DKYD-KABUM-03-GA-028

From Khyentse Lineage - A Tsadra Foundation Project
Revision as of 10:55, 21 June 2024 by Mort (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 3, Text 28, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Guru Yoga Texts - bla ma'i rnal 'byor
Cycle ཡང་གསང་པདྨ་ཐུགས་ཐིག་ (yang gsang pad+ma thugs thig)
[edit]
ཨྃཿ པད་འབྱུང་ཐུགས་ཀྱི་ཐིག་ལེ་ལསཿ རང་སྲུང་ཀླུ་དབང་སྒྲུབ་པ་བསམ་འཕེལ་དབང་རྒྱལ་བཞུགསཿ

«༁ྃཿ མ་ལུས་འགྲོ་བའི་སྐྱབས་གཅིག་པུཿ དྲི་མ་མེད་ལ་གུས་པས་བདུདཿ འཇིག་རྟེན་དབང་ཕྱུག་ནཱ་གའི་ཡུལཿ འདུལ་ཕྱིར་སེམས་དཔའི་སྐུར་བཞེངས་མཆོགཿ ཀླུ་དབང་རྒྱལ་པོ་སྒྲུབ་པའི་ཐབསཿ ཨུ་དུམ་ཝ་ར་ལྟ་བུར་བསྟནཿ སྤོས་དང་ཤིང་རྩིའི་དུད་པས་བདུགཿ དམ་ཉམས་མཛེ་ཡུགས་དམེ་གྲིབ་འཛེམཿ »ན་མོ་ཧཱུྃཿ དཀོན་མཆོག་རྩ་གསུམ་འདུས་ཞལ་ཀུན་ཏུ་བཟངཿ དྲི་མ་མེད་པ་མཆོག་ལ་གསོལ་བ་འདེབསཿ སྐྱབས་སུ་མཆིའོ་ཐུགས་རྗེའི་སྤྱན་གྱིས་གཟིགསཿ མ་དག་སྒྱུ་མ་ལུས་ཀྱི་གཡར་ཁང་དུཿ བཟོད་གླག་མེད་པའི་སྡུག་བསྔལ་གྱིས་མནར་བའིཿ འགྲོ་རྣམས་སངས་རྒྱས་ཐོབ་པར་སེམས་བསྐྱེད་དོཿ རྒྱལ་བ་རྣམས་ལ་ཕྱག་འཚལ་མཆོད་པ་འབུལཿ ལས་ཉོན་སྒྲིབ་བཤགས་གསང་གསུམ་རྗེས་ཡི་རངསཿ ཐུགས་དམ་རྒྱུད་བསྐུལ་རྗེས་དགོངས་གསོལ་བ་འདེབསཿ ཟག་མེད་དགེ་བ་མ་རྒན་འགྲོ་ལ་བསྔོཿ ཧྲཱིཿ སྟོང་པའི་ངང་ལས་བདུད་རྩིའི་རྒྱ་མཚོའི་དབུསཿ སྙིང་རྗེའི་རྩལ་སྣང་རིན་ཆེན་སྣ་ཚོགས་ལསཿ གྲུབ་པའི་ཀླུ་ཡི་ཕོ་བྲང་ཉམས་དགའ་བརཿ རྒྱན་ཆ་བཀོད་ལེགས་རང་རྟགས་མཚན་ཉིད་རྫོགསཿ དབུས་སུ་རིན་ཆེན་ཁྲི་རྐང་པད་ཟླའི་སྟེངཿ རིན་ཆེན་འབར་བ་ནྲྀཿཡིག་ཡོངས་གྱུར་ལསཿ སེམས་དཔའ་ཆེན་པོ་ཀླུ་དབང་རྒྱལ་པོའི་སྐུཿ དཀར་གསལ་དུང་མདོག་མགྲིན་ཡན་བཻཌཱུའི་མདོགཿ ཞལ་གཅིག་ཕྱག་བཞི་ཞི་འཛུམ་བརྩེ་བའི་ཉམསཿ དང་པོའི་ཕྱག་གཉིས་ཐལ་སྦྱར་ཚེ་བུམ་འཛིནཿ གཡས་འོག་མཆོག་སྦྱིན་གཡོན་འོག་སྐྱབས་སྦྱིན་བཅསཿ ཨུ་དུམ་ཝ་ར་སྨན་གྱི་སྡོང་པོ་བསྣམསཿ ལྕང་ལོ་ཐོར་ཅོག་ལྟོ་འགྲོ་ཉེར་གཅིག་གདེངསཿ འཇའ་ཚོན་དར་གྱི་སྟོད་གཡོགས་སྨད་དཀྲིས་དངཿ རིན་ཆེན་སྣ་ཚོགས་བྲམ་ཟེའི་སྨན་སྤྲུལ་བརྒྱནཿ ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགསཿ འོད་དང་འོད་ཟེར་མུ་མཐའ་མེད་པར་འཕྲོཿ གདུག་པ་འདུལ་ཕྱིར་སྙིང་རྗེའི་རང་རྩལ་རྔམསཿ ཁྲོ་རྒྱལ་ནཱ་ག་རཀྴ་ལས་ལ་འགྱེདཿ གཙུག་ན་རིན་ཆེན་གཟི་འབར་མི་ཕམ་པཿ འཛིན་པ་ལག་མང་ཀླུ་ཡི་རྒྱལ་པོ་བཞིཿ མཐའ་ཡས་འཇོག་པོ་དུང་སྐྱོང་སྟོབས་རྒྱུ་དངཿ པདྨ་པད་ཆེན་རིགས་ལྡན་ནོར་རྒྱས་སྟེཿ ཀླུ་ཆེན་བརྒྱད་སོགས་ཀླུ་རིགས་བྱེ་བ་འབུམཿ བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོརཿ དུ་མ་རོ་གཅིག་གསལ་སྟོང་འཛིན་མེད་དངཿ ཧྲཱིཿ བྱིན་རླབས་ཡ་མཚན་མཆོག་གི་གནསཿ འོག་མིན་ཞིང་དང་པོ་ཏ་ལཿ འོ་མ་ཅན་གྱི་མཚོ་གླིང་ནསཿ སྐུ་གསུམ་སྟོན་པས་བྱིན་ཆེན་ཕོབཿ ནཱ་གའི་གནས་མཆོག་སྤྲུལ་པའི་ཞིངཿ དཔའ་བོ་ཆེན་པོ་འགྲོ་བའི་མགོནཿ སྤྱན་རས་གཟིགས་དབང་ཀླུའི་དབང་པོཿ འཁོར་བཅས་ཐུགས་རྗེའི་ཤུགས་ཀྱིས་གཤེགསཿ ཨཱརྱནཱ་ག་ར་ཙ་ས་ཏྭ་ས་མ་ཡ་ཛ་ཛཿ དམ་ཡེ་ཆུ་ལ་ཆུ་བཞག་བསྟིམསཿ བདུད་རྩིའི་ཆབ་ཀྱིས་སྐུ་ཁྲུས་གསོལཿ མི་གཙང་ཉམས་གྲིབ་ཀུན་དག་ནསཿ འཁོར་ཚོགས་གུས་པས་ཕྱག་བགྱིའོཿ ཤུདྡྷེ་ཤིནྟཾ་ཀུ་རུ་ཡེཿ ན་མོ་ན་མ་ཧོཿ ཀྱཻཿ སེམས་དཔའ་ཆེན་པོ་འཁོར་བཅས་ལཿ ལྷ་ཀླུ་མི་ཡི་ལོངས་སྤྱོད་གཏེརཿ ཏིང་ངེ་འཛིན་གྱིས་མཆོད་པའི་སྤྲིནཿ བྱང་ཆུབ་སེམས་ཀྱིས་རྟག་ཏུ་མཆོདཿ བདག་གིས་འདོད་པའི་ཡོན་ཏན་ལྔཿ ཁྱོད་ལ་རྟག་ཏུ་ཕུལ་བ་ཡིསཿ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནསཿ དཔལ་དང་ཡོན་ཏན་ཐོབ་པར་ཤོགཿ སརྦ་པཱུཙྪ་མེ་གྷ་ས་མུནྟ་སྥ་ར་ཎ་ས་མ་ཡེ་ཨ་ལ་ལ་ཧོཿ སྣང་སྟོང་འཇའ་འོད་འཁྱིལ་པ་ཀླུ་དབང་སྐུཿ ཚངས་དབྱངས་ཡན་ལག་དྲུག་ཅུ་འཕགས་པའི་གསུངཿ སྟོང་ཆེན་ཡེ་ཤེས་ལྔ་ལྡན་སེམས་དཔའི་ཐུགསཿ འཇིག་རྟེན་དབང་ཕྱུག་གསང་བ་གསུམ་ལ་བསྟོདཿ ལྟོ་གདེང་དགོས་འདོད་ཀུན་འབྱུང་དབུ་ལ་བརྒྱནཿ རྣམ་འགྱུར་ཆ་ལུགས་མ་ངེས་ཅིར་ཡང་སྟོནཿ མཐུ་སྟོབས་རྫུ་འཕྲུལ་སྲིད་གསུམ་འགྲན་ཟླ་བྲལཿ དམ་ཚིག་སྲོག་ལྟར་བསྲུང་བའི་སྙིང་སྟོབས་ཅནཿ དགོས་འདོད་རེ་སྐོང་དངོས་གྲུབ་ཆར་ལྟར་འབེབསཿ ཀླུ་རྒྱལ་འཁོར་དང་བཅས་ལ་བསྟོད་པར་བགྱིཿ ཙིཏྟ་འོད་ཀྱི་གུར་ཁང་ནངཿ ཡེ་ཤེས་སེམས་དཔའ་སྤྱན་རས་གཟིགསཿ དཀར་གསལ་རྒྱན་མེད་སྐྱིལ་ཀྲུང་གིསཿ སེམས་ཉིད་ངལ་བསོའི་བཞུགས་སྟངས་ཅནཿ ཐུགས་ཀར་པདྨ་ཟླ་དཀྱིལ་དབུསཿ སྲོག་གི་སྙིང་པོ་ནཿདའི་མཐརཿ སྔགས་ཕྲེང་གསེར་མདོག་གཡས་སུ་བཀོདཿ བཀྲག་མདངས་གཟི་འོད་འབར་བར་གསལཿ ཧཱུྃཿ བསྐྲུལ་ལོ་བསྐུལ་ལོ་ཡེ་ཤེས་ལྷཿ སྟོབས་ལྡན་དཔའ་བོ་ཀླུ་དབང་རྒྱལཿ ཐུགས་དམ་གནད་ནས་བསྐུལ་བ་ཡིསཿ བཀྲག་མདངས་གཟི་བརྗིད་སྟོབས་རྩལ་ཕྱུངཿ ནད་གདོན་བར་ཆད་སྡུག་བསྔལ་ཞིཿ ཚེ་དཔལ་ལོངས་སྤྱོད་ཟས་ནོར་སྤེལཿ ལྷ་འདྲེ་མི་གསུམ་དབང་དུ་བསྡུསཿ དགྲ་བགེགས་དམ་སྲི་བདུད་དཔུང་གཞོམཿ དངོས་གྲུབ་མ་ལུས་མྱུར་དུ་སྩོལཿ «ཆོས་ཉིད་ལྟ་བའི་ངང་ནས་བཟླཿ »ཨོཾ་ནཱ་ག་ས་ཏྭ་ཧི་ལི་མི་ལི་ཡ་ན་ལེ་ནཱ་ག་རཱ་ཛ་ཧྲིང་ཧྲིང་ཨ་ཡུ་སིདྡྷི་བྷྲཱུྃཿ «བསྙེན་སྒྲུབ་རྟགས་མཐོང་བར་དུ་སྟེཿ རྒྱུན་དུ་བརྒྱ་རྩ་བརྒྱད་ཀྱིས་འགྲུབཿ མན་ངག་བླ་མའི་ཞལ་ལས་ཤེསཿ སྒོག་ཙོང་དྲི་ངན་ཟས་ཀྱི་རིགསཿ བྱིན་གྱིས་མ་བརླབ་པ་ཡི་ཆངཿ ཞེ་སྡང་ལྤགས་དང་གཏི་མུག་ཤཿ འཇོམས་ཤིང་དྲི་བཟང་ལུས་ལ་བྱུགསཿ སྙིང་གི་དཀྱིལ་དུ་སྦས་པ་ཡིཿ མན་ངག་ཟབ་མོ་འདི་ཁོ་ནཿ ཡོན་ཏན་བསྐལ་པར་བརྗོད་མི་ལངཿ ཀླུ་གཞན་ས་བདག་གདུག་པ་ཅནཿ བྲན་ལྟར་འདུད་ཅིང་སྲོག་སྙིང་འབུལཿ ཤིན་ཏུ་ཟབ་པའི་ཁྱད་ནོར་རོཿ ཐུན་མཚམས་བྱང་ཆུབ་སེམས་བསྐྱེད་ནསཿ »སེམས་དཔའ་ཆེན་པོ་འཁོར་བཅས་ལཿ འདོད་ཡོན་ལྔ་ཡི་མཆོད་པ་འབུལཿ གསང་གསུམ་ཡོན་ཏན་དྲན་པས་བསྟོདཿ དངོས་གྲུབ་རྣམ་གཉིས་བདག་ལ་སྩོལཿ ནཱ་ག་ས་ཏྭ་ས་མ་ཡཿ མ་ནུ་པཱ་ལ་ཡཿ ནཱ་ག་ས་ཏྭ་ཏྭེ་ནོ་པ་ཏིཥྛཿ དྲྀ་ཌྷོ་མེ་བྷ་ཝཿ སུ་ཧོཥྱོ་མེ་བྷ་ཝཿ སུ་པོཥྱོ་མེ་བྷ་ཝཿ ཨ་ནུ་རཀྟོ་མེ་བྷ་ཝཿ སརྦ་སིདྡྷིམྨེ་པྲ་ཡཙྪཿ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃཿ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝནཿ སརྦ་ཏ་ཐཱ་ག་ཏཿ ནཱ་ག་མ་མེ་མུཉྩཿ ནཱ་ག་བྷ་ཝཿ མ་ཧཱ་ས་མ་ཡ་སྭཱ་ཧཱཿ «རྗེས་ལ་གཏོར་མ་འབུལ་བ་ནི། དཀར་གསུམ་མངར་གསུམ་ཀླུ་སྨན་གྱིསཿ སྤྲུས་པས་གཏོར་རིལ་འོ་ཆབ་ཟནཿ »ཨོཾ་བཛྲ་ཡཀྵ་ཧཱུྃཿ ཨོཾ་སྭ་བྷ་ཝ་ཤུདྡྷེ་ཨཱཿ སྟོང་པའི་ངང་ལས་རིན་པོ་ཆེ་ཡི་སྣོད་དུཿ སྐྱེམས་དང་ཞལ་ཟས་རོ་བརྒྱ་ནུས་པ་སྟོང་ལྡན་རི་རབ་དང་རྒྱ་མཚོར་མཉམ་པཿ གདུང་བ་སེལ་བའི་ནུས་ལྡན་དུ་གྱུརཿ སྥ་ར་ཎ་ཁཾཿ ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱཿ གཏོར་མགྲོན་ཀླུ་དབང་སེམས་དཔའ་ཆེཿ སྟོབས་ལྡན་རྒྱལ་པོ་ཆེན་པོ་བཞིཿ ཀླུ་ཆེན་བརྒྱད་དང་བྱང་སེམས་རིགསཿ འཁོར་ཚོགས་བྱེ་བ་དུང་ཕྱུར་བཅསཿ སྤྱན་འདྲེན་གནས་འདིར་ས་མ་ཛཿ ཨེ་ཧྱ་ཧི་ཧྲིཾ་ཧྲིཾ་འདུསཿ ཞལ་ཟས་འདོད་པའི་ཡོན་ཏན་ལྔཿ སྨན་སྣ་སྐྱེད་ཚལ་ཁང་བཟང་དངཿ རིན་ཆེན་འབྲུ་སྣ་བང་མཛོད་གཏེརཿ ཀླུ་ནོར་ལོངས་སྤྱོད་འཇིག་རྟེན་ཁམསཿ གང་བའི་འཛད་མེད་གཏེར་ཆེན་འདིཿ ཀླུ་རྒྱལ་འཁོར་དང་བཅས་པ་ལཿ གསོལ་ལོ་འབུལ་ལོ་མཆོད་དོ་བཞེསཿ ཐུགས་ཀྱི་བཞེད་དོན་ཡོངས་སྐོང་ཤོགཿ ཧི་ལི་ཧི་ལི་མི་ལི་མི་ལི་ནཱ་ག་ནི་པཱུ་ཙ་མེ་གྷ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ «ལན་བདུན་གྱིས་འབུལཿ »ཀྱེཿ སྤྱན་རས་གཟིགས་དབང་ནཱ་གའི་འདྲེན་པ་ཆེརཿ ཡོངས་ཤར་སྡུག་བསྔལ་སྐྱོབས་པའི་མགོན་གཅིག་པུཿ ཐུགས་རྗེའི་ཤུགས་དྲག་རྫུ་འཕྲུལ་སྟོབས་དང་ལྡནཿ ཡིད་བཞིན་དབང་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོདཿ མེ་ཏོག་བཀོད་པ་ཞེས་བྱའི་བསྐལ་པ་ལཿ ལོ་མའི་ཚལ་ན་དྲི་མ་མེད་པའི་དྲུངཿ རིགས་གསུམ་བདག་དང་སྨོན་ལམ་གཅིག་ཏུ་འབྲེལཿ ལྷ་ཀླུ་གནོད་སྦྱིན་འཇིག་རྟེན་ཁམས་སུ་སྤྲུལཿ ཉི་མ་སྣང་བྱེད་རི་ལ་བདེན་པ་མཐོངཿ འོ་མ་ཅན་གྱི་མཚོ་གླིང་དཀྱིལ་འཁོར་དྲུངཿ དབང་བཞི་རྫོགས་ཤིང་ཐ་ཚིག་སྨོན་ལམ་ཐེབསཿ ཁྱད་པར་ཀླུ་དབང་ཁྱེད་ཀྱི་ཞལ་བཞེས་དོནཿ རྗེས་སུ་དགོངས་ལ་བདག་དང་འབྲལ་མེད་འགྲོགསཿ ཉེས་ཚོགས་བསྲུབས་ལ་ལེགས་ཚོགས་སྤེལ་བ་དངཿ བདེ་སྐྱིད་གངྒཱའི་རྒྱུན་བཞིན་ཆད་མེད་ཅིངཿ ཚེ་ཆོས་ལོངས་སྤྱོད་སྤེལ་བའི་གཉེར་ཁ་ཟུངསཿ པདྨའི་རིང་ལུགས་བླ་ན་མེད་པ་ཡིཿ ལྟ་སྒོམ་སྤྱོད་པས་བདག་རྒྱུད་ཡོངས་སྦྱངས་ནསཿ བློ་འདས་ཆེན་པོར་མངོན་འཚང་རྒྱ་བར་མཛོདཿ «འདི་ནི་ཤིན་ཏུ་གསང་བ་སྟེཿ དགའ་རབ་མཚོ་སྐྱེས་སྙིང་གི་ནོརཿ ལྔ་ཕྲག་ཐ་མར་ཉོན་མོངས་རགསཿ ན་ཚ་སྡུག་བསྔལ་དབུལ་ཕོངས་འཕེལཿ དེ་ཚེ་ཌཱཀྐིའི་ལུས་བསྲུང་ཕྱིརཿ དབྱིངས་ཆེན་བརྡ་རིས་ཆེན་མོར་བཏབཿ རྡོ་རྗེ་ཕག་མོའི་ཐུགས་ཀློང་སྦཿ དམ་ཚིག་སྲོག་གི་བཀའ་རྒྱ་གཉན་པོ་ཡོདཿ ས་མ་ཡཱཿ གུ་ཧྱཿ ཁ་ཐཾཿ དམ་ཚིག་རྒྱཿ བདག་འདྲ་ཁྲག་འཐུང་རྔམས་རྗིད་དཔའ་བོས་དབྱིངས་ཀྱི་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པ་གཅེས་པའི་མན་ངག་ཟབ་མོ་འདི་སྙིང་ལ་སྦོས་ཤིགཿ ཡི་གེའི་འདུ་བྱེད་རིག་པའི་ཡེ་ཤེས་ཀྱིས་བགྱིས་པ་ཞལ་དྲོས་བྱིན་ཆགས་དགེ་ལེགས་འཕེལ།།