡིག་སྤྱོད་ཅན་གྱི་རྗེས་སུ་ཞུགས། རང་འདོད་གཡོ་སྒྱུ་ཁོ་ནས་གཞན་ལ་གནོད་པ་བྱེད། བཟང་པོ་ལས་ངན་པ་འགྲིམ་དུས། དྲང་པོ་ལས་ཁྲེལ་མེད་རྒྱལ་དུས། དྲིན་ཅན་ལས་གསར་འགྲོགས་བདམ་དུས། སྟེང་དཔོན་གྱི་ཁྲིམས་འཁྱུགས། འོག་འབངས་ཀྱི་བྱ་སྤྱོད་འཁྱུགས། དགེ་སྡིག་གི་བླང་དོར་འཁྱུགས། ལེགས་ཉེས་ཀྱི་གོ་ས་འཁྱུགས། ཚེ་ཕྱི་མ་ཕར་ཞོག །ཚེ་འདིའི་ཕྱི་འདེང་ཙམ་ཡང་མེད་པར་ཁྲེལ་མེད། བློ་མེད་གང་ཐུབ་དེ་ཕོ་རྒོད་པོར་བརྩི་ཞིང་། ལེགས་བཤད་ཡ་རབ་ཀྱི་སྲོལ་འཛིན་ནི་དང་བཤད་ནི་ཕར་ཞོག །གལ་ཏེ་བློ་འདྲི་གྲོས་མཐུན་རེ་བྱེད་ནི་ཞིག་ཡོད་ཀྱང་ངན་པར་བརྩི་བ་ཙམ་ལས་མྱི་ལུགས་བསླབ་རྒྱུ་ཡོད་པ་ཙམ་ཡང་གོ་མ་མྱོང་། དུས་ངན་འདིར། ང་འདྲའི་བཤད་པ་ལ་དགོས་མེད་རུང་། ཁ་མི་མང་ཁ་མེད་རོགས་ཀྱིས་དྲིས་ནི། ཝ་མི་བརྒྱལ་ཁག་མེད་འདྲེས་འགྲམ་ལྕག །ཁྱི་མི་ཟུག་ཁག་མེད་རྐུན་མས་ནག་འབུར་ཟེར་བའི་དཔེ་ལྟར། ཁྱོས་དྲིས་དུས་ངས་བཤད་དགོས་ཏེ། དྲིས་ན་བཤད་དགོས། བསླབ་ན་བརྩོན་དགོས། ཟེར་རྒྱུ་བོ་ཡིན་པས། མདོ་ཙམ་ཞིག་བཤད་ན། དམ་པའི་ཆོས་ལུགས་ཟེར་རྒྱུ་བོ་དེ། དང་པོ་སུས་སྟོན་ན་བླ་མ་དགེ་བའི་བཤེས་གཉེན་ཞིག་གིས་སྟོན་ལ། ཕུགས་རྒྱལ་བའི་བཀའ་ལ་གཏུག་དགོས། བར་དུ་སོར་བྱང་སྔགས་གསུམ་གྱི་རྩ་བ་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་སྒོམ་རྣམས། གང་ཟག་དབང་པོ་རབ་འབྲིང་ཐ་མ་གསུམ་གྱིས་རང་རང་གི་ས་ཚོད་ལྟར་ཉམས་སུ་ལེན་དགོས། མཐར་རང་རྒྱུད་ཉོན་མོངས་ཀྱི་རྩ་བ་ཆོད་ན་སངས་རྒྱས་ཐབས་ཐམས་ཅད་དེར་འདུས་ཡོད། ད་འཇིག་རྟེན་མྱི་ལུགས་ཟེར་རྒྱུ་བོ་དེ། དང་པོ་སུས་སྟོན་ན། ཕ་མ་རྒན་རབས་རྣམས་ཀྱིས་སྟོན་ལ། ཕུགས་སྔོན་བྱོན་དམ་པ་རྒྱལ་བློན་བྱང་སེམས་རྣམས་ཀྱི་བསྟན་བཅོས་ལ་གཏུག་དགོས། བར་དུ་རྒྱལ་བློན་འབངས་གསུམ། མཐོ་དམན་ཕྱུག་དབུལ་ཐམས་ཅད་རང་གི་ས་ཚོད་ལྟར། གོང་མ་བཀུར་ལུགས་འོག་མ་སྐྱོང་ལུགས། མཉམ་པོར་འགྲོགས་ལུགས་ཐམས་ཅད་རང་ཚོད་དང་མཐུན་པར་ཉམས་སུ་ལེན་དགོས། མཐར་ཚེ་འདིར་བདེ་ཞིང་སྐྱིད་ལ་ཕྱི་མའི་ལམ་སྣ་རེ་ཟིན་ཐབས་ཡོད་ན་ཐམས་ཅད་དེར་འདུས་ཡོད་ཨེ་གོ །ད་ཆོས་ལུགས་ལ་བཀའ་བསྟན་བཅོས། ལུང་མན་ངག་ཐམས་ཅད་ཡོད་པས། ངས་ཤེས་མི་ཤེས་བྱེད་མི་དགོས། མྱི་ལུགས་མདོ་ཙམ་ཞིག་བཤད་ན། དང་པོ་གོང་མ་བཀུར་ལུགས་ལ། མཐོ་དམན་བཟང་ངན་ཐམས་ཅད་ཀྱིས་འདི་ཕྱི་གཉིས་ཀའི་རེ་ས་བླ་མ་དཀོན་མཆོག་གསུམ་མི་མེད་པས། སྐུ་གཟུགས་གླེགས་བམ་ས་ཚྭ་མཆོད་རྟེན་ལ་སོགས་སྐུ་གསུང་ཐུགས་རྟེན་སོ་རྙིང་བཟང་ངན་གང་ཡིན་རུང་དད་པ་རྩེ་གཅིག་གིས། ཞེ་ས་དང་བཀུར་སྟི་བྱེད། ཕྱག་དང་སྐོར་བ་ལ་སོགས་བྱེད་དགོས། ཁྱད་པར་བླ་མ་སེར་མོ་ལ་ངན་སྨྲས་ལོག་ལྟ་སྐྱོན་བརྗོད་བརྙས་འཕྱ་བྱེད་མི་ཉན་ཏེ། ཤི་ན་རྣམ་ཤེས་གཏམ་ས། གསོན་ན་སྐྱབས་འཇུག་ཞུ་ས། ཡོད་ན་མཆོད་ས། མེད་ན་ཞུ་ས་ཡིན་ཏེ། ཡུལ་དཀོན་མཆོག་གསུམ་པོ་ལས་གཉན་ཞིག་སྲིད་པ་འདི་ན་མེད་པས་ཡར་དད་གུས་ཚོགས་བསགས་རེ་བྱེད་རྒྱུ་མ་གཏོགས། མར་ངན་སྨྲས་གནོད་པ་རེ་བྱས་རུང་། འབྲས་བུ་བསམ་གྱིས་མི་ཁྱབ་པ་ཡོད་པས། ཁོང་རྣམ་པ་བཟང་ངན་གང་ཡིན་འུ་ཚོས་དཔྱད་མི་ཤེས། རང་གི་མཐོང་སྣང་མ་དག་པ་རེ་ཡོད་ཀྱང་། དག་སྣང་དང་དད་གུས་བྱེད་དགོས། རང་གིས་རང་ལད་ཀ་མ་འཇུག་དང་། གཞན་ངན་རུང་རང་ལ་མི་གནོད། ལར་སྐྱ་སེར་བུད་མེད་མཐོ་དམན་སུ་ཡིན་རུང་། གཞན་སྐྱོན་ཞིག་བཙལ་ནས་འདུག་རྒྱུ་དེ་བས་ཐུ་བའི་སྐྱོན་ཞིག་ཆོས་འཇིག་རྟེན་གཉིས་ཀའི་ལུགས་ན་མེད། གཞན་སྐྱོན་མ་ཡིན་རང་སྐྱོན་ཡིན། །མེ་ལོང་ངོས་ལ་གཟུགས་ཤར་འདྲ། །བཤད་པ་དེའང་ཅུང་ཟད་ཅུང་ཟད་བསམ་ཤེས་ཤིག་མིན་ན། བཤད་དུས་ཉན་ཉན་འདྲ་ཡང་། ཁོང་ན་སྙིང་ཁྲེལ་རེ་ཡོད་ན་འཇིག་རྟེན་པའི་ལུགས་ལ། ཁ་ཚུར་འཁོར་གི་ག་ལི། ཕར་འཁོར་གི་རོག་ལི་ཞིག་རེད་སྙམ་པའོ། །དེའི་ཕྱིར་ན་གཞན་སྐྱོན་མ་བརྟགས། རང་གི་སྐྱོན་ལ་རྟོགས། གཞན་མཚང་མ་འབྲུ། རང་གི་མཚང་ནས་བྲུས་གསུངས་པས། གང་གི་དཔོན་པོ་བློན་པོ་གཙོ་བོ་ཡུལ་མི་རྒན་རབས། ཕ་མ་ཆེ་རྒན་གྲྭ་རོགས་གྲོགས་མཆེད་ཐམས་ཅད་ལ་ཞེ་ས་བསྐུར་སྟི་ཆེ་བཀྱགས་སྟན་བཏིང་ཕར་སྐྱེལ་ཚུར་བསུ་སོགས་བྱས་ནས་དད་དད་གུས་གུས་དང་། རང་དམའ་དམའ་ཞུམ་ཞུམ་བྱེད་དགོས། དེང་སང་འགའ་རེ་ཚོས། ཁོང་ཚོ་མཐོན་པོ་དང་ཕྱུག་པོ་མཁས་པ་དང་མྱི་རབ་ཡིན་སྙམ་ནས། གཞན་ཐམས་ཅད་བརྙས་བརྙས་ཤིག་བྱེད་འདུག་པ་དེ་རང་མཚང་ཕྱིར་བུད་ནི་རེད། ཡོན་ཏན་མེད་པ་ང་རྒྱལ་ཆེ། །སྙེ་མ་སྟོང་པ་མགོ་འཕང་མཐོ། །ཟེར་བའི་དཔེ་རེད། བཙན་ཕྱུག་འཕན་གསུམ་འཛོམས་ནི་ཞིག་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཚོའི་ལྷག་ཅིག་དེང་སང་ཨོས་ཡོད་དེ། དེས་ཀྱང་སྤྲང་པོའི་ཚུལ་གྱིས་རྣལ་འབྱོར་པ་ལ་ཕྱག་དང་བཀུར་སྟི་བྱེད་ཅིང་གཞན་ལ་ཡང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཞག་ཡོད་མ་གཏོགས་རང་འགྱིང་བྱེད་ཀི་མ་བསྡད་ཞིག །དེས་ན་འོག་མ་རྣམས་ཀྱིས་ཁ་མིག་ཡར་ལྟོས། སྔར་དཔེ་ཕྱི་འཇོག་བྱེད་དགོས། གང་བཟང་ཡ་རབས་དེ་རྒྱུད་འཇམ་དུབས་སེ། སེམས་དྲང་ཤད་དེ། ཁོག་ཡངས་ཁྲོལ་ལེ་ཡོད་ནི་ཞིག་ཡིན་དགོས། དེ་བཞིན་དུ་འོག་མ་རྒྱུ་མེད་སྤྲང་པོ་ཁས་དམན་ཉམས་ཆུང་རྣམས་ལ་བརྙས་འཕྱ་དམན་སྡང་མི་བྱེད་པར། ཟས་གོས་སོགས་ཀྱི་ཕན་ཐོག་དང་། ཁ་འཇམ་ཁོག་དྲང་བྱེད་དགོས། ཁས་དམན་ལ་གྱོད་བསྡིག་བརྡུང་བཙོག་སོགས་བྱེད་ནས་དཔའ་དཔའ་ཞིག་ཡིན་མདོག་དེ། ལག་པའི་ཐོག་ལ་གྲི་ངན་རྣོ། །ཁས་དམན་ཐོག་ལ་སྤྲོ་ཐུང་མང་། །སྤྲང་པོའི་ཐོག་ལ་ཁྱི་ངན་བཙན། །ཟེར་རྒྱུ་དེ་རེད། ལར་མཐོ་འདོད་ན་དམན་ས་འཛིན་དགོས། རྒྱལ་འདོད་ན་ཕམ་ཁ་ལེན་དགོས། ཟེར་དཔེ། ལར་འུ་ཚོས་རྒྱུ་འབྱོར་བ། ཐོབ་མངའ་ཐང་སོགས་ཅུང་ཟད་རེ་མཐོང་ན། ཁ་ལག་པས་བཀབ་ནས། ཧ་ལས་འགྲོ་ཁ་དང་། དམན་སྤྲང་པོ་སྡུག་པོ་ངན་པ་སོགས་མཐོང་ན་མར་ཞབས་སུ་བཅད་དེ། ཁོས་མགོ་མཐོ་མཐོ་བྱེད་ཅིང་ཅུང་ཟད་རེའི་མཚར་འགྲོ་རྒྱུ་དེ་མཐོ་དམན་སྐྱིད་སྡུག་མང་པོ་གོ་མཐོང་མ་མྱོང་བའི་རྟགས་ཡིན། མཐོ་དམན་བཟང་ངན་གཞན་སུ་རིག་རུང་། སྐྱིད་སྡུག་མཐོ་དམན་རང་ལ་ཡོད་ཀྱང་། ཧ་ཅང་མཐོ་ཡང་མི་རྒྱག་དམའ་ཡང་བརྙས་པ་མི་ཉན། མཐོ་དམན་སྐྱིད་སྡུག་ཕྱུག་དབུལ་ཐམས་ཅད་པོ་ཚེ་གཅིག་ལ་རྟག་འདུག་རྒྱུ་བོ་དཀོན་ཏེ། མཐུན་པ་ཡུན་དུ་འགྲིགས་པ་དཀོན། །ཕྱུགས་པོ་ཚེ་གཅིག་སྐྱིད་པ་དཀོན། །མཁས་པ་ཉེས་མ་མྱོང་བ་དཀོན། །ཟེར་རྒྱུ་བོ་རེད། དེ་བཞིན་དུ་གྲོགས་དགའ་མཐུན་ཡུལ་མི་ཁྱིམ་མཚེས་ཐམས་ཅད་རྫུན་གཡོ་རྒྱུ། རྐུས་མཁའ་གཡེན། ཁྲེལ་བློ་མེད། ངན་བླ་བཙག་མེད་པར་ཕན་ཅི་ཐོགས་དང་། བྱ་སྤྱོད་ཅུང་ཟད་རེས་དགའ་སྡུག་མི་བྱ་བར་བཟང་ཤོང་ངན་ཤོང་སྐྱིད་ཁྱོག་སྡུག་ཁྱོག་རེ་དགོས། གྲོགས་དང་བྱ་སྤྱོད་གང་ཡང་དྲན་རྒྱུ་མི་མང་བར་བློ་སྣ་གཅིག་གི་ཐོག་ཏུ་འདུག་དགོས། སུ་ལའང་ཁྲེལ་ངོ་ཚ་མི་འབོར་བར་གྲོས་མཐུན་ཏུ་འགྲོགས་དགོས། རང་ས་མྱི་བཞག །མྱི་ས་རང་བཞག་ནས་དཔྱད་རྒྱུ་བོ་གལ་ཆེ། ལར་སུ་ཡིན་རུང་རང་སྐྱོན་གོ་དགོས། གཞན་སྐྱོན་ཚོལ་བའི་ཐུར་མ་རྣོ་རུང་། རང་སྐྱོན་བལྟ་བའི་མེ་ལོང་ཡོད་ནི་ཤིན་ཏུ་དཀོན། རང་གིས་རང་མ་བརྟགས་ན། རོག་གིས་བཤད་ནི་མེད། ངོ་རིག་དུས་ངོ་བསྟོད་བརྒྱ་བཤད་རུང་། ཕར་འཁོར་དུས་ངན་བཤད་བླ་བཙག་ལས་མེད། གལ་ཏེ་བསམ་བཟང་རེས་སྐྱོན་དངོས་སུ་བཤད་ནི་ཡོད་ཀྱང་བཤད་པས་གོ་ནི་ཡང་མེད་དེ། གནོང་ཅན་ཁྲོ། རྒྱབ་བཅད་འཕགས་ཟེར་བ་ལྟར་འཁོན་དུ་འཛིན་ཡོང་། དེང་སང་ཀུན་གྱིས་རང་བཟང་ཆགས་བྱེད་ནི་ཤ་སྟག་རེད། བཟང་གོབ་ཆོད་ནི་རེ་དཀའ། མཁས་པའི་གཞུང་ལུགས་ལ་སུས་དཔྱོད་ན་དེས་བཟང་གོབ་ཆོད་རྟགས་ཡིན། དོན་རང་གཤིས་བརྟགས་ནས་རང་རྒྱུད་བཅོས་པ་གལ་ཆེ། ཞེས་ཟེར་རོ། །གཞོན་ནུ་བློ་ལྡན་གྱིས། དེ་ལྟར་མཐོ་དམན་བར་གསུམ་སུ་ལ་རང་གིས་ཡིན་ལུགས་བཤད་ཀྱང་། དེང་སང་དཔོན་འགའ་རེ་ཚོ་ལ་ཚེ་གཅིག་ཏུ་ཁྲལ་འགྲོ་འདུག་གི་ཞབས་ཞུ་བསྒྲུབ་རུང་། ཅུང་ཟད་ཙམ་རེས་རྒྱུ་ཟས་སྲོག་ཀྱང་བརླག་པ་དང་། དེ་བཞིན་དུ་དམན་སྤྲང་བོ་གཉེན་ཉེ་མཛའ་ཚོའི་ནང་ནའང་ཕར་ལ་བུ་བཞིན་བསྐྱངས་ན། ཚུར་ལ་རྒྱུ་ཟོག་ཆུང་མ་སོགས་རྐུ་འཕྲོག་རྡོས་བཅད་སོགས་དགྲ་བཞིན་དུ་གནོད་སྐྱེལ་ནི་ཡང་ཡོད་པས་དེ་དག་ལ་ཅི་དགོས་བཤད་དུ་གསོལ་ཟེར་བ་ལ། རྒན་པོས་འོ་བློ་དང་ལྡན་པ་ཁྱོད་དེ་ལྟར་ཞིབ་ཏུ་འདྲི་དགོས་ཏེ་ཧང་ཧང་ཙམ་གྱིས་གོ་དཀའ། ཉོན་དང་མཐོ་དམན་བར་གསུམ་སུ་ཡིན་རུང་། དང་པོ་བཟང་ངན་བརྟགས་དགོས། སྤྱིར་མྱི་ལ་རབ་འབྲིང་ཐ་གསུམ་ཡོད། རབ་ཀྱིས་ཡུལ་ཁམས་སྡེ་འབངས་ཀུན་གྱི་སྤྱི་ཡི་དོན་བྱེད་བཞིན་རང་དོན་ཞོར་འབྱུང་དུ་འགྲུབ་ཡོང་། འབྲིང་གིས་གཞན་ལ་མི་གནོད་བཞིན་རང་དོན་སྨོན་རྒྱུ་ཞིག་འགྲུབ། ཐ་མས་གཞན་ལ་གནོད་སྐྱེལ་བཞིན་རང་དོན་ཁོ་ན་བསྒྲུབ་པ་ཡིན། དེ་རེ་རེ་ལའང་རབ་འབྲིང་ཐ་གསུམ་དགུ་རེའི་དབྱེ་བ་ཡོད་ཀྱང་། དེང་སང་བསྟོད་ན་ཨ་སྔོན་དཀྱིལ་རེད། སྨད་ན་དོག་མོའི་ས་རེད། དེ་མིན་རང་རང་གི་ཚད་ནས་མི་འཇོག་རྒྱུ་དེ་ཁོག་པ་ཆུང་བའི་སྐྱོན་རེད། ལར་ཆ་མེད་ལ་བསྟོད་སྨད་མ་སྔ། ཆ་ཡོད་ལ་དགའ་སྡུག་མ་སྔ་ཟེར་བའི་དཔེ། བཟང་པོ་བླ་མ་མྱི་དཔོན་ཚོ་ལ་སྐྱོན་རེ་དང་། ངན་པ་སྤྲང་པོ་ཆོམ་རྐུན་སོགས་ལ་ཡོན་ཏན་སྣ་རེ་རེ་མེད་ནི་མེད་དེ། །སྐྱོན་ཟད་ཡོན་ཏན་ལྡན་པའི་མྱི་དཀོན། །འཛེར་མེད་དྲང་པོར་སྐྱེས་པའི་ཤིང་དཀོན། །རྣོ་མཉེན་ངར་དང་ལྡན་པའི་ལྕགས་དཀོན། །ཟེར་རྒྱུ་བོ་རེད། མཁས་པའི་ཁོག་དང་། གཡོ་ཅན་གྱི་རྒྱུས། འཛུམ་བག་ཅན་གྱི་གཤིས་རྣམས་གོ་དཀའ། ལར་མངོན་ལྐོག་གནད་སྐྱོན་སོགས་ཐབས་ཀྱིས་རྟོགས་དགོས་ཏེ། དཔྱད་ཤེས་ན་གང་བྱུང་གོམས་ཆ་སྐྱེས། །བརྟགས་ཤེས་ན་གང་མཐོང་ཆ་རྒྱུས་ལོན། །ཟེར་བ་ལྟར། དང་པོ་ཞིབ་པར་མ་བརྟགས་ན་གོ་དཀའ་སྟེ། དགྲ་འདྲེ་གཉིས་དང་མ་ཐུག་ན། རང་ཚུགས་ཅན་རེ་སུ་ཡང་ཡིན། །རྒྱུ་ཚག་གཉིས་དང་མ་ཐུག་ན། །ཁ་ཡག་ཅན་རེ་སུ་ཡང་ཡིན། །གྱོད་རྐྱེན་གཉིས་དང་མ་ཐུག་ན། །ཁ་མཁས་ཅན་རེ་སུ་ཡང་ཡིན། །སྐྱིད་སྡུག་སྟེང་དུ་མ་བབ་ན། །ཨ་མའི་གོ་ཁའི་སུ་ཡང་བཟང་། །ཟེར་བ་ལྟར་ཡིན་པས། བཟང་ངན་དགྲ་གཉེན་གང་ཡང་མྱུར་དུ་ཐག་མི་བཅད་པར་ཞིབ་པར་བརྟགས་དཔྱད་བྱ་དགོས། གོང་གི་དཔོན་པོ་སོགས་གཙོ་བོ་རྣམས་ནི། སྤྱིར་ཁ་ཉུང་ཁོག་ཡངས་ཚོད་ཟིན་ཚུགས་ཐུབ་བསམ་བཟང་སྤྱོད་ཞིབ་སོགས་ཡོན་ཏན་ཐམས་ཅད་ཚང་བ་དང་། ཁྱད་པར་ཁྲམ་ཁྲིམས་རང་གཞན་མཐོ་དམན་སོགས་ཀྱི་དབང་དུ་མི་གཏོང་བར་རྒྱུ་འབྲས་ལྟར་སྙོམས་པ་ཞིག་དགོས། ལར་དཔོན་མེད་ན་འབངས་མགོ་སུ་ཡིས་སྐྱོབས། །འབངས་མེད་ན་རྒྱལ་བོ་སུ་ལ་བྱེད། །དཔོན་དྲང་ན་སྡེ་འབངས་སྐྱིད་ཅིང་བཙན། །འབངས་རྒྱས་ན་རྒྱལ་པོའི་རྒྱན་དེ་ཡིན། །ཤིང་གིས་ཤིང་བཀྱགས་ན་ཀ་བ་དང་གདུང་མ། །མྱིས་མྱི་བཀྱགས་ན་དཔོན་པོ་དང་གཡོག་པོ། །ཟེར་བས་དཔོན་གཡོག་རྗེ་འབངས་ཕན་ཚུན་ཕ་མ་ལྟར་བརྟེན་དགོས། ཕ་མ་ཨ་ཁུ་ཞང་བོ་སོགས་རྒན་རབས་རྣམས་ནི། ཁ་ཉུང་གཤིས་འཇམ་ལུས་བདེ་སེམས་བདེ་འཆི་ཆོས་མ་ཎི་རྡོག་རེར་འབད་འདུག་ནི་ཞིག་དགོས། སྐྱེས་པ་རྣམས་ནི་བློ་དང་བྱ་བ་ཚོད་ཟིན་པ། དགྲ་དང་བཙན་པོ་ཡ་ཟིན་པ། གཉེན་དང་དམན་པའི་ཚིག་ཁྱག་པ། རྒྱུད་འཇམ་ཞིང་རང་ཚུགས་མི་འཆོར་བ་ཞིག་དགོས། ཕུ་ནུ་ནང་འཛིང་བྱུང་ན་ཁྲེལ་མེད་རྒྱལ། བཟའ་ཚང་ནང་འཛིང་བྱུང་ན་ནག་མོ་རྒྱལ། ཟེར་བ་ལྟར། ཕྱིའི་དགྲ་འདུལ་བ་ལ་རྒྱལ་ཁ་གང་ལོན་དང་། ནང་གི་གཉེན་ཉེ་བ་ལ་ཕམ་ཁ་ལེན་གང་ཐུབ་དེ་བུ་བཟང་བ་ཡིན། བུད་མེད་ཚོ་ཡང་ཁ་དང་བློ་མི་མང་བ། རང་མྱི་ལྷ་ལྟར་བརྩི་བ། གཞན་མྱི་ནད་ལྟར་འཛེམ་པ་ཞིབ་ཚགས་བསོགས་འཇོག་ལ་མཁས་པ། བྲན་གཡོག་སྒོ་ཁྱི་ཕྱུགས་ལུག་སྐྱོང་བ། དམན་ས་འཛིན་ཅིང་ཁྲེལ་དང་ངོ་ཚ་ཆེ་བ་ཞིག་དགོས། བྲན་གཡོག་སོགས་དམན་པ་རྣམས་ནི་ངན་གཡོ་སྒྱུ། རྐུས་ཁ་དབྱེན་མེད་ཅིང་རྟག་ཏུ་གོ་ཆོད་ཅིང་ཤ་ཚ་བ་ཞིག་དགོས། དེ་ལྟར་མཐོ་དམན་བར་གསུམ་སུ་ཡིན་རུང་། བསམ་ངན་གཡོ་སྒྱུ་བློ་མང་ཚོད་མེད་ངན་པ་རྣམས་དང་པོ་ནས་སྤང་དགོས་ཏེ། ཞེ་སྡང་གི་དགྲ་བོ་མེད་ན་དགའ། ཤིག་ཚང་གི་དུག་པོ་མེད་ན་དགའ། ཟེར་རྒྱུ་བོ། སྤྱིར་ནི་གཅིག་ལ་བཟང་ཀྱང་ཀུན་ལ་མི་བཟང་། གཅིག་ལ་ངན་ཀྱང་ཀུན་ལ་མི་ངན། སེམས་ཅན་རང་རང་གི་མོས་པ་དང་ལས་སྣང་སྣ་ཚོགས་ཡིན། དགྲ་ལ་ཡང་། སྔོན་ལས་ཀྱི་དགྲར་གྱུར་བ་དང་། རང་ཉེས་ཀྱི་དགྲར་གྱུར་བ་དང་། ཕ་རོལ་པོས་མ་ཤེས་པར་དགྲར་གྱུར་བ་དང་། ཐབས་མེད་ཀྱིས་དགྲར་གྱུར་བ་དང་། གཞན་གྱི་ཁ་དབྱེན་དང་རང་གིས་དཔྱད་མ་ཤེས་པས་དགྲར་གྱུར་པ་སོགས་མང་བོ་ཡོད། དགྲ་ཡང་རབ་བརྟེན་ཆོག་པ་ཞིག་ཡིན་ན། བྱམས་པའི་ཚིག་གིས་སེམས་རྣལ་དུ་ཕབ་སྟེ་དགྲ་ཐབས་ཀྱིས་གྲོགས་སུ་སྡུད་པ་ནི་དཔའ་བོ་མཁས་པའི་ལུགས་ཡིན། དགྲ་ཁ་འཇམ་ཁོག་རྩུབ་ངན་པ་རྣམས་གཡོ་ཐབས་ཀྱིས་འདུལ་བའམ་དཔྱོད་ཤེས་བཙན་པོའི་སྒོས་འདུལ་བ་ནི་དཔའ་བོ་མཁས་པའི་ལུགས་ཡིན། མི་ཐུབ་བཞིན་དུ་གྲིར་ལྕེབ་པ་ནི་བླུན་པོའི་ལུགས་ཡིན་པས། བཤད་མི་ཤེས་ཁ་རོག་བསྡད་ན་མཛེས། །བྱ་མི་ཐོན་ཁ་མགོན་བསྐྱུར་ན་མཛེས། །དཔའ་མི་ཐུབ་རྒྱང་ནས་བཞག་ན་མཛེས། །ཟེར་རྒྱུ་བོ་ཡིན། གཉེན་ལ་ཡང་། ཁ་ཡག་ངོ་བསྟོད་མི་བྱ་བར་ཉེས་པ་བྱུང་ན་བཤད་དེ་དེའི་རྒྱུད་བཅོས་ཐབས་དང་། ལེགས་ན་གཏང་རག་ཚིག་གིས་ཕན་ཐོགས་ཐབས་བྱེད་དགོས། ཁྱད་པར་བུ་དང་ཚ་བོ་བྲན་དང་ཆུང་མ་སོགས་ངན་ལང་དུ་མི་གཏང་བར་འཇམ་རྩུབ་རན་པ་ཞིག་གིས་ལམ་ལ་འཇོག་དགོས། མི་ངན་ཁ་ཅིག་འཇམ་པོས་མི་འདུལ་ཏེ། དྲག་པོས་འདུལ་བའང་ཡོད་དེ། རྔ་དང་རོལ་མོ་བརྡུང་ན་སྙན། །གྱང་དང་ཕུར་བ་བརྡུང་ན་སྲ། །ཀོ་དང་མྱི་ངན་བརྡུང་ན་འདུལ། །བུ་དང་བུ་མོ་བརྡུང་ན་ཉན། །ཟེར་བ་ལྟར་ཡིན་པའང་ཡོད། །ཡང་མྱི་ངན་འགའ་རེས་བཟའ་ཚང་དང་གྲོགས་པོ་སོགས་བཟང་བོ་རེ་ཡོད་དུས་མི་གོ་བར་འཐབ་རྩོད་བྱེད་ཅིང་ཕྱི་ནས་བྲལ་སོང་དུས་འགྱོད་པའང་ཡོད་དེ། འདྲིས་ཆེ་ན་མིག་གིས་རྫི་མ་མི་རིག་ཟེར། དེ་ཚོ་འདྲིས་ཡུན་མེད་རྟགས་རེད། ལར་ཤེས་དགོས་རྒྱུ་ཞིག་ལ་མི་འདིའི་ཐུ་མེད། མི་རབ་རེ་རེས་ཡུལ་ཁམས་སྡེ་འབངས་མང་བོ་བདེ་བར་བཀོད། མི་ངན་རེ་རེས་ཡུལ་སྡེ་མང་བོ་དཀྲུགས་ཤིང་བྱེད་ནི་ཚོ་ཡིན། ལར་གྲོགས་བཟང་བོ་དང་འགྲོགས་ན་བཟང་འགོ །གྲོགས་ངན་པ་དང་འགྲོགས་ན་ངན་འགོ་བས་གྲོགས་འདི་གལ་ཆེ་སྟེ། དགེ་བའི་གྲོགས་པོ་གསེར་ལས་དཀོན །གཞན་ཕྱོགས་ཡིན་ཡང་གཉེན་དུ་ཁུག །སྡིག་པའི་གྲོགས་པོ་དུག་ལས་ཐུ། །རང་ཕྱོགས་ཡིན་ཡང་བོར་ན་ལེགས། །གསུངས་པ་ལྟར་གྲོགས་ལ་ལེགས་པར་བརྟགས་ན་བརྟེན་བྱ་དང་སྤང་བྱ་ལ་སོགས་མང་པོ་ཡོད་པས་ཞིབ་པར་འདི་ཙམ་གྱིས་ཀྱང་མི་གོ་བས་ལེགས་པར་ཤེས་པར་གྱིས་ཤིག །ཟེར་བ་དང་། ཡང་གཞོན་ནུ་བློ་ལྡན་གྱིས་འདི་ལྟར་ཞུས་སོ། །བློ་དང་བྱ་བ་ཚོད་ཟིན་དགོས་གསུངས་པ་འདི། བྱ་བ་སྤྱོད་པ་གཉིས་ཇི་ལྟར་དགོས། བཤད་པར་ཞུ་ཞེས་ཟེར་བ་ལ་རྒན་པོས་འོ་ཡ་ཡ། ད་བྱ་བ་ནི་འགྲོ་འདུག་ལས་ཀ་དགྲ་འདུལ་གཉེན་སྐྱོང་སོགས་ཡིན། སྤྱོད་པ་ནི་རང་གིས་རྒྱུན་གྱི་ཟ་འཐུང་ཉལ་འདུག་སོགས་བཤད་ལུགས་འགྲོ་ལུགས་དེ་ཡིན། དེ་གཉིས་ཀ་ལ་བཟང་ངན་ཡག་ཉེས་ཐམས་ཅད་རང་གིས་རྟོག་གཞན་ལ་དྲིས། སྔར་སོང་ལ་དཔེ་ཞོག །ཕྱི་འོང་ལ་འདིང་རྒྱོབ། རང་གི་ཚོད་དང་བསྟུན། ཡུལ་གྱི་སྤྱོད་པ་དང་བསྟུན། ཆེན་པོ་ཐུབ་མི་ཐུབ་ཆུང་ངུ་བརྙས་མ་བརྙས་ཁེ་ཉེན་བཟང་ངན་འགྲུབ་མི་འགྲུབ། འགྲུབ་ན་ཆེ་ཆུང་སོགས་བརྟགས་ཤིང་དཔྱོད། ཐབས་རིམ་གྲོ་དང་ཚོགས་བསགས་སོགས་དང་པོ་ནས་གཟབ་དགོས། གཏམ་གྱི་མགོ་དཀའ། བྱ་བའི་གཞུང་དཀའ། ཆོས་ཀྱི་མཐའ་དཀའ་ཟེར་བ་ལྟར་བྱ་བ་གང་བརྩམ་དེ་མཐར་མ་ཕྱིན་གྱི་བར་དུ་སྙིང་སྟོབས་དང་བཟོད་བསྲན་བསྐྱེད་དགོས། བློ་མང་མི་ཉན། མྱི་ཁ་རྒྱུག་མི་ཉན། བྱ་བ་གཅིག་ཡག་སོང་ན་ཡག་ཐོག་གི་ཚོད་ཟིན་དགོས། བྱ་བ་ཞིག་ཉེས་སོང་ན་གཞན་བསམ་བཟང་གིས་ལེས་བརྡ་དང་ཞེ་འགྱོད་མེད་ནི་ཞིག་དགོས། གལ་ཏེ་ལེ་བརྡ་བྱས་ན་དེའི་ཚིག་རྐྱེན་ཁྱོག་དགོས། བརྟགས་དཔྱད་མཁས་པས་བྱ་བ་འགྲུབ། །བསོད་ནམས་ཤུགས་ཀྱིས་བདེ་བ་འགྲུབ། །གསུངས་པས། རང་གི་འདི་ཕྱི་གཉིས་ཀའི་བདེ་ཐབས་འཆུག་མེད་ནི་བླ་མ་དཀོན་མཆོག་གསུམ་གྱི་ཞིང་ས་ལ་ཚོགས་བསགས་པ་ཡིན་ཏེ། འབད་རྩོལ་རི་བོ་ཙམ་གཅིག་བྱེད་པ་ལས། །བསོད་ནམས་མེ་སྟག་ཙམ་གཅིག་བསགས་ན་དགའ། །ཟེར་བ་དང་། བསོད་ནམས་ཤུགས་ཀྱིས་དོན་འགྲུབ་པ། །ཉི་མའི་འོད་བཞིན་ལྟོས་པ་མེད། །འབད་པའི་ཤུགས་ཀྱི་དོན་འགྲུབ་པ། །མར་མེའི་འོད་བཞིན་ཀུན་ལ་ལྟོས། །གསུངས་པ་ལྟར་ཡིན། མེད་པ་རྣམས་མི་ལ་ཚོས། ཁ་སྐྱིད་འཕྱོར་དགའ་མ་ཆེ། དུ་བ་ཆང་སོགས་མགོ་སྟོང་གི་བྱ་བ་མ་དྲན། ཉིན་རྫི་མཚན་སྲུང་ཚག་དམ་ཟུང་སོགས་ཞིབ་པར་གྱིས། བོར་བརླག་ཆུད་ཟོས་སུ་མ་སོང་བར་བསོགས། ཁྲེལ་མེད་ལ་གཡར་སྐྱིན། རྒྱུས་མེད་ལ་ཚོང་བཞག་སོགས་མི་ཉན། ཕྱི་རྐུས་ནང་བསྡམ་ངན་གཡོ་རྒྱུ་རྐུ་འཕྲོག་བྱས་ན་མཐར་རང་སྲོག་ཀྱང་བརླག་སྤྱད་ཡིན། ལར་རང་ལ་སྔོན་བསགས་ཞིག་མེད་ན་འབད་རྩོལ་ཁོ་ནས་ཡར་མི་ཞོག་སྟེ། རྒྱུ་བསགས་པས་མི་སོགས་བསོད་ནམས་བསགས་པས་སོགས། །གོས་གྱོན་པས་མི་འཛད་དབང་ཐང་ཟད་ཉིན་འཛད། །མི་ན་བས་མི་འཆི་དུས་ཚོད་བབ་ཉིན་འཆི། །ཟེར་རྒྱུ་བོ་ཡིན། ཕྱུག་པོ་རབ་ཀྱིས་ཆོས་ཕྱོགས་ལ་གཏོང་། འབྲིང་གིས་གཞན་ལ་ཕན་ཐོགས་བྱེད་། ཐ་ནའང་རང་གི་ཁ་རྒྱབ་གཉིས་སྐྱིད་པོ་ཞིག་དགོས། དེ་མ་ཐུབ་ན། སེམས་བསམ་པ་མུན་མགོ་རུག་དུས། །རྒྱུ་ལག་ན་ཡོད་པས་མི་ཕན། །ཟེར་རྒྱུ་བོ་རེད། མི་གཞི་འཇམ་ལ་རང་ཚུགས་མ་འཆོར། གཞན་ལ་བཟང་ངན་གང་བྱས་མ་བརྗེད། རང་ལ་བཟང་ཡས་ངན་ཡས་ཀྱི་ཁྱད་གོ་དགོས། མྱུར་དུ་དགའ་སྡུག་མ་སྔ། གཏམ་གོ་ཚད་དྲན་ཚད་མ་བཤད། །གཏམ་དྲན་ཚད་བཤད་ན་སྨྱོན་པ་ཡིན། །ཟས་ཅི་རིག་ཟོས་ན་ཁྱི་ཕག་ཡིན། །བྱ་བ་གང་དྲན་སྒྲུབ་ན་མགོ་སྟོང་ཡིན། །ཟེར་དཔེ། ཆུ་བྲག་དགྲ་རྐུན་སོགས་ལ་ཕོད་མ་བཙོང་། གནོད་པ་ཆུང་ངུ་རྣམས་ལ་དོག་ཟོན་གྱིས། ཕན་ཐོགས་ཆུང་རུང་ཉམ་ཆུང་ཁ་ལ་ཉན། བཟང་ངན་ཀུན་ལ་ལྐོག་ཕྲས་ངན་བཤད་མ་བྱེད། ཁ་ཉུང་ལ་ཁོག་པ་ཡངས་ཡངས་ཀྱིས། དགོས་དུས་སུ་རྒྱུ་མཚན་ཞིབ་པར་ཤོད། ཁས་ལེན་མ་མང་བར་སྨྲས་ཚད་མི་རྫུན་པ་གྱིས། བཟང་པོ་ལ་རྒྱུ་ཚག་གང་ལ་ཐུག་ན་ཡོད་ནི་གྱིས། ངན་པ་ལ་རྒྱུ་མཚན་གོ་བར་ཤོད་ལ་གནོད་ཀ་མ་འཇུག །ཆ་མེད་ལ་ཞེ་ས་ཟས་འདྲེན་བཟང་བོ་གྱིས། རྒྱུ་ཟས་ནོར་དང་གཏམ་རང་རྒྱུས་མ་འཆོར། ཆ་ཡོད་ལ་ཕན་གང་ཐོགས་གྱིས། བློ་ཁྲེལ་མནའ་རྫུན་མ་ཤོར། གཞན་རྒུད་དུས་དང་ཉེས་དུས་མ་སྨོད། རང་དར་དུས་དང་རྒྱགས་དུས་མ་ཁེངས། དཔོན་བཟང་པོ་དང་བན་བོན་གཉེན་སོགས་མ་བདོ། མི་བློ་མང་དང་དགའ་སྡུག་ཆེ་བའི་རྗེས་སུ་མ་འདོང་། བཤད་ཚད་བདེན་དུ་མ་འཛིན། །གནོད་ཚད་དགྲ་རུ་མ་ལྟ། །མཐུན་ཀྱང་སྙིང་གཏམ་མ་བཤད། །མཁོན་ཡང་སྐྱོན་མཚང་མ་བྲུ། །ཕར་སོང་མེད་པའི་མི་ལ་རེ་མ་ཆེ། །ཆ་རྒྱུས་མེད་པའི་མི་ལ་བློ་མ་གཏོད། །མང་པོའི་ནང་དུ་ཚིག་མ་མང་། །གཅིག་པུར་འདུག་དུས་ལག་མ་མང་། །ནམ་དང་ནམ་དུ་བྱ་བ་མ་མང་། །བློ་གཏད་ཀྱི་གྲོགས་མ་བསླུ། །གཞན་ནོར་ལ་ཧེབ་མ་ཆེ། །ལར་རང་དབང་ཐམས་ཅད་བདེ་བ་ཡིན། །གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། །ཐུན་མོངས་པ་ནི་རྩོད་པའི་གཞི། །དམ་བཅའ་བ་ནི་འཆིང་བའི་རྒྱུ། །ནོར་གྱི་མཆོག་ནི་ཆོག་ཤེས་ཡིན། །ཡོན་ཏན་མཆོག་ནི་ཕན་སེམས་ཡིན། །རྒྱན་གྱི་མཆོག་ནི་མཁས་པ་ཡིན། །གྲོགས་ཀྱི་མཆོག་ནི་མི་བསླུ་བ། །བདེ་བའི་མཆོག་ནི་སེམས་བསྐྱེད་པ། །ཟེར་བ་ཡིན། ནོར་ཅན་ཚོ་བླུན་པོའི་ནང་ན་ཡོད། །དཔའ་བོ་ཚོ་གཅན་ཟན་ཁྲོད་ན་ཡོད། །རང་དོན་ཙམ་དུད་འགྲོ་ཚོས་ཀྱང་འགྲུབ། །ཡ་རབས་དེ་འཇིག་རྟེན་འདི་ན་དཀོན། །ཟེར་བ་ཡིན་པས། སྐྱེ་བོ་ཡ་རབས་གཞན་ཕན་དམ་པའི་ལུགས་ལ་སློབས་ཤིག །མྱིའི་བཟང་ངན་རང་གིས་དཔྱད་ན་མ་གཏོགས་དེང་སང་སྤྱིར་སྐྱེ་བོ་ཡ་རབས་དམ་པའི་ལུགས་སྲོལ་དང་མཐུན་མི་མཐུན་མི་ལྟ་བར། རང་ལ་ཕན་ཐོགས་ངོ་འཇམ་རེ་བྱས་ན་བསྟོད་ཅིང་། རང་ལ་མི་དགའ་ན་ངན་སྨད་བྱེད་པ་དང་། གཞན་གྱི་ཁར་བརྒྱུགས་ནས་བསྟོད་སྨད་བྱེད་པ་ལ་ཉན་རྒྱུ་མེད། མཁས་པས་རང་གི་དཔྱོད་ཤེས་ཤིང་། །བླུན་པོས་གྲགས་པའི་རྗེས་སུ་འབྲང་། །ཁྱི་རྒན་ཀུ་ཅོ་འདོན་པ་ལྟའི། །དེ་ལ་རྒྱུ་མཚན་ཅི་ཞིག་ཡོད། །གསུངས་པ་དང་འདྲ། གཏམ་མི་ཁ་བརྒྱུད་ན་ཇེ་མང་ཡིན། །ཟས་མི་ལག་བརྒྱུད་ན་ཇེ་ཉུང་ཡིན། །ཟེར་བ་ལྟར་དེས་ཀྱང་མི་ཤེས། བྱ་བ་ཀུན་ལ་རང་གིས་ས་ཚོད་ཟིན་དགོས། །བྱ་བའི་དོན་འགྲུབ་ཟིན་དགོས། །གྲོགས་ཀྱི་བསམ་པ་འཛིན་དགོས། །མིའི་སེམས་རྒྱུད་གོ་དགོས། །ལོངས་སྤྱོད་ལ་བེད་ཆོད་དགོས། །སྤྱོད་པ་ཡུལ་དང་བསྟུན། །ཟས་གོས་རྒྱུ་དང་བསྟུན། །གཏམ་གྲོགས་དང་བསྟུན། །སེམས་ཆོས་དང་བསྟུན་ཏེ་འདི་ཕྱི་བདེ་བའི་ཆོས་ལ་འབད་དགོས། སེར་སྣ་མི་ཆེ་བར་ཟུང་སོགས་ཚགས་དམ་དགོས། མི་གཞི་འཇམ་ལ་བསྒྱུར་དུ་མེད་པ་ཞིག་དགོས། རྒྱུད་དྲང་ཞིང་ཚོད་ཟིན་པ་ཞིག་དགོས། དེ་ལྟར་རེམ་རེམ་ཟེར་བ་ལ། ཡང་གཞོན་ནུ་བློ་ལྡན་གྱིས་དེ་ལྟར་བསླབ་བྱ་མང་པོ་བློས་མི་ཟིན་པ་རྣམས་ལ་མདོ་རྩ་ཀུན་འདུས་ཤིག་བཤད་དུ་གསོལ། ཞེས་ཟེར་བ་ལ། རྒན་པོས་འོ་བློ་དང་ལྡན་པ་ཁྱོད་ཉོན་ཅིག །མྱི་ལུགས་ཐམས་ཅད་གཙོ་བོ་ཚུར་བསྡུ་ན། རྒྱུད་འཇམ་པ་དང་གཅིག །ཚོད་ཟིན་པ་དང་གཉིས། ཁོག་ཡངས་ཚུགས་ཐུབ་དང་གསུམ། བརྟགས་དཔྱད་མཁས་པ་དང་བཞི། ཐམས་ཅད་ཀུན་ལ་ཕན་སེམས་དྲང་པོས་ཟིན་པ་དང་ལྔ་པོ་ལ་ཐམས་ཅད་འདུས་ཡོད། དང་པོ་རྒྱུད་ཁོང་ཁྲོ་གདུག་རྩུབ་ཅན་གྱི་མི་དེ་སུ་ལ་མི་མཐུན། ཕར་ལ་ཕན་བཏགས་ཀྱང་སུན་འགྲོ། ཀུན་གྱིས་རིག་པ་མེད་པས་རྒྱུད་འཇམ་དགོས། རྒྱུད་འཇམ་ཟེར་རྒྱུ་བོ་དེ་ཀུན་ལ་ཁོང་ཁྲོ་ཚིག་རྩུབ་མེད་པར་རྒྱུད་འཇམ་དུང་ངེ་ཡོད་ནི་ཞིག་ལ་ཟེར་ནི་རེད་མ་གཏོགས། སྣབས་འདྲ་འདྲ་སུ་ཡིན་ངོར་འགོས་འགྲོ་ནི་ཞིག་ལ་ཟེར་ནི་མ་རེད། དེ་དོན་ཚན་གཅིག་རེད། བྱ་བ་མང་ཞིང་རང་ཚོད་མ་ཟིན་ན། སྐབས་རེར་ཡག་རུང་སྐབས་རེར་རང་ཕུང་མྱིས་འཕྱ་ཟེ་ཞིག་རེད་འགྲོ་བས་གྲོགས་དང་བྱ་བ་རང་ཚོད་ཞིག་གི་ཐོག་ནས་བློ་སྣ་འགྱུར་ལྡོག་མེད་པར་རང་ཚུགས་ཟིན་དགོས། རང་ཚོད་ཟིན་ཟེར་རྒྱུ་བོ་བྱ་བ་གང་བྱེད་རུང་རང་གི་རྒྱུ་ཚོད་ཐུབ་ཚོད་དུས་ཚོད་མྱི་ཚོད་སོ་སོར་བསྟུན་ཤེས་ནི་ཞིག་ལ་ཟེར་ནི་རེད་མ་གཏོགས། གླེན་པས་ཨུ་ཚུགས་བྱས་ནས་གཞན་གྱི་བྱ་སྤྱོད་གང་ཡང་ཁས་མི་ལེན་ནི་ཞིག་ལ་ཟེར་ནི་མ་རེད། དེ་དོན་ཚན་གཉིས་པ་རེད། ཁ་ཟས་བུད་མེད་ནོར་རྫས་སོགས་མི་འདོད་ནི་མེད་ཀྱང་། ཕུག་གི་ཁེ་ཉེན་དང་ངོ་ཚ་ཁྲེལ་བ་ལ་བསམ། ཡང་ཚིག་ངན་སོགས་གནོད་པ་ལ་མི་ཁྲོ་ནི་མེད་ཀྱང་། ཕྱི་འདིང་ཁྲིམས་ཆད་སོགས་ལ་བསམ་ནས་སྐྱིད་སྡུག་གང་གི་སྐབས་ཀྱང་གཤིས་མི་འགྱུར་བར་རང་ཚུགས་ཐུབ་ན། ནམ་ཕུག་རྒྱལ་ཁམས་ཀུན་གྱིས་བསྟོད་ཡོད་པས་ཚུགས་ཐུབ་པ་གལ་ཆེ། ཚུགས་ཐུབ་ཟེར་རྒྱུ་བོ་རང་གིས་དྲན་ཚད་མྱིས་ཟེར་ཚད་པོའི་རྗེས་སུ་མི་རྒྱུག་པར་བྱ་སྤྱོད་རྟག་ཐུབ་པ་ཞིག་ལ་ཟེར་ནི་རེད་མ་གཏོགས། རྒལ་ཚིག་ནང་དུ་དབྱུག་པ་དྲང་པ་ལྟར་བཀུག་རྒྱུ་མེད་ནི་ཞིག་ལ་ཟེར་ནི་མ་རེད། དེ་དོན་ཚན་གསུམ་པ་རེད། དེ་ལྟར་བྱ་སྤྱོད་ཐམས་ཅད་ལ་འདི་དང་ཕྱི་མ་རང་དང་གཞན་ལ་འཕྲལ་དང་ཡུན་དུ་གང་ལ་གང་ཕན་ཁ་ཉེས་ལག་ཉེས་ཐམས་ཅད་ཞིབ་པར་བརྟགས་དཔྱད་མཁས་ན་གང་བསམ་ཐམས་ཅད་ལེགས་པར་འགྲུབ་འོང་། བརྟགས་ལོང་དཔྱད་ལོང་མེད་པར་བསྒྲུབས་ན་འུ་ཚོས་མ་ཟད་རྒྱལ་པོ་དཔའ་བའི་སྦྱིན་དང་། ཀ་ལིང་ཀའི་རྒྱལ་པོ་ཚོས་ཀྱང་། བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་དང་། དྲང་སྲོང་བཟོད་པ་སྨྲ་བ་ཚོ་བཙུན་མོ་རྣམས་དང་ལྷན་གཅིག་ཏུ་འདུག་ལུགས་ལ་བལྟས་ན། འདིས་འདོད་པའི་དབང་གིས་བཙུན་མོ་བསྡུ་འདོད་རེད་སྙམ་ནས། ཤན་པ་དང་ཁོ་རང་གིས་བཀྲོངས་ཏེ་ཕྱི་ནས་འགྱོད་པ་སྐྱེས་པ་ལྟ་བུ་དང་། ཡང་གཞན་གྱི་ཁར་རྒྱུག་པ་དང་གཡོ་སྒྱུས་གཞན་མགོ་ལ་བསྒྱུར་བའང་ཡོད་དེ་གཡོན་ཅན་པདྨའི་རྩ་ལག་གིས་བཟང་མོ་བསད་ནས་རལ་གྲི་ཁྲག་ཅན་གོའུ་ཏ་མའི་མདུན་དུ་འཕང་ཚེ་གོའུ་ཏ་མ་ཁྲིམས་ལ་ཕོག་པ་དང་། ཡང་རྐུན་མ་ཞིག་གིས་བེའུ་ཞིག་རྐུས་ཏེ། ནགས་ནང་གི་རང་སངས་རྒྱས་ཀྱི་མདུན་དུ་འཕང་ནས་བྲོས་པས་རང་སངས་རྒྱས་ཁྲིམས་ལ་གཏུག་པ་ལྟ་བུ་ཡོད་པས་བྱ་སྤྱོད་གང་ལ་ཡང་བརྟགས་དཔྱད་ཞིབ་པར་བྱེད་དགོས་ཏེ། གཏམ་གོ་ཡག་མ་བྱས་ཚིག་མ་བཤད། །དོན་རྟོགས་ཡག་མ་བྱས་མནའ་མ་སྐྱེལ། །ཟེར་དཔེ། བྱ་སྤྱོད་གང་འགྲུབ་མི་འགྲུབ། འགྲུབ་ན་དོན་ཆེ་ཆུང་སོགས་བརྟགས་དཔྱད་བྱས་ཏེ། མདའ་ཕར་འཕང་ཐང་དུ་མི་ལྷུང་ནི། བྱ་གང་སྒྲུབ་ཐུར་ར་མི་ལྷུང་ནི་ཞིག་དགོས་མ་གཏོགས་རང་སྐྱོན་བལྟ་བའི་མེ་ལོང་མེད་པར། གཞན་སྐྱོན་ཚོལ་བའི་ཐུར་མ་བཟུང་ནས་ཐམས་ཅད་ཀྱི་ཚོད་ཉམས་སུ་བླང་ནས་གཡོ་སྒྱུ་བགྱེ་ཐབས་ཤིག་ལ་ཟེར་ནི་མ་རེད། དེ་དོན་ཚན་བཞི་པ་རེད། དེ་ལྟར་རང་གཞན་གྱི་བྱ་སྤྱོད་གང་བྱས་ཚད་ལ་ཕན་སེམས་བསམ་པ་དྲང་པོ་ཞིག་ཡོད་ན། རང་གཞན་གྱི་དོན་འགྲུབ་ཅིང་། ཚེ་འདིར་དཀར་ཕྱོགས་ཀྱི་སྲུང་མ་རྣམས་ཀྱིས་སྲུང་སྐྱོབས་མཛད་དེ་ཁ་རྗེ་རླུང་རྟ་དར། མྱིས་ཀྱང་བྱམས་ལ་བཀུར་སྟི་དང་མཆོད་བསྟོད་བྱེད། ཕྱི་མའི་ཆོས་ཀྱང་རང་བཞིན་ཤུགས་ཀྱིས་འགྲུབ་ཡོང་བས་བསམ་པ་བཟང་པོ་དང་མི་འབྲལ་བ་འདི་ཤིན་ཏུ་གལ་ཆེ། བསམ་པ་གཞན་ལ་ནག་ན་སྦྱོར་བ་རང་ལ་རྩུབ་ཡོང་བའི་དཔེ་རེད། ཕན་སེམས་དེ་ཡང་ཕན་བཏགས་མ་བཏགས་ཆ་ཡོད་མེད་མཐོ་དམན་བཟང་ངན་མེད་པར་ཕན་འདོག་གི་བསམ་པ་བཟང་པོ་ཞིག་ཡོད་དགོས་ནི་རེད་མ་གཏོགས་གཉེན་ཉེ་རིང་གྲོགས་མཛའ་བཤེས་བུ་ཆུང་མ་ཚོ་གཅེས་ནི་ལ་ཟེར་ནི་མ་རེད། འོ་དེ་ལྔ་ཀ་ཚང་ན་གཞན་ཅི་ཡང་མེད་རུང་། མྱི་ཡི་དམ་པ་མཆོག་ཏུ་གྱུར་པ་ཡིན་ནོ། །ཞེས་ཟེར་བ་ལ། ཡང་གཞོན་ནུ་བློ་ལྡན་གྱིས་འོ་ལེགས་སོ་དེ་ལྟར་བསླབ་བྱ་ཐམས་ཅད་ཤེས་རུང་ལག་ལེན་ལ་མི་ཐེབ་སྟེ། དེང་སང་སྐྱེ་བོ་ཐམས་ཅད་ཀྱི་ཁས་བཤད་པ་ལ་བལྟས་ན་ཡ་རབས་རྗེན་པ་མི་མེད་ནི་འདྲ་འདྲ། ལག་གི་སྤྱོད་པ་ལ་བལྟས་ན་མ་རབས་རྗེན་པ་མི་མེད་ནི་འདྲ་འདྲ་འདི་ཅིའི་ལན་ནི་རེད་གསུང་དུ་གསོལ། འོ་བློ་དང་ལྡན་པ་ཁྱོས་ཉོན་ལ་སེམས་ལ་ཞོག་དང་། དེང་སང་སྐྱེ་བོ་ཐམས་ཅད་ཀྱིས་ཤེས་རུང་ལག་ལེན་ལ་མི་ཐེབ་རྒྱུ་བོ། རང་འདོད་ཆགས་སོགས་ཉོན་མོངས་པའི་དབང་དུ་སོང་བས་ལན་པ་རེད། ཐད་གི་བལྟས་ན་གླེན་པ་མཁས། ལག་ཏུ་བཞག་ན་གཅིག་མི་ཐོན། ཟེར་རྒྱུ་བོ་ཡིན། རང་འདོད་ཆགས་ཀྱི་དབང་དུ་འཇོག་མི་ཉན་བཞག་ན་གཞན་གྱི་ནོར་རྫས་རྐུ་བ་ལ་སོགས་ཟས་ཟ་བ། བུད་མེད་འཕྲོག་ཅིང་ཉེས་པ་ཁུར་བ། ལྷ་རྟེན་བཤིག་ཅིང་སྙིང་གྲོགས་བསླུ་བ་སོགས་བྱེད་འོང་། ཞེ་སྡང་གི་དབང་དུ་བཞག་ན་གཞན་ལ་འཁོན་འཛིང་དང་བསད་བརྡུང་སོགས་ཀྱིས་ཁྲིམས་བཅད་པ། ཕ་མ་ལ་བརྡུང་བརྡེག་སོགས་ཚིག་ངན་གྲོགས་ལ་འཁོན་གྱོད་སོགས་མི་ཁ་བྱེད་འོང་། ང་རྒྱལ་གྱི་དབང་དུ་བཞག་ན་གཞན་ལ་བརྙས་སྨོད་དང་འཕྱ་བཞེད་ངན་བཅད་དང་དམན་སྡང་སོགས་བྱེད། ཕྲག་དོག་གི་དབང་གིས་གོང་མ་ལ་ངན་སྨྲས། མཉམ་པ་ལ་འགྲན་སེམས་ཟུར་ཟ་གཞན་གྱི་མངའ་ཐང་འབྱོར་བ་སོགས་ལ་མི་དགའ་བར་བྱེད། སེར་སྣའི་དབང་གིས་ཡར་མཆོད་མར་སྦྱིན་མི་བྲ་ཕན་ཐོག་གཡར་སྐྱིན་མི་བྲ་བར་བསེ་རག་ཁུང་ན་ཡོད་པ་དེ་ཡིན། གཏི་མུག་གི་དབང་གིས་དགེ་སྒྲུབ་སྡིག་སྤང་བྱ་བ་ཡག་ཉེས་མྱིའི་བཟང་ངན་སོགས་བླང་དོར་མི་ཤེས་པར་ཐོམ་མེ་བ་དེ། འདི་ཕྱི་གཉིས་ཀའི་སྡུག་བསྔལ་དང་མི་འདོད་པ་ཐམས་ཅད་དྲངས་ནས་ཆོས་འཇིག་རྟེན་གཉིས་ཀའི་བྱ་བ་ཉེས་འགྲོ་ཟེ་བོའི་རྩ་བ་ཉོན་མོངས་པ་རང་འདོད་འདིས་གང་བསམ་བསྒྲུབ་ནས་རང་ཚུགས་མ་ཟིན་པས་ལན་པ་ཡིན། ད་ནི་འདི་ཕྱིའི་བདེ་སྐྱིད་ལ་ལོངས་སྤྱོད་འདོད་ཡོད་ནི་ཚོས། ཁ་ཕར་འཁོར་ནས་གཞན་གྱི་བཟང་ངན་ཡིན་མིན་དེ་བཤད་གི་མ་འདུག །ཚུར་རང་གིས་རང་ལམ་ལ་ཞོག །རང་རྒྱུད་འདི་རང་གིས་བཅོས། ཆོས་འཇིག་རྟེན་གཉིས་ཀའི་སྒྲུབ་ཐབས་ཐམས་ཅད་ཀྱི་རྩ་བ་དེ་ལ་འདུས་ནས་ཡོད་ཨེ་གོ །བུ་བློ་དང་ལྡན་པ་ཁྱོད་ཉོན་དང་སྨྲས་པ། ནོར་ནི་ཁེ་ཉེན་ཆེ་བའི་རྒྱུ། །མཆོད་སྦྱིན་བསོད་ནམས་སྙིང་པོ་ལོང་། །མི་ལུས་རྙེད་དཀའ་ད་རེས་ཙམ། །བསྙེན་གནས་དགེ་བསྙེན་ཚུལ་ཁྲིམས་བསྲུང་། །ཞེ་སྡང་དམྱལ་བར་སྐྱེ་བའི་རྒྱུ། །གང་ལ་བཟོད་པའི་གོ་ཆ་གྱོན། །ལེ་ལོས་འདི་ཕྱིའི་དོན་མི་འགྲུབ། །བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་སྲུང་། །རྣམ་གཡེངས་ཅན་གྱི་མི་ཚེ་འཛད། །དོན་ཆེན་དགེ་ལ་ཚེ་གཅིག་ཞོག །དོན་གཉིས་བྱ་བ་ཤེས་པ་ལ། །ཐོས་བསམ་སྒོམ་པའི་ཤེས་རབ་བརྟེན། །ང་རྒྱལ་ཅན་ལ་མགུ་དུས་མེད། །ཕྲག་དོག་ཅན་ལ་དགའ་དུས་མེད། །འདོད་ཆགས་ཅན་ལ་ཆོག་དུས་མེད། །ཞེ་སྡང་ཅན་ལ་མཐུན་དུས་མེད། །སེར་སྣ་ཅན་ལ་ཡོད་དུས་མེད། །གཏི་མུག་ཅན་ལ་འགྲུབ་དུས་མེད། །འཁྲུལ་པའི་སེམས་ལ་བདེ་དུས་མེད། །ཉོན་མོངས་ཆུང་ན་སྡུག་བསྔལ་ཆུང་། །ཉོན་མོངས་ཟད་ན་སྡུག་བསྔལ་ཟད། །དེ་ཕྱིར་མི་འདོད་ཀུན་གྱི་གཞི། །ཉོན་མོངས་དགྲ་བོ་བཅོམ་ན་ལེགས། །ཞེས་སྨྲས་སོ། །དེ་ནས་གཞོན་ནུ་བློ་ལྡན་གྱིས་རྒན་པོ་ལ་ཕྱག་དང་ཞེ་ས་བྱས་ཏེ་འདི་སྐད་ཅེས་སྨྲས་སོ། །ཀྱཻ། བསྐལ་བ་བཟང་པོའི་སྐྱེས་བུ་ལ། །ལེགས་བཤད་ནོར་བུའི་གཏེར་དང་འདྲ། །དྲིན་ཅན་ཕ་མ་རྒན་རབས་ཏེ། །ཡ་རབས་སྐྱེ་བོའི་སྙིང་དང་འདྲ། །བསླབ་བྱ་སྙིང་གི་བདུད་རྩི་དེ། །ད་སྔ་ཁོ་བོས་ཐོས་མ་མྱོང་། །དེ་རིང་མཁས་པ་རྒན་པོའི་དྲིན། །དྭ་ཕྲུག་ཕ་དྲིན་ཅན་ཕ་མའི་ཁ་ཏ་དྲན་གསུང་ཡང་ཡོད་ཡི་ཁ་ཏ་དྲན། །ད་ནི་ཕ་དང་བུ་བཞིན་དུ། །ཡང་ཡང་ཞལ་ཏ་གནང་བར་ཞུ། །བཀའ་དྲིན་འཁོར་མེད་རིན་པོ་ཆེ། །དགྱེས་ཞལ་ཡང་ཡང་མཇལ་བར་ཞུ། །ཞེས་ཞུས་པས་རྒན་པོ་དགྱེས་ཤིང་སྤྲོ་བཞིན་དུ། ཨོ་ཡ་ཡ་ཨ་བུ་ལོ་ལོ་ཟེར་ནས་སྐད་ཅིག་གིས་མི་མངོན་ནམ་མཁའི་དབྱིངས་སུ་མི་སྣང་བར་ཕེབས་པ་ལགས་སོ། །དེ་ལྟར་གཞོན་ནུ་བློ་ལྡན་གྱི་དྲིས་ལན་འདི་གོ་ཚད་མཐོང་ཚད་ཐམས་ཅད་ཀྱིས་ཡ་རབས་དམ་པའི་ལྷ་ཆོས་ལ་སྤྱོད་ནས་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །དགེའོ། །དཔལ་སྤྲུལ་པས་སོ།། །།