JKCL-KABUM-09-TA-015

From Khyentse Lineage - A Tsadra Foundation Project
Revision as of 13:32, 5 January 2022 by Mort (talk | contribs)

Wylie title JKCL-KABUM-09-TA-015.pdf
Location chos kyi blo gros bka' 'bum
Volume 9, Text 15, Pages (Folios 1a1 to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: . Bir, H.P.: Khyentse Labrang, 2012.
Genre

1 Texts in this Section (sde tshan or chos tshan)

[edit]
༄༅། །གཏེར་ཆེན་རིན་པོ་ཆེའི་རྣམ་ཐར་ཚིག་རྐང་བཞི་པའི་འགྲེལ་བསྡུས་བཞུགས་སོ། ། ན་མོ་གུ་རུ་ཝེ། གཞི་རྫོགས་རིག་པ་བྱང་ཆུབ་སེམས། །འཕོ་འགྱུར་བྲལ་བའི་བདག་ཉིད་ནི། །འགྱུར་མེད་རྡོ་རྗེའི་ངོ་བོ་སྟེ། །རང་རིག་དཔལ་ལྡན་བླ་མར་འདུད། །དེ་ལ་འདིར་གཏེར་ཆེན་རིན་པོ་ཆེའི་རྣམ་ཐར་ཤོ་ལོ་ཀ་དང་པོ་འདི་འཆད་པ་ལ། རྐང་པ་དང་པོའི་གཞི་ལམ་འབྲས་གསུམ། གཉིས་པས་ཡོངས་གྲུབ་ཆེན་པོའི་བསྐྱེད་རིམ། གསུམ་པས་རྫོགས་རིམ། བཞི་པས་མཐར་འབྲས་རྒྱས་པར་བསྟན་པའོ། །དང་པོ་ལ། ཀུན་ཁྱབ་ཅེས་པས་གཞི་བསྟན་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྐྱེ་འགགས་གནས་གསུམ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་དེ་ནི་རྡུལ་དང་བེམ་པོའི་ཆོས་ལས་འདས་ཤིང་། དེ་ཡི་མཚན་ཉིད་དང་བྲལ་ཡང་། སྲིད་ཞིའི་ཆོས་ཀུན་གྱི་སྲོག་ཏུ་བཞུགས་ཤིང་ཡེ་ཤེས་ཆེན་པོའི་བདག་ཉིད་རྣམ་ཤེས་ལས་འདས་པའི་རང་བཞིན་གང་ཡིན་པ་དེ་ནི་གདོད་མའི་ཀུན་ཏུ་བཟང་པོ་ཡིན་ལ། དེས་ཆོས་ཀུན་ལ་ཁྱབ་པའོ། །གཉིས་པ་ལམ་ནི། འགྱུར་མེད་རྟག་བརྟན་ཅེས་པ་སྟེ། དེ་ཡང་ཟག་བཅས་ལམ་བདེན་འདུས་བྱས་ཀྱི་ཆ་ཐམས་ཅད་མི་རྟག་ཅིང་མི་བརྟན་པར་འགྱུར་བའི་བདག་ཉིད་ཅན་ཡིན་པས། འདིར་གཞིའི་ཆོས་ཉིད་དེ་གང་མ་བཅོས་ཇི་བཞིན་བཞག་པ་ལ་ལམ་ཞེས་ཚིག་གི་བརྗོད་པ་ཙམ་ལས། དོན་ངོ་བོ་རང་གཤིས་ཀྱི་ཐོག་ཏུ་འགྱུར་བ་མེད་ཅིང་དུས་གསུམ་གྱི་གཟུང་འཛིན་རྟོག་པའི་ཕྲེང་བའི་སྐད་ཅིག་དང་། ཐོག་མ་དང་། ཐ་མ་སོགས་ཀྱི་ཆ་བཅས་ལས་འདས་ཤིང་དུས་གསུམ་དུས་མེད་ཐམས་ཅད་དུ་བསྒོམ་བྱ་སྒོམ་བྱེད་ཀྱི་སྤུ་རིས་མཚན་མ་དབྱིངས་སུ་ཞི་བའི་གཞི་ཡི་ཆོས་ཉིད། རྟག་བརྟན་གྱི་བདག་ཉིད་ཆེན་པོ་རང་བབ་བསལ་བཞག་དང་བྲལ་བར་ལྷུན་གྱིས་འཇོག་སྟེ་ཐག་བཅད་པའོ། །གསུམ་པ་འབྲས་བུ་ནི། རྡོ་རྗེ་སེམས་ཅེས་པ་ནི། རྡོ་རྗེ་ནི་མི་ཕྱེད་ཅིང་གཞོམ་གཞིག་དང་བྲལ་བ་སྟེ་རྫས་ཀྱི་རྡོ་རྗེ་ལྷ་དབང་གི་ལགས་ལེན་ཆོས་བདུན་ལྡན་ཡིན་པ་བཞིན་དུ། གཞི་རང་གི་ངོ་བོ་ལས་རྣམ་པར་དབྱེ་བ་དང་བཅས་པའི་རྡུལ་ཆའི་དྲི་མ་བཟོད་ནས་མ་དམིགས་ཤིང་། རྣམ་དབྱེར་མེད་པའི་སྐུ་གསུམ་འདུས་མ་བྱས་ཆེན་པོ་ཡོན་ཏན་གཞན་ནས་མ་བཙལ་རང་ཆས་ཡེ་རྫོགས་འབད་མེད་ལྷུན་གྲུབ་ནང་གསལ་ཆེན་པོ་དེ་ཉིད་སོ་སོའི་སྐྱེ་བོ་རྣམས་ཀྱིས་ལྟ་ཅི། འཕགས་པ་ས་བཅུ་པ་རྣམས་ཀྱིས་ཀྱང་མཐར་ཕྱིན་པ་མ་རྟོགས་ཤིང་། མཚན་མའི་རྣམ་རྟོགས་གིས་མི་ཕྱེད་པ་སོགས་རྡོ་རྗེའི་ཆོས་བདུན་དང་མཚུངས་པའི་གཉུག་མ་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་དེ་ནི་སངས་རྒྱས་འཕགས་པའི་སྤྱོད་ཡུལ་ཁོ་ན་ཡིན་ཡང་། ལས་དང་པོ་པ་དེ་མངོན་དུ་བྱེད་རྒྱུ་གཏན་ནས་མེད་པ་ནི་མིན་ཏེ། དགོངས་བརྒྱུད་བྱིན་རླབས་འཕོ་བའི་ངོ་སྤྲོད་ལ་བརྟེན་ཏེ་རིག་པ་འོད་གསལ་གཞི་ཡི་བཞུགས་ཚུལ་ཆེན་པོ་ཉིད་མངོན་དུ་གྱུར་ཏེ། རིག་པ་སྐུ་གསུམ་གྱི་རང་ཞལ་མཇལ་བ་ནི་གཞི་འབྲས་དབྱེར་མེད་ཀྱི་རང་གཤིས་དེ་ཉིད་ཀྱི་ཐོག་ཏུ་ཁེལ་ཤིང་དེ་ལ་གདིང་འཕོ་ནས་མཚན་མའི་ཆོས་ཐམས་ཅད་བཟོད་ནས་ཡེ་གྲོལ་ཆེན་པོ་མ་བཅིང་མི་བཅིང་བཅིང་པར་མི་འགྱུར་བའི་བདག་ཉིད་ཅན་གྱི་ཡོངས་གྲོལ་ཆེན་པོར་བསྐྱལ་བས་ཀ་དག་གི་རང་སར་གྲོལ་བའོ། །རྐང་པ་གཉིས་པའི་དོན་ནི་ཡོངས་གྲུབ་ཆེན་པོའི་བསྐྱེད་རིམ་སྟེ། གང་ཞིག་འོག་མའི་ཐོག་མ་རྣམས་ལ་ནི། ཀུན་རྟོག་སྤྲོས་པའི་དྲ་བས་འདྲིལ་བའི་བློས་བྱས་ཀྱི་བསྐྱེད་རིམ་རྩོལ་བཅས་ངལ་དུབ་ཆེན་པོའི་འབད་རྩོལ་ལ་མ་ལྟོས་པའི་ལམ་གྱིས་དྲི་མ་སྦྱང་བ་ཡིན་ནའང་། ཐེག་པའི་རྒྱལ་པོ་འདིར་ནི་སེམས་ཀྱི་སྣང་བ་མཐའ་ཡས་མུ་མེད་པའི་དེ་ལ་ཡེ་ཤེས་རང་སྣང་གིས་ཁྱབ་ཅིང་། དེ་ཡང་སེམས་སྣང་ལ་ཡེ་ཤེས་ཀྱི་སྣང་བས་ལྷན་པ་རྒྱན་པ་ལྟ་བུ་མ་ཡིན་པར་འཁྲུལ་པའི་སེམས་སྣང་གི་དངོས་པོ་ཀུན་གྱི་ངོ་བོ་ཉིད་རང་བཞིན་པ་རང་སྣང་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡོངས་གྲུབ་ཆེན་པོའི་ལྷ་མ་སྐྱེད་ཡེ་ཤར་དེ་ཉིད་ལ་རང་ངོ་ཤེས་བས་སྒོམ་པ་མཐར་ཕྱིན་པ་ལས་སྣང་བ་ཐམས་ཅད་འོད་གསལ་ཐིག་ལེ་ཆེན་པོའི་ཀློང་ཡེ་ཤེས་ཀྱི་གཞལ་མེད་ཁང་རྒྱ་ཁྱོན་བཀོད་པ་ཚད་མེད་པའི་དབུས་སུ་རིག་པ་ཉིད་སྐུ་རུ་སྨིན་ཏེ་ནང་དབྱིངས་ཆེན་པོའི་བཞུགས་ཚུལ་ཕྱི་གསལ་གྱི་ཞི་བ་དང་ཁྲོ་བོའི་བཀོད་པ་ཚད་མེད་པ་འབད་མེད་ལམ་དུས་སུ་སྣང་བའོ། །རྐང་པ་གསུམ་པ་ནི། མཚན་མེད་རྫོགས་རིམ་བྱང་ཆུབ་སེམས་ཀྱི་རིམ་པ་བསྟན་ཏེ། དེ་ཡང་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་ལ་རྩ་རླུང་ཐིག་ལེ་ཕྲ་རག་གི་གནས་ཚུལ་དང་རྒྱུ་ཚུལ་ཐིག་ལེའི་འགྲོས་ལ་བརྟེན་ཞིང་ཀུན་ཏུ་རྟོག་པའི་གཟེབ་ཏུ་ཚུད་ནས་རྩ་ཐིག་ལ་གནད་དུ་བསྣུན་པའི་ལམ་ལ་གེགས་དང་གོལ་ས་ཆེ་ཞིང་ཁམས་འདུས་ཀྱི་འཕྲང་ལས་བརྒལ་བར་དཀའ་བས་འདིར་གནད་ཀྱི་ཟབ་པ་སྙིང་ཁ་ཆོས་ཀྱི་འཁོར་ལོ་གཞོམ་མེད་རྡུལ་བྲལ་མི་ཤིག་དྭངས་མའི་ཏི་ལ་ཀ་འགྱུར་བཅས་ཀྱི་ཆོས་ལས་འདས་ཤིང་རང་བཞིན་འགྱུར་མེད་འོད་གསལ་ཤེས་རབ་སྟོང་ཉིད་རྣམ་ཀུན་མཆོག་ལྡན་གྱི་རྡོ་རྗེ་བཙུན་མོ་དང་། ཐབས་མཆོག་དམིགས་པ་མེད་པའི་རང་གདངས་སྙིང་རྗེ་ཆེན་པོའི་རང་རྩལ་རང་བྱུང་ཁྲོ་བོའི་རྒྱལ་པོ་པདྨ་ཧེ་རུ་ཀ་ཞལ་ཕྱག་མཚན་མའི་ཆོས་ལས་འདས་ཤིང་ཕྱི་དང་ནང་མེད་ཟང་ཐལ་ཆེན་པོ་སྐུ་མདུན་རྒྱབ་མེད་པ་ཕྱོགས་བཅུ་ཀུན་ཏུ་ཞལ་ཐ་ལེ་བ། སྐུ་འབར་བ་ཆེན་པོའི་གར་དགུའི་ཉམས་ལྡན་དང་སྙམས་པར་ཞུགས་པའི་རོལ་གར་སྣང་བ་དང་། ཕྱེད༷་སྣང་ཀུན་སྣང་བའི་གྲོང་ཁྱེར་གསུམ་དུ་གཡོ་བའི་བྱང་ཆུབ་ཀྱི་སེམས་སྤྲིན་དཔགས་མེད་ཀྱི་དབྱིངས་སུ་སྡོམ་ན། བདེ་བ་ཆེན་པོའི་འོད་ཟེར་མཐའ་ཡས་མུ་མེད་པའི་ཞིང་རྣམས་ཀུན་ཏུ་འགྲོ་ཞིང་ཁྱབ་པས་ཐ་མལ་གྱི་ཞེན་རྟོག་རང་སར་དག་ཅིང་འཁོར་འདས་ཀྱི་ཆོས་ཐམས་ཅད་དྭངས་མའི་སྲོག་ཏུ་འདུས་ཤིང་འུབ་ཆུབ་ཐིག་ལེ་ཆེན་པོའི་ཀློང་དུ་སྨིན་པས། རྩ་རང་དག །རླུང་རང་ཞི། ཐིག་ལེ་རང་ཐིམ་རང་བཞིན་བརྒྱད་ཅུའི་ཀུན་རྟོག་དང་བཅས་པ་ཐམས་ཅད་དབྱིངས་སུ་ཐིམ་ཞིང་། དབྱིངས་སུ་ཞི་བ་ནི་རྫོགས་རིམ་ཀུན་གྱི་མཐར་ཐུག་པའོ། །རྐང་པ་བཞི་པའི་དོན་ནི། མཐར་འབྲས་མངོན་གསུམ་གྱི་སྣང་བ་བསྟན་སྟེ། དེ་ལྟར་ཁྱད་པར་ཅན་གྱི་གཞི་ལམ་འབྲས་གསུམ་གྱི་དོན་ལ་ངེས་ཤེས་རྙེད་ཅིང་གདེང་ཆེན་ཐོབ་པ་དང་། ཁྱད་པར་ཅན་གྱི་བསྐྱེད་རྫོགས་ཟབ་མོའི་ཆོས་ཉིད་ཀྱི་དགོངས་པའི་རྩལ་ཆེན་རྫོགས་ཏེ་ཤིན་ཏུ་རྣམ་པར་གྲོལ་བ་ཆེན་པོར་དབུགས་ཆེན་འབྱིན་པ་ནི་ལྷུན་གྲུབ་གཞོན་ནུ་བུམ་སྐུའི་ཡེ་ཤེས་ཀྱི་རྒྱ་རལ་ཏེ། ཕྱིར་སྣང་སྐུ་དང་ཡེ་ཤེས་ཀྱི་བཀོད་པ་ཅིར་ཡང་འཆར་བ་ནས་རང་སྣང་ཆོས་སྐུ་དང་ལོངས་སྐུ་ཆེན་པོ་ཕྱེད་སྤྲུལ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐུགས་རྗེ་སྤྲུལ་པ་དང་འགྲོ་འདུལ་སྤྲུལ་པའི་སྐུ་དང་དེ་རྣམས་ཀྱང་ཞིང་དང་གདུལ་བྱ་འདུལ་བྱེད་ཀྱི་རྣམ་རོལ་བསམ་གྱིས་མི་ཁྱབ་པ་རྒྱལ་བ་རྒྱ་མཚོས་ཞིང་རྒྱ། བསྐལ་བ་རྒྱ་མཚོར། སྨིན་པ་རྒྱ་མཚོར་ཚད་མེད་པའི་ཇི་སྲིད་འཁོར་བ་མ་སྟོང་པར་འགྱུར་བར་མཛད་པ་ཕྲིན་ལས་འབད་མེད་དུ་སྣང་ཞིང་འཇུག་པས་གྲོལ་བར་བྱེད་པའི་བདག་ཉིད་ཅན་དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་དཔལ་ལྡན་བླ་མ་དེ་ནི་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡབ་ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་མེས་པོ་རང་བྱུང་རིག་པའི་རྒྱལ་པོ་སྟོན་པ་འོད་མི་འགྱུར་བ་ཆེན་པོ་དེ་ལ་བསྟོད་བྱ་བསྟོད་བྱེད་ཐམས་ཅད་དང་བྲལ་བར་རང་རིག་ལྟ་བའི་ངང་ནས་འདོད་དོ། །ཅེས་པའོ། །འདིར་དགེས་བསོད་ནམས་གང་ཡོད་མཐུས། །མཐའ་ཡས་འགྲོ་བ་མ་ལུས་པ། །ཀ་དག་ཆེན་པོའི་སར་ཕྱིན་ཏེ། །བླ་མ་རྗེ་དང་དབྱེར་མེད་ཤོག །ཅེས་གཏེར་ཆེན་བླ་མའི་རྣམ་ཐར་ཤོ་ལོ་ཀ་དང་པོ་འདི་བརྗོད་བྱ་ཤིན་ཏུ་རྒྱ་ཆེ་ཡང་མདོར་བསྡུས་ཙམ་དུ་སྤྲུལ་པའི་སྐུ་འགྱུར་མེད་བཀྲ་ཤིས་ཀྱི་གསུངས་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་ཉམས་མཚར་ཙམ་དུ་བྲིས་པའོ།། །།
[edit]

@#/__/gter chen rin po che'i rnam thar tshig rkang bzhi pa'i 'grel bsdus bzhugs so/__/ na mo gu ru we/__gzhi rdzogs rig pa byang chub sems/__/'pho 'gyur bral ba'i bdag nyid ni/__/'gyur med rdo rje'i ngo bo ste/__/rang rig dpal ldan bla mar 'dud/__/de la 'dir gter chen rin po che'i rnam thar sho lo ka dang po 'di 'chad pa la/__rkang pa dang po'i gzhi lam 'bras gsum/__gnyis pas yongs grub chen po'i bskyed rim/__gsum pas rdzogs rim/__bzhi pas mthar 'bras rgyas par bstan pa'o/__/dang po la/__kun khyab ces pas gzhi bstan pa ni/__'khor 'das kyi chos thams cad kyi chos nyid skye 'gags gnas gsum thams cad dang bral ba'i de bzhin nyid de ni rdul dang bem po'i chos las 'das shing /__de yi mtshan nyid dang bral yang /__srid zhi'i chos kun gyi srog tu bzhugs shing ye shes chen po'i bdag nyid rnam shes las 'das pa'i rang bzhin gang yin pa de ni gdod ma'i kun tu bzang po yin la/__des chos kun la khyab pa'o/__/gnyis pa lam ni/__'gyur med rtag brtan ces pa ste/__de yang zag bcas lam bden 'dus byas kyi cha thams cad mi rtag cing mi brtan par 'gyur ba'i bdag nyid can yin pas/__'dir gzhi'i chos nyid de gang ma bcos ji bzhin bzhag pa la lam zhes tshig gi brjod pa tsam las/__don ngo bo rang gshis kyi thog tu 'gyur ba med cing dus gsum gyi gzung 'dzin rtog pa'i phreng ba'i skad cig dang /__thog ma dang /__tha ma sogs kyi cha bcas las 'das shing dus gsum dus med thams cad du bsgom bya sgom byed kyi spu ris mtshan ma dbyings su zhi ba'i gzhi yi chos nyid/__rtag brtan gyi bdag nyid chen po rang bab bsal bzhag dang bral bar lhun gyis 'jog ste thag bcad pa'o/__/gsum pa 'bras bu ni/__rdo rje sems ces pa ni/__rdo rje ni mi phyed cing gzhom gzhig dang bral ba ste rdzas kyi rdo rje lha dbang gi lags len chos bdun ldan yin pa bzhin du/__gzhi rang gi ngo bo las rnam par dbye ba dang bcas pa'i rdul cha'i dri ma bzod nas ma dmigs shing /__rnam dbyer med pa'i sku gsum 'dus ma byas chen po yon tan gzhan nas ma btsal rang chas ye rdzogs 'bad med lhun grub nang gsal chen po de nyid so so'i skye bo rnams kyis lta ci/__'phags pa sa bcu pa rnams kyis kyang mthar phyin pa ma rtogs shing /__mtshan ma'i rnam rtogs gis mi phyed pa sogs rdo rje'i chos bdun dang mtshungs pa'i gnyug ma byang chub kyi sems kyi rdo rje de ni sangs rgyas 'phags pa'i spyod yul kho na yin yang /__las dang po pa de mngon du byed rgyu gtan nas med pa ni min te/__dgongs brgyud byin rlabs 'pho ba'i ngo sprod la brten te rig pa 'od gsal gzhi yi bzhugs tshul chen po nyid mngon du gyur te/__rig pa sku gsum gyi rang zhal mjal ba ni gzhi 'bras dbyer med kyi rang gshis de nyid kyi thog tu khel shing de la gding 'pho nas mtshan ma'i chos thams cad bzod nas ye grol chen po ma bcing mi bcing bcing par mi 'gyur ba'i bdag nyid can gyi yongs grol chen por bskyal bas ka dag gi rang sar grol ba'o/__/rkang pa gnyis pa'i don ni yongs grub chen po'i bskyed rim ste/__gang zhig 'og ma'i thog ma rnams la ni/__kun rtog spros pa'i dra bas 'dril ba'i blos byas kyi bskyed rim rtsol bcas ngal dub chen po'i 'bad rtsol la ma ltos pa'i lam gyis dri ma sbyang ba yin na'ang /__theg pa'i rgyal po 'dir ni sems kyi snang ba mtha' yas mu med pa'i de la ye shes rang snang gis khyab cing /__de yang sems snang la ye shes kyi snang bas lhan pa rgyan pa lta bu ma yin par 'khrul pa'i sems snang gi dngos po kun gyi ngo bo nyid rang bzhin pa rang snang ye shes kyi spyod yul yongs grub chen po'i lha ma skyed ye shar de nyid la rang ngo shes bas sgom pa mthar phyin pa las snang ba thams cad 'od gsal thig le chen po'i klong ye shes kyi gzhal med khang rgya khyon bkod pa tshad med pa'i dbus su rig pa nyid sku ru smin te nang dbyings chen po'i bzhugs tshul phyi gsal gyi zhi ba dang khro bo'i bkod pa tshad med pa 'bad med lam dus su snang ba'o/__/rkang pa gsum pa ni/__mtshan med rdzogs rim byang chub sems kyi rim pa bstan te/__de yang rdo rje'i lus kyi dkyil 'khor la rtsa rlung thig le phra rag gi gnas tshul dang rgyu tshul thig le'i 'gros la brten zhing kun tu rtog pa'i gzeb tu tshud nas rtsa thig la gnad du bsnun pa'i lam la gegs dang gol sa che zhing khams 'dus kyi 'phrang las brgal bar dka' bas 'dir gnad kyi zab pa snying kha chos kyi 'khor lo gzhom med rdul bral mi shig dwangs ma'i ti la ka 'gyur bcas kyi chos las 'das shing rang bzhin 'gyur med 'od gsal shes rab stong nyid rnam kun mchog ldan gyi rdo rje btsun mo dang /__thabs mchog dmigs pa med pa'i rang gdangs snying rje chen po'i rang rtsal rang byung khro bo'i rgyal po pad+ma he ru ka zhal phyag mtshan ma'i chos las 'das shing phyi dang nang med zang thal chen po sku mdun rgyab med pa phyogs bcu kun tu zhal tha le ba/__sku 'bar ba chen po'i gar dgu'i nyams ldan dang snyams par zhugs pa'i rol gar snang ba dang /__phyedaX snang kun snang ba'i grong khyer gsum du g.yo ba'i byang chub kyi sems sprin dpags med kyi dbyings su sdom na/__bde ba chen po'i 'od zer mtha' yas mu med pa'i zhing rnams kun tu 'gro zhing khyab pas tha mal gyi zhen rtog rang sar dag cing 'khor 'das kyi chos thams cad dwangs ma'i srog tu 'dus shing 'ub chub thig le chen po'i klong du smin pas/__rtsa rang dag__/rlung rang zhi/__thig le rang thim rang bzhin brgyad cu'i kun rtog dang bcas pa thams cad dbyings su thim zhing /__dbyings su zhi ba ni rdzogs rim kun gyi mthar thug pa'o/__/rkang pa bzhi pa'i don ni/__mthar 'bras mngon gsum gyi snang ba bstan ste/__de ltar khyad par can gyi gzhi lam 'bras gsum gyi don la nges shes rnyed cing gdeng chen thob pa dang /__khyad par can gyi bskyed rdzogs zab mo'i chos nyid kyi dgongs pa'i rtsal chen rdzogs te shin tu rnam par grol ba chen por dbugs chen 'byin pa ni lhun grub gzhon nu bum sku'i ye shes kyi rgya ral te/__phyir snang sku dang ye shes kyi bkod pa cir yang 'char ba nas rang snang chos sku dang longs sku chen po phyed sprul longs spyod rdzogs pa'i sku dang /__thugs rje sprul pa dang 'gro 'dul sprul pa'i sku dang de rnams kyang zhing dang gdul bya 'dul byed kyi rnam rol bsam gyis mi khyab pa rgyal ba rgya mtshos zhing rgya/__bskal ba rgya mtshor/__smin pa rgya mtshor tshad med pa'i ji srid 'khor ba ma stong par 'gyur bar mdzad pa phrin las 'bad med du snang zhing 'jug pas grol bar byed pa'i bdag nyid can de lta bu'i yon tan dang ldan pa'i dpal ldan bla ma de ni sangs rgyas thams cad bskyed pa'i yab thog ma'i mgon po kun tu bzang po sangs rgyas thams cad kyi mes po rang byung rig pa'i rgyal po ston pa 'od mi 'gyur ba chen po de la bstod bya bstod byed thams cad dang bral bar rang rig lta ba'i ngang nas 'dod do/__/ces pa'o/__/'dir dges bsod nams gang yod mthus/__/mtha' yas 'gro ba ma lus pa/__/ka dag chen po'i sar phyin te/__/bla ma rje dang dbyer med shog__/ces gter chen bla ma'i rnam thar sho lo ka dang po 'di brjod bya shin tu rgya che yang mdor bsdus tsam du sprul pa'i sku 'gyur med bkra shis kyi gsungs ngor 'jam dbyangs blo gros rgya mtshos nyams mtshar tsam du bris pa'o//__//

Footnotes

Other Information