ཐུགས་ཐིག་འཛིན་པ་རང་གྲོལ་ལསཿ བཀའ་དང་གཏེར་སྲུང་མཆོད་རིམ་བཞུགསཿ

From Khyentse Lineage - A Tsadra Foundation Project
Revision as of 10:10, 17 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title thugs thig 'dzin pa rang grol las bka' dang gter srung mchod rim
Location mdo mkhyen brtse bka' 'bum
Volume 2, Text 9, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Torma-offering Rituals - gtor chog
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
Colophon

མཆོད་གཏོར་གཙང་མའི་གནས་སུ་གཤེགསཿ ཐུགས་ཐིག་འཛིན་པ་རང་གྲོལ་གྱིཿ བཀའ་དང་བསྟན་སྲུང་མཆོད་པའི་ཐབསཿ ཡང་ཟབ་གསེར་གྱི་ཡང་ཞུན་འདིཿ དྲི་མ་མེད་པའི་དགོངས་པའི་གནདཿ དགའ་རབ་དཔའ་བོས་གསུངས་པ་བཞིནཿ བདག་ཉིད་ཨ་ཙར་དམར་པོ་ཡིསཿ ཞུས་ཤིང་དག་པར་བྱས་ནས་ཕབཿ དམ་ཅན་ཆགས་པའི་བླ་རྡོ་སྟེཿ ལས་མྱུར་བཀའ་གཉན་ཞལ་དྲོ་བའིཿ དམ་ལྡན་ཆིག་བརྒྱུད་ལས་གཞན་དུཿ སྤེལ་ན་འཁུ་ལྡོག་བཀའ་ཆད་འབྱུངཿ སྙིང་ལས་གཅེས་སོ་ས་མ་ཡཿ དམ་ཚིག་གི་རྒྱཿ ས་མ་ཡཿ ཁ་ཐཾཿ མངྒ་ལཾ།། །།དགེའོ།། །།

mchod gtor gtsang ma'i gnas su gshegs: thugs thig 'dzin pa rang grol gyi: bka' dang bstan srung mchod pa'i thabs: yang zab gser gyi yang zhun 'di: dri ma med pa'i dgongs pa'i gnad:dga' rab dpa' bos gsungs pa bzhin: bdag nyid a tsar dmar po yis: zhus shing dag par byas nas phab: dam can chags pa'i bla rdo ste: las myur bka' gnyan zhal dro ba'i: dam ldan chig brgyud las gzhan du: spel na 'khu ldog bka' chad 'byung: snying las gces so sa ma yA: dam tshig gi rgya: sa ma ya: kha thaM: mang+ga laM//_//dge'o//__//

[edit]
༅། །ཙི ཏྟཾ ལ ཀ མངྒ྄ར ཧ ཎཾ སྭོ ྅ ཀྵ ར སྱ ཤྭ སྟྲཾ ཙ ནི དྷི ར ཀྵིཿ པཱུ ཛི ཏཾ ཀྲ མོ བི ཧརཏི སྨ། །

༄༅། །ཐུགས་ཐིག་འཛིན་པ་རང་གྲོལ་ལསཿ བཀའ་དང་གཏེར་སྲུང་མཆོད་རིམ་བཞུགསཿ

༄༅། །ཡེ་ཤེས་ཌཱཀྐིའི་སྐུ་ལ་འདུདཿ ཡང་གསང་ཐུགས་ཐིག་གདམས་པའི་སྲོགཿ འཛིན་པ་རང་གྲོལ་བཀའ་གཏེར་སྲུང་ཿ གཏོར་འབུལ་མཆོད་པའི་རིམ་པ་ནིཿ བ་ལིང་གཏོར་མ་ཤ་ཁྲག་བརྒྱནཿ བདུད་རྩི་རཀྟ་ཟས་ཕུད་བཤམསཿ སྤོས་དང་གསུར་ཆེན་དུད་པས་བདུགཿ ལྟ་བ་གྱད་ཀྱི་ངར་ལྡན་པསཿ» རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་རླུང་ཆུས་མཆོད་གཏོར་གྱི་མ་དག་པའི་ཉེས་སྐྱོན་བསྲེགས་གཏོར་བཀྲུསཿ རྃ་ཡྃ་ཁྃཿ «ལན་གསུམཿ »སླར་ཡང་གཏོར་མ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལཿ རྣམ་པ་འདོད་ཡོན་གྱི་ལོངས་སྤྱོད་བསྟན་སྲུང་དམ་ཅན་རྒྱ་མཚོ་དགྱེས་སྐོང་གི་གཏེར་ཆེན་པོར་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «ལན་གསུམཿ »ཨོཾ་ཨཱཿཧཱུྃཿ མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋཿ «ལན་གསུམཿ »ཧཱུྃཿཧྲཱིཿ རང་ཉིད་ལྷ་ཡི་ཐུགས་ཀའི་འོད་ཟེར་གྱིསཿ འོག་མིན་གནས་དང་གཏུམ་དྲག་ཨུ་ཙ་ལཿ དུར་ཁྲོད་བརྒྱད་དང་རང་བཞིན་གར་བཞུགས་ནསཿ བསྟན་སྲུང་དམ་ཅན་རྒྱ་མཚོ་སྤྱན་འདྲེན་ནོཿ སྐད་ཅིག་གློག་ལྟར་མྱུར་བར་གཤེགས་སུ་གསོལཿ བཛྲ་སརྦ་ས་མ་ཡ་ཛཿཛཿ «ཞེས་སྤྱན་དྲངས་ལཿ སྔགས་སྲུང་མ་མོའི་གསོལ་མཆོད་ནིཿ» མཿ དབྱིངས་ཆེན་ཀུན་ཏུ་བཟང་མོ་ལསཿ སྤྲུལ་བསྒྱུར་དབྱིངས་ཀྱི་ཡུམ་ཆེན་མོཿ ཁྲག་ཞག་རྒྱ་མཚོ་འཁྲུགས་པའི་ཀློང་ཿ སྔགས་ཀྱི་སྲུང་མ་རལ་གཅིག་མཿ མཐིང་ནག་སྤྱན་གཅིག་ནུ་མ་གཅིགཿ ཚེམས་གཅིག་དགྲ་བོའི་སྲོག་ལ་རྔམསཿ གཡས་བམ་དགྲ་སྙིང་ཞལ་དུ་གསོལཿ གཡོན་པས་གཡུ་སྤྱང་ཕོ་ཉར་འགྱེདཿ ཞབས་གཉིས་གྱད་ཀྱི་དོར་སྟབས་བགྲདཿ མི་མགོ་སྙིང་ཕྲེང་སྤྲིན་ཤམ་གསོལཿ སྦྱོར་སྒྲོལ་གསང་བའི་་གིང་ཆེན་དངཿ སྲས་མོ་རྡོ་རྗེ་གཤོག་རྒོད་མཿ འདོད་ཁམས་དབང་ཕྱུག་རེ་མ་ཏིཿ དམག་གི་རྒྱལ་མོ་སྨན་བཙུན་ལྔཿ མ་མོ་བྱེ་བ་འབུམ་སྡེར་བཅསཿ གདུང་བས་སྤྱན་འདྲེན་གཤེགས་སུ་གསོལཿ དགྱེས་པར་བཞུགས་ལ་མོས་ཕྱག་འཚལཿ དམ་རྫས་རྒྱན་ལྡན་བ་ལིཾ་ཏཿ བདུད་རྩི་སྨན་དང་རཀྟའི་མཚོཿ གཞན་ཡང་ཕྱི་ནང་མཆོད་པའི་ཚོགསཿ དངོས་འབྱོར་ཡིད་སྤྲུལ་དཔག་མེད་ཀུནཿ མཆོད་དོ་འབུལ་ལོ་དགྱེས་པར་བཞེསཿ མ་ཁྱོད་ཐུགས་དམ་གཉན་པོ་བསྐངཿ ཐུགས་དང་འགལ་བའི་ལས་བགྱིས་པཿ མཐོལ་ལོ་བཤགས་སོ་ཚངས་པར་སྩོལཿ དཔལ་ལྡན་རང་བྱུང་རྒྱལ་མོ་ཁྱོདཿ སྣང་སྲིད་འཁོར་འདས་ཀུན་གྱི་ཡུམཿ དམ་ལྡན་རྣལ་འབྱོར་སྐྱོང་བའི་མཿ རྗེ་མོ་ཁྱོད་ལ་བདག་བསྟོད་དོཿ ཨ་ཏི་རྫོགས་པ་ཆེན་པོའི་ཆོསཿ ཡང་གསང་ཐིག་ལེ་སྐོར་གསུམ་གྱིཿ གདམས་པའི་གཉེར་ཁ་གཏད་པ་བཞིནཿ ཐུགས་དམ་གཡེལ་བར་མ་མཛད་ཅིགཿ འཛིན་པ་རང་གྲོལ་མན་ངག་གིསཿ འགྲོ་དོན་ཕྱོགས་མཐར་ཡོངས་ཁྱབ་ཅིངཿ བྱིན་རླབས་ཚན་ཁ་ཆེ་བ་དངཿ གྲུབ་རྟགས་འབྲས་བུ་མངོན་གྱུར་མཛོདཿ དམ་ལྡན་རྣལ་འབྱོར་སྒྲུབ་པ་པོརཿ མི་འབྲལ་འགྲོགས་ལ་མཐུན་རྐྱེན་སྒྲུབསཿ ཚེ་ཆོས་ས་ལམ་བར་ཆད་སོལཿ གང་བཅོལ་ཕྲིན་ལས་ལྷུན་གྲུབ་མཛོདཿ «གསང་བའི་བཀའ་སྲུང་འབར་མའི་གཏོར་འབུལ་ནིཿ» ཧཱུྃཿ འོག་མིན་གསང་ཆེན་རོལ་པ་ནསཿ ལྟ་སྒོམ་སྤྱོད་ལ་དབང་བསྒྱུར་བའིཿ ཡང་དག་དོན་གྱི་བཀའ་སྲུང་མཿ འབར་མ་མཆེད་གསུམ་སྤྱན་འདྲེན་ནོཿ དགྱེས་ཞལ་སྟོན་ལ་འཛུམ་མདངས་ཕྱུངསཿ དཀར་དམར་ཞལ་ཟས་རོ་བརྒྱར་ལྡནཿ འབྲུ་རྩིའི་བཅུད་མཆོག་རཀྟའི་དྭངསཿ འདོད་ལྡན་ཆགས་པའི་བདེ་ཆེན་རོསཿ མཆོད་དོ་ཐུགས་དམ་སྐོངས་གྱུར་ཅིགཿ ཡང་གསང་བླ་ན་མེད་པ་ཡིཿ དཀྱིལ་འཁོར་སྐྱོང་བའི་མཐུ་མོ་ཆེཿ རྫུ་འཕྲུལ་སྣ་ཚོགས་ཐོགས་པ་མེདཿ དབང་བསྒྱུར་མ་ལ་བདག་བསྟོད་དོཿ རྫོགས་ཆེན་ཡང་གསང་ཐུགས་ཐིག་གིཿ གདམས་ངག་མ་བུ་ཆ་ལག་ཀུནཿ ལས་ཀྱི་གཉེར་ཁ་དམ་དུ་སྲུངསཿ རྩེ་གཅིག་སྒྲུབ་པའི་རྣལ་འབྱོར་ལཿ ལུས་དང་གྲིབ་བཞིན་མི་འབྲལ་འགྲོགསཿ ལས་སྐལ་ལྡན་པའི་དཔའ་བོ་ཡིསཿ བདེ་ཆེན་ལམ་གྱི་ཕོ་ཉ་མོསཿ འཇལ་ལུས་འོད་སྐུར་གྲོལ་བར་མཛོདཿ «དྲང་སྲོང་ཆེན་པོའི་གཏོར་འབུལ་ནིཿ »ཀྵཿསྲིན་ཡུལ་ལངྐ་པུ་རི་ནསཿ ཀླུ་སྲིན་འཁྲིགས་པའི་མཐུ་ཆེན་སྲསཿ བསྟན་སྲུང་གཟའ་བདུད་རཱ་ཧུ་ལཿ དམ་ཉམས་སྲོག་གཅོད་སྡེ་བརྒྱད་གཙོཿ སྤྲུལ་འཁོར་གཟའ་བརྒྱད་གདོང་མོ་བཞིཿ རྒྱུ་སྐར་ཉེར་བརྒྱད་ལྷ་ཀླུ་གཉནཿ ལོ་ཟླ་ཞག་དུས་འབྱུང་བའི་ལྷཿ སྡེ་བརྒྱད་དྲེགས་པའི་ཚོགས་བཅས་གཤེགསཿ བཞུགས་གསོལ་དམ་ཚིག་གཅིག་ཏུ་བསྲེཿ གཏོར་མ་ཤ་སྣ་རུས་པ་དངཿ དོན་སྣོད་དབང་པོ་ལྔ་ཡིས་བརྒྱནཿ མྱོས་བྱེད་ཆང་དང་བསད་པའི་ཁྲགཿ ཟས་སྣ་བཏུང་བའི་བྱེ་བྲག་དངཿ སྤོས་དང་ཤ་གསུར་དུད་སྤྲིན་བཅསཿ ཐུགས་དམ་བསྐང་ཕྱིར་བཞེས་སུ་གསོལཿ དམ་ལས་འགལ་བའི་ལས་བགྱིས་པཿ ནོངས་པ་མཆིས་ན་བཟོད་པར་གསོལཿ སྲིད་པ་གསུམ་ལ་དབང་བསྒྱུར་བའིཿ མཐུ་སྟོབས་བདག་པོར་མངའ་གསོལ་བསྟོདཿ དྲི་མེད་གསང་བདག་པདྨ་འབྱུངཿ རྟ་ཕག་སྤྱན་སྔར་ཁས་བླངས་བཞིནཿ རྫོགས་ཆེན་བསྟན་དང་གདམས་ངག་སྲུངསཿ སློབ་དཔོན་སྐུ་ཚེ་མཛད་ཕྲིན་སྤེལཿ འཛིན་པ་རང་གྲོལ་བཀའ་གཉན་ཞིངཿ དེར་འཛིན་མཐུ་སྟོབས་ནུས་པ་སྤེལཿ དམ་ཉམས་དགྲ་གདོན་སྙིང་ཁྲག་བཞེསཿ མིང་གི་ལྷག་མ་མེད་པར་མཛོདཿ «ལས་མཁན་གིང་ཆེན་མཆོད་ཐབས་ནིཿ »ཧཱུྃཿ སྔོན་གྱི་བསྐལ་བའི་དང་པོ་ལཿ ཁྲག་འཐུང་དཔལ་ཆེན་ཡབ་ཡུམ་དང་ཿ ཡུམ་ཆེན་རྡོ་རྗེ་ཕག་མོ་ཡིསཿ དམ་བཏགས་དབང་བསྐུར་མངའ་གསོལ་བའིཿ སྤྲུལ་པའི་གིང་ཆེན་སྡེ་བཞིའི་ཚོགསཿ གནས་འདིར་གཤེགས་ལ་བརྟན་པར་བཞུགསཿ རོ་བརྒྱ་ནུས་པ་སྟོང་ལྡན་སྨནཿ དམ་རྫས་རྒྱན་ལྡན་བ་ལིཾ་ཏཿ དམར་གྱི་རཀྟའི་མཆོད་པ་བཞེསཿ ཐུགས་དམ་ཞལ་བཞེས་ཇི་བཞིན་དུཿ རང་གྲོལ་གཉུག་མའི་རྣལ་འབྱོར་པརཿ འབྲལ་མེད་ས་ལམ་བར་ཆད་སོལཿ ནད་གདོན་ཞི་ཞིང་ཚེ་བསོད་སྤེལཿ ཁམས་གསུམ་དབང་སྡུད་ལོག་འདྲེན་སྒྲོལཿ རྐྱེན་བཟློག་འདོད་དོན་ལྷུན་གྲུབ་མཛོདཿ «དུར་བདག་ཡབ་ཡུམ་མཆོད་པ་ནིཿ »ཧཱུྃཿ འཇིགས་སུ་རུང་བའི་དུར་ཁྲོད་ནསཿ དུར་བདག་སྲིད་གསུམ་སྲོག་གི་བདགཿ ཡུམ་ཆེན་ཁམས་གསུམ་ཟ་བྱེད་མཿ དམ་ཚིག་དགོངས་ལ་གནས་འདིར་གཤེགསཿ མཐུན་རྫས་བ་ལིཾ་གཏོར་མ་དངཿ བདུད་རྩི་རཀྟ་བམ་ཆེན་རོཿ བསད་པའི་ཤ་རུས་སྙིང་གི་ཁྲགཿ འབུལ་ལོ་དགྱེས་པ་ཆེན་པོས་རོལཿ སྟོབས་ལྡན་ཁྱོད་ལ་བདག་བསྟོད་དོཿ དྲི་མེད་དགའ་རབ་དཔའ་བོའི་དྲུང་ཿ དབང་རྟགས་རྡོ་རྗེ་སྤྱི་བོར་བཞགཿ དམ་ཚིག་བདུད་རྩི་ལྕེ་ལ་མྱོངཿ ཡང་ཟབ་འཛིན་པ་རང་གྲོལ་གྱིཿ བཀའ་འདི་གཉེར་དུ་གཏད་པ་བཞིནཿ མ་གཡེལ་སྲུངས་ལ་འགྲོ་དོན་སྤེལཿ རྣལ་འབྱོར་པ་ཡི་དྲོད་རྟགས་ཉུལཿ ལེགས་པ་ཆོས་ལ་ཉེས་པ་སོལཿ ས་དང་ལམ་གྱི་ཡོན་ཏན་སྤེལཿ སྡང་དགྲ་ལས་ངན་སྡིག་པོ་ཆེཿ སྲོག་དབུགས་ཕྲོལ་ལ་སྙིང་ཁྲག་འཐུང་ཿ བདུན་རྒྱུད་མིང་གི་ལྷག་མར་ཐོངསཿ མངོན་སྤྱོད་ཕྲིན་ལས་མྱུར་འགྲུབ་མཛོདཿ «སྤུ་གྲི་མཆེད་གསུམ་མཆོད་པ་ནིཿ» བྷྱོཿ མ་ལ་ཡ་དང་དུར་ཁྲོད་བརྒྱདཿ ཨུ་ཙ་ལ་ཡི་གནས་མཆོག་ནསཿ གདག་པའི་སྤུ་གྲི་མཆེད་གསུམ་པོཿ གནས་འདིར་གློག་ལྟར་མྱུར་བར་གཤེགསཿ དགྱེས་དགུའི་འདོད་ཡོན་ལོངས་སྤྱོད་རྫསཿ དམ་རྫས་རྨད་བྱུང་ཤ་ཁྲག་རྒྱནཿ མྱོས་བྱེད་ཁྲག་དང་བཟའ་བཏུང་ཚོགསཿ གསོལ་ལོ་མཆོད་དོ་དགྱེས་པར་རོལཿ ཐུགས་དམ་བསྐང་ལ་ཕྲིན་ལས་སྒྲུབསཿ སྔོན་ཚེ་ཁས་བླངས་དམ་བཅས་བཞིནཿ འཛིན་པ་རང་གྲོལ་བཀའ་སྲུང་ལཿ དམ་ལྡན་སྤྱི་བོའི་ཐོད་དུ་ཁུརཿ དམ་མེད་སྲོག་གི་ཤན་པ་གྱིསཿ སྡང་བར་བྱེད་པའི་དགྲ་སྡེའི་དཔུངཿ དངོས་སམ་བརྒྱུད་ནས་འཚེ་བ་ཡིཿ དམིགས་པའི་ཡུལ་དུ་གྱུར་པ་ཀུནཿ བསད་རྟགས་དོན་སྙིང་ཁྱེར་ལ་ཤོགཿ ཇི་ལྟར་བཅོལ་བའི་ལས་རྣམས་ཀུནཿ མྱུར་དུ་སྒྲུབས་ཤིག་ས་མ་ཡཿ« གཏེར་བདག་མཆོད་པ་ནིཿ »ཀྱཻཿ འཛམ་བུའི་གླིང་ལ་དབང་བསྒྱུར་བའིཿ མཐུ་ལྡན་དྲེགས་པའི་སྡེ་དཔུང་ཚོགསཿ དགེ་བསྙེན་ཡུལ་ལྷ་ཟོ་དོར་བཅསཿ གནས་འདིར་དགྱེས་པར་གཤེགས་སུ་གསོལཿ དཀར་དམར་དམ་རྫས་མཆོད་གཏོར་རྫསཿ གསེར་སྐྱེམས་གཡུ་སྐྱེམས་ཕུད་ཀྱིས་མཆོདཿ ཡིད་སྤྲུལ་སྤྱན་གཟིགས་དཀོར་ནོར་འབུལཿ བླ་མ་མཁའ་འགྲོའི་སྤྱན་ལྔ་རུཿ ཇི་ལྟར་ཁས་བླངས་དམ་བཅས་བཞིནཿ ཐུགས་ཀྱི་ཐིག་ལེའི་བསྟན་པ་སྲུངསཿ འཛིན་པ་རང་གྲོལ་ཉམས་ལེན་པའིཿ དམ་ལྡན་རྣལ་འབྱོར་ཕོ་མོ་ལཿ སྡོང་གྲོགས་མེལ་ཚེ་རྒྱབ་བརྟེན་དངཿ ཕྲིན་ལས་གང་བཅོལ་མྱུར་འགྲུབ་མཛོདཿ ཧཱུྃ་ཧྲཱིཿ དྲི་མེད་དགའ་རབ་པདྨ་ཐོད་ཕྲེང་དངཿ རྡོ་རྗེ་ཕག་མོའི་དམ་ལ་གནས་པ་ཡིཿ བཀའ་དང་གཏེར་གྱི་སྲུང་མ་མཐུ་རྩལ་ཅནཿ དྲེགས་པ་སྡེ་བརྒྱད་སྣང་སྲིད་ལྷ་འདྲེར་བཅསཿ «གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ་བ་ནིཿ» སྔ་འགྱུར་རྒྱལ་བའི་བསྟན་པ་དར་བ་དང་ཿ ཡང་གསང་དམ་ཆོས་ཕྱོགས་མཐའ་ཀུན་ཏུ་ཁྱབཿ བརྒྱུད་འཛིན་བུ་སློབ་འཛམ་གླིང་རི་སུལ་གངཿ སྦྱིན་བདག་ཚེ་བསོད་མངའ་ཐང་འབྱོར་པ་རྒྱསཿ མཚོ་སྐྱེས་རྡོ་རྗེའི་རིང་ལུགས་ཡུན་རིང་གནསཿ མི་མཐུན་བདུད་ཀྱི་གཡུལ་ལས་རྒྱལ་བ་ཡིཿ རྒྱལ་མཚན་དུས་ཀུན་སྲིད་པའི་རྩེ་མོར་ཕྱོརཿ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཡོངས་གྲུབ་མཛོདཿ« མཆོད་གཏོར་གཙང་མའི་གནས་སུ་གཤེགསཿ ཐུགས་ཐིག་འཛིན་པ་རང་གྲོལ་གྱིཿ བཀའ་དང་བསྟན་སྲུང་མཆོད་པའི་ཐབསཿ ཡང་ཟབ་གསེར་གྱི་ཡང་ཞུན་འདིཿ དྲི་མ་མེད་པའི་དགོངས་པའི་གནདཿ དགའ་རབ་དཔའ་བོས་གསུངས་པ་བཞིནཿ བདག་ཉིད་ཨ་ཙར་དམར་པོ་ཡིསཿ ལུས་ཤིང་དག་པར་བྱས་ནས་ཕབཿ དམ་ཅན་ཆགས་པའི་བླ་རྡོ་སྟེཿ ལས་མྱུར་བཀའ་གཉན་ཞལ་དྲོ་བའིཿ དམ་ལྡན་ཆིག་བརྒྱུད་ལས་གཞན་དུཿ སྤེལ་ན་འཁུ་ལྡོག་བཀའ་ཆད་འབྱུངཿ སྙིང་ལ་གཅེས་སོ་ས་མ་ཡཿ དམ་ཚིག་གི་རྒྱཿ ས་མ་ཡཿ ཁ་ཐཾཿ མངྒ་ལཾ།། །།དགེའོ།། །།