DKR-KABUM-04-NGA-010

From Khyentse Lineage - A Tsadra Foundation Project
Revision as of 11:27, 10 November 2022 by Mort (talk | contribs)

DKR-KABUM-04-NGA-010

Wylie title ' DKR-KABUM-04-NGA-010.pdf
Location dil mgo mkhyen brtse bka' 'bum
Volume 4, Text 10, Pages (Folios 1a to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. '. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 4: . Delhi: Shechen Publications, 1994.
Genre Discourses - gtam
[edit]
༄༅། མདོ་ཁམས་སྔ་འགྱུར་རྙིང་མའི་བསྟན་འཛིན་ཆེན་པོ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་སྐུ་ཕྲེང་དང་པོ་བསྟན་པའི་རྒྱལ་མཚན་སྐུ་འཁྲུངས་པའི་ཡུལ་ནི། དབུ་རུ་འཕན་ཡུལ་དུ་འབངས་མི་ཁྱིམ་མང་པོའི་བདག་པོའི་སྡེ་པ་མཐོན་པོའི་རིགས་སུ་ལྕགས་ཕོ་སྟག་གི་ལོ་ལ་འཁྲུངས། ཁྱིམ་ཐབས་ཀྱི་གྲྭ་བསྒྲིགས་ཀྱང་ཐུགས་ལ་མ་བཞེད་ནས་དགུང་ལོ་བཅུ་གསུམ་གྱི་དུས་མཚན་ཉིད་ཀྱི་གྲྭ་ས་ཆེན་པོ་འབྲས་ཡུལ་གྱི་སྐྱིད་ཚལ་དུ་བྲོས་ནས་ཆོས་ལ་བྱོན། སྐྱིད་ཚལ་མཁན་པོ་ལས་བསྟན་པ་རིན་པོ་ཆེའི་སྒོར་ཞུགས། ཐུགས་འཛིན་གྱི་བསླབ་སྦྱོང་ཕལ་ཆེར་རྫོགས་པར་མཛད། ཁྱད་པར་སྡེ་བདུན་རྣམ་ངེས་སོགས་མཚན་ཉིད་ཀྱི་གཞུང་མང་པོར་མཁས་པར་སྦྱངས། དཔལ་འཁོར་ཆོས་སྡེ། རྟ་ནག་ཐུབ་བསྟན། གསེར་མདོག་ཅན། ངོར་པ་སོགས་ཀྱི་སྐྱེས་ཆེན་དམ་པ་མང་པོ་བླ་མར་བསྟེན། སྨིན་གྲོལ་གྱི་གདམས་ཟབ་མང་དུ་ཞུས། ས་སྐྱ་བདག་ཆེན་ཀུན་དགའ་བཀྲ་ཤིས་ལས་ས་ལུགས་ཀྱི་སྨིན་གྲོལ་གདམས་ངག་རྒྱ་ཆེར་གསན། ཁྱད་པར་ས་སྐྱ་གོང་དུ་ཀྱེ་རྡོར་གྱི་རྒྱུད་བཤད་མཛད་པས་དཔལ་ས་སྐྱའི་ལུགས་ལ་མཁས་པའི་གྲགས་པ་ཐོབ། འཇམ་མགོན་ས་སྐྱ་གོང་མ་རིན་པོ་ཆེས་ཐུགས་རྗེས་གཟིགས་པ་ཚད་མེད་པ་དང༌། བསྔགས་བརྗོད་དང་དབུགས་དབྱུང་བསྩལ། སླར་ཡང་གངས་ཅན་གྱི་ཁྲོད་ན་ཚད་མ་རིག་པའི་འབྱུང་གནས་གསང་ཕུར་བཞུགས་ནས་མཚན་ཉིད་ཀྱི་མཐའ་རྒྱ་ལེགས་པར་བཅད་དེ། ཚད་མ་རིག་པ་ལ་མི་འཇིགས་པའི་གོ་འཕང་བརྙེས། གསང་ཕུ། ར་བ་སྟོད། འབྲས་ཡུལ་སྐྱིད་ཚལ་ལ་སོགས་པའི་མཚན་ཉིད་ཀྱི་གྲྭ་ས་རྣམས་སུ་གྲྭ་སྐོར་མཛད་ཅིང་མཁས་པའི་ཁྲོམ་ཐོག་ཆོད་པས། ཞྭ་ལམ་རབ་འབྱམས་པའི་མཚན་གྱི་ཅོད་པན་གྱིས་མཛེས་པར་མཛད། སེར་འབྲས་དགའ་གསུམ་རྒྱུད་སྟོད་སྨད་སོགས་ཀྱི་ཁྲི་གདན་ཟུར་གྱི་དཔོན་སློབ་ཐམས་ཅད་བླ་མར་བསྟེན་ནས་གསང་བདེ་འཇིགས་གསུམ་གྱི་གཙོས་དཔལ་རི་བོ་དགའ་ལྡན་པའི་བཀའ་སྲོལ་ཕལ་ཆེར་བདག་གིར་མཛད། ཀུན་མཁྱེན་ལྔ་པ་ཆེན་པོའི་སྐུའི་ཞབས་འབྲིང་པ། རྗེ་དེའི་ཞལ་སློབ་ཡོངས་ཀྱི་གཙོ་བོར་གྱུར་པ་དགེ་སློང་འཇམ་དབྱངས་གྲགས་པའི་ཞབས་ཕྱིར་འབྱོར་བས་གྲྭ་འཁོར་གྱི་ནང་མར་གྱུར། རྗེ་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོ་དང་གནས་བརྟན་འཇམ་དབྱངས་གྲགས་པ། ཡབ་སྲས་གཉིས་ཀ་ནས་གསར་རྙིང་གི་ཟབ་གནད་གང་ཆེའི་བཀའ་ཆོས་མང་དུ་གསན་ནས་ཐོས་བསམ་གྱི་སྒྲོ་འདོགས་གཅོད་པར་མཛད་པའི་ཚེ། སློབ་དཔོན་འཇམ་དབྱངས་གྲགས་པའི་ཞལ་ནས་ཁྱེད་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་རྣམ་འཕྲུལ་དུ་སྣང་ཞིང་སྔོན་གསར་མ་ལ་མཁས་གྲགས་ཆེན་པོ་ཐོན་འདུག་ཀྱང༌། ད་ཕྱིན་སྔགས་རྙིང་མའི་རྫོགས་ཆེན་གྱི་རིང་ལུགས་ཆེན་པོ་ཞིག་ཡོད་ཚོད་དུ་འདུག་གསུངས་ཏེ། རྗེ་དེ་ལ་མངོན་མཁྱེན་ལ་ཆགས་ཐོགས་མི་མངའ་བས་ངེས་ཤེས་རྙེད་ཅིང་དག་སྣང་ཐོབ། དེ་དུས་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་ཆེན་པོ་པདྨ་རིག་འཛིན་ཡེར་པར་བཞུགས་སྐབས་ཡིན་ཏེ། དེ་སྐབས་གནས་བརྟན་གྱིས་གཙོས་པའི་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོའི་དྲུང་འཁོར་འགང་ཆེ་བ་ཕལ་ཆེར་རྫོགས་ཆེན་པ་ལ་ལྐོག་ཆོས་ཞུ་བར་བྱོན་པས། རྗེ་འདི་ཡང་དེའི་གྲར་བྱོན་ཉམས་ཁྲིད་གསན་པས་ཉམས་རྟོགས་རྩོལ་མེད་དུ་ཐུགས་ལ་འཁྲུངས་པས་ཁྲིད་ཞུ་བ་ཀུན་གྱི་ཡང་རྩེར་སོན། གྲུབ་དབང་རིན་པོ་ཆེ་ཡང་ཐུགས་ཤིན་ཏུ་མཉེས་པས་ཐུགས་ཡིད་རོ་གཅིག་ཏུ་འདྲེས། རྗེ་ཉིད་ཀྱིས་ཀྱང་ཚེ་རབས་དུ་མ་ནས་སྨོན་ལམ་གྱིས་འབྲེལ་བའི་བག་ཆགས་བཟང་པོ་སད་ནས། མོས་གུས་ཀྱི་གདུང་བས་འབྲལ་མི་ཕོད་པར་གྱུར། དེ་ནས་གོང་ས་ལྔ་པ་ཆེན་པོས་བཀས་ལུང་བསྟན་ཏེ་རྫོགས་ཆེན་པདྨ་རིག་འཛིན་དང༌། ཞེ་ཆེན་རབ་འབྱམས་བསྟན་པའི་རྒྱལ་མཚན་གཉིས་ལ་ཧུ་ཐོག་ཐུའི་གོ་གནས་དང་བཀའ་ཤོག་ཤེལ་བམ་བཅས་མདོ་ཁམས་ཕྱོགས་སུ་གཞན་དོན་ལ་བསྐུལ་བར་མཛད་པས། དཔོན་སློབ་གཉིས་ཆར་གྲྭ་འཁོར་དང་བཅས་པའི་ཆོས་སྒར་མདོ་ཁམས་སུ་བསྐྱོད། ནག་ཤོད་མཁར་བར་བསམ་གཏན་བྲག་ལ་རྒྱངས་ཙམ་ཞིག་བཞུགས། དེ་ནས་རིམ་བཞིན་མདོ་སྨད་དུ་ཆིབས་བསྐྱོད་གནང་ནས་ས་སྐྱོང་ཆེན་པོ་སྡེ་དགེའི་མངའ་རིས་ཀྱི་སའི་ཆ་རུ་དམ་སྐྱིད་བཀྲམ་ལུང་པ་ཞེས་པའི་སར་ཕེབས་པ་དང༌། ས་དེར་རྫོགས་པ་ཆེན་པོའི་བཤད་སྒྲུབ་ཀྱི་སྡེ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཆོས་སྡེ་བཏབ་ཅིང་གཙུག་ལག་ཁང་བཞེངས་པའི་ས་འཚོལ་བ་སོགས་གང་ཅིའི་ཞབས་འདེགས་ཕུལ་དུ་ཕྱིན་པར་བསྒྲུབས་པར་མཛད། གྲུབ་དབང་ཉིད་ཕྱོགས་དང་ཕྱོགས་མེད་དུ་བསྟན་པ་སྤེལ་བ་ལ་ས་དགེ་སོགས་ལྟ་གྲུབ་ཕྱོགས་འཛིན་ཅན་གྱི་ཆགས་སྡང་གི་ཚེར་མ་སྙིང་ལ་ཟུག་པ་འགའ་ཡིས་ཕྲིན་ལས་ཀྱི་སྒོ་འགེགས་པའི་ཀུན་སློང་མི་ཟད་པ་ལྟར་སྣང་གི་རྩོད་པ་བྱུང་བ་རྣམས་ཀྱང༌། རབ་འབྱམས་པ་སྨྲ་བའི་སེང་གེ་འདིས་ལུང་རིགས་ཀྱི་ང་རོ་མཐོན་པོའི་གད་རྒྱང་གིས་ཉེར་འཚེའི་རི་དྭགས་ཕྲ་མོ་དེ་དག་རྨིག་མེད་པར་བཅོམ་པས་བསྟན་པའི་རྒྱལ་མཚན་གཡོ་མེད་དུ་ཚུགས། རྫོགས་ཆེན་རབ་འབྱམས་པ་ཞེས་མཚན་ཉི་ཟླ་ལྟར་གྲགས། སྐུ་བསོད་དང་སྙན་གྲགས་རྒྱས་པས་ཕྱོགས་ཐམས་ཅད་དུ་རྫོགས་ཆེན་པ་གཉིས་པར་གྲགས། འདི་ཡན་བླ་སློབ་འབྲལ་མེད་དུ་མཛད་ཅིང༌། སྙིང་ཐིག་ཡ་བཞི། མཛོད་བདུན། ངལ་གསོ་སྐོར་གསུམ་དང་གཏེར་ཆེན་མཆོག་གཉིས། རཏ་གླིང༌། ཀར་གླིང༌། འཇའ་ཚོན་སོགས་ཀྱི་དབང་ཁྲིད་གདམས་པ་མཐའ་དག་སྨིན་རྒྱས་སུ་མནོས་ཏེ་དབུས་ཁམས་ཀུན་ཏུ་སྒྲུབ་པ་ཉམས་བཞེས་མཐར་སོན་པ་ལྟར་ཏེ་ཞལ་གདམས་ལེ་ཚན་རེ་ཟུང་སྣང་བ་ཡང་རྫོགས་ཆེན་པ་རང་གི་མགུར་འབུམ་དུ་གསལ་བ་ལྟར་ལ། དེ་སྐབས་སྡེ་དགེ་ཁྲི་ཆེན་སངས་རྒྱས་བསྟན་པ་དང༌། གཉེར་ཆེན་ལྷ་ཀླུ་སོགས་ཀྱིས་རྫོགས་ཆེན་པ་ཡབ་སྲས་རྣམས་ལ་བཀུར་སྟི་མི་དམན་པར་ཞུས་ཤིང༌། ཁྱད་པར་སྡེ་དགེའི་བཀས་རབ་འབྱམས་པ་ཁྱེད་རང་སྔོན་རྒྱལ་སྲས་སྤོམ་བྲག་པའི་གདན་ས། དེང་སང་ཁྲ་སྤོམ་བྲག་ཏུ་གྲགས་པ་འདི་དགོན་གོག་དུ་སོང་གཤིས། ཁྱོད་རང་དེ་གར་སྒྲུབ་པར་བཞུགས་ན་ལེགས་ཚུལ་ཕེབས་པ་ལྟར་སྒྲུབ་ཁང་གསར་འདེབས་སོགས་མཛད་བྱུང་བ་བཞིན་ལོ་ཤས་སྒྲུབ་པ་མཛད་ནས་བཞུགས་ཀྱང༌། གྲུབ་མཐའི་ཀུན་སློང་གིས་གྲྭ་རྒན་ཁ་ཤས་ནས་ཀར་བསྟན་རྙིང་མར་གྱུར་དོགས་བསམ་སྦྱོར་རྩུབ་མོས་རྒྱུད་བསྐུལ་ནས་ཆགས་སྡང་བསགས་པར་གྱུར་པས་རྩོད་པ་ཅན་གྱི་ཡུལ་སྤངས་ནས་ལྷོ་ཕྱོགས་ཉེ་བརྒྱུད་ཀྱི་འབྲང་པ། ལྷ་ཐོག་སོགས་ཡུལ་མ་ངེས་པ་རྣམས་སུ་ཕེབས་ནས་ཕྱོགས་བྲལ་གྱི་གདུལ་བྱ་བསྐྱངས་ཤིང༌། འབྲེལ་ཐོག་མང་པོ་ཞིག་བྱང་གྲོལ་ལ་བཀོད་པར་མཛད། ལས་འཕྲོ་དང་ལྡན་པའི་སློབ་མ་ཡང་མང་དུ་བྱོན་པས་སློབ་རྒྱུད་ཡང་དུ་མར་འཕེལ་ནས། སླར་འབྲི་བརྒྱུད་མཁར་མདོའི་ཕྱོགས་ཀྱི་གཙང་རོང་ཤར་ལྗོངས་རི་ཁྲོད་དུ་སྐུ་ཚེ་བསྒྲིལ་ནས་རྩེ་གཅིག་ཏུ་སྒྲུབ་པར་འབད་པའི་དམ་བཅའ་མཛད་ནས་བཞུགས་སྐབས། གྲུབ་དབང་པདྨ་རིག་འཛིན་འོག་མིན་དུ་གཤེགས་པའི་གཏམ་དང༌། རྗེ་ཉིད་རྫོགས་ཆེན་པའི་གདན་སར་ཕེབས་དགོས་སོགས་སྡེ་དགེའི་བང་མི་འབྱོར་འཕྲལ་རུ་དམ་དུ་ཕེབས་ནས་སློབ་དཔོན་རིན་པོ་ཆེ་དཔོན་གཡོག་གིས་དགོངས་རྫོགས་ཕལ་ཆེར་གྲུབ་ཟིན་ཀྱང༌། སླར་ཡང་རྒྱ་ཆེར་བསྒྲུབས། དེ་ནས་ལོ་ཤས་དབང་ཁྲིད་སོགས་ཀྱི་གདུལ་བྱ་བསྐྱངས་བ་ཙམ་ལས་གདན་སའི་ཁུར་ལེན་མ་མཛད་པར་འགྲོ་དོན་ཕྱོགས་བྲལ་དུ་བསྐྱངས། འདི་སྐབས་གྲུབ་དབང་རིན་པོ་ཆེའི་སྤྲུལ་པའི་ཡང་སྲིད་སོག་པོའི་རྒྱལ་པོ་ཀུན་དགའ་དྭ་ཆིང་ཞེས་པའི་འབངས་ཞིག་ལ་འཁྲུངས་པ་ངོས་འཛིན་དང་གདན་སར་འཁོད་པའི་ཞབས་འགྱུར་གང་དྲག་ཕུལ་ཞིང༌། བཀུར་སྟི་དང་སྲི་ཞུ་མི་དམན་པར་བསྒྲུབས་པར་མཛད། ཤིང་སྤྲེལ་ལོ་དགུང་གྲངས་ལྔ་བཅུ་རྩ་ལྔ་པ་ལ་རྟག་འཛིན་ཅན་ཆོས་ལ་བསྐུལ་བའི་ཕྱིར་འདིར་སྣང་སྤྲུལ་པའི་རོལ་གར་བསྡུས་ཏེ་གཞོན་ནུ་བུམ་སྐུའི་ཀློང་དུ་དགོངས་པ་བསྡུ་བའི་ཚུལ་བསྟན་པར་མཛད་དོ། །དམ་པ་འདི་ནི་རིག་པ་དང་གྲོལ་བའི་སྤོབས་པ་དགེ་བ་ཅན། རྒོལ་ངན་གཉིས་འཐུང་འཇོམས་པའི་ལུང་རིག་སྨྲ་བའི་སེང་གེ །མདོ་རྒྱུད་རིག་གནས་དང་བཅས་པ་ལ་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོ། བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་ངེས་དོན་ཟབ་མོའི་ཉམས་རྟོགས་ཀློང་དུ་གྱུར་པའི་རྣལ་འབྱོར་གྱི་དབང་ཕྱུག་ལུང་དང་རྟོགས་པའི་ཡོན་ཏན་དུ་མ་དང་ལྡན་པའི་སྐྱེས་བུ་ཆེན་པོའོ། །དམ་པ་དེ་ལ་སྒེར་གྱི་གྲྭ་ཚང་སྤྱིར་ཉེར་ལྔ་ཙམ་ཡོད་པ་ལས་ཐུགས་སྲས་མཆོག་ཏུ་གྱུར་པ། ཧོར་རོང་པ་ཚ་བ་བླ་མ་པདྨ་དབང་ཕྱུག །ལྷོ་ཉེ་རྒྱུད་ཀྱི་བླ་མ་ཨོ་རྒྱན་བསྟན་འཛིན། ལྷ་ཐོག་ཨ་འཇམ་བླ་མ་པདྨ་རྒྱལ་མཚན། ཀླུ་བསེ་བླ་མ་དར་རྒྱས། མཁར་མདོ་རྟོགས་ལྡན་ཨོ་རྒྱན་ཚུལ་ཁྲིམས། གླིང་ར་རྟགས་བླ་མ་སྐལ་བཟང་སོགས་རྫོགས་ཆེན་སྙིང་པོའི་ཉམས་བཞེས་མཐར་སོན་པས་རང་གཞན་དོན་གཉིས་སྒྲུབ་པར་ནུས་པའི་བརྒྱུད་འཛིན་ཉེར་ལྔ་པོ་དེ་རྣམས་ཀྱིས་གོང་མའི་སྐུ་གདུང་མཆོད་རྟེན་སོགས་རྫོགས་ཆེན་དགོན་དུ་བཞེངས་གྲུབ་འཕྲལ། གཏེར་ཆེན་ཉི་གྲགས་ཀྱི་སྒྲུབ་གནས་ཞེ་ཆེན་ཨོ་རྒྱན་ཆོས་རྫོང་གི་ཉེ་འདབས་སུ་སྒྲུབ་སྡེ་གསར་དུ་བཏབ་ནས་སྒྲུབ་པའི་རྒྱལ་མཚན་འཛིན་པའི་ཐུགས་སྲས་ཀྱི་ཐུ་བོ་ཧོར་བླ་མ་དམ་པ་པདྨ་དབང་ཕྱུག་ཅེས་རྫོགས་པ་ཆེན་པོའི་ལྟ་བ་མངོན་དུ་རྟོགས་ཏེ་ལྷག་པའི་ལྷ་དུ་མ་ཞལ་གཟིགས་བདུད་བཙན་ཀླུ་གསུམ་གྱིས་ཅི་བགྱིས་བཀའ་ཉན་པས་ཕྱག་ཐལ་མོ་བརྡབ་པ་ཙམ་གྱིས་དགྲ་བོ་ཐལ་བར་བརླག་ནུས་པ་སོགས་གྲུབ་པའི་མཚན་མ་མངོན་དུ་གྱུར་པ། དཔོན་སློབ་ནམ་མཁའ་འོད་གསལ་ནས་ཀྱང་རྫོགས་ཆེན་གྱི་ལྟ་སྒོམ་མཐར་ཕྱིན་པ་ལ། ཧོར་བླ་མ་ཁོང་ལས་ལྷག་པ་མེད་ཅེས་བསྔགས་བརྗོད་ལན་མང་དུ་མཛད་པ་སོགས་མདོར་ན་དམ་པའི་ཡོན་ཏན་མ་ཚང་བ་མེད་པ་དེ་ཀས་གཙོར་མཛད་དེ། བསྐྱེད་རྫོགས་ཉམས་ལེན་གྱི་བྱ་བ་ཁོ་ནས་དུས་འདའ་བར་མཛད་ཅིང་ཕྱིས་སུ་རྡོར་བྲག་པད་ཕྲིན་དང༌། སྨིན་གླིང་གཏེར་ཆེན་སོགས་ཀྱི་ལུང་བསྟན་པ་ལྟར་རབ་འབྱམས་པའི་སྐུའི་སྐྱེ་སྲིད་རུ་དམ་གཡར་འཁྱིལ་དུ་རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེའི་གཅུང་དུ་ཆུ་མོ་སྦྲུལ་གྱི་ལོ་ལ་སྐྱེ་བའི་མྱུ་གུ་འཛིན་པར་མཛད་པས། ལྷུམས་སུ་བཞུགས་པའི་ཚེ་ཡིག་དྲུག་གི་སྒྲ་བསྒྲགས་པ་དང༌། འཁྲུངས་མ་ཐག་ཏུ་ཚེམས་དཀར་ཤེལ་གྱི་མཆོད་རྟེན་ཅན་བསྩལ་ཞིང༌། གསུང་བྱེ་བ་ཙམ་ནས་རབ་འབྱམས་པའི་ཡང་སྲིད་ཞལ་བཞེས་གནང་བ་སོགས་ངོ་མཚར་བའི་མཛད་པ་དུ་མ་བསྟན་ཅིང་དམ་པའི་ཡོན་ཏན་མངོན་གྱུར་དུ་གསལ་བ་ལ། སྨིན་གླིང་ནས་མཚན་འགྱུར་མེད་ཀུན་བཟང་རྣམ་རྒྱལ་བློ་གསལ་རྒྱ་མཚོའི་སྡེ་བསྩལ་ཏེ་གོང་མའི་བུ་སློབ་རྣམས་ནས་རང་གནས་ཞེ་ཆེན་དགོན་རྙིང་གསང་སྔགས་ཆོས་གླིང་དུ་གདན་དྲངས། གོང་མའི་ཐུགས་སྲས་ཨོ་རྒྱན་སྐལ་བཟང་གིས་གསན་སྦྱོང་སོགས་ཀྱི་དགེ་རྒན་མཛད་དེ། དམ་པ་གོང་མ་ནས་བསྩལ་བའི་དབང་ཁྲིད་གདམས་པ་སོགས་རྒྱལ་ཚབ་བླ་མ་པདྨ་དབང་ཕྱུག་ནས་ཕུལ་ཞིང༌། ལོ་ཤས་ནས་བོད་ཡུལ་དབུས་སུ་དུས་ཀྱི་འགྱུར་བས། སྨིན་གླིང་རྒྱལ་སྲས་ཁྲི་ཆེན་རིན་ཆེན་རྣམ་རྒྱལ་ཁམས་འདིར་ཕེབས་སྐབས་རྫོགས་ཆེན་དགོན་དུ་གདན་དྲངས་པའི་ཚེ་ཞེ་ཆེན་དགོན་དུའང་གདན་དྲངས་ནས་མཆོག་སྤྲུལ་དང་བླ་རྒན་སོགས་ཀྱི་གཙོས་དགོན་སྤྱིར་དབང་ལུང་ཁ་ཤས་གནང་ཞིང༌། དམ་པ་དེ་ཉིད་ནས་ཤེལ་བྲག་གཏེར་བྱོན་དྲེགས་འཇོམས་ཀྱི་ཆོས་བདག་ལུང་བསྟན་ནང་ཚན། ནང་གི་ཆོས་བདག་སྔགས་སྤྱོད་རྣལ་འབྱོར་ལྔ་ཞེས་པའི་ནང་ནས་གཅིག་ཁྱོད་རང་ཡིན་པ་འདི་ཉིད་ཡི་དམ་དུ་མཛད་ན་སྐུ་ཚེ་མཛད་ཕྲིན་ཡར་རྒྱས་སུ་འོང་ཞེས་ལུང་བསྟན་གྱིས་དབུགས་ཕྱུང་སྟེ། གཏེར་ཆེན་རིན་པོ་ཆེའི་ཕྱག་ཕྲེང་རུ་རཀྵ་བྱིན་ལྡན་ཡང་བསྩལ་ཏེ་བསྔགས་བརྗོད་རྒྱ་ཆེར་མཛད། སྐུ་ཡོན་སློབ་སྦྱོང་སོགས་ཀྱང་དཀའ་ཚེགས་མ་དགོས་པར་སྐྱེས་ཐོབ་ཀྱི་བློ་གྲོས་ཕུལ་དུ་ཕྱིན་པས་མཁྱེན་རྟོགས་རྩལ་རྫོགས་པས། མདོ་སྔགས་རིག་ལམ་དང་བཅས་པ་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་དང་ལྡན་པས་མཁས་པའི་རྩེར་སོན། སླར་ཡང་རྫོགས་ཆེན་མཆོག་སྤྲུལ་ཐེག་མཆོག་བསྟན་འཛིན་གཙོ་བོར་མཛད་དེ། བྱང་པ་རིག་འཛིན་མཆོག་སྤྲུལ་སྐལ་བཟང་པདྨ་དབང་ཕྱུག །ཟུང་འཇུག་རྡོ་རྗེའི་ས་མཁན་འགྱུར་མེད་སྐལ་བཟང་འཕེལ་རྒྱས། རྗེ་ཉིད་ཀྱི་རིགས་དབོན་འགྱུར་མེད་སྐལ་བཟང་བསྟན་འཕེལ་བཅས་རིགས་བདག་མཚུངས་མེད་ལྔ་དང༌། གཞན་ཡང་ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། མདོ་ཁམས་པ་ཀུན་དགའ་བསྟན་འཛིན། ཀཿཐོག་རྒྱལ་སྲས་དྲི་མེད་ཞིང་སྐྱོང་སོགས་ཡོངས་འཛིན་མཁས་གྲུབ་དུ་མའི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ནས་སྡེ་སྣོད་གསུམ་རྒྱུད་སྡེ་བཞི་ཐ་སྙད་རིག་གནས་དང་བཅས་པ་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན། དབུས་ཕྱོགས་དང་ཁམས་ཀྱི་བསྟན་འཛིན་གསར་རྙིང་རིས་སུ་མ་ཆད་པ་དུ་མ་ལས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་གསན་ཞིང་ཡི་དམ་དུ་མའི་ལྗགས་བསྙེན་སོགས་ཚད་ལྡན་དུ་བསྒྲུབས་ཤིང་ཉམས་དངོས་གཟིགས་ལམ་སོགས་སུ་རྩ་གསུམ་ལྷག་པའི་ལྷ་དུ་མ་དང༌། ཨོ་རྒྱན་ཆེན་པོ་སོགས་ཀྱི་ཞལ་ཡང་ཡང་དུ་བསྟན་ཅིང༌། ཆོས་སྲུང་ཐམས་ཅད་ནས་ཀྱང་ཕྲིན་ལས་སྒྲུབ་པའི་བརྡ་རྟགས་མངོན་དུ་སྟོན་པ་དང༌། འཇིག་རྟེན་ན་ཆེ་བར་གྲགས་པའི་དྲེགས་ཚོགས་རྣམས་ཀྱང་བཀའ་ལ་མངོན་སུམ་དུ་ཉན་ནུས་པ་སོགས་ཞིབ་པར་རྗེ་ཉིད་ཀྱི་དག་སྣང་འཇའ་ཚོན་གྱི་རི་མོའི་རྣམ་འགྱུར་དུ་འཁོད་པ་ལྟར་ཏེ། གཞན་ཡང་འཆད་པ་ལ་རྡོ་རྗེའི་ལྗགས་དང་ལྡན་པས་མདོ་སྔགས་བཀའ་གཏེར་གྱི་ཆོས་སྒོ་མཐའ་དག་གི་དབང་ལུང་ཁྲིད་སོགས་ཟབ་རྒྱས་ཀྱི་གདམས་པས་གདུལ་བྱ་མཐའ་དག་སྨིན་གྲོལ་ལ་བཀོད་ཅིང༌། བརྩམས་པ་ལ་ལྷག་པའི་ལྷས་བྱིན་གྱིས་རླབས་ཅིང་དངོས་གྲུབ་བྱིན་པ་ལྟ་བུས་ཚིག་བརླིངས་ཤིང་རྟོགས་དཀའ་ལ་ཉམས་འགྱུར་བརྒྱ་ཕྲག་དང་ལྡན་པ་ཁོ་ན་མཛད། ཡི་དམ་དུ་མའི་སྒྲུབ་ཕྲིན་ཆོག་བསྒྲིགས་སོགས་གསུངས་རྩོམ་པུསྟིཀ་དྲུག་གི་གྲངས་ལྡན་དུ་བཞུགས་པ་སོགས། མདོར་ན་མཁས་བཙུན་བཟང་གསུམ་མཁྱེན་བརྩེ་ནུས་གསུམ། འཆད་རྩོད་རྩོམ་གསུམ་སོགས་དམ་པའི་ཡོན་ཏན་དུ་མས་ཀུན་ནས་ཕྱུག་པའི་མཁས་གྲུབ་དམ་པ་སྟེ། ཤིང་སྟག་ལོར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་སྡེ་གསར་དུ་བསྐྲུན་ནས་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ་ཏེ་དགུང་གྲངས་ང་བརྒྱད་པ་ས་གླང་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ལ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན། སློབ་མའི་རིམ་པའང་རྒྱལ་ཚབ་མཆོག་སྤྲུལ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་དང༌། སྒོ་མེ་དང་སྐྱ་ཆོས་རྗེ་ཀུན་བཟང་སྙན་གྲགས་རྒྱ་མཚོ། སིབ་སྤྲུལ་སྐུ་ཀུན་བཟང་པདྨ་དབང་རྒྱལ། རྡོ་བ་གྲུབ་ཆེན་ཀུན་བཟང་གཞན་ཕན་སོགས་ཟླ་རྒྱུད་སྟོད་སྨད། ལྷོ་ཁ་ཕྱོགས་སུ་མཁས་གྲུབ་གཉིས་ལྡན་རིམ་གཉིས་ཀྱི་དྲོད་ཚད་བརྙེས་པ་དུ་མ་བྱུང་བ་ནི་སྨོས་ཀྱིས་མི་ལངས་ལ། ༈ རྗེ་རབ་འབྱམས་མཆོག་སྤྲུལ་གསུམ་པ་ནི། རྗེ་བླ་མ་དམ་པ་ཆོས་དབྱིངས་སུ་གཤེགས་རྗེས་ལྕགས་སྟག་ལོར་སྣ་ནམ་ཡང་སྲིད་རྡོར་བྲག་རིག་འཛིན་ཆེན་པོ་ཁམས་དར་རྩེ་མདོ་ནས་ཡར་ཐེག་སྐབས་ཞེ་ཆེན་གདན་སར་ཆིབས་བསྐྱོད་གནང་དུས་རྗེ་དབོན་བླ་མ་པདྨ་ཀུན་གྲོལ་རྣམ་རྒྱལ་དང་ཕྱག་མཛོད་བླ་མ་དཀོན་མཆོག་དར་རྒྱས་སོགས་དགོན་པའི་གྲྭ་སློབ་རྣམས་རྗེ་བླ་མའི་ཡང་སྲིད་ཀྱི་དོགས་གཅོད་ཞུས་ཚེ། རིག་འཛིན་མཆོག་དེར་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་ནས་ལུང་བསྟན་བསྩལ་བར། །རིག་པ་འཛིན་པ་རྡོ་རྗེ་ཐོགས་མེད་རྩལ། །ཁྱོད་ཀྱི་སྐྱབས་བྱ་གསང་སྔགས་བསྟན་འཛིན་པ། །ཞིང་འདིའི་གདུལ་བྱ་རེ་ཞིག་རྫོགས་ན་ཡང༌། །དགོན་གནས་ཉིད་ནས་འཇལ་བའི་ཤར་ལྷོ་མཚམས། །ལུང་པ་ཁ་ནི་ལྷོ་ནུབ་བསྟན་པ་ན། །རྩི་ཤིང་ནགས་ཚལ་དྲྭ་བ་འཁྲིགས་པའི་དབུས། །ཕ་མ་པདྨའི་རིགས་སུ་གྱུར་པའི་སྲས། །ཡོས་འབྲུག་མཚམས་སུ་འབྱུང་བའི་ངོ་ཞིག་མཆིས། །པདྨ་དྲག་པོའི་སྒོ་ནས་སྨིན་གྲོལ་གྱིས། །དམ་སྲི་འབྱུང་པོའི་ཚོགས་ལས་རྒྱལ་བར་ངེས། །དེ་ཙམ་ཡེ་ཤེས་མཁའ་འགྲོའི་གཏམ་འཆལ་ལོ། །ཞེས་པའི་ལུང་བསྟན་དང་རྗེས་སུ་མཐུན་པར་རྒྱ་རོང་སྒྲུབ་སྡེ་དང་ཉེ་བའི་ཕྱོགས་སུ་ཡབ་རྟ་མགྲིན་ཞེས་པའི་སྲས་སུ་འཁྲུངས་ཤིང༌། སླར་ཡང་ཡོས་ལོར་དབུས་ཕྱོགས་ནས་ལྕགས་ཟམ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། སྨིན་གླིང་ཁྲི་ཆེན་པདྨ་བསྟན་འཛིན། རྡོར་བྲག་རིག་འཛིན་ཆེན་པོ་ལ་ཡང་བརྟགས་ཞུས་ཡང་བསྐྱར་དང༌། ཁམས་ནས་ཤར་ཆེན་ཀླུ་ལྡིང་རིན་ཆེན་མི་འགྱུར་རྒྱལ་མཚན་སོགས་ཡེ་ཤེས་སྤྱན་གྱིས་ཤེས་བྱའི་ཆོས་ཀུན་མ་འདྲེས་པ་ས་ལེར་གཟིགས་པ་ཐམས་ཅད་ནས། དམ་པ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ལུང་བསྟན་པ་བཞིན་གོང་མའི་གདན་སར་མངའ་གསོལ་ཏེ། རབ་འབྱམས་སྤྲུལ་པའི་སྐུ་རིན་པོ་ཆེ་ཆོས་ཀྱི་ཁྲི་ལ་ཞབས་པད་བཀོད་པ་དང་ལྷན་ཅིག་རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་ཨ་ཏི་བསྟན་པའི་རྒྱལ་མཚན་ནས་གཙུག་ཕུད་བཞེས། ཕྱིས་སུ་སྨིན་གླིང་ཁྲི་ཆེན་འགྱུར་མེད་ཕྲིན་ལས་རྣམ་རྒྱལ་ནས་མཚན་རིག་འཛིན་དཔལ་འབྱོར་རྒྱ་མཚོ་རྒྱལ་བའི་ཉིན་བྱེད་དུ་གསོལ། ཡོངས་འཛིན་དམ་པ་རྒྱལ་ཚབ་རིན་པོ་ཆེ་དང༌། རྫོགས་སྤྲུལ་གསུམ་པ། སྨིན་གླིང་ཁྲི་ཆེན་སྐུ་མཆེད། རྡོར་བྲག་རིག་འཛིན་ཆེན་པོའི་ཡང་སྲིད་ཀུན་བཟང་འཇིགས་མེད་གླིང་པ། ཉི་གྲགས་མཆོག་སྤྲུལ་གསུམ་པ། རྡོ་བ་གྲུབ་ཆེན་ཀུན་བཟང་གཞན་ཕན། ཀཿཐོག་པ་ཡབ་སྲས་བཤེས་གཉེན་རིག་འཛིན་བཟང་པོ། རྣམ་འདྲེན་བླ་མ་འཇིགས་མེད་གོ་ཆ་སོགས་དམ་པ་དུ་མ་ནས་དབང་ཁྲིད་ཀྱི་གདམས་པ་མཐའ་དག་གསན་ཞིང༌། བཤད་སྒྲུབ་ཀྱི་བསྟན་པ་ལ་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་གཞན་འགྲན་དང་བྲལ་ཞིང༌། ཁྱད་པར་རང་ལུགས་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་བཞེས་ལྟར་གྱི་ལོ་བསྟར་དུས་མཆོད་ཆེ་ཁག་བཞི་དང༌། ལོ་ངོ་གསུམ་རེའི་མཚམས་ནས་བཀའ་བརྒྱད་བདུད་རྩི་ཆོས་སྨན་གྱི་སྒྲུབ་པ་སོགས་ཁུངས་ལྡན་དམ་པའི་ཕྱག་བཞེས་རང་བཟོའི་དྲི་མ་ཕྲ་མོས་བཅོས་སླད་ཀྱིས་མ་བསྒྲིབས་པར་གར་ཐིག་དབྱངས་རོལ་སོགས་ཕྱིའི་སྤྲོས་བཅས་མཆོད་པའི་དུས་མཆོད་ལ། ནང་བསྐྱེད་རྫོགས་དམིགས་པའི་ཏིང་འཛིན་གསལ་ཞིང༌། གསང་བ་སྤྲོས་བྲལ་ཀ་དག་གི་ལྟ་བར་ལ་བཟླས་ནས་སྒྲུབ་པའི་གཟུགས་བརྙན་དུ་མ་སོང་བར་འཛུགས་པར་གནང་བ་དང༌། ཁྱད་པར་རབ་བྱུང་བཅུ་གསུམ་པ་ཤིང་གླང་ལོར་ངེས་དོན་སྙིང་པོའི་སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་རྟེན་བརྟེན་པར་བཅས་པ་གསར་དུ་བསྐྲུན་ཏེ། རྩེ་གཅིག་སྒྲུབ་ལ་གཞོལ་བའི་མི་གྲངས་བཅོ་ལྔ་ཙམ་གྱིས་སྙིང་ཐིག་ཟབ་མོའི་ཉམས་ལེན་རྩ་རླུང་ཐོད་རྒལ་སོགས་ལ་སྦྱངས་པ་གནད་དུ་སྨིན་པར་བྱེད་པ་ལས་རྣམ་གཡེང་དང་འདུ་འཛིར་མ་སོང་བའི་སྒྲུབ་གྲྭ་དངོས་གཙང་བར་བཞེངས་ནས་སྒྲུབ་རྒྱགས་ཀྱིས་མཚོན་པའི་མཐུན་རྐྱེན་གང་དགོས་རྩོལ་སྒྲུབ་མི་དགོས་པར་སྦྱོར་བར་མཛད་པ་དང༌། ངོ་མཚར་བའི་མཛད་ཕྲིན་དང་གསང་བ་གསུམ་གྱི་ཡོན་ཏན་གྱི་ཕུང་པོ་གཞལ་དུ་མ་མཆིས་པ་རྒྱ་མཚོ་ལྟ་བུ་མངའ་ཡང་གདུལ་བྱའི་བསོད་ནམས་ཀྱིས་སྐལ་བས་མ་འཁྱོངས་བས་རེ་ཞིག་དག་པའི་ཞིང་དུ་གཤེགས་པའི་ཚུལ་བསྟན་པར་གྱུར་ཏོ། ༈ དེའི་ཡང་སྲིད་བཞི་པ་གར་དབང་ཆོས་ཀྱི་རྒྱལ་མཚན་བསོད་ནམས་སྟོབས་ཀྱི་དབང་ཕྱུག་ནི། གོང་མའི་ཆོས་ཁྲིར་མངའ་གསོལ་ནའང་མཁའ་འགྲོའི་ལུང་བསྟན་དང་ཟབ་གཏེར་གྱི་བཀའ་བབས་བཅས་གསང་སྤྱོད་ཀྱི་རྟེན་འབྲེལ་བཞེས་ནས་གྲུབ་པའི་གནས་མཆོག་རྦ་ལྕགས་ཤྲཱི་སོགས་སུ་ཕེབས་ཏེ་དྭགས་ཞོང་ཀོང་གསུམ་གྱི་གདུལ་བྱའི་མགོན་མཛད་པ་ལས། ཕྱོགས་འདིར་ཕྲིན་ལས་ཀྱི་རྒྱུན་ཧ་ཅང་མ་སྨིན། ༈ དེའི་ཡང་སྤྲུལ་ལྔ་པ་བདག་སོགས་གདུལ་བྱའི་མགོན་གཅིག་འགྱུར་མེད་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ནམ་འགྱུར་མེད་ཀུན་བཟང་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་ནི། ཤིང་ཕོ་བྱི་བའི་ལོ་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས། རྫོགས་ཆེན་པ་མི་འགྱུར་ནམ་མཁའི་རྡོ་རྗེ། རྒྱལ་ཚབ་གཉིས་པ་ཨོ་རྒྱན་རང་བྱུང་རྡོ་རྗེ། རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོ། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་སོགས་ཀྱི་བསླུ་མེད་རྡོ་རྗེའི་ལུང་གིས་ཟིན་པ་ལྟར་གོང་མའི་སེང་ཁྲིར་མངའ་གསོལ། ཆུང་ངུ་ནས་དམ་པའི་རྣམ་ཐར་སྒྲིབ་མེད་དུ་གསལ། ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནི་ཐོག་མར་དབང་བཞིའི་ཡེ་ཤེས་ཀྱིས་རྒྱུད་སྨིན་པར་བྱེད་པ་པོ་དང༌། བར་དུ་རྟོགས་པ་ངོ་སྤྲོད་ཀྱིས་མཉམ་བཞག་གིས་བོགས་དབྱུང་བ་པོ་དང༌། རྗེས་ཡེ་ཤེས་ཀྱི་སྐུས་ཀྱང་ཡང་ཡང་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པའི་རྒྱུས་རྩ་བའི་རིགས་བདག་གཅིག་ཆོག་དང༌། གཞན་ཡང་རྒྱལ་བས་ལུང་བསྟན་ཀུན་མཁྱེན་བློ་གྲོས་མཐའ་ཡས། མཁན་ཆེན་རྡོ་རྗེ་འཆང་པདྨ་དམ་ཆོས་འོད་ཟེར། དཔོན་སློབ་བཞི་པ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ། རྒྱལ་ཚབ་གཉིས་པ་ཨོ་རྒྱན་རང་བྱུང་རྡོ་རྗེ། དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེ་ཀརྨ་ཀུན་བཟང་བསྟན་པའི་ཉི་མ། སྦས་པའི་རྣལ་འབྱོར་བ་ཆེན་པོ་འཇུ་དབོན་འཇིགས་མེད་རྡོ་རྗེ་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མའི་ཞབས་པད་བསྟེན་ནས་སྔ་འགྱུར་བཀའ་གཏེར་གཙོ་བོར་གྱུར་པའི་གསན་སྦྱོང་མཐར་ཕྱིན། རང་དགོན་བླ་བྲང་ཕུན་ཚོགས་ཡོངས་འདུའི་གཟིམ་ཤག་ངོ་མཚར་ཀུན་གཟིགས་སུ་ལོ་གསུམ་ཕྱོགས་གསུམ་གཙོ་བོར་གྱུར་པའི་བཅད་རྒྱའི་ཁོངས་སུ། སྔ་འགྱུར་འདུས་པ་མདོ། སྒྱུ་འཕྲུལ་ཞི་ཁྲོ། སྒྲུབ་པ་བཀའ་བརྒྱད། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་གཙོ་བོར་གྱུར་པའི་རྩ་གསུམ་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་མཛད་པས། དེ་དག་གི་སྐབས་སོགས་སུ་དངོས་ཉམས་རྨི་ལམ་དུ་བླ་མ་དང་ལྷག་པའི་ལྷ་ཡིས་ཞལ་བསྟན་པ་དང་བྱིན་གྱིས་བརླབས་པའི་མཚན་མ་ཇི་སྙེད་པ་དང༌། ཁྱད་པར་འདུས་མདོའི་བསྙེན་སྒྲུབ་གནང་སྐབས་དམ་པའི་རིགས་ཅན་དྲྭ་མ་ལྔའི་ནང་ཚན་སྲིན་པོ་བློ་གྲོས་ཐབས་ལྡན་གྱི་རྣམ་འཕྲུལ་ཡིན་པའི་ལུང་བསྟན་དང༌། སྨིན་གཏེར་གཤིན་རྗེ་དྲེགས་འཇོམས་ཀྱི་ལྗགས་བསྙེན་གནང་སྐབས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཡིན་པའི་ཐུགས་ཤེས་གསལ་པོར་འཁྲུངས། རྡོ་རྗེ་འཆང་མཁྱེན་བརྩེའི་ཞབས་ཀྱིས་ཀྱང༌། མདོ་ཁམས་སྨད་ཕྱོགས་ཀྱི་བསྟན་འཛིན་ཞིག་ལ་ཞེ་ཆེན་རབ་འབྱམས་ལས་བཟང་བ་མེད་ཅེས་ལན་ཡང་ཡང་བསྔགས་པས་མཚོན་དམ་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བཀུར། རྒྱལ་བཀའ་རིན་པོ་ཆེའི་བཀླགས་ལུང་ཚར་གཅིག །བོད་ཀྱི་གནས་ཆུང་སྒྲ་དབྱངས་གླིང་གི་རིག་འཛིན་འདུས་ཚོགས་ལ་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་གིས་མཚོན་སྨིན་གྲོལ་ཚར་བཞི། སྒྲུབ་ཐབས་འདོད་འཇོ་བུམ་བཟང་གི་དབང་ལུང་ཚར་གསུམ། སེམས་སྡེ་ཨ་དོན་བཅོ་བརྒྱད། ཀློང་སྡེ་རྡོ་རྗེ་ཟམ་པ། མན་ངག་སྡེ་སྙིང་ཐིག་ཡ་བཞི། སྨིན་གླིང་གཏེར་གསར་སྐོར་གཙོར་གྱུར་འཆད་སྤེལ་གྱིས་ཁམས་དབུས་ཀྱི་གདུལ་བྱ་མཐའ་ཡས་པ་རྗེས་སུ་བཟུང༌། རང་དགོན་གྱི་གཙུག་ལག་ཁང་ཕན་ཚུན་གསར་བཞེངས་དང་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་རྒྱུན་འཛུགས། སྔ་འགྱུར་བཀའ་མ་འདུས་མདོ། སྒྱུ་འཕྲུལ་ཞི་ཁྲོ། ན་རཀ་དོང་སྤྲུགས། སོ་ལུགས་ཡང་དག །སངས་རྒྱས་མཉམ་སྦྱོར་བཀའ་སྲུང་བཅས་ཀྱི་སྒྲུབ་མཆོད་གཏན་འཇགས། མཆོད་རྫས་ཡོ་བྱད་ཁྱད་ཐོན་སོགས་འཁོར་ལོ་གསུམ་གྱི་ཕྲིན་ལས་ཀྱིས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་ནས། དགུང་གྲངས་ཞེ་དྲུག་པ་ས་མོ་བྱ་ཡི་ལོར་རེ་ཞིག་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ནས་སླར་ཡང་བདག་སོགས་གདུལ་བྱ་རྒྱ་མཚོ་བརྩེ་བས་མི་འདོར་བའི་སླད་དུ་ངོ་མཚར་སྤྲུལ་པའི་ཟློས་གར་མྱུར་དུ་འབྱོན་པའི་གསོལ་བ་འདེབས་པའི་སྐབས་སོ། ༈ དེའི་ཡང་སྤྲུལ་དྲུག་པ་ནི་རྗེ་བླ་མ་དེ་ཉིད་སྐུ་གཤེགས་མ་ཐག་རྒྱལ་ཚབ་རིན་པོ་ཆེར་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བའི་དག་སྣང་དང༌། གྲུབ་དབང་རྫོགས་ཆེན་ལྔ་པའི་ཡེ་ཤེས་ཀྱི་གཟིགས་པས་ངོས་འཛིན་གནང་བ་དང་མཐུན་པར་མགོ་ལོག་ཨ་ཅང་ཁང་སར་དཔོན་གྱི་སྲས་སུ་ལྕགས་ཕག་ལ་སྐུ་འཁྲུངས། རང་དགོན་དང་ཉེ་བའི་ཆུ་ཆེན་པོའི་ཟམ་ཁར་ཕེབས་པ་དང་མ་ཡུམ་གྱི་རུམ་དུ་ཡོད་པ་ཞིང་སྐྱོང་དུར་ཁྲོད་མ་མོ་ཨ་མ་བགྲེས་མོ་ཞིག་ཏུ་བསྟན་ནས་ངའི་བུ་དེར་སླེབ་ཅེས་མགུལ་དར་ཕུལ་བ་མ་ཡུམ་ཆིབས་པའི་སྟེང་དུ་ཡོད་ཀྱང་དར་གྱི་སྣེ་ས་ལ་འཁྱིལ་བ་ཕྱིས་སུ་ཡབ་ཚང་གི་གཡང་རྟེན་དུ་བཞུགས། དེ་ནས་མི་རིང་བར་རྒྱལ་ཚབ་གསུམ་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་རང་དགོན་དུ་སེང་ཁྲི་ལ་མངའ་གསོལ། རྟེན་སྡོམ་པ་གསུམ་དང་སྔ་འགྱུར་བཀའ་མ་མདོ་སྒྱུ་སེམས་གསུམ། ན་རཀ་དོང་སྤྲུགས། ཡང་ཕུར་སོགས་ཀྱི་དབང་ལུང་ཞིབ་རྒྱས། རིན་ཆེན་གཏེར་མཛོད་ཆེན་མོ་དང༌། རང་ལུགས་སྨིན་གླིང་གི་ཟབ་གཏེར། རྫོགས་ཆེན་སེམས་ཀློང་མན་ངག་གི་སྡེས་མཚོན་པའི་དབང་ཁྲིད་ལུང་བཅས་རྒྱ་ཆེར་གསན། ཁྱད་པར་སེམས་སྡེའི་རིག་འཛིན་བཅོ་བརྒྱད་ཀྱི་རྡོ་རྗེའི་མགུར་གྱི་ངོ་སྤྲོད་ལ་སྲས་མོ་གོ་མ་དེ་ཝིའི་མགུར་གྱི་དབང་དོན་གྱི་ཡེ་ཤེས་མངོན་དུ་གྱུར། རྒྱལ་ཚབ་རིན་པོ་ཆེ་དགོངས་པ་རྫོགས་རྗེས་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་སྡོམ་གསུམ་འགྲེལ་ཆེན་དཔག་བསམ་སྙེ་མ་ཁོ་བོའི་མཆན་བཏབ་པ་ཞིག་ཡོད་པས་དེ་ལ་གཟིགས་ནས་ཚུལ་གནས་ཐོས་བསམ་སྒོམ་པས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་དགོས་པའི་ཞལ་གདམས་བསྩལ། ཁྲོ་ཤུལ་མཁན་རིན་པོ་ཆེ་ཚུལ་ཁྲིམས་རྒྱ་མཚོ་ལས་རྒྱལ་བཀའ་རིན་པོ་ཆེའི་ལུང༌། ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ་པདྨ་དྲི་མེད་ལས་རྒྱལ་ཚབ་རིན་པོ་ཆེའི་བཀའ་འབུམ་གྱི་ལུང་སོགས་དབང་ལུང་རྒྱ་ཆེ་དང༌། གླིང་རྒྱལ་པདྨ་བཞད་པའི་དག་སྣང་ཚེ་ཡུམ་ཙཎྜ་ལི་སྤྱི་དང་བྱེ་བྲག་དབང་ཁྲིད་གཏད་རྒྱ་བཅས་དང༌། འཇམ་མགོན་མཁྱེན་བརྩེའི་མཆོག་སྤྲུལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལས་རྒྱལ་དབང་ལྔ་པའི་དག་སྣང་རྒྱ་ཅན་ཉེར་ལྔ་དང༌། རང་དགོན་གྱི་བཤད་གྲྭ་གསར་འཛུགས་དང་འབྲེལ་བར་དགེ་མང་མཁན་ཆེན་ཡོན་ཏན་རྒྱ་མཚོའི་སློབ་ཆེན་མཁན་པོ་སྒྲ་དབྱངས་ལས་རྒྱུད་གསང་བ་སྙིང་པོའི་འགྲེལ་ཆེན་གསང་བདག་དགོངས་རྒྱན་དང་ཞལ་ལུང་གི་བཤད་ཁྲིད་སོགས་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁྱེན་པའི་དཀྱིལ་འཁོར་རྒྱས། ཞེ་ཆེན་ཡང་དབེན་དུ་གཟིམ་ཤག་གསར་བསྐྲུན་དུ་བཀའ་གཏེར་གདམས་ངག་ཟབ་དགུའི་བསྙེན་སྒྲུབ་མཛད་པས་ལྷག་པའི་ལྷའི་དངོས་གྲུབ་ཐོབ་པའི་རྟགས་མཚན་དུ་མ་མངོན་དུ་གྱུར། ཁྱད་པར་གླིང་དཀར་དག་སྣང་ཙཎྜ་ལི་བསྙེན་པའི་ཚེ་ནང་མཆོད་བདུད་རྩི་ཁོལ་བའི་དྲིས་སྒྲུབ་ཁང་དུ་ཁྱབ་པ་དང༌། ཚེ་གལ་དུ་འཁྲུངས་པ་སོགས་དངོས་སུ་བྱུང༌། སིབ་རྫོགས་ཆེན་དགོན་དུ་བཀའ་བརྒྱད་ཀྱི་སྒྲུབ་ཆེན་མཛད་པས་མ་མོའི་རྟེན་ཕུར་ལས་བདུད་རྩི་བབ་པ་དང༌། སྲུང་མ་རྣམས་ཀྱི་ཕྲིན་ལས་བསྒྲུབས་པ། ནག་ཕྱོགས་དམ་ལ་བཏགས་པ་སོགས་དགེ་མཚན་དུ་མ་ཡོད། དབུས་གཙང་དུ་ཕེབས་ཏེ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་མཁས་བཙུན་གྲུབ་པའི་སྐྱེས་མཆོག་གཅུང་རིན་པོ་ཆེ་དང༌། མཁན་ཆེན་སྐུ་མཆེད་ལྷན་རྒྱས་པས་དབུ་མཛད། གདུང་སྲས་རྣམ་གཉིས་སོགས་དབུས་གཙང་ལྷོ་འབྲུག་ཚུན་གྱི་སྔ་འགྱུར་རྙིང་མའི་བླ་སྤྲུལ་སྒྲུབ་བརྩོན་སོགས་ལ་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ཁྲིད་ལུང་བཅས་ཞིབ་རྒྱས་དང༌། མདོ་ཁམས་སྨད་དུ་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་མཆོག་སྤྲུལ་གཙོས། རྒྱལ་ཚབ་རིན་པོ་ཆེ་འདུས་པ་གཙང་ལ་མང་བར་གཏེར་མཛོད་ཚར་གཅིག །བྱང་ཕྱོགས་ཞེ་ཆེན་གྱི་དགོན་ལག་རྣམས་སུ་སྒྲུབ་ཐབས་འདོད་འཇོ་བུམ་བཟང་དང༌། སྨིན་གཏེར་རྡོར་སེམས། བདེ་ཀུན། གཤིན་རྗེ་སོགས་དབང་ཁྲིད་ལུང་བཅས་ལོ་བསྟར་ཆགས་སུ་རྒྱུན་མི་འཆད་པ་དང༌། འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེ། ཞེ་ཆེན་ཀོང་སྤྲུལ། ལབ་མཁན་ཆེན། སྒོ་མེའི་རབ་འབྱམས་མཆོག་སྤྲུལ། སིབ་རྫོགས་ཆེན་སྤྲུལ་སྐུ། གཤོང་ནག་སྤྲུལ་སྐུ་སོགས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དུ་མ་བྱོན། རང་དགོན་གྱི་སྤྲུལ་སྐུ་རྣམས་ལ་ཆོས་སྲིད་ཀྱི་བསླབ་སྟོན། ཀུན་སྤྱོད་བཙུན་པ། ཐོས་བསམ་སྒོམ་སྒྲུབ་ལ་དངོས་དང་ཤུགས་ནས་སྦྱོར་ཞིང༌། རྒྱལ་ཚབ་རིན་པོ་ཆེའི་བཤད་གྲྭ་གསར་འཛུགས་ལ་བཞུགས་གནས་ཁང་པ་དང༌། གྲྭ་ལྔ་བཅུ། དགོན་ལྟག་ཏུ་སྒྲུབ་སྡེ་གསར་འཛུགས། གཙུག་ལག་ཁང་དུ་དུས་མཆོད་ཆེན་པོ་བཞིའི་མཆོད་རྫས་འཕན་གདུགས་བླ་བྲེ། སྒྲུབ་ཆེན་ལ་ཉེར་མཁོའི་སྨན་རཀ །གཏོར་མའི་སྣོད་དང་ཚོགས་གཞོང༌། ཉེར་སྤྱོད་བདུན་གྱི་ཡོ་བྱད་སོགས་རིན་ཆེན་གཉིས་པ་ལ་ཚ་གསེར་དང་རིན་པོ་ཆེའི་ཕྲ་ཚོམས་ཅན་སྤུས་ནམ་ལྡན་པ་གསར་བཞེངས་དང༌། དབྱངས་རོལ་ཕྱག་ལེན་ཐམས་ཅད་ཀྱང་རང་ལུགས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་སྔར་ནས་མ་ཉམས་པའི་སྟེང་སྒྲིག་ལམ་ཀུན་སྤྱོད་སོགས་སྐུ་ངལ་ཁྱད་བསད་ཀྱིས་དམ་པས་བསྔགས་འོས་དད་ལྡན་མིག་རྒྱན་དུ་བསྐྲུན་པས་བསྟན་འགྲོའི་དོན་གཉིས་ལྷུན་གྱིས་གྲུབ། མཐར་མདོ་ཁམས་དུས་འགྱུར་གྱི་སྐབས་མཐའ་མིའི་ཁྲིམས་འོག་ཏུ་མཛད་པ་བརྟུལ་བའི་ཡང་སྲིད་རྒྱལ་དབང་ཀརྨ་པ་བཅུ་དྲུག་རང་བྱུང་རིག་པའི་རྡོ་རྗེའི་འཁྲུལ་བྲལ་ཡེ་ཤེས་ཀྱི་གཟིགས་པས་ངོས་འཛིན་དང་ཁྲི་ལ་མངའ་གསོལ་ཞིང་སྡོམ་པ་གསུམ་ཀ་གནང་བའི་མཚན་འགྱུར་མེད་བཤད་སྒྲུབ་ཆོས་ཀྱི་སེང་གེ་ཞེས་བསྩལ་བའོ། །ཞེས་པ་ཡན་སྐྱབས་རྗེ་རྡོ་རྗེ་འཆང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་འཇིགས་མེད་རབ་གསལ་ཟླ་བ་སྐུ་འཚོ་ཞིང་གཞེས་པའི་ཚེ་ན་ལྗགས་བསྒྲིགས་མཛད་པ་ལགས་སོ།། ༈ རབ་འབྱམས་རིན་པོ་ཆེའི་སྐྱེ་ཕྲེང་ནི། བདེ་གཤེགས་མྱ་ངན་མེད།༡ གནོད་སྦྱིན་སྐར་མདའ་གདོང༌།༢ འཇམ་དཔལ་གཤེས་གཉེན།༣ ཆོས་རྒྱལ་མྱ་ངན་མེད།༤ ལྷ་སྲས་མུ་ཁྲི་བཙན་པོ།༥ རྨ་རིན་ཆེན་མཆོག་༦ །སློབ་དཔོན་ཀ་མ་ལ་ཤཱི་ལ།༧ རྗེ་མི་ལ།༨ རོང་སྟོན་ཤེས་བྱ་ཀུན་རིག །༩ འབྲི་གུང་རིན་ཆེན་ཕུན་ཚོགས།༡༠ དབུར་སྨྱོན་ཆོས་གྲགས།༡༡ བསྟན་པའི་རྒྱལ་མཚན།༼༡༽༡༢ འགྱུར་མེད་ཀུན་བཟང་རྣམ་རྒྱལ།༼༢༽༡༣ རིག་འཛིན་དཔལ་འབྱོར་རྒྱ་མཚོ།༼༣༽༡༤ གར་དབང་ཆོས་རྒྱལ།༼༤༽༡༥ བདེ་ཆེན་རྒྱལ་པོ།༼༥༽༡༦ ཀུན་བཟང་བསྟན་པའི་ཉི་མ།༼༦༽༡༧ འགྱུར་མེད་ཆོས་ཀྱི་སངྒེ ༼༧༽༡༨ ༈ རྒྱལ་ཚབ་རིན་པོ་ཆེ་ནི། པྲ་བྷ་ཧསྟི།༡ ནམ་མཁའི་སྙིང་པོ།༢ བླ་ཆེན་དགོངས་པ་རབ་གསལ།༣ ལང་ལབ་བྱང་ཆུབ་རྡོ་རྗེ།༤ ཏཱ་ར་ན་ཐ།༥ སྨིན་གླིང་གཏེར་ཆེན།༦ པདྨ་རྒྱལ་མཚན།༧ བསྟན་འཛིན་ཆོས་རྒྱལ།༨ ཨོ་རྒྱན་རང་བྱུང་རྡོ་རྗེ།༩ འགྱུར་མེད་པདྨ་རྣམ་རྒྱལ།༡༠ པདྨ་རྡོ་རྗེ།༡༡ སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་ཕྱག་བྲིས་ལས་དཔེ་བཤུས་སོ།། །།

Footnotes

Other Information