JKW-KABUM-07-JA-011-002: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse'i dbang po]]. ''''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 7: -. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |fulltitletib=དཔལ་འཁོར་ལོ་བདེ་མཆོག་ནག་པོ་པའི་ལུགས་ཀྱི་བསྐྱེད་རྫོགས་མདོར་བསྡུས་བདེ་ཆེན་སྙིང་པོ། | ||
|fulltitle=dpal 'khor lo bde mchog nag po pa'i lugs kyi bskyed rdzogs mdor bsdus bde chen snying po | |||
|citation=[['jam dbyangs mkhyen brtse'i dbang po]]. ''dpal 'khor lo bde mchog nag po pa'i lugs kyi bskyed rdzogs mdor bsdus bde chen snying po''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 7: 220-255. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |||
|collectiontitle=mkhyen brtse'i bka' 'bum | |collectiontitle=mkhyen brtse'i bka' 'bum | ||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | ||
Line 9: | Line 11: | ||
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | |editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | ||
|tibgenre= | |tibgenre=Generation Stage - bskyed rim, Completion Stage - rdzogs rim | ||
|terma=No | |terma=No | ||
|sabcadcategory=Five | |sabcadcategory=Five | ||
Line 22: | Line 24: | ||
|textnuminvol=011 | |textnuminvol=011 | ||
|textsubnumber=001 | |textsubnumber=001 | ||
|pagenumbers=220-255 | |||
|totalpages=36 | |||
|beginfolioline=6b1 | |||
|endfolioline=24a6 | |||
|totalfolios=19 | |||
|multivolumework=No | |multivolumework=No | ||
|rectonotes=sde tshan 11 | |rectonotes=sde tshan 11 | ||
|versonotes=mkhyen brtse'i bka' 'bum | |versonotes=mkhyen brtse'i bka' 'bum | ||
|colophontib=།ཅེས་པའང་སློབ་དཔོན་ཆེན་པོ་ནག་པོ་སྤྱོད་པ་བསམ་བཞིན་དུ་སྲིད་བ་ཉེ་བར་བཟུང་བ་འཇམ་མགོན་གྲུབ་པའི་དཔའ་བོ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་གི་གསུང་རབ་བསྐྱེད་རིམ་མདོར་བསྡུས་སུ་བྱ་བའི་ཚུལ་ལ་རྗེ་རང་ཉིད་ཀྱི་ཞལ་ལུང་སྒྲུབ་ཐབས་རྒྱས་པའི་ས་བཅད་སོགས་སྦྱར་ཞིང་། རྫོགས་རིམ་གྱི་དམིགས་པ་རྣམས་རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུ་ཀུན་དགའ་སྙིང་པོའི་ཞལ་གྱི་བདུད་རྩི་ཟིན་བྲིས་སུ་བཏབ་པ་ཇི་ལྟ་བ་བཞིན་དག་ཅིང་གསལ་བར་བྱ་བྲལ་བ་མང་དུ་ཐོས་པའི་གཟུགས་བརྙན་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།མངྒ་ལཾ།། | |||
|colophonwylie=ces pa'ang slob dpon chen po nag po spyod pa bsam bzhin du srid ba nye bar bzung ba 'jam mgon grub pa'i dpa' bo dpal ldan kun dga' grol mchog gi gsung rab bskyed rim mdor bsdus su bya ba'i tshul la rje rang nyid kyi zhal lung sgrub thabs rgyas pa'i sa bcad sogs sbyar zhing /__rdzogs rim gyi dmigs pa rnams rje btsun mchog gi sprul pa'i sku kun dga' snying po'i zhal gyi bdud rtsi zin bris su btab pa ji lta ba bzhin dag cing gsal bar bya bral ba mang du thos pa'i gzugs brnyan 'jam dbyangs mkhyen brtse'i dbang pos bris pa dge legs mchog tu gyur cig/__//mang+ga laM// | |||
|pdflink=File:JKW-KABUM-07-JA-011.pdf | |pdflink=File:JKW-KABUM-07-JA-011.pdf | ||
}} | }} | ||
Line 30: | Line 39: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༄༅། །དཔལ་འཁོར་ལོ་བདེ་མཆོག་ནག་པོ་པའི་ལུགས་ཀྱི་བསྐྱེད་རྫོགས་མདོར་བསྡུས་བདེ་ཆེན་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། བདེ་ཆེན་གཅིག་པུའི་ཉམས་ཀྱིས་དུ་མའི་གར། །སྲིད་དང་ཞི་བའི་ཐིག་ལེར་ཡོངས་བསྒྱུར་བ། །བླ་མ་འཁོར་ལོ་སྡོམ་པ་ལ་བཏུད་ནས། །བསྐྱེད་རྫོགས་སྙིང་པོའི་གདམས་པ་ཅུང་ཟད་དབྱེ། འདི་ལ་གཉིས། རྟེན་བསྐྱེད་པའི་རིམ་པ་དང་། བརྟེན་པ་རྫོགས་པའི་རིམ་པའོ། །དང་པོ་ལ་གཉིས། མངོན་རྟོགས་ལག་ཏུ་བླང་བའི་ཚུལ་དང་། །བསྐྱེད་རིམ་གྱི་མན་ངག་ཅུང་ཟད་བཤད་པའོ། །དང་པོ་ལ་གཉིས། མཉམ་པར་བཞག་པའི་རྣལ་འབྱོར་དང་། །མཉམ་པར་མ་བཞག་པའི་རྣལ་འབྱོར་རོ། །དང་པོ་ལ་གཉིས། རྒྱུ་ཚོགས་གཉིས་བསག་པ་དང་། འབྲས་བུ་ལྷ་བསྐྱེད་པའོ། །དང་པོ་ལ་གཉིས་ལས། དང་པོ་བསོད་ནམས་ཀྱི་ཚོགས་བསག་པ་ནི། མདང་ནུབ་མོ་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་འོད་གསལ་བའི་ངང་དང་གཉིད་ཀྱི་སྣང་བ་རོ་གཅིག་ཏུ་བསྲེས་ལ་མཉམ་པར་བཞག་པའི་རྒྱུན་ལས། ཐོ་རངས་རང་བཞིན་དབྱིངས་ཀྱི་རྣལ་འབྱོར་མའི་དབང་ཕྱུག་སྣ་ཚོགས་པས་ཌཱ་མ་རུའི་སྒྲ་དབྱངས་ཀར་ཀར་ལ་སོགས་པའི་སྔགས་ཀྱི་སྒྲ་བསྒྲགས་པས་བསྐུལ་ཏེ་ལྡང་། རྣལ་འབྱོར་གྱི་གྲོགས་སུ་འགྲོ་ན་ཁྲུས་བྱ། བདེ་བའི་གདན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད། མདུན་གྱི་ནམ་མཁར་སྐྱབས་ཡུལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་བའི་རྣམ་པར་གསལ་བཏབ་ལ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་ཀྱི་མཐར་ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། སྤྲོ་ན་རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་སྒོམ་བཟླས་མ་རྒྱུད་སྤྱི་ལྟར་བྱ། དེ་ནས་དཀའ་བ་གསུམ་ལ་འཇུག་པ་ནི། རང་ཉིད་གཞིའི་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པ། གཉུག་མའི་ཡུམ་རྡོ་རྗེ་ཕག་མོ་དང་མཉམ་པར་སྦྱོར་བའི་སྐུ་ཅན། ཤྲཱི་ཧེ་རུ་ཀ་ཨ་ཧཾ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །སྙིང་གར་ཟླ་བ་ལ་གནས་པའི་ཧཱུྃ་ལས་འོད་ཟེར་ལྔའི་ལྕགས་ཀྱུས་འོག་མིན་ནས་བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་བླ་མའི་སྣང་བ་དང་གཅིག་མིན་གཉིས་སུ་མ་མཆིས་པའི་རྣམ་པ་ཐ་དད་པའི་གཟུགས་བརྙན་ནམ་མཁའི་ཁམས་ཁྱབ་པའི་ཡེ་ཤེས་ཀྱི་སྣང་བར་སད་པར་གྱུར། ན་མོ་གུ་རུ་བྷྱཿ ན་མཿཤྲཱི་ཧེ་རུ་ཀ་ཙཀྲ་སམྦ་རཾ་མཎྜ་ལེ་བྷྱཿ ཨོཾ་བཛྲ་པུཥྤེ། དྷཱུ་པེ། དཱི་པེ། གནྡྷེ། ནཻ་ཝིདྱཱ། ཤབྡ་ཨཱཿཧཱུྃ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ནས། །སངས་རྒྱས་འགྲུབ་པར་ཤོག་ཅེས་རྒྱུན་བཤགས་ལན་གསུམ་བརྗོད་དོ། །གཉིས་པ་ཡེ་ཤེས་ཀྱི་ཚོགས་བསག་པ་ནི། སྭ་བྷཱ་བས་ཡུལ་དང་ཡུལ་ཅན་སྣ་ཚོགས་པའི་ཞེན་རྟོག་སྦྱང་། གཟུང་བའི་ཡུལ་དང་བྲལ་བ་རང་གི་སེམས་ཀྱི་ངོ་བོར་ཤར། ཤཱུནྱ་ཏཱས་གཟུང་བ་མ་གྲུབ་ན་འཛིན་པ་མི་གྲུབ་པས། གཟུང་འཛིན་གཉིས་དང་བྲལ་བའི་ཡེ་ཤེས་ལ་བརྡ་སྦྱར་ནས། གཉིས་པ་འབྲས་བུ་ལྷ་བསྐྱེད་པ་ལ་གཉིས། རྟེན་བསྐྱེད་པ་དང་། བརྟེན་པ་བསྐྱེད་པའོ། །དང་པོ་ལ་གཉིས་ལས། དང་པོ་སྲུང་བའི་འཁོར་ལོ་བསྒོམ་པ་ནི། ངང་དེ་ཉིད་ལས་ནཱ་དང་། དེ་ཡས་རིམས་སུ་སྣང་བའི་དབྱིངས་ལས་ཧཱུྃ་ཡིག་ལྗང་སྔོན། པད་ཉི་ལ་གནས་པའི་སྒྲ་ལས་སོན་པའི་སུམྦྷའི་སྔགས་ལས། ཤར་དང་སྟེང་དུ་ཁྭ་གདོང་། བྱང་དུ་འུག་གདོང་། ནུབ་དང་འོག་ཏུ་ཁྱི་གདོང་། ལྷོར་ཕག་གདོང་། ཤར་ལྷོར་གཤིན་རྗེ་བརྟན་མ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་རྣམས་དམར་མོ་དྲེགས་ཤིང་ཁྲོས་པའི་སྐུ། ལྕགས་ཀྱུ་དང་ཞགས་པ་ཐོགས་པས་ཕྱོགས་སྐྱོང་གིས་མཚོན་པའི་བགེགས་བཀུག་ནས་ཕུར་བུས་བཏབ་སྟེ་བར་ཆད་ཀྱི་སྒོ་ཐམས་ཅད་བསྲུང་བར་མཛད། ཕྱོགས་སྐྱོང་གི་རོ་ལས་བསྒྲུབས་པའི་ཐུན་མོང་གི་སྲུང་འཁོར་རྡོ་རྗེའི་ས་གཞི། ར་བ། དྲྭ་བ། གུར་བླ་རེ། མདའ་དྲྭ། ཡེ་ཤེས་ཀྱི་མེ་རི་དང་བཅས་པའི་དབུས་སུ། གཉིས་པ་གཞལ་ཡས་ཁང་བསྐྱེད་པ་ནི། ཆོས་འབྱུང་ནང་དུ་ལུགས་ལྡོག་གི་འབྱུང་བཞི་རི་རབ་ཐིག་ལེ་དང་བཅས་པ་འདྲེས་པ་ལས་བྱུང་བའི་ལུགས་འབྱུང་གི་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ། ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི། སྒོ་བཞི། རྟ་བབས་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་། ཕྱི་རོལ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་ནང་གི་ལྷ་སྣམ་ཕྱོགས་མདོག་གི་དབུས་སུ། ཨིནྡྲ་ནི་ལའི་ས་གཞི་ལ་གནས་པའི་འཁོར་ལོ་རིམ་པ་གསུམ་པོ་མཆོད་རྟེན་བང་རིམ་བཞི་པའི་ཚུལ་དུ་གནས་པ། རྡོ་རྗེ་དང་པདྨ་དང་འཁོར་ལོའི་ར་བ་ཀ་བ་གདུང་དང་བཅས་པའི་ཐོག་ཕུབས་ཅན་ལྟེ་བར་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། གྲི་གུག་གི་ར་བ་ཀ་བ་གདུང་ཐོག་ཕུབས་དང་བཅས་པའི་སྟེང་དུ། རིན་པོ་ཆེའི་གདུང་བཞིས་མིག་མང་རིས་སུ་བྲིས་པའི་དབུས་ཕྱུར་བུར་གྱུར་པའི་རྩེར་ནོར་བུའི་ཏོག་གིས་སྤྲས་པའི་ལྷ་གནས་སོ་སོར་པདྨ་ཉི་མ་རོའི་གདན་དང་། དབུས་སུ་འཇིགས་བྱེད་ཕོ་མོའི་གདན། །གཉིས་པ་ལྷ་བསྐྱེད་པ་ལ་གསུམ། དང་པོའི་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག །ལས་རྒྱལ་མཆོག་གོ །དང་པོ་ལ་བཞི། བསྙེན་པ། ཉེ་བར་སྒྲུབ་པ། སྒྲུབ་པ། སྒྲུབ་པ་ཆེན་པོའོ། །དང་པོ་ལ་གཉིས་ལས། དང་པོ་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་ནི། དེའི་སྟེང་དུ་ཨཱ་ལི་ལས་ཟླ་བ་མེ་ལོང་ཡེ་ཤེས། ཀཱ་ལི་ལས་ཉི་མ་མཉམ་ཉིད་ཡེ་ཤེས། བར་དུ་རྡོ་རྗེ་དང་གྲི་གུག་ཧཱུྃ་ཨཾ་གིས་མཚན་པ་སོར་རྟོག་ཡེ་ཤེས། ཐམས་ཅད་འདྲེས་པ་བྱ་གྲུབ་ཡེ་ཤེས། ཡོངས་སུ་རྫོགས་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་རྒྱུ་རྡོ་རྗེ་འཛིན་པ་དཀར་པོ་ཞལ་བཞི་ཕྱག་བཞི་པ། དང་པོའི་ཕྱག་རྡོ་རྗེ་དྲིལ་བུ་དང་། འོག་མའི་གཡས་འཆི་བ་ལས་རྒྱལ་བའི་ཁ་ཊྭཱཾ་ག་བསྣམས་པ། གཡོན་ནི་ཐོད་པའི་མཆོད་ཡོན་གྱིས་ཡབ་ཡུམ་ཞལ་གཅིག་ཏུ་བསྲེས་པ། ཡུམ་ཕག་མོ་དམར་མོ་ལ་འཁྱུད་པའི་སྐུ་ཅན། གཉིས་པ་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་ལ་བཞི་ལས། དང་པོ་ཡེ་ཤེས་པ་བཞུ་བ་ནི། ཡབ་ཡུམ་སྙོམས་པར་ཞུགས་པའི་རྐྱེན་གྱིས་བྱང་ཆུབ་ཀྱི་སེམས་ཐིག་ལེར་གྱུར། གཉིས་པ་གླུས་བསྐུལ་བ་ནི། ཐིག་ལེ་ཉིད་ལས་འཕྲོས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐུལ། ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཛཿཛཿཧཱུྃ་བྃ་ཧོཿ སུ་ར་ཏི་སྟྭཾ། དྲྀ་ཤྱ་ཧོཿ གསུམ་པ་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་དངོས་ནི། སྐུལ་བྱེད་རྣམས་ཐིག་ལེ་ལ་ཐིམ་པས། ཧཱུྃ་དང་ཨཾ་ལས་འབྲས་བུའི་སྟོན་པ་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་ཞལ་སྐུ་ལུས་དང་མཚུངས་པ་སྔོ། གཡོན་དམར། རྒྱབ་སེར། གཡས་དཀར། ཞལ་རེ་རེ་བཞིན་སྤྱན་གསུམ་དང་ལྡན་པ་རྣམ་པར་འགྱུར་པའི་ཞལ་ཅན་མཆེ་བ་གཙིགས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོའི་པགས་རློན་སྟོད་གཡོགས་སུ་འཕྱར་བ། གསུམ་པ་གཉིས་ཀྱིས་ཌཱ་མ་རུ་དང་ཁ་ཊྭཱཾ་ག །བཞི་པ་གཉིས་ཀྱིས་དགྲ་སྟྭ་དང་ཞགས་པ། ལྔ་པ་གཉིས་ཀྱིས་རྩེ་གསུམ་དང་ཐོད་ཁྲག །དྲུག་པ་གཉིས་ཀྱིས་གྲི་གུག་དང་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། ཞབས་གཡས་བརྐྱངས་པས་དུས་མཚན་དང་། གཡོན་བསྐུམས་པས་འཇིགས་བྱེད་མནན་པ། རལ་པའི་ཐོར་ཅོག་བཅིངས་བའི་རྩེར་ཡིད་བཞིན་ནོར་བུ། གཡོན་ངོས་ན་ཚེས་གཅིག་གི་ཟླ་བ། མཚོགས་མའི་སྟེང་ན་སྣ་ཚོགས་རྡོ་རྗེ། དབུ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་བརྒྱན་ཅིང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབ་གྲོལ་བ། གར་དགུའི་ཉམས་དང་ལྡན་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། དབུ་སྐྲ་སིལ་བུ་འཐུར་དུ་གྲོལ་ཞིང་མཆེ་བའི་སྨྱུ་གུ་ཅུང་ཟད་གཙིགས་པ། གཡས་རྡོ་རྗེས་མཚན་པའི་གྲི་གུག་ནམ་མཁར་འཕྱར་ཞིང་། གཡོན་ཐོད་ཁྲག་རྒྱབ་ཞལ་དུ་སྟོབ་པ། ཞབས་གཡོན་བརྐྱངས་པས་ཡབ་དང་མཉམ་པར་སྦྱོར་ཞིང་། གཡས་བསྐུམས་པས་ཡབ་ལ་འཁྲིལ་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །བཞི་པ་དེ་བརྟན་པའི་ཡན་ལག་ཏུ་བྱིན་གྱིས་བརླབ་པ་ནི། རང་གི་ཞལ་བཞི་ནས་གསུང་བར་མོས་ལ་ཨོཾ་སུཾ་བྷ་ནི་སོགས་སྐུ་ཡོངས་རྫོགས་ལ་དམིགས་ཏེ། ཨོཾ་དྷརྨཱཿདྷཱ་ཏུ་སྭ་བྷ་བ་ཨཱཏྨ་ཀོ྅་ཧཾ། གཉིས་པ་ཉེ་བར་སྒྲུབ་པ་དཔའ་བོ་དང་དཔའ་མོའི་གོ་ཆ་བགོ་བ་ནི། ཡབ་ཀྱི་གནས་སུ་དཔའ་བོའི་གོ་ཆ། ཡུམ་གྱི་གནས་སུ་དཔའ་མོའི་གོ་ཆ་རྣམས་ཟླ་བའི་གདན་ལ་ལྷ་ཉིད་ཡིག་འབྲུའི་གཟུགས་སུ་གནས་པ་ནི། ཡབ་ཀྱི་སྙིང་གར་ཨོཾ་ཨེ་ཧ་དཀར་པོ། མགོ་བོར་ཨོཾ་ན་མ་ཧི་སེར་པོ། སྤྱི་གཙུག་ཏུ་ཨོཾ་སྭཱ་ཧཱ་ཧུཾ་དམར་པོ། །ཕྲག་པ་གཉིས་སུ་ཨོཾ་བཽ་ཥ་ཊ་ཧེ་ནག་པོ། མིག་གཉིས་སུ་ཨོཾ་ཧུྃ་ཧཱུྃ་ཧོ་དམར་སེར། ཚིགས་ཆེན་བརྒྱད་ལ་ཨོཾ་ཕཊ་ཕཊ་ཧཾ་ལྗང་གུ། ཡུམ་གྱི་སྤྱི་བོར་ཨོཾ་ཨོཾ་བྃ་དམར་མོ། སྙིང་གར་ཨོཾ་ཧྃ་ཡྃ་སྔོན་མོ། ཁར་ཨོཾ་ཧྲཱིཾ་མྃ་དཀར་མོ། དཔྲལ་བར་ཨོཾ་ཧྲིཾ་ཧྲཱིཾ་སེར་མོ། སྤྱི་གཙུག་ཏུ་ཨོཾ་ཧུྃ་ཧཱུྃ་ལྗང་གུ། ཚིགས་ཆེན་བརྒྱད་ལ་ཨོཾ་ཕཊ་ཕཊ་དུད་ཀ་སྟེ་ཡབ་ཀྱི་གནས་སུ་ཡུམ་དང་། ཡུམ་གྱི་གནས་སུའང་ཡབ་གཉིས་སུ་མེད་པར་གྱུར། གསུམ་པ་སྒྲུབ་པ་ལ་གསུམ་ལས། དང་པོ་ཡབ་བྱིན་གྱིས་བརླབ་པ་ནི། ཡབ་ཀྱི་སྙིང་གར་ཟླ་བ་ལ་གནས་པའི་ཧཱུྃ་སྔོན་པོ་ཐུགས་རྡོ་རྗེ། ལྐོག་མར་ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ་དམར་པོ་གསུང་རྡོ་རྗེ། དཔྲལ་བར་ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕ྄ཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རྃ་སྭཱ་ཧཱ་དཀར་པོ་སྐུ་རྡོ་རྗེ། །གཉིས་པ་ཡུམ་བྱིན་གྱིས་བརླབ་པ་ནི། ཡུམ་གྱི་སྙིང་གར་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ནག་པོ་ཐུགས་རྡོ་རྗེ་མ། ལྐོག་མར་ཨོཾ་ཙོ་རི་ཧཱུྃ་ཧཱུྃ་ཕཊ་དམར་པོ་གསུང་རྡོ་རྗེ་མ། དཔྲལ་བར་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་དཀར་པོ་སྐུ་རྡོ་རྗེ་མ། །གསུམ་པ་རང་བྱིན་གྱིས་བརླབ་པ་ནི། གཉིས་ཀའི་སྤྱི་བོར་ཨོཾ་དཀར་པོ། སྙིང་གར་ཧཱུྃ་སྔོན་པོ། ཟེའུ་འབྲུ་ལ་ཨཱཿདམར་པོ། ལྟེ་བར་སྭཱ་སེར་པོ། བརླར་ཧཱ་ལྗང་གུ་རྣམས་རིགས་ལྔའི་ངོ་བོར་གྱུར། །བཞི་པ་སྒྲུབ་པ་ཆེན་པོ་ལ་བཞི་ལས། དང་པོ་ཡེ་ཤེས་པ་དགུག་ཅིང་བསྟིམ་པ་ནི། འབར་བའི་ཕྱག་རྒྱ་དང་བཅས། ཕེཾ། རང་གི་སྙིང་གའི་འོད་ཀྱིས་དཔལ་བདེ་མཆོག་འཁོར་ལོ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པ་ལ། སྤྲོ་ན། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅་ཧཾ། །ཞེས་བརྗོད་ཅིང་འཁྱུད་རྒྱ་བྱ། གཉིས་པ་དབང་བསྐུར་ཞིང་རྒྱས་གདབ་པ་ནི། ཕེཾ། སླར་ཡང་སྙིང་གའི་འོད་ཟེར་གྱིས་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། །པུཥྤེ་སོགས། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། བུམ་ཆུས་དབང་བསྐུར་ལྷག་མ་ཡར་ལུད་པ་ལས། ཡབ་ལ་མི་བསྐྱོད་པ་ཡུམ་ལ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། གསུམ་པ་མཆོད་པ་ནི། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། བཞི་པ་མཁའ་གསང་བརླབ་པ་ནི། དེ་ནས་ཧཱུྃ་ལས་བྱུང་བའི་ཡབ་ཀྱི་རྡོ་རྗེ་དང་། ཨ་ལས་བྱུང་བའི་ཡུམ་གྱི་པདྨ་སྙོམས་པར་ཞུགས། །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ལ་བཞི། དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་གཞུག་པ། དབང་བསྐུར་བ། མཆོད་པ་བྱ་བའོ། །དང་པོ་ལ་གསུམ་ལས། དང་པོ་དེ་བཞིན་གཤེགས་པ་སྤྱན་དྲངས་ཏེ་འོད་དུ་བཞུ་བ་ནི། རྗེས་ཆགས་ཀྱིས་བསྐུལ་བ་ལས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས། ཡབ་ཀྱི་སྨིན་མཚམས་གནད་ཀྱི་སྒོ་ནས་བྱོན། ཐུགས་ཀར་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད། ཡུམ་གྱི་མཁར་སོན། ཡབ་ཀྱི་ཐིག་ལེ་དང་ཡུམ་གྱི་རཀྟ་འདྲེས་པ་ལས། གཉིས་པ་ལྷ་དང་ཡི་གེ་གསལ་བ་ནི། མཁའ་གསང་དུ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྐད་ཅིག་གིས་གསལ་བར་གྱུར། རང་ཉིད་གཙོ་འཁོར་གསལ་བའི་སྙིང་གར་རྩ་ཨ་ཝ་དྷུ་ཏི་རོ་རྐྱང་གཉིས་ཀྱིས་དཀྲིས་པ་ཧཱུྃ་གི་དབྱིབས་ཅན། ཕྱོགས་བཞིར་མཱྃ་ཏཱྃ་པཱྃ་ལྃ། མཚམས་བཞིར་བདུད་རྩི་འབབ་པའི་རྩ་བཞི། སྤྱི་བོ་ནས་པུས་མོའི་བར་ལ། བུ་ཛཱ་ཨོ་ཨ། གོ་རཱ་དེ་མཱ། ཀཱ་ཨོ་ཏྲི་ཀོ། ཀ་ལ་ཀཱ་ཧི། པྲེ་གྲྀ་སཽ་སུ། ནཱ་སི་མ་ཀུ། ལུས་ཀྱི་སྒོ་བརྒྱད་ལ་སྙིང་གའི་ཕྱི་སྐོར་དང་འབྲེལ་བའི་ཧཱུྃ་བརྒྱད་གསལ་བར་གྱུར། གསུམ་པ་སོ་སོར་བསྟིམ་ཞིང་འགོད་པ་ནི། མཁའ་ནང་གི་ཡབ་ཡུམ་རྡོ་རྗེའི་ལམ་ནས་ཡར་དྲངས། སྙིང་གའི་ཧཱུྃ་དང་ལྟེ་བའི་ཨྃ་ལ་ཐིམ་པས་གཙོ་བོ་ཡབ་ཡུམ་ཞལ་སྦྱོར་བ་ནང་གི་འཁོར་ལོའི་མགོན་པོར་གྱུར། མཁའ་ནང་གི་སྙིང་པོའི་རྣལ་འབྱོར་མ་བཞི་རྡོ་རྗེའི་ལམ་ནས་ཡར་དྲངས། སྙིང་གའི་རྩ་འདབ་ཀྱི་ཡིག་འབྲུ་བཞི་ལ་རེག་པས་ནང་གི་རྣལ་འབྱོར་མ་བཞིར་གྱུར། རེག་མཁན་བཞི་པོ་སོ་སོའི་གནས་ནས་ཕྱིར་འཕྲོས་པས་ཕྱོགས་བཞིའི་པད་འདབ་ལ་འཁོད་པ་ནི། ནང་དང་ཕྱིའི་ཤར་དུ་མཁའ་འགྲོ་མ་སྔོ་སྐྱ། བྱང་དུ་ལཱ་མཱ་ལྗང་སེར། ནུབ་ཏུ་ཁཎྜ་རོ་ཧཱི་དམར་སེར། ལྷོར་གཟུགས་ཅན་མ་དཀར་སེར། བཞི་ཀའང་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ། དབུ་སྐྲ་ཕྱེད་གྱེན་བརྫེས་ལ་སངས་རྒྱས་ཀྱི་གཟུགས་ཀྱིས་མཚན་པ། གཡས་གྲི་གུག་འཕྱར་ཐབས། གཡོན་པའི་ཐོད་པ་སོ་སོའི་ནང་དུ་གླང་པོ་ཆེ་དང་། ཅེ་སྤྱང་། རྟ། བ་ལང་དང་བཅས་པའི་ཤ་ཁྲག་གིས་གང་བ་འཛིན་པ། ཐོད་སྐམ་ལྔས་དབུ་བརྒྱན་པ། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་པ། གཅེར་བུ་གཡས་བརྐྱངས་པའི་གར་སྟབས་ཀྱིས་རོའི་གདན་ལ་བཞུགས་པའོ། །མཁའ་ནང་གི་ཐོད་པ་བཞི་ཡར་དྲངས་རྩ་བཞི་ལ་རེག་པས་ནང་དང་། རེག་མཁན་བཞི་ཕྱིར་འཕྲོས་པས་ནང་དང་ཕྱིའི་མཚམས་བཞིར་ཐོད་པ་བདུད་རྩིས་གང་བ་བཞི། མཁའ་ནང་གི་འཁོར་ལོ་གསུམ་ཡར་བྱོན། རེག་པའི་རྐྱེན་གྱིས་རྩ་ཁམས་དཔའ་བོར་མཁའ་འགྲོར་གྱུར་ནས་ཕྱིར་འཕྲོས་པ་སོ་སོའི་གདན་ལ་འཁོད་པ་ནི། སྤྱི་བོ་དང་ཐུགས་འཁོར་གྱི་ཤར་རྩིབས་སུ་པུ་ལླི་ར་མ་ལ་ཡར་ཁཎྜ་ཀ་པཱ་ལ་དང་རབ་གཏུམ་མ། སྤྱི་གཙུག་དང་བྱང་རྩིབས་ཛཱ་ལནྡྷ་རར་མ་ཧཱ་ཀཾ་ཀཱ་ལ་དང་གཏུམ་པའི་མིག་ཅན་མ། རྣ་བ་གཡས་པ་དང་ནུབ་རྩིབས་ཨཽ་ཌཱི་ཡཱ་ནར་ཀཾ་ཀཱ་ལ་དང་འོད་ལྡན་མ། ལྟག་པ་དང་ལྷོ་རྩིབས་ཨརྦུ་ཏར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། རྣ་བ་གཡོན་པ་དང་ཤར་ལྷོ་གོ་དཱ་ཝཱ་རིར་སཱུ་ར་ཝཱི་ར་དང་བརྟན་པའི་བློ་ཅན་མ། སྨིན་དབུས་དང་ལྷོ་ནུབ་རཱ་མེ་ཤྭ་རཱིར་འོད་དཔག་མེད་དང་མིའུ་ཐུང་མ། མིག་གཉིས་དང་ནུབ་བྱང་དེ་ཝི་ཀོ་ཊར་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། ཕྲག་པ་གཉིས་དང་བྱང་ཤར་མཱ་ལ་བར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ་ཐུགས་འཁོར་གྱི་ཡབ་ཡུམ་སྔོན་པོ་བརྒྱད་པ་སྟེང་སྤྱོད་ཅིང་ཐུགས་ཀྱི་གསང་བའི་རང་བཞིན། མཆན་ཁུང་གཉིས་དང་གསུང་འཁོར་གྱི་ཤར་རྩིབས་ཀཱ་མ་རཱུ་པར་ཨཾ་གུ་རི་དང་ཨེ་རཱ་ཝ་ཏཱི། ནུ་མ་གཉིས་དང་བྱང་རྩིབས་ཨོ་ཏྲེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ལྟོ་བ་དང་ནུབ་རྩིབས་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། སྣ་རྩེ་དང་ལྷོ་རྩིབས་ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ། ཁ་དང་ཤར་ལྷོ་ཀ་ལིངྐར་རབ་ཏུ་བཟང་པོ་དང་ཤྱཱ་མ་དེ་ཝཱི། མགྲིན་པ་དང་ལྷོ་ནུབ་ལམྦཱ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། །སྙིང་ག་དང་ནུབ་བྱང་ཀཱཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། འདོམས་བར་དང་བྱང་ཤར་ཧི་མཱ་ལ་ཡར་མིག་མི་བཟང་དང་ཁ་གཱ་ན་སྟེ་གསུང་འཁོར་གྱི་ཡབ་ཡུམ་དམར་པོ་བརྒྱད་ས་བླར་སྤྱོད་ཅིང་གསུང་གི་རང་བཞིན། མཚན་མ་དང་སྐུའི་འཁོར་ལོའི་ཤར་རྩིབས་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བཤང་ལམ་དང་བྱང་རྩིབས་གྲྀ་ཧེ་དེ་བར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧཱི། བརླ་གཉིས་དང་ནུབ་རྩིབས་སཽ་རཱ་ཥྟར་རྟ་མགྲིན་དང་ཤཽཎྜི་ནཱི། བྱིན་པ་གཉིས་དང་ལྷོ་རྩིབས་སུ་ཝརྞ་དྭཱི་པར་ནམ་མཁའ་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། སོར་མོ་བཅུ་དྲུག་དང་ཤར་ལྷོ་ནཱ་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བོལ་གོང་གཉིས་དང་ལྷོ་ནུབ་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། མཐེ་བོང་བཞི་དང་ནུབ་བྱང་མ་རུར་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། པུས་མོ་གཉིས་དང་བྱང་ཤར་ཀུ་ལུ་ཏཱར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་སྐུ་འཁོར་བ་བརྒྱད་དཀར་པོ་ས་འོག་སྤྱོད་ཅིང་སྐུའི་རང་བཞིན། དཔའ་བོ་ཐམས་ཅད་རྡོ་རྗེ་དང་དྲིལ་བུ། རྒྱན་ཆ་ལུགས་ཧེ་རུ་ཀ་དང་མཚུངས་པ། དཔའ་མོ་རྣམས་གྲི་གུག་དང་ཐོད་ཁྲག་རྒྱན་ཆ་ལུགས་རྡོ་རྗེ་ཕག་མོ་དང་མཚུངས་པའོ། །མཁའ་ནང་གི་སྒོ་མཚམས་མ་བརྒྱད་ཡར་བྱོན། ཕྱི་ནང་གི་ཕྱོགས་སྲུང་དུ་བཞུགས་པ་ནི། ཁ་དང་ཕྱིའི་ཤར་སྒོར་ཁྭ་གདོང་མ་སྔོ་སྐྱ། སྣ་བུག་དང་བྱང་སྒོར་འུག་གདོང་མ་ལྗང་སེར། ཆུ་སོ་དང་ནུབ་སྒོར་ཁྱི་གདོང་མ་དམར་སེར། བཤང་ལམ་དང་ལྷོ་སྒོར་ཕག་གདོང་མ་དཀར་སེར། མིག་གཡས་པ་དང་ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར། མིག་གཡོན་པ་དང་ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་གཡོན་དམར། རྣ་བ་གཡས་པ་དང་ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་། རྣ་བ་གཡོན་པ་དང་བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ། ཐམས་ཅད་ཀྱང་རྒྱན་དང་ཆ་ལུགས་སྙིང་པོའི་རྣལ་འབྱོར་མ་བཞིན་ནོ། །མཁའ་ནང་གི་གཞལ་ཡས་ཁང་སྲུང་འཁོར་དང་བཅས་པ་ཕྱི་དཀྱིལ་དང་། ལུས་ལ་ཐིམ་པས་དེ་དང་དེའི་རྣམ་པར་གྱུར། དེ་ཉིད་བྱིན་གྱིས་བརླབ་པའི་ཕྱིར་ཕོ་ཉ་གསུམ་བསྲེ་བ་ནི། བདག་གིས་བསྒོམ་པའི་ལྷ་དྲུག་ཅུ་རྩ་བཞི་དང་། ཕྱི་རོལ་ཛམྦུའི་གླིང་། འོག་མིན་གྱི་ལྷ་ཚོགས་གཉིས་སུ་མེད་པ་རྡོ་རྗེའི་རང་བཞིན་ནོ། །ཨོཾ་ཨཱཿཧཱུྃ་སརྦ་ཝཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་ལན་གསུམ་དང་། སླར་ཡང་། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱཿབཛྲ་ཤུདྡྷོ྅་ཧཾ། ཞེས་རྡོ་རྗེའི་དག་པ་དྲན་པར་བྱའོ། །གཉིས་པ་ཡེ་ཤེས་པ་གཞུག་པ་ནི། འབར་བའི་རྒྱ་དང་། ཕཻཾ་གྱིས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ལན་ལྔས་གཉིས་སུ་མེད་པར་ཐིམ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅་ཧཾ་ཞེས་དང་། རྣམ་ལྔ་འདོད་སྐོར་སྔོན་དུ་འགྲོ་བས་འཁྱུད་རྒྱ་བྱ་ཞིང་ང་རྒྱལ་གཟུང་ངོ་། །གསུམ་པ་དབང་བསྐུར་བ་ནི། ཕེཾ། ནམ་མཁའ་གང་བའི་སངས་རྒྱས་རྣམས་ཀྱིས་དབང་བསྐུར། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ཡབ་ཡུམ་གྱི་རིགས་བདག་རྡོ་རྗེ་སེམས་དཔར་གྱུར་ཅིང་། ཤར་དང་ཤར་ལྷོ་པ་ལ་རྣམ་སྣང་། ལྷོ་དང་ལྷོ་ནུབ་པ་ལ་རིན་འབྱུང་། ནུབ་དང་ནུབ་བྱང་པ་ལ་འོད་དཔག་མེད། བྱང་དང་བྱང་ཤར་པ་ལ་དོན་ཡོད་གྲུབ་པས་དབུ་བརྒྱན། བཞི་པ་མཆོད་པ་དྲུག་ནི། ལྷ་རྣམས་གསལ་གདབ་ཅིང་། ཧཱུྃ་བྃ་མཱྃ་ཏཱྃ་པཱྃ་ལཱྃ། པུ་ཛ་ཨོཾ་ཨ། གོ་ར་དེ་མཱ། ཀ་ཨོ་ཏྲི་ཀོ །ཀ་ལ་ཀཱ་ཧི། པྲེ་གྲྀ་སཽ་སུ། ན་སི་མ་ཀུ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་སྔགས་མཆོད་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བ་ར་མཎྜལ་ཙཀྲ་སརྦ་ཝཱི་ར་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྡ་པྲ་ཏཱི་ཙྪ་ཨཱཿཧཱུྃ། ཞེས་ཕྱི་མཆོད་དང་། ནང་མཆོད་ཨོཾ་ཨཱཿཧཱུྃ་གིས་ལན་མང་དུ་འབུལ། བདག་གིས་བདུད་རྩི་མྱང་བས་ཕྱི་ནང་གི་ལྷ་ཐམས་ཅད་མཉེས་པར་བསམ་པ་ནི། མཉེས་པའི་མཆོད་པ་དང་། གང་བའི་ཕྱག་རྒྱ་དཔྲལ་བར་འཆའ་ཞིང་། ཨོཾ་སརྦ་བིདྦཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོ། ཞེས་ཡིད་བྱུང་གི་མཆོད་པ་དང་། ཅང་ཏེའུའི་སྒྲ་དང་བཅས། ཨོཾ་ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤཱ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀ་ལྦཱགྣཱི་བན་ནི་བྷ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཛ་ཊ་མུ་ཀུ་ཊོ་ཊྐ་ཊ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་དཾཥྟ་ཀཱ་རཱ་ཡོ་གྲ་བྷཱི་ཥན་མུ་ཁཱ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ས་ཧ་པྲ་བྷུ་ཛ་བྷ་སུ་རཱ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ས་ར་ཤུ་པ་ཤོདྱ་ཏ་ཤུ་ལ་ཁ་ཊྭཾ་དྷ་རི་ཎི་ཧུྃ་ཧཱུྃ་ཕཊ། ཨོཾ་བྱ་གྷྲ་ཛི་ནཱམྦ་ར་དྷ་རཱ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་དྷུ་མྲཱནྡྷཱ་ཀ་ར་ཝ་པུ་ཥཱ་ཡ་ཧུྃ་ཧཱུྃ་ཕཊ། ཅེས་ཡབ་ཀྱི་རྐང་བརྒྱད་དང་། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་བཱ་རཱ་ཧཱི་ཝཾ་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མོ་ཨཱདྱ་ཨ་པ་ར་ཛི་ཏེ་ཏྲཻ་ལོ་ཀྱ་མ་ཏེ་མ་ཧཱ་བིདྱ་ཤྭ་རེ་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མཿསརྦ་བྷུ་ཏ་བྷ་ཡ་ཝ་ཏེ་མ་ཧཱ་བཛྲེ་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་ཨཱ་བནཱེ་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་བ་ཤཾ་ཀ་རི་ནི་ཏྲ་བྷྲ་མ་ཎེ་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མཿཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ནི་ཀ་རཱ་ལི་ནི་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མསྟྲ་ས་ནེ་མཱ་ར་ཎི་པྲ་བྷེད་ན་ཨ་པ་རཱ་ཛ་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་བཱ་རཱ་ཧཱི་མ་ཧཱ་ཡོ་གི་ནཱི་ཀཱ་མེ་ཤྭ་རི་ཁ་གེ་ཧུྃ་ཧཱུྃ་ཕཊ། ཅེས་ཡུམ་གྱི་རྐང་བརྒྱད་ཀྱིས་བསྟོད། རྒྱུན་གྱི་རྣལ་འབྱོར་ལ། ཉེར་སྤྱོད། བདུད་རྩི་མཉེས་མཆོད་གསུམ་གྱིས་ཀྱང་རུང་གསུངས་སོ། །གསུམ་པ་ལས་རྒྱལ་མཆོག་ལ། དག་དྲན་རྒྱས་པར་བྱ་བའམ། བསྡུ་ན། བདག་གི་བློ་ལ་སྣང་བའི་ལྷ་སུམ་ཅུ་རྩ་བདུན་པོ་འདི་རྣམས་བྱང་ཕྱོགས་སོ་བདུན་གྱི་ངོ་བོར་རྣམ་པར་དག་ལ། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཀྱང་ལྷ་སུམ་ཅུ་རྩ་བདུན་གྱི་ངོ་བོར་རྣམ་པར་དག་པའོ། །ཞེས་བརྗོད་ཅིང་དོན་དྲན་པར་བྱ། གཉིས་པ་མཉམ་པར་མ་བཞག་པའི་རྣལ་འབྱོར་ལ་བཞི། བཟླས་པ། ཉེར་བསྡུ། སྤྱོད་ལམ། གཏོར་མའི་རྣལ་འབྱོར་རོ། །དང་པོ་ནི། བཟླ་བྱའི་སྔགས་ཀྱི་ཕྲེང་བ་སྔོན་པོ་ཡབ་ཀྱི་ཐུགས་ཀའི་ཧཱུྃ་ལས་བྱུང་། ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། པདྨ་ནས་རྡོ་རྗེའི་ལམ་བརྒྱུད་དེ་ཡབ་ཀྱི་ཐུགས་ཀའི་ཧཱུྃ་ལ་ཐིམ་ཞིང་རྒྱུན་མི་འཆད་པར་འཁོར་བ་ལས་འོད་ཟེར་སྣ་ཚོགས་པ་འཕྲོས་པས་བདེ་བ་ཆེན་པོའི་ཡེ་ཤེས་བརྟན་པར་གྱུར་པའི་མོས་པས་གཙོ་བོར། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུྃ་ཧཱུྃ་ཕཊ། ཌཱ་ཀཱི་ནི་ཛྭཱ་ལ་སམྦ་རཾ་སྭཱ་ཧཱ། ཨོཾ་སརྦ་བུདྡྷ་ཌཱ་ཀཱི་ནི་ཡེ་བཛྲ་ཝརྞྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཡབ་ཡུམ་གྱི་སྙིང་པོ་དང་། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཉེ་སྙིང་དག་ཅི་མང་བཟླ་ཞིང་། མཁའ་འགྲོ་མ་བཞི་ལ། ཨོཾ་ཌཱ་ཀི་ནཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་ལཱ་མཱ་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་རཱུ་ལི་ཎཱི་ཡེ་ཧུྃ་ཧཱུྃ་ཕཊ། དེ་ནས་འཁོར་ལོ་གསུམ་ལ་བསྡུ་ན། ཨོཾ་བཱི་ར་བཱི་རི་ཡེ་ཧུྃ་ཧཱུྃ་ཕཊ། ཞེས་བཟླ། ཨོཾ་ཀཱ་ཀཱ་སྱ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨུ་ལུ་ཀཱ་སྱ་ཧུཾ་ཧཱུྃ་ཕཊ། ཨོཾ་ཤྭ་ནཱ་སྱ་ཧུཾ་ཧཱུྃ་ཕཊ། ཨོཾ་སུ་ཀ་རཱ་སྱ་ཧུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་ད་དྷཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཡ་མ་དཱུ་ཏཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ལ་མ་དཾཥྟི་ཎཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཅེས་སྒོ་མཚམས་མ་བརྒྱད་ཀྱི་སྔགས་དང་། གོང་དུ་བཤད་པའི་གོ་ཆའི་སྔགས་རྣམས་ཀྱང་གཙོ་བོ་ཡབ་ཡུམ་གྱི་བཅུ་ཆ་ཙམ་བཟླའོ། །མཇུག་ཏུ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འཁོར་ལོ་བདེ་མཆོག་གི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་བ་གདབ། ཧེ་རུ་ཀའི་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །གཉིས་པ་ཉེར་བསྡུའི་རྣལ་འབྱོར་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་ཏེ། ཁམས་གསུམ་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དང་ལྷ་ལྷའི་དཀྱིལ་འཁོར་དུ་གྱུར། དེ་སྲུང་བའི་འཁོར་ལོ་ལ་ཐིམ། དེ་དུར་ཁྲོད་བརྒྱད་ལ་ཐིམ། དེ་གཞལ་ཡས་ཁང་ལ། དེ་དམ་ཚིག་གི་འཁོར་ལོ་ལ། དེ་ཡང་སྐུའི་འཁོར་ལོ་ལ། དེ་ཡང་གསུང་གི་འཁོར་ལོ་ལ། དེ་ཡང་ཐུགས་ཀྱི་འཁོར་ལོ་ལ། དེ་ཡང་བདེ་བ་ཆེན་པོའི་འཁོར་ལོ་ལ། དེ་རང་ཉིད་ལ་ཐིམ་སྟེ། ལྷ་རྣམས་ཕྱོགས་གཡོན་བསྐོར་དང་། མཚམས་གཡས་བསྐོར་གྱི་སྣ་བུག་ནས་ཞུགས་ཏེ་སྙིང་གར་ཐིམ། །གསུམ་པ་སྤྱོད་ལམ་གྱི་རྣལ་འབྱོར། རང་ཉིད་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གྱུར། སྙིང་གར་ཨོཾ་ཨོཾ་ཧ་དཀར་པོ་སོགས་ཡབ་ཡུམ་གྱི་གོ་ཆ་དང་། པཱུ་ཛ་ཨོ་ཨ་སོགས་པའི་གོ་ཆ་ཆེན་པོ་བགོ། སུམྦྷ་ལན་གཉིས་ཀྱིས་ཕྱོགས་བཅིང་། ཡབ་ཀྱི་རྐང་བརྒྱད་ཚར་གཅིག་བརྗོད། བདག་དང་སྣང་བའི་དངོས་པོ་ཐམས་ཅད་འཁོར་ལོ་སྡོམ་པའི་སྐུའི་རང་བཞིན་བརྗོད་པ་དང་གྲགས་པའི་སྒྲ་ཐམས་ཅད་གསུང་གི་རང་བཞིན། དྲན་རིག་རྣམ་རྟོག་ཐམས་ཅད་ཐུགས་བདེ་བ་ཆེན་པོའི་རང་བཞིན་དུ་རྣམ་པར་དག་གོ །བདག་གིས་དུས་གསུམ་དགེ་བ་ཅི་བསགས་པས། །ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་རྣམས། །བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར་ནས། །ཀུན་ཀྱང་རྡོ་རྗེ་འཛིན་པའི་བདག་ཉིད་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་ཆོས་གསུང་ཡང་ཚད་མའི་མཆོག་ཡིན་པས། །བདེན་པ་དེས་ཀྱང་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་དཔར་ལྡན། །ཧེ་རུ་ཀ་དཔལ་དེ་དང་སྔགས་པ་ལྷན་ཅིག་གར་བྱེད་ཤོག །ཅེས་པ་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་དག་པ་གསུམ་གྱི་ལམ་ཁྱེར་དང་མ་བྲལ་བར་སྤྱོད་ལམ་ལ་འཇུག་གོ །བཞི་པ་གཏོར་མའི་རྣལ་འབྱོར་ནི། ཤ་ཆང་གི་དམ་རྫས་དང་བཅས་པའི་གཏོར་མ་ཆང་ཆུ་ནང་མཆོད་ཀྱིས་བྲན། སམྦྷས་བསང་། སྭཱ་བྷཱ་བས་སྦྱངས། བདུད་རྩི་ལྟར་བྱིན་བརླབ་རྒྱས་པར་བྱ་བའམ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བརླབས། མདུན་གྱི་ནམ་མཁར་སྐད་ཅིག་གིས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུར་ཁྲོད་བརྒྱད་དང་བཅས་པ་བཞུགས་པར་གྱུར། ཡེ་ཤེས་འཁོར་ལོར་སྤྱན་དྲངས་པར་བསམ་སྟེ། འབར་བའི་ཕྱག་རྒྱ་བཅས་ལ། ཕཻཾ་ཞེས་བརྗོད། ཛཿཧཱུྃ་བྃ་ཧོཿ དགུག་གཞུག་ཅིང་དབང་དུ་བྱའོ། །ཨོཾ་ཡོ་ག་ཤུདྡྷ་སརྦ་དྷཱརྨཿཡོ་ག་ཤུདྡྷོ྅་ཧཾ། ཞེས་བརྗོད་འཁྱུད་རྒྱ་བྱ། ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་དཀར་པོ་འོད་ཀྱི་སྦུ་གུ་ཅན་ཧཱུྃ་གིས་མཚན་པས་གསོལ་བར་བསམ་ཞིང་། ཨོཾ་ཨ་རལླི་ཧོཿ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་སྟྭཾ་དྲཾ་ཤྱ་ཧོ། བཛྲ་ཌཱ་ཀི་ནཱི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨི་མཾ་བ་ལིཾ་བྷུཉྫ་ཐཱ་པི་བ་ཐཱ། མ་མ་ཀཱཪྻ་སཱདྷ་ཡ། ཨོཾ་ཨཱཿཧཱུྃ་ཕཻཾ་ཕཻཾ་སྭཱ་ཧཱ། ཞེས་ལན་བདུན་སོགས་བརྗོད། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། རྐང་བརྒྱད་གཉིས་ཀྱིས་བསྟོད། སྲིད་པ་གསུམ་འབར་སོགས་ཀྱིས་འདོད་པའི་དངོས་གྲུབ་ལ་སྨོན་ལམ་གདབ། འཇིག་རྟེན་པའི་གཏོར་མ་མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་བཏང་། ཡི་གེ་བརྒྱ་པས་བཟོད་པར་གསོལ། བཛྲ་མུཿས་འཇིག་རྟེན་པ་གཤེགས། ཨོཾ་ཡོ་ག་ཤུདྡྷཱ་སོགས་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་རང་གི་ལུས་ལ་ཐིམ་པར་བསམ། བསྔོ་སྨོན་ཤིས་བརྗོད་བྱའོ། །གཞན་ཡང་ཁ་ཟས་བདུད་རྩིར་བྱིན་གྱིས་བརླབ་ལ། གཡོན་པའི་ཀུན་སྤྱོད་ཀྱིས་ནང་གི་བསྲེག་བླུགས་ཀྱི་ཚུལ་དུ་རོལ། ཉལ་བའི་ཚེ་རང་གཙོ་བོ་ཡབ་ཡུམ་དུ་གསལ་བའི་ཡུམ་ཡབ་ལ་ཐིམ། དེའང་ཐུགས་ཀའི་ཧཱུྃ་ནས་ན་བཱའི་བར་དུ་བསྡུས་ལ་སེམས་བཟུང་མཐར་ནཱ་དའང་མི་དམིགས་པར་བསམ་ལ། འོད་གསལ་རྣམ་པར་མི་རྟོག་པའི་ངང་དུ་ངལ་བསོ། །ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལྡང་སྟེ། བསམ་གཏན་གྱི་གྲོགས་སུ་འགྲོ་ན་དངོས་སམ། དེ་ལྟར་མིན་ཀྱང་ཡིད་ཀྱིས་བསྒོམ་སྟེ་དབང་གི་སྐབས་ལྟར་ཁྲུས་བྱས་ལ་རྣལ་འབྱོར་གྱི་རིམ་པ་ལ་འཇུག །བསྙེན་པ་བྱེད་ན་མཚམས་དམ་པར་བཅད། ཇི་སྐད་བཤད་པའི་མངོན་རྟོགས་ཐུན་བཞིའམ་གསུམ་སོགས་སུ་བསྒོམ། བཟླས་པའི་མགོར་ཕྲེང་བ་བྱིན་གྱིས་བརླབས་ཏེ། སུམ་བྷ་བདུན་ཙམ་བཟླ། དེ་ནས་རྩ་སྔགས་དང་། སྙིང་པོ། ཉེ་སྙིང་། འཁོར་སྔགས་ཀྱི་བར་ཚར་གཅིག་བཟླས་རྗེས། ཐོག་མར་སྙིང་པོ་ཁོ་ན་ལ་གྲངས་བཟུང་། ཐུན་གྲོལ་ཁར་ཀྱང་སུམ་བྷ་བདུན་ཙམ་དང་། ཡིག་བརྒྱ་ལན་གསུམ་བཟླས་ནས་ཉེར་བསྡུ་སོགས་ལ་འཇུག །གྲངས་སྙིང་པོ་དང་། ཉེ་སྙིང་ལ་འབུམ་ཕྲག་བཞི། །འཁོར་སྔགས་ཁྲི་ཕྲག་བཞི་བཟླ་བའམ། སྙིང་པོ་ཁོ་ན་འབུམ་ཕྲག་བཞི་དང་། གཞན་རྣམས་ཅི་རིགས་པ་བཟླས་པས་ཀྱང་ལས་རུང་ཙམ་དུ་འགྱུར་རོ། །དེ་ལྟར་མངོན་རྟོགས་ཀྱི་ངག་འདོན་ཤིན་ཏུ་བསྡུས་པའི་ཚུལ་གྱིས་བསྟན་ཟིན་ནས། འཕྲོས་དོན་ཅུང་ཟད་བརྗོད་ན། རྒྱུ་རྡོ་རྗེ་འཛིན་པ་ཞལ་བཞི་ཕྱག་བཞི་པར་རྒྱ་གཞུང་རང་གི་དངོས་བསྟན་ལས་གསལ་བར་འབྱུང་། ཡུམ་སྐུ་མདོག་དཀར་མོར་བྱས་ཀྱང་འགལ་བ་མེད་མོད། གཉན་གྱི་འགྲེལ་བ་མུ་ཏིག་ཕྲེང་བ་དང་། ས་ཆེན་གྱི་གཞུང་འགྲེལ་གྱི་དཔེ་དག་པ་སོགས་ལས་དམར་པོར་གསུངས་ཤིང་། ཉི་མའི་ཆོས་དག་པ་དང་། ཐབས་ཤེས་ཕན་ཚུན་རྒྱས་བཏབ་པ་དང་། སྲིད་པའི་འདོད་ཆགས་འཇོམས་པ་མཚོན་པའི་ཕྱིར་བླ་མའི་མན་ངག་གིས་ཀྱང་དམར་པོར་བཞེད། རིགས་བདག་ཡབ་ལ་མི་བསྐྱོད་པ་དང་། ཡུམ་ལ་རྣམ་སྣང་དུ་བྱེད་པ་ཡོད་ཀྱང་། ས་ཆེན་གྱི་གསུང་ལས་འབྱུང་བ་ལྟར་འདིར་དང་པོའི་སྦྱོར་བའི་སྐབས་སུ་མི་བསྐྱོད་པ་དང་། དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་དབང་གི་ཆུ་རྒྱུན་གྱིས་རེག་པ་ལ་བརྟེན་ནས་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་སེམས་དཔར་གནས་བསྒྱུར། ལུས་དཀྱིལ་སྐབས། མཁའ་ནང་གི་གཙོ་བོ་ཡབ་ཡུམ་ཡར་དྲངས། ཡབ་སྙིང་གའི་ཧཱུྃ་དང་། ཡུམ་ལྟེ་བའི་ཨཾ་ལ་ཐིམ་པས་སོ་སོའི་སྐུར་གྱུར་པ་སྙིང་གའི་དབུས་སུ་ཞལ་སྦྱོར་དུ་བཞུགས་པར་བསྒོམ་པ་ནི་མན་ངག་གི་གནད་ཡིན། སྒོ་མཚམས་མ་བརྒྱད་སྙིང་གའི་ཕྱི་བསྐོར་གྱི་རྩ་འདབ་བརྒྱད་དང་། ཕྱོགས་ལ་འགོད་པ་སོགས་ཀྱང་སྤྱིར་འགལ་བ་མེད་མོད། འོན་ཀྱང་འདིར་ས་ཆེན་གྱི་རིམ་བཞི་ལམ་སློང་སོགས་ཀྱི་དགོངས་པ་ལྟར། སྙིང་གའི་རྩ་འདབ་བརྒྱད་དང་འབྲེལ་བའི་ཕྱིའི་བུ་ག་བརྒྱད་ལ་འགོད་པ་ཉིད་ལེགས་ཞེས་གསུངས་སོ། །གཉིས་པ་བསྐྱེད་རིམ་གྱི་མན་ངག་ཅུང་ཟད་བཤད་པ་ནི། སྤྱིར་གོང་དུ་བཤད་པའི་མངོན་པར་རྟོགས་པ་ཤར་བསྒོམ་དང་། བསྙེན་པ་བྱ་བ་སོགས་མོས་བསྒོམ་ཙམ་ཡིན་ནའང་། མངོན་གྱུར་གྱི་བསྒོམ་པ་ལ་འཇུག་པའི་སྔོན་དུ་འགྲོ་ཞིང་། བར་ཆད་ཞི་བ་དང་། ཚོགས་རྫོགས་པ་སོགས་དགོས་པ་ཁྱད་པར་ཅན་ཡོད་པས་ཅི་ནུས་སུ་བསླབ་པར་བྱ། འདིར་མངོན་གྱུར་དུ་བསྒོམ་པའི་ཚུལ་མདོ་ཙམ་བཤད་ན་གསུམ། ལྷའི་རྣལ་འབྱོར་ལ་བསླབ་པའི་ཐབས། ལོབས་པའི་ཚད། བརྟན་པའི་དུས་སོ། །དང་པོ་ལ། རྣམ་པ་ལ་བསླབ་པ། གོ་རིམ་ལ་བསླབ་པ། ཐུན་མཚམས་ལ་བསླབ་པའོ། །དང་པོ་རྣམ་པ་ལ་བསླབ་པ་ནི། བྲིས་སྐུ་མཚར་བ་ཞིག་མེ་ལོང་ལ་སོགས་པའི་འོད་དང་ལྡན་པར་བྱས་ལ། རང་ཉིད་དེ་ལ་གདོང་ཕྱོགས་པའི་ཚུལ་གྱིས་བདེ་བའི་གདན་ལ་འཁོད་དེ། ཇི་སྐད་བཤད་པའི་མངོན་པར་རྟོགས་པ་དག་པ་དྲན་པའི་བར་དུ་ཤར་བསྒོམ་གྱི་ཚུལ་གྱིས་བསྒོམ་ལ་ཅུང་ཟད་ངལ་བསོ། །དེ་ནས་བྲིས་སྐུ་ལ་ཆུ་སྲང་གཉིས་གསུམ་དུ་སེམས་མ་ཡེངས་ཤིང་མིག་རྩེ་གཅིག་ཏུ་བལྟ། ཡང་དེ་ཁའི་རྣམ་པ་ཡིད་ལ་འཆར་བར་བྱས་ཏེ་ཅུང་ཟད་བསྒོམ། དེ་ལྟར་བལྟ་བ་དང་བསྒོམ་པ་སྤེལ་མར་བྱས་པས་དབང་པོ་རབ་འབྲིང་ཐ་གསུམ་གྱི་འཆར་ཚུལ་འབྱུང་བས་དེ་དང་མཐུན་པར་བསླབ། གཉིས་པ་གོ་རིམ་ལ་བསླབ་པ་ནི། །དང་པོ་རིམ་པར་བསླབ་པ་ཡིན་ཏེ། གཙོ་བོ་ལ་གསལ་ན་ཡུམ་གསལ་གདབ་པ་སོགས་ལྷ་རྣམས་ལ་རིམ་གྱིས་བསླབ་པ་དང་། གཞལ་མེད་ཁང་དང་། དུར་ཁྲོད་དང་། སྲུང་བའི་འཁོར་ལོའི་བར་དུ་རེ་རེ་བཞིན་དུ་སྦྱངས། སོ་སོ་ལ་བརྟན་པ་ཐོབ་ན་ཉིས་སྡེབས་གསུམ་སྡེབས་བྱེད་ཀྱིན་སྦྱངས། མཐར་འཁོར་ལོ་མ་ལུས་པ་ཅིག་ཅར་གསལ་བའི་བར་དུ་སྦྱངས། གཉིས་པ་མ་ངེས་པར་བསླབ་པ་ནི། རེས་འགའ་ལྷ་ཉུང་ངུ་དཀྱིལ་འཁོར་རྒྱ་ཆུང་ངུ་ལ་བསླབ། རེས་འགའ་ལྷ་མང་བ་དཀྱིལ་འཁོར་རྒྱ་ཆེ་བ་ལ་བསླབ། དེ་བཞིན་དུ་སྐུ་མདོག་མ་ངེས་པ་དང་། སྐུའི་ཚད་མ་ངེས་པ་དང་ཞལ་ཕྱག་བཞུགས་ཚུལ་སོགས་ཀྱང་མ་ངེས་པ་ལ་བསླབ་པ་དང་། མང་པོ་ཉུང་ངུར་བསྡུ་བ་དང་། ཉུང་ངུ་མང་པོར་སྤེལ་བ་སོགས་སྤྲོ་བསྡུ་སྣ་ཚོགས་ལ་བསླབ་པས་དེ་དག་སོ་སོའི་ཐད་ཀར་གསལ་སྣང་ཐོབ་པ་ན། གོ་རིམ་ལ་ལོབས་པ་ཡིན་ཅིང་། འོན་ཀྱང་དེ་དག་བརྟན་པར་བྱ་བའི་ཕྱིར་ཡུན་བསྲིང་སྟེ་བསྐྱར་གྱིན་བསྒོམ་པ་ཡང་བྱའོ། །གསུམ་པ་ཐུན་མཚམས་ལ་བསླབ་པ་ནི། སྔར་གྱི་དེ་དག་ལ་ཅི་རིགས་པར་ལོབས་ནས། ཐུན་བཞི་ལྟ་བུར་བསྒོམ་ཞིང་། དེ་ལ་བརྟན་ན་གཉིས་སྦྲེལ་ཏེ་ཐུན་གཉིས་སུ་བྱ། དེ་ལ་བརྟན་ན་མཚན་རིལ་པོ་ཐུན་གཅིག་ཏུ་བྱས་ནས་བསྒོམ་མོ། །དེ་ལའང་བརྟན་ན་ཉིན་མཚན་སྦྲེལ་ནས་བསྒོམ་པ་སོགས་ལ་རིམ་གྱིས་བསླབ་པས། མཐར་ཞག་མང་པོར་མི་འཚོར་བ་འབྱུང་ངོ་། །དེ་ཡང་ཁམས་སྙོམས་པའི་ཚེ་ཉིན་ཞག་གཅིག་བར་མ་ཆད་པར་མཉམ་གཞག་ཐུན་གཅིག་གི་གནས་པ་བྱུང་ན། རེ་ཞིག་གོ་རིམ་ལ་ལོབས་པར་ཤེས་པར་བྱ། གང་ལྟར་ཡང་ཐུན་ལས་ལྡང་བར་འདོད་ན། བཟླས་པ་དང་ཉེར་བསྡུ་སོགས་ཇི་སྐད་བཤད་པ་བཞིན་བྱའོ། །གཉིས་པ་ལོབས་པའི་ཚད་ལ། མི་མཉམ་པར་ལོབས་པ་དང་། མཉམ་པར་ལོབས་པ་དང་། ལྷག་པར་ལོབས་པ་གསུམ་ཁ་དོག་ལ་ལོབས་པའི་ཚད་ཡིན་ལ། དམིགས་པ་གང་འདོད་དུ་བསྒྱུར་པ་ལ་དབང་འབྱོར་ན། གོ་རིམ་ལ་ལོབས་པའི་ཚད་དང་། དུས་ལ་འཕེན་པ་གང་བཏང་བ་དེ་ཙམ་དུ་གནས་ན་ཐུན་མཚམས་ལ་ལོབས་པའི་ཚད་དོ། །གསུམ་པ་བརྟན་པའི་ཚད་ནི། ཁ་དོག་ལ་བརྟན་པ། དབྱིབས་ལ་བརྟན་པ། གྲངས་ལ་བརྟན་པ། དུས་ལ་བརྟན་པ་ཐོབ་པའི་ཚད་དེ་བཞིའོ། །དེ་ལྟར་ན་སློབ་པའི་ཚུལ་གསུམ། ལོབས་པའི་ཚད་ལྔ། བརྟན་པའི་ཚད་བཞི་སྟེ་བསྐྱེད་རིམ་མངོན་གྱུར་བསྒོམ་པ་མན་ངག་གི་གནད་བཅུ་གཉིས་སོ། །གཉིས་པ་བརྟན་པ་རྫོགས་པའི་རིམ་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན། རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་བསྒོམ་བཟླས་བྱ། བླ་མའི་རྣལ་འབྱོར་ནི། རང་གི་མདུན་གྱི་ནམ་མཁར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་མའི་གདན་ལ། རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་དཔལ་འཁོར་ལོ་སྡོམ་པའམ། རྗེ་བཙུན་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན། སྐུ་མདོག་དམར་པོ་ཞལ་གཅིག་སྤྱན་གསུམ་པ། གཡས་ཌཱ་མ་རུ། གཡོན་ཐོད་པ་བདུད་རྩིས་གང་བ། གྲུ་མོར་ཤེས་རབ་ཀྱི་རང་བཞིན་ཁ་ཊྭཱཾ་ག་དཀར་པོ་བསྣམས་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ་ལ་བརྒྱུད་པའི་བླ་མས་བསྐོར་བ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་བཏབ། བླ་མའི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་དབང་གསུམ་ལེན་པ་བླ་མའི་རྣལ་འབྱོར་སྤྱི་དང་མཐུན། བླ་མ་འོད་དུ་ཞུ། རང་ལ་ཐིམ་པར་བསམ་པ་དབང་བཞི་པའོ། །གཉིས་པ་དངོས་གཞི་ལ། ཤེས་བྱ་རྒྱུད་ཀྱི་རིམ་པ། ཉམས་ལེན་སྔགས་ཀྱི་རིམ་པ། སྐྱེ་བ་ཡེ་ཤེས་ཀྱི་རིམ་པ། འབྲས་བུ་གསང་བའི་རིམ་པའོ། །དང་པོ་ནི། རྩ་གསུམ་འཁོར་ལོ་བཞི་ལ་རྒྱུད་ཅེས་བྱ་བ་ལ། དེ་ཉམས་སུ་ལེན་པའི་རིམ་པ་ཡིན་པས། རྒྱུད་ཀྱི་རིམ་པ་ཞེས་བྱའོ། །དེའི་ཚུལ་ནི། བསྐྱེད་རིམ་རྒྱས་པ་དང་འབྲེལ་ན། དཀྱིལ་འཁོར་བསྡུ། ཡུམ་ཡང་འོད་ཟེར་དམར་པོའི་རྣམ་པས་ལྟེ་བའི་ཨཾ་ལ་ཐིམ་སྟེ་རང་ཧེ་རུ་ཀ་ཕྱག་གཉིས་བརྐྱང་པའམ། ཡུམ་མ་བསྡུས་པར་བདེ་མཆོག་ལྷན་སྐྱེས་སུ་བསམ་པ་གང་རུང་བྱ། བསྐྱེད་རིམ་རྒྱས་པ་དང་མ་འབྲེལ་ན་ཇོ་བོ་ནཱ་རོ་ཏ་པའི་མན་ངག་གིས་རང་ཐ་མལ་པའི་སྤྱི་བོར་བླ་མའི་ཕྱག་ལྷྭམ་བསྒོམ། གསོལ་བ་བཏབ། འོད་དུ་ཞུ། རང་ལ་ཐིམ་པས་སྐད་ཅིག་གིས་བདེ་མཆོག་ཕྱག་གཉིས་པར་ཝལ་གྱིས་གསལ་བཏབ་སྟེ། བདག་ལ་བླ་མས་དབང་བསྐུར་ཕྱིན་ཆད་ལུས་ཀྱི་ཕྱི་འཁོར་ལོ་བདེ་མཆོག །ནང་རྩ་ཁམས་རྣམས་དཔའ་བོ་དང་དཔའ་མོའི་བདག་ཉིད་ཡིན་སྙམ་དུ་དྲན་པར་བྱ། སྔ་ཕྱི་དེ་གཉིས་ཅི་བྱས་ཀྱང་། རང་བདེ་མཆོག་ཏུ་གསལ་བའི་སྤྱི་བོ་ནས། ལྟེ་འོག་སོར་བཞིའི་བར་ལ་རྩ་དབུ་མ། ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་དམར་བ། ཏིལ་མར་གྱི་མར་མེ་ལྟར་གསལ་བ། པདྨའི་འདབ་མ་ལྟར་ཕྲ་བ་སྟེ་ཆོས་བཞི་ལྡན་མདའ་སྨྱུག་འབྲིང་པོ་ཙམ། ཕྲ་བ་ནི་སྲབ་པའི་དོན་ལ་བྱ་ཞིང་དབུ་མ་གསལ་འདེབས་པ་ལ་དམིགས་སྐོར་གཅིག །དེའི་གཡས་སུ་རོ་མ་རཀྟས་གང་བ་བསྒོམ་པ་དམིགས་སྐོར་གཉིས་པ། གཡོན་དུ་རྐྱང་མ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་བསྒོམ་པ་དམིགས་སྐོར་གསུམ་པ། རྩ་དེ་གསུམ་གཤིབས་ཏེ་མས་སྣེ་དབུ་མ་དང་མཉམ་དུ་ཟུག་པ། རྩ་གསུམ་ཀའི་ཡར་མར་གྱི་སྣེ་གཉིས་བཅད་ཁ་ལྟ་བུ། ལྟེ་བའི་ཐད་དུ་རོ་རྐྱང་གཉིས་དབུ་མའི་ནང་དུ་སོར་གཅིག་ཙམ་སོང་སྟེ་དབུ་མ་དང་བུག་པ་འབྲེལ་བ། དེ་ནས་ཡར་དབུ་མའི་ཕྱི་ནས་སོང་། སྙིང་ག །མགྲིན་པ། སྤྱི་བོ་རྣམས་སུ་ཡང་ལྟེ་བ་དང་འདྲ་བར་སོར་རེ་ཙམ་གྱི་དཔངས་ཚད་དབུ་མའི་ནང་དུ་སོང་ཞིང་བུག་པ་འབྲེལ། རོ་རྐྱང་གཉིས་སྤྱི་བོ་ནས་ཀླད་རྒྱའི་སྟེང་བརྒྱུད་སོང་སྟེ་སྣ་རྩེ་གཡས་གཡོན་དུ་ཟུག་པ། རོ་རྐྱང་གཉིས་དབུ་མའི་ནང་དུ་ཆུད་པ་སོ་སོར་འཁོར་ལོ་བཞི་ཆགས་པ་ནི། ལྟེ་བར་རྩྭ་འཁོར་ནང་མ་ལ་འདབ་མ་བརྒྱད་དེ་རེ་རེ་ལ་འདབ་ཆུང་བདུན་བདུན་གྱེས་པ་ཕྱི་སྐོར་ལ་འདབ་མ་ལྔ་བཅུ་རྩ་དྲུག །གདུགས་ཀྱི་རྩིབ་མ་ཁ་གྱེན་བསྟན་ལྟ་བུར་བསྒོམ་པ་ལ་དམིགས་སྐོར་བཞི་པ། སྙིང་ག་ཆོས་ཀྱི་འཁོར་ལོ་སྔོན་པོ་རྩྭ་འདབ་བརྒྱད་ཁ་ཐུར་བསྟན་བསྒོམ་པ་དམིགས་སྐོར་ལྔ་པ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་དམར་པོ་ནང་བསྐོར་རྩྭ་འདབས་བཞི། དེ་རེ་རེ་ལ་རྩྭ་འདབ་གསུམ་གསུམ་གྱེས་པ་ཕྱི་སྐོར་བཅུ་གཉིས་ཏེ་རྩ་འདབས་བཅུ་དྲུག་ཁ་གྱེན་བསྟན་བསྒོམ་པ་དམིགས་སྐོར་དྲུག་པ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་དཀར་པོ་རྩ་འདབས་སོ་གཉིས་འཕྲེང་དུ་བསྒྲིགས་པ་ཁ་ཐུར་བསྟན་བསྒོམ་པ་དམིགས་སྐོར་བདུན་པ། དབུ་མའི་མས་སྣར་ཀྵ་དམར་ནག་མེའི་རང་བཞིན་མགོ་ཐུར་བསྟན་དབུ་མའི་མས་སྣར་སྣེ་ཚུད་ཙམ་བསྒོམ་པ་དམིགས་སྐོར་བརྒྱད་པ། ལྟེ་བའི་རྩ་འཁོར་གྱི་དབུས་སུ་ཨཾ་དམར་པོ་མགོ་གྱེན་བསྟན་བསྒོམ་པ་དགུ་པ། སྙིང་གའི་དབུས་སུ་ཧཱུྃ་སྔོན་པོ་མགོ་ཐུར་བསྟན་བསྒོམ་པ་བཅུ་པ། མགྲིན་པར་ཨྃ་དམར་པོ་མགོ་གྱེན་བསྟན་བསྒོམ་པ་བཅུ་གཅིག་པ། སྤྱི་བོར་ཧཾ་དཀར་པོ་མགོ་ཐུར་བསྟན་བསྒོམ་པ་བཅུ་གཉིས་པ། རོ་མ་ལ་ཀ་ནས་ཧའི་བར་གསལ་བྱེད་སོ་གསུམ་མམ། ཡང་ན། ང་ཉ་སྤངས་པའི་ཀྵཿའི་བར་སོ་གཉིས་འདམ་ག་ཡིན་པས་གང་བདེ་བྱ་ཞིང་། ཁ་དོག་དམར་པོ་མགོ་གྱེན་བསྟན་བསྒོམ་པ་དམིགས་སྐོར་བཅུ་གསུམ་པ། རྐྱང་མ་ལ་ཨཱ་ལི་ཚར་གཉིས་ཁ་དོག་དཀར་པོ་མགོ་ཐུར་བསྟན་རྐྱང་མའི་མས་སྣར་ཨ་ནས་ཡས་སྣར་ཨཿཚེག་དྲག་ཅན་གྱི་བར་བརྩེགས་པར་བསྒོམ་པ་བཅུ་བཞི་པ། ལྟེ་བའི་ནང་སྐོར་གྱི་རྩ་འདབ་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བསྒོམ་པ་བཅོ་ལྔ་པ། ཕྱི་སྐོར་ལ་དབྱངས་གསལ་ལྔ་བཅུ། ཨཱ་ཨཱི་ཨཱུ་ཨཻ་ཨཽ་ཨཱཿརྣམས་ཁ་དོག་དམར་པོ་མགོ་གྱེན་བསྟན་བསྒོམ་པ་བཅུ་དྲུག་པ། སྙིང་གའི་འདབ་མ་བརྒྱད་ལ་ཕྱོགས་ཨཱ་ཨཱི་ཨཱུ་ཨཻ་སྟེ་བཞི། མཚམས་བཞིར་གཡས་ནས་བརྩམས་ཏེ་ཡ་ར་ལ་ཝ་རྣམས་ཁ་དོག་སྔོན་པོ་མགོ་ཐུར་བསྟན་བསྒོམ་པ་བཅུ་བདུན་པ། མགྲིན་པའི་ནང་སྐོར་གྱི་རྩ་འདབས་ལ་ཨ་ཨི་ཨུ་ཨེ། ཕྱི་སྐོར་ལ་རྀ་ལྀ་བཞི་སྤངས་པའི་དབྱངས་བཅུ་གཉིས་ཁ་དོག་དམར་པོ་གྱེན་བསྟན་བསྒོམ་པ་བཅོ་བརྒྱད་པ། སྤྱི་བོའི་རྩ་འདབས་ལ་དབྱངས་ཡིག་རྣམས་ཚར་གཉིས་ཁ་དོག་དཀར་པོ་མགོ་ཐུར་བསྟན་བསྒོམ་པ་བཅུ་དགུ་པ། བཤང་སྒོར་རླུང་གི་དཀྱིལ་འཁོར་སྔོ་སྐྱ་ཟླ་གམ་གསལ་བཏབ་སྟེ་ཉི་ཤུ་པ། སེམས་ལྟེ་བའི་ཨྃ་ལ་གཏད་དེ་བཟུང་བ་ཉེར་གཅིག་པ། རླུང་ཕྱིར་འགྲོ་བ་དང་བསྟུན་རྩ་འཁོར་ཡིག་འབྲུ་རྣམས་མས་ནས་རིམ་པས་གསལ་བཏབ། ནང་དུ་འོང་བའི་ཚེ་ཡས་ནས་རིམ་པས་གསལ་བཏབ། གནས་པའི་ཚེ་ལྟེ་བའི་ཨྃ་ལ་ཐིམ་པའི་ཚུལ་གྱིས་ཅུང་ཟད་བཞག །དེ་ལྟར་ན་རྒྱུད་རིམ་ལ་དམིགས་སྐོར་ཉེར་གཉིས་སོ། །མཐར་ཕྱིན་པའི་ཚད་ནི་རྩ་གསུམ་འཁོར་ལོ་དྲུག་ཡིད་ལ་གསལ་བར་སྣང་བའོ། །གཉིས་པ་ཉམས་ལེན་སྔགས་ཀྱི་རིམ་པ་ལ། ནང་གི་སྔགས་ནི་ལྟེ་བའི་ཨཾ་ཡིན་ལ། རིམ་པ་ནི་རིམ་གྱིས་སྦར་ཏེ་རང་གི་འཁོར་ལོ་དང་། དེ་བཞིན་གཤེགས་པའི་འཁོར་ལོའི་ཡིག་འབྲུ་རྣམས་བསྲེག་བཞུ་དང་གསོ་བའི་བར་མཐར་ཕྱིན་པའོ། །ཉམས་སུ་བླང་བའི་ཚུལ་གཏུམ་མོ་འཁོར་ལོ་བཞི་ལ་བརྟེན་པ་ནི། རྩ་གསུམ་འཁོར་ལོ་བཞི་ཡིག་འབྲུ་དང་བཅས་བརྒྱུད་རིམ་ལྟར་གསལ་བཏབ་ནས་མདུན་གྱི་ནམ་མཁར་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་རྩ་བའི་བླ་མ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་རྣམ་པར་གསལ་བཏབ། རླུང་བུམ་པ་ཅན་བཟུང་བས་འོག་རླུང་བསྐྱོད། དེས་བཤང་སྒོའི་རླུང་གི་དཀྱིལ་འཁོར་བསྐྱོད་པས་དེའི་རླུང་གིས་ཀྵ་ཡིག་མེར་འབར། རོ་མ་ནས་སོང་། དེས་ལྟེ་བའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལྕགས་བསྲེགས་པ་བཞིན་དུ་བསྲེགས་ཤིང་ཨྃ་མེར་འབར་བར་བསྒོམ་པ་དམིགས་སྐོར་དང་པོའོ། །ཡང་རོ་མ་ནས་སོང་། སྙིང་གའི་འཁོར་ལོ་བསྲེག་པ་གཉིས་པ། ཡང་རོ་མ་ནས་སོང་། མགྲིན་པའི་འཁོར་ལོ་བསྲེག་པ་གསུམ་པ། ཡང་རོ་མ་ནས་སོང་། སྤྱི་བོའི་འཁོར་ལོ་བསྲེག་པ། བཞི་པ། ཡང་རོ་མ་ནས་བརྒྱུད། སྣ་བུག་གཡས་ནས་སོང་། མདུན་གྱི་འཁོར་ལོ་བདེ་མཆོག་གི་ཤངས་གཡས་ནས་བརྒྱུད། སྐུའི་འཁོར་ལོ་བཞི་ཁྱབ་བཞུ་བརྟུལ་བྱས། བདུད་རྩི་རྣམས་བསྡུས། ཤངས་གཡོན་ནས་བྱུང་། རང་གི་སྣ་བུག་གཡོན་ནས་ཞུགས། རྐྱང་མའི་ལམ་བརྒྱུད། སྤྱི་བོའི་འཁོར་ལོ་བདུད་རྩིས་གང་ཞིང་ཡི་གེ་རྣམས་གསོས་པར་བསྒོམ་པ་ལྔ་པ། རིམ་པས་རྐྱང་མ་བརྒྱུད། མགྲིན་པའི་ཨོཾ་སོགས་ཡི་གེ་རྣམས་གསོས་པ་དྲུག་པ། རྐྱང་མའི་ལམ་བརྒྱུད། སྙིང་གའི་ཡི་གེ་རྣམས་གསོས་བཏབ་བདུན་པ། དེ་བཞིན་དུ་རྐྱང་མ་ནས་བརྒྱུད། ལྟེ་བའི་ཨཾ་ལ་ཕོག །ཡི་གེ་ཐམས་ཅད་གསོས་ཤིང་བདུད་རྩིས་གང་། འབར་འཛག་ལ་སེམས་གཏད་པ་བརྒྱད་པ། དེ་ནས་ཡང་རླུང་བཟུང་བས་ཀྵ་མེར་འབར། མེ་ལྕེ་ཕྲ་བ་ཞིག་དབུ་མའི་ལམ་ནས་སོང་། ལྟེ་བའི་ཨྃ་ལ་ཕོག་པས་དེ་མེར་འབར། མེ་ལྕེ་རིམ་བཞིན་སོང་། སྙིང་གའི་ཧཱུྃ་ཡིག་བསྲེག་པ་དགུ་པ། མེ་དེ་དབུ་མ་ནས་སོང་། མགྲིན་པའི་ཨོཾ་བཅོམ་པ་བཅུ་པ། སྤྱི་བོའི་ཧཾ་ལ་ཕོག་པས་བསྲེག་པ་བཅུ་གཅིག་པ། རིམ་བཞིན་བརྒྱུད། སྨིན་མཚམས་གསེར་གྱི་སྒོ་ནས་སོང་། དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱས། བདུད་རྩི་བྱུང་བ་སྤྱི་གཙུག་ཛ་ལནྡྷ་ར་ནས་ཞུགས། ཧཾ་ཡིག་སོགས་སྤྱི་བོའི་ཡི་གེ་རྣམས་བདུད་རྩིས་གང་བ་ཆེས་གསལ་བར་བསྒོམ་པ་བཅུ་གཉིས་པ། གཞན་རྣམས་འདྲ་བ་ལ་མགྲིན་པའི་ཡི་གེ་གསོས་པ་བཅུ་གསུམ་པ། ཡང་བབས། སྙིང་གའི་ཡི་གེ་རྣམས་གསོས་པ་བཅུ་བཞི་པ། དེ་ལས་ཀྱང་བབས། ལྟེ་བའི་ཡི་གེ་རྣམས་གསོས། ཨྃ་ལ་སེམས་གཏད། བཅོ་ལྔ་པ། དེ་ལྟ་བུ་ཚར་གཅིག་སྔོན་དུ་བཏང་ནས། དེ་ནས་གཏུམ་མོའི་མེ་སྤྱི་བོའི་ཧཾ་གི་བར་འབར། སྙིང་ག་མགྲིན་པ་སྤྱི་བོའི་བར་གྱི་འཁོར་ལོ་ཡིག་འབྲུ་དང་བཅས་པ་བསྲེག་པ་བཅུ་དྲུག་པ། དེ་ནས་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་མི་བྱེད་པར་ཧཾ་ལས་བདུད་རྩི་བྱུང་། མགྲིན་པ། སྙིང་ག །ལྟེ་བའི་བར་གྱི་འཁོར་ལོ་དང་ཡིག་འབྲུ་རྣམས་གསོས་དེ་ཀའི་འབར་འཛག་ལ་སེམས་གཏད་དེ་བསྒོམ། བཅུ་བདུན་པའོ། །དེ་ལྟར་ན་སྔགས་རིམ་ལ་དམིགས་སྐོར་བཅུ་བདུན་ནོ། །མཐར་ཕྱིན་པའི་ཚད་ནི། འཕར་གཡོ་ལ་སོགས་པ་འབྱུང་བའོ། །གསུམ་པ་སྐྱེ་བ་ཡེ་ཤེས་ཀྱི་རིམ་པ་ནི། ཡེ་ཤེས་ནི་དགའ་བ་བཅུ་དྲུག་གི་མཐར་ལྷན་སྐྱེས་ཉམས་སུ་མྱོང་བ། རིམ་པ་ནི་རྡོ་རྗེ་ནོར་བུར་བདེ་བ་ལ་བསྒོམ་པ་ནས་མཛོད་སྤུར་བདེ་བ་བསྒོམ་པའི་བར་རོ། །ཉམས་སུ་བླང་བའི་ཚུལ་ནི། སྔགས་རིམ་གྱི་གཏུམ་མོའི་དམིགས་པ་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་དང་བཅས་པ་ཚར་གཅིག་ཉམས་སུ་བླང་ནས། དེ་ནས་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་མི་བྱེད་པར་གཏུམ་མོའི་སྤྱི་བོའི་ཧྃ་གི་བར་འབར་བས་ཧཾ་བདུད་རྩིར་ཞུ། མགྲིན་པའི་ཨོཾ་ལ་ཐིམ། དམིགས་སྐོར་གཅིག །དེ་ཡང་ཞུ། སྙིང་གའི་ཧཱུྃ་ལ་ཐིམ་པ་གཉིས་པ། དེ་ཡང་ཞུ། ལྟེ་བའི་ཨྃ་ལ་ཐིམ་པ་གསུམ་པ། དེ་ཡང་ཞུ་དཀར་དམར་འདྲེས་པའི་ཐིག་ལེ་དེ་རྡོ་རྗེ་ནོར་བུའི་རྩེར་སླེབ་པ་ལ་སེམས་གཟུང་བ་བཞི་པ། ཐུན་འཇོག་ཀར་སྤྱི་བོའི་ཧྃ་ལ་ཐིམ་པར་བསྒོམ་པ་ལྔ་པ། ནོར་བུའི་རྩེ་མོར་བཟུང་བས་དེར་བདེ་བས་བརྒྱལ་བ་ལྟ་བུ་བྱུང་ཚེ་ཡར་རྡོ་རྗེའི་སྐེད་པ་ཙམ་དུ་དྲངས་པ་དྲུག་པ། དེར་ཡང་བདེ་བ་མི་བཟོད་པ་བྱུང་ཚེ་ཡར་རྡོ་རྗེའི་རྩ་བར་དྲངས་པ་བདུན་པ། ཡང་ཡར་ལྟེ་འོག་ཏུ་དྲངས་པ་བརྒྱད་པ། ཡང་ཡར་ལྟེ་བར་དྲངས་པ་དགུ་པ། དེ་བཞིན་དུ་ལྟེ་བ་ནས་སྙིང་གའི་བར་ལ་ཆ་བཞིར་བྱས་ཏེ་ཡར་རིམ་བཞིན་དུ་དྲངས། བཅུ་པ་ནས་བཅུ་གསུམ་པའི་བར་རོ། །དེ་བཞིན་དུ་སྙིང་ག་ནས་མགྲིན་པའི་བར་ལ་བཞི། དམིགས་སྐོར་བཅུ་བདུན་པའི་བར་རོ། །མགྲིན་པ་ནས་སྤྱི་བོའི་བར་ལ་བཞི། དམིགས་སྐོར་ཉེར་གཅིག་པའི་བར་རོ། །དེ་རྣམས་སུ་སེམས་འཛིན་ཅིང་ཁྱད་པར་འཁོར་ལོ་བཞིའི་གཙོ་བོར་སེམས་གཏོད་དེ་ཉེར་གཉིས་པའོ། །མདོར་ན་ཡས་བབས་ལ་བཞི་དང་། མས་བརྟན་ལ་དགའ་བ་བཅུ་དྲུག་གི་རྗེས་དྲན་བཅུ་དྲུག་གོ། དེ་ལྟར་ན་ཡེ་ཤེས་ཀྱི་རིམ་པ་ལ་དམིགས་སྐོར་ཉེར་གཉིས་སོ། །མཐར་ཕྱིན་པའི་ཚད་ནི་བདག་གི་རྒྱུད་བདེ་བས་མྱོས་པ་ལ་སོགས་པའོ། །བཞི་པ་འབྲས་བུ་གསང་བའི་རིམ་པ་ནི། གསང་བ་ནི་སྲོག་འཛིན་གྱི་རླུང་། རིམ་པ་ནི་རླུང་སྐྱོན་རྣམས་རིམ་གྱིས་སེལ་བ། ཇི་ལྟར་ཉམས་སུ་བླང་བའི་ཚུལ་སྔགས་རིམ་འཁོར་ལོ་བཞི་ལྡན་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་དང་བཅས་པ་ཚར་གཅིག་ཉམས་སུ་བླངས་ནས། དེ་ནས་གཏུམ་མོའི་མེ་སྤྱི་བོའི་ཧྃ་གི་བར་འབར་བས་ཧྃ་བདུད་རྩིའི་རང་བཞིན་དུ་ཞུ། མགྲིན་པའི་ཨོཾ་ལ་ཐིམ་པར་བསམས་ཏེ་སེམས་འཛིན་པ་དམིགས་སྐོར་དང་པོ། །ཨོཾ་ཡང་ཞུ། སྙིང་གའི་ཧཱུྃ་ལ་ཐིམ་པ་ལ་སེམས་གཏོད་དེ་དམིགས་སྐོར་གཉིས་པ། དེ་ལས་ཀྱང་དྭངས་མ་བྱུང་། ལྟེ་བའི་ཨོཾ་ལ་ཐིམ་པར་བསམས་ལ་དེ་ལ་སེམས་འཛིན་པ་དམིགས་སྐོར་གསུམ་པ། དེ་ནས་ཁམས་གསུམ་ཐམས་ཅད་འོད་དུ་ལྟེམ་ཞུ། རང་ལ་ཐིམ་པར་བསམ། དེ་ཙམ་ལ་སེམས་གཏད་པ་བཞི་པ། དེ་ཡང་ཡལ། སྙིང་གའི་ཧཱུྃ་དང་ལྟེ་བའི་ཨྃ། དེ་གཉིས་ཀྱི་འཁོར་གྱི་དབུ་མ་དང་བཅས་པ་ཙམ་ལ་སེམས་གཏད་དེ་ལྔ་པ། དེ་གཉིས་ཀྱང་འོད་དཀར་དམར་དུ་ཞུ། དཀར་དམར་འདྲེས་པའི་ཐིག་ལེ་ལ་སེམས་གཏད་པ་དྲུག་པ། དེ་ཡང་གློག་ཡལ་བ་བཞིན་ཡལ་སོང་། དེ་ཀའི་ངང་ལ་མཉམ་པར་འཇོག་ཅིང་རླུང་བུམ་པ་ཅན་འཛིན། བདུན་པའོ། །དེ་ལྟར་ན་གསང་རིམ་ལ་དམིགས་སྐོར་བདུན་ནོ། །མཐར་ཕྱིན་པའི་ཚད་ནི། ལུས་རས་བལ་གྱི་འདབ་མ་ལྟར་ཡང་བ་དང་། སྨིག་རྒྱུ་ལ་སོགས་པའི་རྟགས་ལྔ་མཐོང་བའོ། །དེ་ལྟ་བུའི་རིམ་པ་བཞིའི་དམིགས་པའི་རྣམ་གྲངས་ཀུན་དྲིལ་དམིགས་སྐོར་དྲུག་ཅུ་རྩ་བརྒྱད་དོ། །དེ་ནས་རང་ཉིད་སྐད་ཅིག་ཙམ་གྱིས་ཧེ་རུ་ཀར་ཝལ་གྱིས་བསམས་ལ། དེའི་སྣའི་བུག་པ་གཉིས་ཙམ་མ་གཏོགས་པར་བར་ཀ་བ་མེད་པ་སྒོང་སྟོང་པ་ལྟ་བུ་སྲབ་མོ་ཞིག་ཏུ་བསྒོམ། རླུང་ནང་དུ་འོང་བ་དང་མཉམ་དུ་དེར་རླུང་ལྗང་སྔོན་ཤས་ཆེ་བས་ལྗང་ནག་དུད་པ་ལྟ་བུ་ཞིག་དལ་བུས་བྱུང་། ལུས་ཀྱི་ནང་དུ་སོང་བས་ལུས་ཀྱི་ནང་ཐམས་ཅད་རིམ་གྱིས་གང་སྟེ་ནང་ཆུང་ངུ་དུད་པས་ཁེངས་པ་ལྟ་བུ་ཞིག་ཏུ་བསྒོམ། འདི་གེགས་སེལ་ཡིན་ཀྱང་དམིགས་པ་ཕྱི་མ་འདི་དང་སྤྲེལ་ནས་དང་པོ་ཉིད་ནས་བསྒོམས་པས་རྩ་རླུང་གི་ཟུག་མི་འབྱུང་ཞིང་ཡོན་ཏན་ཁྱད་པར་སྐྱེ་བའི་དགོས་པ་ཡོད་དོ། །གསུམ་པ་རྗེས་ལ་གཉིས། ཐུན་གྱི་མཇུག་བསྡུ་བ་དང་། ཁྲིད་ཀྱི་རྗེས་བསྐྱང་བའོ། །དང་པོ་ནི། དེ་ལྟར་བསྒོམ་པའི་ཐུན་ཐམས་ཅད་ཀྱི་མཐར་བསྐྱེད་རིམ་རྒྱས་པ་དང་འབྲེལ་ནས་བཟླས་པ་དང་ཉེར་བསྡུ་སོགས་ཇི་སྐད་བཤད་པ་བཞིན་མཐར་དབྱུང་། མ་འབྲེལ་ན་དགེ་བ་བསྔོ་ཞིང་སྨོན་ལམ་རྣམ་པར་དག་པས་རྒྱས་གདབ། ཐུན་མཚམས་ཐམས་ཅད་དུའང་དངོས་གཞིའི་ཉམས་མྱོང་གི་རྩི་དང་མ་བྲལ་བར་སྤྱོད་ལམ་དགེ་བའི་བྱ་བས་དུས་འདའ་བར་བྱའོ། །གཉིས་པ་ནི། ཉམས་མྱོང་སྐྱེས་རིམ་བཞིན་བླ་མ་དམ་པའི་སྤྱན་སྔར་ཞུས་ལ་སྒྲོ་འདོགས་བཅད། འབྱུང་བཞི་ལ་འཁྲུགས་པ་དང་། ཉམས་སྣ་ཚོགས་པའི་གེགས་བསལ་ཞིང་། སྤྱོད་པ་གསུམ་གྱིས་བོགས་དབྱུང་བས་གསང་རིམ་གྱི་རྟོགས་པ་རྫོགས་པ་ན་འཕགས་ལམ་ས་དང་པོ་ཐོབ་ཅིང་། སླར་ཡང་ཟུང་དུ་འཇུག་པའི་རྣལ་འབྱོར་ལ་བརྩོན་པས་སློབ་པའི་ཟུང་འཇུག་མཐར་ཕྱིན་ནས། སྐུ་གསུམ་ཡན་ལག་བདུན་དང་ལྡན་པའི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་རེག་པར་འགྱུར་བ་ཡིན་ནོ། །དྲན་པས་དངོས་གྲུབ་ཆར་འབེབས་ལྷག་པའི་ལྷ། །འཁོར་ལོ་བདེ་མཆོག་བསྐྱེད་རྫོགས་ལམ་གྱི་ཕུལ། །བདེ་ཆེན་ཡེ་ཤེས་གྲུབ་པའི་སྙིང་པོའི་དཔྱིད། །འདིས་ཀྱང་འགྲོ་ཀུན་ཧེ་རུ་ཀར་གྱུར་ཅིག །ཅེས་པའང་སློབ་དཔོན་ཆེན་པོ་ནག་པོ་སྤྱོད་པ་བསམ་བཞིན་དུ་སྲིད་བ་ཉེ་བར་བཟུང་བ་འཇམ་མགོན་གྲུབ་པའི་དཔའ་བོ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་གི་གསུང་རབ་བསྐྱེད་རིམ་མདོར་བསྡུས་སུ་བྱ་བའི་ཚུལ་ལ་རྗེ་རང་ཉིད་ཀྱི་ཞལ་ལུང་སྒྲུབ་ཐབས་རྒྱས་པའི་ས་བཅད་སོགས་སྦྱར་ཞིང་། རྫོགས་རིམ་གྱི་དམིགས་པ་རྣམས་རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུ་ཀུན་དགའ་སྙིང་པོའི་ཞལ་གྱི་བདུད་རྩི་ཟིན་བྲིས་སུ་བཏབ་པ་ཇི་ལྟ་བ་བཞིན་དག་ཅིང་གསལ་བར་བྱ་བྲལ་བ་མང་དུ་ཐོས་པའི་གཟུགས་བརྙན་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།མངྒ་ལཾ།།}} | ||
༄༅། །དཔལ་འཁོར་ལོ་བདེ་མཆོག་ནག་པོ་པའི་ལུགས་ཀྱི་བསྐྱེད་རྫོགས་མདོར་བསྡུས་བདེ་ཆེན་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། བདེ་ཆེན་གཅིག་པུའི་ཉམས་ཀྱིས་དུ་མའི་གར། །སྲིད་དང་ཞི་བའི་ཐིག་ལེར་ཡོངས་བསྒྱུར་བ། །བླ་མ་འཁོར་ལོ་སྡོམ་པ་ལ་བཏུད་ནས། །བསྐྱེད་རྫོགས་སྙིང་པོའི་གདམས་པ་ཅུང་ཟད་དབྱེ། འདི་ལ་གཉིས། རྟེན་བསྐྱེད་པའི་རིམ་པ་དང་། བརྟེན་པ་རྫོགས་པའི་རིམ་པའོ། །དང་པོ་ལ་གཉིས། མངོན་རྟོགས་ལག་ཏུ་བླང་བའི་ཚུལ་དང་། །བསྐྱེད་རིམ་གྱི་མན་ངག་ཅུང་ཟད་བཤད་པའོ། །དང་པོ་ལ་གཉིས། མཉམ་པར་བཞག་པའི་རྣལ་འབྱོར་དང་། །མཉམ་པར་མ་བཞག་པའི་རྣལ་འབྱོར་རོ། །དང་པོ་ལ་གཉིས། རྒྱུ་ཚོགས་གཉིས་བསག་པ་དང་། འབྲས་བུ་ལྷ་བསྐྱེད་པའོ། །དང་པོ་ལ་གཉིས་ལས། དང་པོ་བསོད་ནམས་ཀྱི་ཚོགས་བསག་པ་ནི། མདང་ནུབ་མོ་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་འོད་གསལ་བའི་ངང་དང་གཉིད་ཀྱི་སྣང་བ་རོ་གཅིག་ཏུ་བསྲེས་ལ་མཉམ་པར་བཞག་པའི་རྒྱུན་ལས། ཐོ་རངས་རང་བཞིན་དབྱིངས་ཀྱི་རྣལ་འབྱོར་མའི་དབང་ཕྱུག་སྣ་ཚོགས་པས་ཌཱ་མ་རུའི་སྒྲ་དབྱངས་ཀར་ཀར་ལ་སོགས་པའི་སྔགས་ཀྱི་སྒྲ་བསྒྲགས་པས་བསྐུལ་ཏེ་ལྡང་། རྣལ་འབྱོར་གྱི་གྲོགས་སུ་འགྲོ་ན་ཁྲུས་བྱ། བདེ་བའི་གདན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད། མདུན་གྱི་ནམ་མཁར་སྐྱབས་ཡུལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་བའི་རྣམ་པར་གསལ་བཏབ་ལ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་ཀྱི་མཐར་ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། སྤྲོ་ན་རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་སྒོམ་བཟླས་མ་རྒྱུད་སྤྱི་ལྟར་བྱ། དེ་ནས་དཀའ་བ་གསུམ་ལ་འཇུག་པ་ནི། རང་ཉིད་གཞིའི་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པ། གཉུག་མའི་ཡུམ་རྡོ་རྗེ་ཕག་མོ་དང་མཉམ་པར་སྦྱོར་བའི་སྐུ་ཅན། ཤྲཱི་ཧེ་རུ་ཀ་ཨ་ཧཾ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །སྙིང་གར་ཟླ་བ་ལ་གནས་པའི་ཧཱུྃ་ལས་འོད་ཟེར་ལྔའི་ལྕགས་ཀྱུས་འོག་མིན་ནས་བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་བླ་མའི་སྣང་བ་དང་གཅིག་མིན་གཉིས་སུ་མ་མཆིས་པའི་རྣམ་པ་ཐ་དད་པའི་གཟུགས་བརྙན་ནམ་མཁའི་ཁམས་ཁྱབ་པའི་ཡེ་ཤེས་ཀྱི་སྣང་བར་སད་པར་གྱུར། ན་མོ་གུ་རུ་བྷྱཿ ན་མཿཤྲཱི་ཧེ་རུ་ཀ་ཙཀྲ་སམྦ་རཾ་མཎྜ་ལེ་བྷྱཿ ཨོཾ་བཛྲ་པུཥྤེ། དྷཱུ་པེ། དཱི་པེ། གནྡྷེ། ནཻ་ཝིདྱཱ། ཤབྡ་ཨཱཿཧཱུྃ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ནས། །སངས་རྒྱས་འགྲུབ་པར་ཤོག་ཅེས་རྒྱུན་བཤགས་ལན་གསུམ་བརྗོད་དོ། །གཉིས་པ་ཡེ་ཤེས་ཀྱི་ཚོགས་བསག་པ་ནི། སྭ་བྷཱ་བས་ཡུལ་དང་ཡུལ་ཅན་སྣ་ཚོགས་པའི་ཞེན་རྟོག་སྦྱང་། གཟུང་བའི་ཡུལ་དང་བྲལ་བ་རང་གི་སེམས་ཀྱི་ངོ་བོར་ཤར། ཤཱུནྱ་ཏཱས་གཟུང་བ་མ་གྲུབ་ན་འཛིན་པ་མི་གྲུབ་པས། གཟུང་འཛིན་གཉིས་དང་བྲལ་བའི་ཡེ་ཤེས་ལ་བརྡ་སྦྱར་ནས། གཉིས་པ་འབྲས་བུ་ལྷ་བསྐྱེད་པ་ལ་གཉིས། རྟེན་བསྐྱེད་པ་དང་། བརྟེན་པ་བསྐྱེད་པའོ། །དང་པོ་ལ་གཉིས་ལས། དང་པོ་སྲུང་བའི་འཁོར་ལོ་བསྒོམ་པ་ནི། ངང་དེ་ཉིད་ལས་ནཱ་དང་། དེ་ཡས་རིམས་སུ་སྣང་བའི་དབྱིངས་ལས་ཧཱུྃ་ཡིག་ལྗང་སྔོན། པད་ཉི་ལ་གནས་པའི་སྒྲ་ལས་སོན་པའི་སུམྦྷའི་སྔགས་ལས། ཤར་དང་སྟེང་དུ་ཁྭ་གདོང་། བྱང་དུ་འུག་གདོང་། ནུབ་དང་འོག་ཏུ་ཁྱི་གདོང་། ལྷོར་ཕག་གདོང་། ཤར་ལྷོར་གཤིན་རྗེ་བརྟན་མ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་རྣམས་དམར་མོ་དྲེགས་ཤིང་ཁྲོས་པའི་སྐུ། ལྕགས་ཀྱུ་དང་ཞགས་པ་ཐོགས་པས་ཕྱོགས་སྐྱོང་གིས་མཚོན་པའི་བགེགས་བཀུག་ནས་ཕུར་བུས་བཏབ་སྟེ་བར་ཆད་ཀྱི་སྒོ་ཐམས་ཅད་བསྲུང་བར་མཛད། ཕྱོགས་སྐྱོང་གི་རོ་ལས་བསྒྲུབས་པའི་ཐུན་མོང་གི་སྲུང་འཁོར་རྡོ་རྗེའི་ས་གཞི། ར་བ། དྲྭ་བ། གུར་བླ་རེ། མདའ་དྲྭ། ཡེ་ཤེས་ཀྱི་མེ་རི་དང་བཅས་པའི་དབུས་སུ། གཉིས་པ་གཞལ་ཡས་ཁང་བསྐྱེད་པ་ནི། ཆོས་འབྱུང་ནང་དུ་ལུགས་ལྡོག་གི་འབྱུང་བཞི་རི་རབ་ཐིག་ལེ་དང་བཅས་པ་འདྲེས་པ་ལས་བྱུང་བའི་ལུགས་འབྱུང་གི་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ། ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི། སྒོ་བཞི། རྟ་བབས་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་། ཕྱི་རོལ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་ནང་གི་ལྷ་སྣམ་ཕྱོགས་མདོག་གི་དབུས་སུ། ཨིནྡྲ་ནི་ལའི་ས་གཞི་ལ་གནས་པའི་འཁོར་ལོ་རིམ་པ་གསུམ་པོ་མཆོད་རྟེན་བང་རིམ་བཞི་པའི་ཚུལ་དུ་གནས་པ། རྡོ་རྗེ་དང་པདྨ་དང་འཁོར་ལོའི་ར་བ་ཀ་བ་གདུང་དང་བཅས་པའི་ཐོག་ཕུབས་ཅན་ལྟེ་བར་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། གྲི་གུག་གི་ར་བ་ཀ་བ་གདུང་ཐོག་ཕུབས་དང་བཅས་པའི་སྟེང་དུ། རིན་པོ་ཆེའི་གདུང་བཞིས་མིག་མང་རིས་སུ་བྲིས་པའི་དབུས་ཕྱུར་བུར་གྱུར་པའི་རྩེར་ནོར་བུའི་ཏོག་གིས་སྤྲས་པའི་ལྷ་གནས་སོ་སོར་པདྨ་ཉི་མ་རོའི་གདན་དང་། དབུས་སུ་འཇིགས་བྱེད་ཕོ་མོའི་གདན། །གཉིས་པ་ལྷ་བསྐྱེད་པ་ལ་གསུམ། དང་པོའི་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག །ལས་རྒྱལ་མཆོག་གོ །དང་པོ་ལ་བཞི། བསྙེན་པ། ཉེ་བར་སྒྲུབ་པ། སྒྲུབ་པ། སྒྲུབ་པ་ཆེན་པོའོ། །དང་པོ་ལ་གཉིས་ལས། དང་པོ་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་ནི། དེའི་སྟེང་དུ་ཨཱ་ལི་ལས་ཟླ་བ་མེ་ལོང་ཡེ་ཤེས། ཀཱ་ལི་ལས་ཉི་མ་མཉམ་ཉིད་ཡེ་ཤེས། བར་དུ་རྡོ་རྗེ་དང་གྲི་གུག་ཧཱུྃ་ཨཾ་གིས་མཚན་པ་སོར་རྟོག་ཡེ་ཤེས། ཐམས་ཅད་འདྲེས་པ་བྱ་གྲུབ་ཡེ་ཤེས། ཡོངས་སུ་རྫོགས་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་རྒྱུ་རྡོ་རྗེ་འཛིན་པ་དཀར་པོ་ཞལ་བཞི་ཕྱག་བཞི་པ། དང་པོའི་ཕྱག་རྡོ་རྗེ་དྲིལ་བུ་དང་། འོག་མའི་གཡས་འཆི་བ་ལས་རྒྱལ་བའི་ཁ་ཊྭཱཾ་ག་བསྣམས་པ། གཡོན་ནི་ཐོད་པའི་མཆོད་ཡོན་གྱིས་ཡབ་ཡུམ་ཞལ་གཅིག་ཏུ་བསྲེས་པ། ཡུམ་ཕག་མོ་དམར་མོ་ལ་འཁྱུད་པའི་སྐུ་ཅན། གཉིས་པ་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་ལ་བཞི་ལས། དང་པོ་ཡེ་ཤེས་པ་བཞུ་བ་ནི། ཡབ་ཡུམ་སྙོམས་པར་ཞུགས་པའི་རྐྱེན་གྱིས་བྱང་ཆུབ་ཀྱི་སེམས་ཐིག་ལེར་གྱུར། གཉིས་པ་གླུས་བསྐུལ་བ་ནི། ཐིག་ལེ་ཉིད་ལས་འཕྲོས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐུལ། ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཛཿཛཿཧཱུྃ་བྃ་ཧོཿ སུ་ར་ཏི་སྟྭཾ། དྲྀ་ཤྱ་ཧོཿ གསུམ་པ་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་དངོས་ནི། སྐུལ་བྱེད་རྣམས་ཐིག་ལེ་ལ་ཐིམ་པས། ཧཱུྃ་དང་ཨཾ་ལས་འབྲས་བུའི་སྟོན་པ་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་ཞལ་སྐུ་ལུས་དང་མཚུངས་པ་སྔོ། གཡོན་དམར། རྒྱབ་སེར། གཡས་དཀར། ཞལ་རེ་རེ་བཞིན་སྤྱན་གསུམ་དང་ལྡན་པ་རྣམ་པར་འགྱུར་པའི་ཞལ་ཅན་མཆེ་བ་གཙིགས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོའི་པགས་རློན་སྟོད་གཡོགས་སུ་འཕྱར་བ། གསུམ་པ་གཉིས་ཀྱིས་ཌཱ་མ་རུ་དང་ཁ་ཊྭཱཾ་ག །བཞི་པ་གཉིས་ཀྱིས་དགྲ་སྟྭ་དང་ཞགས་པ། ལྔ་པ་གཉིས་ཀྱིས་རྩེ་གསུམ་དང་ཐོད་ཁྲག །དྲུག་པ་གཉིས་ཀྱིས་གྲི་གུག་དང་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། ཞབས་གཡས་བརྐྱངས་པས་དུས་མཚན་དང་། གཡོན་བསྐུམས་པས་འཇིགས་བྱེད་མནན་པ། རལ་པའི་ཐོར་ཅོག་བཅིངས་བའི་རྩེར་ཡིད་བཞིན་ནོར་བུ། གཡོན་ངོས་ན་ཚེས་གཅིག་གི་ཟླ་བ། མཚོགས་མའི་སྟེང་ན་སྣ་ཚོགས་རྡོ་རྗེ། དབུ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་བརྒྱན་ཅིང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབ་གྲོལ་བ། གར་དགུའི་ཉམས་དང་ལྡན་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། དབུ་སྐྲ་སིལ་བུ་འཐུར་དུ་གྲོལ་ཞིང་མཆེ་བའི་སྨྱུ་གུ་ཅུང་ཟད་གཙིགས་པ། གཡས་རྡོ་རྗེས་མཚན་པའི་གྲི་གུག་ནམ་མཁར་འཕྱར་ཞིང་། གཡོན་ཐོད་ཁྲག་རྒྱབ་ཞལ་དུ་སྟོབ་པ། ཞབས་གཡོན་བརྐྱངས་པས་ཡབ་དང་མཉམ་པར་སྦྱོར་ཞིང་། གཡས་བསྐུམས་པས་ཡབ་ལ་འཁྲིལ་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །བཞི་པ་དེ་བརྟན་པའི་ཡན་ལག་ཏུ་བྱིན་གྱིས་བརླབ་པ་ནི། རང་གི་ཞལ་བཞི་ནས་གསུང་བར་མོས་ལ་ཨོཾ་སུཾ་བྷ་ནི་སོགས་སྐུ་ཡོངས་རྫོགས་ལ་དམིགས་ཏེ། ཨོཾ་དྷརྨཱཿདྷཱ་ཏུ་སྭ་བྷ་བ་ཨཱཏྨ་ཀོ྅་ཧཾ། གཉིས་པ་ཉེ་བར་སྒྲུབ་པ་དཔའ་བོ་དང་དཔའ་མོའི་གོ་ཆ་བགོ་བ་ནི། ཡབ་ཀྱི་གནས་སུ་དཔའ་བོའི་གོ་ཆ། ཡུམ་གྱི་གནས་སུ་དཔའ་མོའི་གོ་ཆ་རྣམས་ཟླ་བའི་གདན་ལ་ལྷ་ཉིད་ཡིག་འབྲུའི་གཟུགས་སུ་གནས་པ་ནི། ཡབ་ཀྱི་སྙིང་གར་ཨོཾ་ཨེ་ཧ་དཀར་པོ། མགོ་བོར་ཨོཾ་ན་མ་ཧི་སེར་པོ། སྤྱི་གཙུག་ཏུ་ཨོཾ་སྭཱ་ཧཱ་ཧུཾ་དམར་པོ། །ཕྲག་པ་གཉིས་སུ་ཨོཾ་བཽ་ཥ་ཊ་ཧེ་ནག་པོ། མིག་གཉིས་སུ་ཨོཾ་ཧུྃ་ཧཱུྃ་ཧོ་དམར་སེར། ཚིགས་ཆེན་བརྒྱད་ལ་ཨོཾ་ཕཊ་ཕཊ་ཧཾ་ལྗང་གུ། ཡུམ་གྱི་སྤྱི་བོར་ཨོཾ་ཨོཾ་བྃ་དམར་མོ། སྙིང་གར་ཨོཾ་ཧྃ་ཡྃ་སྔོན་མོ། ཁར་ཨོཾ་ཧྲཱིཾ་མྃ་དཀར་མོ། དཔྲལ་བར་ཨོཾ་ཧྲིཾ་ཧྲཱིཾ་སེར་མོ། སྤྱི་གཙུག་ཏུ་ཨོཾ་ཧུྃ་ཧཱུྃ་ལྗང་གུ། ཚིགས་ཆེན་བརྒྱད་ལ་ཨོཾ་ཕཊ་ཕཊ་དུད་ཀ་སྟེ་ཡབ་ཀྱི་གནས་སུ་ཡུམ་དང་། ཡུམ་གྱི་གནས་སུའང་ཡབ་གཉིས་སུ་མེད་པར་གྱུར། གསུམ་པ་སྒྲུབ་པ་ལ་གསུམ་ལས། དང་པོ་ཡབ་བྱིན་གྱིས་བརླབ་པ་ནི། ཡབ་ཀྱི་སྙིང་གར་ཟླ་བ་ལ་གནས་པའི་ཧཱུྃ་སྔོན་པོ་ཐུགས་རྡོ་རྗེ། ལྐོག་མར་ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ་དམར་པོ་གསུང་རྡོ་རྗེ། དཔྲལ་བར་ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕ྄ཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རྃ་སྭཱ་ཧཱ་དཀར་པོ་སྐུ་རྡོ་རྗེ། །གཉིས་པ་ཡུམ་བྱིན་གྱིས་བརླབ་པ་ནི། ཡུམ་གྱི་སྙིང་གར་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ནག་པོ་ཐུགས་རྡོ་རྗེ་མ། ལྐོག་མར་ཨོཾ་ཙོ་རི་ཧཱུྃ་ཧཱུྃ་ཕཊ་དམར་པོ་གསུང་རྡོ་རྗེ་མ། དཔྲལ་བར་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་དཀར་པོ་སྐུ་རྡོ་རྗེ་མ། །གསུམ་པ་རང་བྱིན་གྱིས་བརླབ་པ་ནི། གཉིས་ཀའི་སྤྱི་བོར་ཨོཾ་དཀར་པོ། སྙིང་གར་ཧཱུྃ་སྔོན་པོ། ཟེའུ་འབྲུ་ལ་ཨཱཿདམར་པོ། ལྟེ་བར་སྭཱ་སེར་པོ། བརླར་ཧཱ་ལྗང་གུ་རྣམས་རིགས་ལྔའི་ངོ་བོར་གྱུར། །བཞི་པ་སྒྲུབ་པ་ཆེན་པོ་ལ་བཞི་ལས། དང་པོ་ཡེ་ཤེས་པ་དགུག་ཅིང་བསྟིམ་པ་ནི། འབར་བའི་ཕྱག་རྒྱ་དང་བཅས། ཕེཾ། རང་གི་སྙིང་གའི་འོད་ཀྱིས་དཔལ་བདེ་མཆོག་འཁོར་ལོ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པ་ལ། སྤྲོ་ན། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅་ཧཾ། །ཞེས་བརྗོད་ཅིང་འཁྱུད་རྒྱ་བྱ། གཉིས་པ་དབང་བསྐུར་ཞིང་རྒྱས་གདབ་པ་ནི། ཕེཾ། སླར་ཡང་སྙིང་གའི་འོད་ཟེར་གྱིས་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། །པུཥྤེ་སོགས། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། བུམ་ཆུས་དབང་བསྐུར་ལྷག་མ་ཡར་ལུད་པ་ལས། ཡབ་ལ་མི་བསྐྱོད་པ་ཡུམ་ལ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། གསུམ་པ་མཆོད་པ་ནི། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། བཞི་པ་མཁའ་གསང་བརླབ་པ་ནི། དེ་ནས་ཧཱུྃ་ལས་བྱུང་བའི་ཡབ་ཀྱི་རྡོ་རྗེ་དང་། ཨ་ལས་བྱུང་བའི་ཡུམ་གྱི་པདྨ་སྙོམས་པར་ཞུགས། །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ལ་བཞི། དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་གཞུག་པ། དབང་བསྐུར་བ། མཆོད་པ་བྱ་བའོ། །དང་པོ་ལ་གསུམ་ལས། དང་པོ་དེ་བཞིན་གཤེགས་པ་སྤྱན་དྲངས་ཏེ་འོད་དུ་བཞུ་བ་ནི། རྗེས་ཆགས་ཀྱིས་བསྐུལ་བ་ལས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས། ཡབ་ཀྱི་སྨིན་མཚམས་གནད་ཀྱི་སྒོ་ནས་བྱོན། ཐུགས་ཀར་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད། ཡུམ་གྱི་མཁར་སོན། ཡབ་ཀྱི་ཐིག་ལེ་དང་ཡུམ་གྱི་རཀྟ་འདྲེས་པ་ལས། གཉིས་པ་ལྷ་དང་ཡི་གེ་གསལ་བ་ནི། མཁའ་གསང་དུ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྐད་ཅིག་གིས་གསལ་བར་གྱུར། རང་ཉིད་གཙོ་འཁོར་གསལ་བའི་སྙིང་གར་རྩ་ཨ་ཝ་དྷུ་ཏི་རོ་རྐྱང་གཉིས་ཀྱིས་དཀྲིས་པ་ཧཱུྃ་གི་དབྱིབས་ཅན། ཕྱོགས་བཞིར་མཱྃ་ཏཱྃ་པཱྃ་ལྃ། མཚམས་བཞིར་བདུད་རྩི་འབབ་པའི་རྩ་བཞི། སྤྱི་བོ་ནས་པུས་མོའི་བར་ལ། བུ་ཛཱ་ཨོ་ཨ། གོ་རཱ་དེ་མཱ། ཀཱ་ཨོ་ཏྲི་ཀོ། ཀ་ལ་ཀཱ་ཧི། པྲེ་གྲྀ་སཽ་སུ། ནཱ་སི་མ་ཀུ། ལུས་ཀྱི་སྒོ་བརྒྱད་ལ་སྙིང་གའི་ཕྱི་སྐོར་དང་འབྲེལ་བའི་ཧཱུྃ་བརྒྱད་གསལ་བར་གྱུར། གསུམ་པ་སོ་སོར་བསྟིམ་ཞིང་འགོད་པ་ནི། མཁའ་ནང་གི་ཡབ་ཡུམ་རྡོ་རྗེའི་ལམ་ནས་ཡར་དྲངས། སྙིང་གའི་ཧཱུྃ་དང་ལྟེ་བའི་ཨྃ་ལ་ཐིམ་པས་གཙོ་བོ་ཡབ་ཡུམ་ཞལ་སྦྱོར་བ་ནང་གི་འཁོར་ལོའི་མགོན་པོར་གྱུར། མཁའ་ནང་གི་སྙིང་པོའི་རྣལ་འབྱོར་མ་བཞི་རྡོ་རྗེའི་ལམ་ནས་ཡར་དྲངས། སྙིང་གའི་རྩ་འདབ་ཀྱི་ཡིག་འབྲུ་བཞི་ལ་རེག་པས་ནང་གི་རྣལ་འབྱོར་མ་བཞིར་གྱུར། རེག་མཁན་བཞི་པོ་སོ་སོའི་གནས་ནས་ཕྱིར་འཕྲོས་པས་ཕྱོགས་བཞིའི་པད་འདབ་ལ་འཁོད་པ་ནི། ནང་དང་ཕྱིའི་ཤར་དུ་མཁའ་འགྲོ་མ་སྔོ་སྐྱ། བྱང་དུ་ལཱ་མཱ་ལྗང་སེར། ནུབ་ཏུ་ཁཎྜ་རོ་ཧཱི་དམར་སེར། ལྷོར་གཟུགས་ཅན་མ་དཀར་སེར། བཞི་ཀའང་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ། དབུ་སྐྲ་ཕྱེད་གྱེན་བརྫེས་ལ་སངས་རྒྱས་ཀྱི་གཟུགས་ཀྱིས་མཚན་པ། གཡས་གྲི་གུག་འཕྱར་ཐབས། གཡོན་པའི་ཐོད་པ་སོ་སོའི་ནང་དུ་གླང་པོ་ཆེ་དང་། ཅེ་སྤྱང་། རྟ། བ་ལང་དང་བཅས་པའི་ཤ་ཁྲག་གིས་གང་བ་འཛིན་པ། ཐོད་སྐམ་ལྔས་དབུ་བརྒྱན་པ། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་པ། གཅེར་བུ་གཡས་བརྐྱངས་པའི་གར་སྟབས་ཀྱིས་རོའི་གདན་ལ་བཞུགས་པའོ། །མཁའ་ནང་གི་ཐོད་པ་བཞི་ཡར་དྲངས་རྩ་བཞི་ལ་རེག་པས་ནང་དང་། རེག་མཁན་བཞི་ཕྱིར་འཕྲོས་པས་ནང་དང་ཕྱིའི་མཚམས་བཞིར་ཐོད་པ་བདུད་རྩིས་གང་བ་བཞི། མཁའ་ནང་གི་འཁོར་ལོ་གསུམ་ཡར་བྱོན། རེག་པའི་རྐྱེན་གྱིས་རྩ་ཁམས་དཔའ་བོར་མཁའ་འགྲོར་གྱུར་ནས་ཕྱིར་འཕྲོས་པ་སོ་སོའི་གདན་ལ་འཁོད་པ་ནི། སྤྱི་བོ་དང་ཐུགས་འཁོར་གྱི་ཤར་རྩིབས་སུ་པུ་ལླི་ར་མ་ལ་ཡར་ཁཎྜ་ཀ་པཱ་ལ་དང་རབ་གཏུམ་མ། སྤྱི་གཙུག་དང་བྱང་རྩིབས་ཛཱ་ལནྡྷ་རར་མ་ཧཱ་ཀཾ་ཀཱ་ལ་དང་གཏུམ་པའི་མིག་ཅན་མ། རྣ་བ་གཡས་པ་དང་ནུབ་རྩིབས་ཨཽ་ཌཱི་ཡཱ་ནར་ཀཾ་ཀཱ་ལ་དང་འོད་ལྡན་མ། ལྟག་པ་དང་ལྷོ་རྩིབས་ཨརྦུ་ཏར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། རྣ་བ་གཡོན་པ་དང་ཤར་ལྷོ་གོ་དཱ་ཝཱ་རིར་སཱུ་ར་ཝཱི་ར་དང་བརྟན་པའི་བློ་ཅན་མ། སྨིན་དབུས་དང་ལྷོ་ནུབ་རཱ་མེ་ཤྭ་རཱིར་འོད་དཔག་མེད་དང་མིའུ་ཐུང་མ། མིག་གཉིས་དང་ནུབ་བྱང་དེ་ཝི་ཀོ་ཊར་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། ཕྲག་པ་གཉིས་དང་བྱང་ཤར་མཱ་ལ་བར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ་ཐུགས་འཁོར་གྱི་ཡབ་ཡུམ་སྔོན་པོ་བརྒྱད་པ་སྟེང་སྤྱོད་ཅིང་ཐུགས་ཀྱི་གསང་བའི་རང་བཞིན། མཆན་ཁུང་གཉིས་དང་གསུང་འཁོར་གྱི་ཤར་རྩིབས་ཀཱ་མ་རཱུ་པར་ཨཾ་གུ་རི་དང་ཨེ་རཱ་ཝ་ཏཱི། ནུ་མ་གཉིས་དང་བྱང་རྩིབས་ཨོ་ཏྲེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ལྟོ་བ་དང་ནུབ་རྩིབས་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། སྣ་རྩེ་དང་ལྷོ་རྩིབས་ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ། ཁ་དང་ཤར་ལྷོ་ཀ་ལིངྐར་རབ་ཏུ་བཟང་པོ་དང་ཤྱཱ་མ་དེ་ཝཱི། མགྲིན་པ་དང་ལྷོ་ནུབ་ལམྦཱ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། །སྙིང་ག་དང་ནུབ་བྱང་ཀཱཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། འདོམས་བར་དང་བྱང་ཤར་ཧི་མཱ་ལ་ཡར་མིག་མི་བཟང་དང་ཁ་གཱ་ན་སྟེ་གསུང་འཁོར་གྱི་ཡབ་ཡུམ་དམར་པོ་བརྒྱད་ས་བླར་སྤྱོད་ཅིང་གསུང་གི་རང་བཞིན། མཚན་མ་དང་སྐུའི་འཁོར་ལོའི་ཤར་རྩིབས་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བཤང་ལམ་དང་བྱང་རྩིབས་གྲྀ་ཧེ་དེ་བར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧཱི། བརླ་གཉིས་དང་ནུབ་རྩིབས་སཽ་རཱ་ཥྟར་རྟ་མགྲིན་དང་ཤཽཎྜི་ནཱི། བྱིན་པ་གཉིས་དང་ལྷོ་རྩིབས་སུ་ཝརྞ་དྭཱི་པར་ནམ་མཁའ་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། སོར་མོ་བཅུ་དྲུག་དང་ཤར་ལྷོ་ནཱ་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བོལ་གོང་གཉིས་དང་ལྷོ་ནུབ་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། མཐེ་བོང་བཞི་དང་ནུབ་བྱང་མ་རུར་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། པུས་མོ་གཉིས་དང་བྱང་ཤར་ཀུ་ལུ་ཏཱར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་སྐུ་འཁོར་བ་བརྒྱད་དཀར་པོ་ས་འོག་སྤྱོད་ཅིང་སྐུའི་རང་བཞིན། དཔའ་བོ་ཐམས་ཅད་རྡོ་རྗེ་དང་དྲིལ་བུ། རྒྱན་ཆ་ལུགས་ཧེ་རུ་ཀ་དང་མཚུངས་པ། དཔའ་མོ་རྣམས་གྲི་གུག་དང་ཐོད་ཁྲག་རྒྱན་ཆ་ལུགས་རྡོ་རྗེ་ཕག་མོ་དང་མཚུངས་པའོ། །མཁའ་ནང་གི་སྒོ་མཚམས་མ་བརྒྱད་ཡར་བྱོན། ཕྱི་ནང་གི་ཕྱོགས་སྲུང་དུ་བཞུགས་པ་ནི། ཁ་དང་ཕྱིའི་ཤར་སྒོར་ཁྭ་གདོང་མ་སྔོ་སྐྱ། སྣ་བུག་དང་བྱང་སྒོར་འུག་གདོང་མ་ལྗང་སེར། ཆུ་སོ་དང་ནུབ་སྒོར་ཁྱི་གདོང་མ་དམར་སེར། བཤང་ལམ་དང་ལྷོ་སྒོར་ཕག་གདོང་མ་དཀར་སེར། མིག་གཡས་པ་དང་ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར། མིག་གཡོན་པ་དང་ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་གཡོན་དམར། རྣ་བ་གཡས་པ་དང་ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་། རྣ་བ་གཡོན་པ་དང་བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ། ཐམས་ཅད་ཀྱང་རྒྱན་དང་ཆ་ལུགས་སྙིང་པོའི་རྣལ་འབྱོར་མ་བཞིན་ནོ། །མཁའ་ནང་གི་གཞལ་ཡས་ཁང་སྲུང་འཁོར་དང་བཅས་པ་ཕྱི་དཀྱིལ་དང་། ལུས་ལ་ཐིམ་པས་དེ་དང་དེའི་རྣམ་པར་གྱུར། དེ་ཉིད་བྱིན་གྱིས་བརླབ་པའི་ཕྱིར་ཕོ་ཉ་གསུམ་བསྲེ་བ་ནི། བདག་གིས་བསྒོམ་པའི་ལྷ་དྲུག་ཅུ་རྩ་བཞི་དང་། ཕྱི་རོལ་ཛམྦུའི་གླིང་། འོག་མིན་གྱི་ལྷ་ཚོགས་གཉིས་སུ་མེད་པ་རྡོ་རྗེའི་རང་བཞིན་ནོ། །ཨོཾ་ཨཱཿཧཱུྃ་སརྦ་ཝཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་ལན་གསུམ་དང་། སླར་ཡང་། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱཿབཛྲ་ཤུདྡྷོ྅་ཧཾ། ཞེས་རྡོ་རྗེའི་དག་པ་དྲན་པར་བྱའོ། །གཉིས་པ་ཡེ་ཤེས་པ་གཞུག་པ་ནི། འབར་བའི་རྒྱ་དང་། ཕཻཾ་གྱིས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ལན་ལྔས་གཉིས་སུ་མེད་པར་ཐིམ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅་ཧཾ་ཞེས་དང་། རྣམ་ལྔ་འདོད་སྐོར་སྔོན་དུ་འགྲོ་བས་འཁྱུད་རྒྱ་བྱ་ཞིང་ང་རྒྱལ་གཟུང་ངོ་། །གསུམ་པ་དབང་བསྐུར་བ་ནི། ཕེཾ། ནམ་མཁའ་གང་བའི་སངས་རྒྱས་རྣམས་ཀྱིས་དབང་བསྐུར། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ཡབ་ཡུམ་གྱི་རིགས་བདག་རྡོ་རྗེ་སེམས་དཔར་གྱུར་ཅིང་། ཤར་དང་ཤར་ལྷོ་པ་ལ་རྣམ་སྣང་། ལྷོ་དང་ལྷོ་ནུབ་པ་ལ་རིན་འབྱུང་། ནུབ་དང་ནུབ་བྱང་པ་ལ་འོད་དཔག་མེད། བྱང་དང་བྱང་ཤར་པ་ལ་དོན་ཡོད་གྲུབ་པས་དབུ་བརྒྱན། བཞི་པ་མཆོད་པ་དྲུག་ནི། ལྷ་རྣམས་གསལ་གདབ་ཅིང་། ཧཱུྃ་བྃ་མཱྃ་ཏཱྃ་པཱྃ་ལཱྃ། པུ་ཛ་ཨོཾ་ཨ། གོ་ར་དེ་མཱ། ཀ་ཨོ་ཏྲི་ཀོ །ཀ་ལ་ཀཱ་ཧི། པྲེ་གྲྀ་སཽ་སུ། ན་སི་མ་ཀུ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་སྔགས་མཆོད་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བ་ར་མཎྜལ་ཙཀྲ་སརྦ་ཝཱི་ར་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྡ་པྲ་ཏཱི་ཙྪ་ཨཱཿཧཱུྃ། ཞེས་ཕྱི་མཆོད་དང་། ནང་མཆོད་ཨོཾ་ཨཱཿཧཱུྃ་གིས་ལན་མང་དུ་འབུལ། བདག་གིས་བདུད་རྩི་མྱང་བས་ཕྱི་ནང་གི་ལྷ་ཐམས་ཅད་མཉེས་པར་བསམ་པ་ནི། མཉེས་པའི་མཆོད་པ་དང་། གང་བའི་ཕྱག་རྒྱ་དཔྲལ་བར་འཆའ་ཞིང་། ཨོཾ་སརྦ་བིདྦཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོ། ཞེས་ཡིད་བྱུང་གི་མཆོད་པ་དང་། ཅང་ཏེའུའི་སྒྲ་དང་བཅས། ཨོཾ་ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤཱ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀ་ལྦཱགྣཱི་བན་ནི་བྷ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཛ་ཊ་མུ་ཀུ་ཊོ་ཊྐ་ཊ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་དཾཥྟ་ཀཱ་རཱ་ཡོ་གྲ་བྷཱི་ཥན་མུ་ཁཱ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ས་ཧ་པྲ་བྷུ་ཛ་བྷ་སུ་རཱ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ས་ར་ཤུ་པ་ཤོདྱ་ཏ་ཤུ་ལ་ཁ་ཊྭཾ་དྷ་རི་ཎི་ཧུྃ་ཧཱུྃ་ཕཊ། ཨོཾ་བྱ་གྷྲ་ཛི་ནཱམྦ་ར་དྷ་རཱ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་དྷུ་མྲཱནྡྷཱ་ཀ་ར་ཝ་པུ་ཥཱ་ཡ་ཧུྃ་ཧཱུྃ་ཕཊ། ཅེས་ཡབ་ཀྱི་རྐང་བརྒྱད་དང་། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་བཱ་རཱ་ཧཱི་ཝཾ་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མོ་ཨཱདྱ་ཨ་པ་ར་ཛི་ཏེ་ཏྲཻ་ལོ་ཀྱ་མ་ཏེ་མ་ཧཱ་བིདྱ་ཤྭ་རེ་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མཿསརྦ་བྷུ་ཏ་བྷ་ཡ་ཝ་ཏེ་མ་ཧཱ་བཛྲེ་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་ཨཱ་བནཱེ་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་བ་ཤཾ་ཀ་རི་ནི་ཏྲ་བྷྲ་མ་ཎེ་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མཿཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ནི་ཀ་རཱ་ལི་ནི་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མསྟྲ་ས་ནེ་མཱ་ར་ཎི་པྲ་བྷེད་ན་ཨ་པ་རཱ་ཛ་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་བཱ་རཱ་ཧཱི་མ་ཧཱ་ཡོ་གི་ནཱི་ཀཱ་མེ་ཤྭ་རི་ཁ་གེ་ཧུྃ་ཧཱུྃ་ཕཊ། ཅེས་ཡུམ་གྱི་རྐང་བརྒྱད་ཀྱིས་བསྟོད། རྒྱུན་གྱི་རྣལ་འབྱོར་ལ། ཉེར་སྤྱོད། བདུད་རྩི་མཉེས་མཆོད་གསུམ་གྱིས་ཀྱང་རུང་གསུངས་སོ། །གསུམ་པ་ལས་རྒྱལ་མཆོག་ལ། དག་དྲན་རྒྱས་པར་བྱ་བའམ། བསྡུ་ན། བདག་གི་བློ་ལ་སྣང་བའི་ལྷ་སུམ་ཅུ་རྩ་བདུན་པོ་འདི་རྣམས་བྱང་ཕྱོགས་སོ་བདུན་གྱི་ངོ་བོར་རྣམ་པར་དག་ལ། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཀྱང་ལྷ་སུམ་ཅུ་རྩ་བདུན་གྱི་ངོ་བོར་རྣམ་པར་དག་པའོ། །ཞེས་བརྗོད་ཅིང་དོན་དྲན་པར་བྱ། གཉིས་པ་མཉམ་པར་མ་བཞག་པའི་རྣལ་འབྱོར་ལ་བཞི། བཟླས་པ། ཉེར་བསྡུ། སྤྱོད་ལམ། གཏོར་མའི་རྣལ་འབྱོར་རོ། །དང་པོ་ནི། བཟླ་བྱའི་སྔགས་ཀྱི་ཕྲེང་བ་སྔོན་པོ་ཡབ་ཀྱི་ཐུགས་ཀའི་ཧཱུྃ་ལས་བྱུང་། ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། པདྨ་ནས་རྡོ་རྗེའི་ལམ་བརྒྱུད་དེ་ཡབ་ཀྱི་ཐུགས་ཀའི་ཧཱུྃ་ལ་ཐིམ་ཞིང་རྒྱུན་མི་འཆད་པར་འཁོར་བ་ལས་འོད་ཟེར་སྣ་ཚོགས་པ་འཕྲོས་པས་བདེ་བ་ཆེན་པོའི་ཡེ་ཤེས་བརྟན་པར་གྱུར་པའི་མོས་པས་གཙོ་བོར། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུྃ་ཧཱུྃ་ཕཊ། ཌཱ་ཀཱི་ནི་ཛྭཱ་ལ་སམྦ་རཾ་སྭཱ་ཧཱ། ཨོཾ་སརྦ་བུདྡྷ་ཌཱ་ཀཱི་ནི་ཡེ་བཛྲ་ཝརྞྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཡབ་ཡུམ་གྱི་སྙིང་པོ་དང་། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཉེ་སྙིང་དག་ཅི་མང་བཟླ་ཞིང་། མཁའ་འགྲོ་མ་བཞི་ལ། ཨོཾ་ཌཱ་ཀི་ནཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་ལཱ་མཱ་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་རཱུ་ལི་ཎཱི་ཡེ་ཧུྃ་ཧཱུྃ་ཕཊ། དེ་ནས་འཁོར་ལོ་གསུམ་ལ་བསྡུ་ན། ཨོཾ་བཱི་ར་བཱི་རི་ཡེ་ཧུྃ་ཧཱུྃ་ཕཊ། ཞེས་བཟླ། ཨོཾ་ཀཱ་ཀཱ་སྱ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨུ་ལུ་ཀཱ་སྱ་ཧུཾ་ཧཱུྃ་ཕཊ། ཨོཾ་ཤྭ་ནཱ་སྱ་ཧུཾ་ཧཱུྃ་ཕཊ། ཨོཾ་སུ་ཀ་རཱ་སྱ་ཧུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་ད་དྷཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཡ་མ་དཱུ་ཏཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ལ་མ་དཾཥྟི་ཎཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཅེས་སྒོ་མཚམས་མ་བརྒྱད་ཀྱི་སྔགས་དང་། གོང་དུ་བཤད་པའི་གོ་ཆའི་སྔགས་རྣམས་ཀྱང་གཙོ་བོ་ཡབ་ཡུམ་གྱི་བཅུ་ཆ་ཙམ་བཟླའོ། །མཇུག་ཏུ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འཁོར་ལོ་བདེ་མཆོག་གི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་བ་གདབ། ཧེ་རུ་ཀའི་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །གཉིས་པ་ཉེར་བསྡུའི་རྣལ་འབྱོར་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་ཏེ། ཁམས་གསུམ་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དང་ལྷ་ལྷའི་དཀྱིལ་འཁོར་དུ་གྱུར། དེ་སྲུང་བའི་འཁོར་ལོ་ལ་ཐིམ། དེ་དུར་ཁྲོད་བརྒྱད་ལ་ཐིམ། དེ་གཞལ་ཡས་ཁང་ལ། དེ་དམ་ཚིག་གི་འཁོར་ལོ་ལ། དེ་ཡང་སྐུའི་འཁོར་ལོ་ལ། དེ་ཡང་གསུང་གི་འཁོར་ལོ་ལ། དེ་ཡང་ཐུགས་ཀྱི་འཁོར་ལོ་ལ། དེ་ཡང་བདེ་བ་ཆེན་པོའི་འཁོར་ལོ་ལ། དེ་རང་ཉིད་ལ་ཐིམ་སྟེ། ལྷ་རྣམས་ཕྱོགས་གཡོན་བསྐོར་དང་། མཚམས་གཡས་བསྐོར་གྱི་སྣ་བུག་ནས་ཞུགས་ཏེ་སྙིང་གར་ཐིམ། །གསུམ་པ་སྤྱོད་ལམ་གྱི་རྣལ་འབྱོར། རང་ཉིད་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གྱུར། སྙིང་གར་ཨོཾ་ཨོཾ་ཧ་དཀར་པོ་སོགས་ཡབ་ཡུམ་གྱི་གོ་ཆ་དང་། པཱུ་ཛ་ཨོ་ཨ་སོགས་པའི་གོ་ཆ་ཆེན་པོ་བགོ། སུམྦྷ་ལན་གཉིས་ཀྱིས་ཕྱོགས་བཅིང་། ཡབ་ཀྱི་རྐང་བརྒྱད་ཚར་གཅིག་བརྗོད། བདག་དང་སྣང་བའི་དངོས་པོ་ཐམས་ཅད་འཁོར་ལོ་སྡོམ་པའི་སྐུའི་རང་བཞིན་བརྗོད་པ་དང་གྲགས་པའི་སྒྲ་ཐམས་ཅད་གསུང་གི་རང་བཞིན། དྲན་རིག་རྣམ་རྟོག་ཐམས་ཅད་ཐུགས་བདེ་བ་ཆེན་པོའི་རང་བཞིན་དུ་རྣམ་པར་དག་གོ །བདག་གིས་དུས་གསུམ་དགེ་བ་ཅི་བསགས་པས། །ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་རྣམས། །བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར་ནས། །ཀུན་ཀྱང་རྡོ་རྗེ་འཛིན་པའི་བདག་ཉིད་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་ཆོས་གསུང་ཡང་ཚད་མའི་མཆོག་ཡིན་པས། །བདེན་པ་དེས་ཀྱང་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་དཔར་ལྡན། །ཧེ་རུ་ཀ་དཔལ་དེ་དང་སྔགས་པ་ལྷན་ཅིག་གར་བྱེད་ཤོག །ཅེས་པ་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་དག་པ་གསུམ་གྱི་ལམ་ཁྱེར་དང་མ་བྲལ་བར་སྤྱོད་ལམ་ལ་འཇུག་གོ །བཞི་པ་གཏོར་མའི་རྣལ་འབྱོར་ནི། ཤ་ཆང་གི་དམ་རྫས་དང་བཅས་པའི་གཏོར་མ་ཆང་ཆུ་ནང་མཆོད་ཀྱིས་བྲན། སམྦྷས་བསང་། སྭཱ་བྷཱ་བས་སྦྱངས། བདུད་རྩི་ལྟར་བྱིན་བརླབ་རྒྱས་པར་བྱ་བའམ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བརླབས། མདུན་གྱི་ནམ་མཁར་སྐད་ཅིག་གིས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུར་ཁྲོད་བརྒྱད་དང་བཅས་པ་བཞུགས་པར་གྱུར། ཡེ་ཤེས་འཁོར་ལོར་སྤྱན་དྲངས་པར་བསམ་སྟེ། འབར་བའི་ཕྱག་རྒྱ་བཅས་ལ། ཕཻཾ་ཞེས་བརྗོད། ཛཿཧཱུྃ་བྃ་ཧོཿ དགུག་གཞུག་ཅིང་དབང་དུ་བྱའོ། །ཨོཾ་ཡོ་ག་ཤུདྡྷ་སརྦ་དྷཱརྨཿཡོ་ག་ཤུདྡྷོ྅་ཧཾ། ཞེས་བརྗོད་འཁྱུད་རྒྱ་བྱ། ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་དཀར་པོ་འོད་ཀྱི་སྦུ་གུ་ཅན་ཧཱུྃ་གིས་མཚན་པས་གསོལ་བར་བསམ་ཞིང་། ཨོཾ་ཨ་རལླི་ཧོཿ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་སྟྭཾ་དྲཾ་ཤྱ་ཧོ། བཛྲ་ཌཱ་ཀི་ནཱི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨི་མཾ་བ་ལིཾ་བྷུཉྫ་ཐཱ་པི་བ་ཐཱ། མ་མ་ཀཱཪྻ་སཱདྷ་ཡ། ཨོཾ་ཨཱཿཧཱུྃ་ཕཻཾ་ཕཻཾ་སྭཱ་ཧཱ། ཞེས་ལན་བདུན་སོགས་བརྗོད། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། རྐང་བརྒྱད་གཉིས་ཀྱིས་བསྟོད། སྲིད་པ་གསུམ་འབར་སོགས་ཀྱིས་འདོད་པའི་དངོས་གྲུབ་ལ་སྨོན་ལམ་གདབ། འཇིག་རྟེན་པའི་གཏོར་མ་མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་བཏང་། ཡི་གེ་བརྒྱ་པས་བཟོད་པར་གསོལ། བཛྲ་མུཿས་འཇིག་རྟེན་པ་གཤེགས། ཨོཾ་ཡོ་ག་ཤུདྡྷཱ་སོགས་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་རང་གི་ལུས་ལ་ཐིམ་པར་བསམ། བསྔོ་སྨོན་ཤིས་བརྗོད་བྱའོ། །གཞན་ཡང་ཁ་ཟས་བདུད་རྩིར་བྱིན་གྱིས་བརླབ་ལ། གཡོན་པའི་ཀུན་སྤྱོད་ཀྱིས་ནང་གི་བསྲེག་བླུགས་ཀྱི་ཚུལ་དུ་རོལ། ཉལ་བའི་ཚེ་རང་གཙོ་བོ་ཡབ་ཡུམ་དུ་གསལ་བའི་ཡུམ་ཡབ་ལ་ཐིམ། དེའང་ཐུགས་ཀའི་ཧཱུྃ་ནས་ན་བཱའི་བར་དུ་བསྡུས་ལ་སེམས་བཟུང་མཐར་ནཱ་དའང་མི་དམིགས་པར་བསམ་ལ། འོད་གསལ་རྣམ་པར་མི་རྟོག་པའི་ངང་དུ་ངལ་བསོ། །ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལྡང་སྟེ། བསམ་གཏན་གྱི་གྲོགས་སུ་འགྲོ་ན་དངོས་སམ། དེ་ལྟར་མིན་ཀྱང་ཡིད་ཀྱིས་བསྒོམ་སྟེ་དབང་གི་སྐབས་ལྟར་ཁྲུས་བྱས་ལ་རྣལ་འབྱོར་གྱི་རིམ་པ་ལ་འཇུག །བསྙེན་པ་བྱེད་ན་མཚམས་དམ་པར་བཅད། ཇི་སྐད་བཤད་པའི་མངོན་རྟོགས་ཐུན་བཞིའམ་གསུམ་སོགས་སུ་བསྒོམ། བཟླས་པའི་མགོར་ཕྲེང་བ་བྱིན་གྱིས་བརླབས་ཏེ། སུམ་བྷ་བདུན་ཙམ་བཟླ། དེ་ནས་རྩ་སྔགས་དང་། སྙིང་པོ། ཉེ་སྙིང་། འཁོར་སྔགས་ཀྱི་བར་ཚར་གཅིག་བཟླས་རྗེས། ཐོག་མར་སྙིང་པོ་ཁོ་ན་ལ་གྲངས་བཟུང་། ཐུན་གྲོལ་ཁར་ཀྱང་སུམ་བྷ་བདུན་ཙམ་དང་། ཡིག་བརྒྱ་ལན་གསུམ་བཟླས་ནས་ཉེར་བསྡུ་སོགས་ལ་འཇུག །གྲངས་སྙིང་པོ་དང་། ཉེ་སྙིང་ལ་འབུམ་ཕྲག་བཞི། །འཁོར་སྔགས་ཁྲི་ཕྲག་བཞི་བཟླ་བའམ། སྙིང་པོ་ཁོ་ན་འབུམ་ཕྲག་བཞི་དང་། གཞན་རྣམས་ཅི་རིགས་པ་བཟླས་པས་ཀྱང་ལས་རུང་ཙམ་དུ་འགྱུར་རོ། །དེ་ལྟར་མངོན་རྟོགས་ཀྱི་ངག་འདོན་ཤིན་ཏུ་བསྡུས་པའི་ཚུལ་གྱིས་བསྟན་ཟིན་ནས། འཕྲོས་དོན་ཅུང་ཟད་བརྗོད་ན། རྒྱུ་རྡོ་རྗེ་འཛིན་པ་ཞལ་བཞི་ཕྱག་བཞི་པར་རྒྱ་གཞུང་རང་གི་དངོས་བསྟན་ལས་གསལ་བར་འབྱུང་། ཡུམ་སྐུ་མདོག་དཀར་མོར་བྱས་ཀྱང་འགལ་བ་མེད་མོད། གཉན་གྱི་འགྲེལ་བ་མུ་ཏིག་ཕྲེང་བ་དང་། ས་ཆེན་གྱི་གཞུང་འགྲེལ་གྱི་དཔེ་དག་པ་སོགས་ལས་དམར་པོར་གསུངས་ཤིང་། ཉི་མའི་ཆོས་དག་པ་དང་། ཐབས་ཤེས་ཕན་ཚུན་རྒྱས་བཏབ་པ་དང་། སྲིད་པའི་འདོད་ཆགས་འཇོམས་པ་མཚོན་པའི་ཕྱིར་བླ་མའི་མན་ངག་གིས་ཀྱང་དམར་པོར་བཞེད། རིགས་བདག་ཡབ་ལ་མི་བསྐྱོད་པ་དང་། ཡུམ་ལ་རྣམ་སྣང་དུ་བྱེད་པ་ཡོད་ཀྱང་། ས་ཆེན་གྱི་གསུང་ལས་འབྱུང་བ་ལྟར་འདིར་དང་པོའི་སྦྱོར་བའི་སྐབས་སུ་མི་བསྐྱོད་པ་དང་། དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་དབང་གི་ཆུ་རྒྱུན་གྱིས་རེག་པ་ལ་བརྟེན་ནས་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་སེམས་དཔར་གནས་བསྒྱུར། ལུས་དཀྱིལ་སྐབས། མཁའ་ནང་གི་གཙོ་བོ་ཡབ་ཡུམ་ཡར་དྲངས། ཡབ་སྙིང་གའི་ཧཱུྃ་དང་། ཡུམ་ལྟེ་བའི་ཨཾ་ལ་ཐིམ་པས་སོ་སོའི་སྐུར་གྱུར་པ་སྙིང་གའི་དབུས་སུ་ཞལ་སྦྱོར་དུ་བཞུགས་པར་བསྒོམ་པ་ནི་མན་ངག་གི་གནད་ཡིན། སྒོ་མཚམས་མ་བརྒྱད་སྙིང་གའི་ཕྱི་བསྐོར་གྱི་རྩ་འདབ་བརྒྱད་དང་། ཕྱོགས་ལ་འགོད་པ་སོགས་ཀྱང་སྤྱིར་འགལ་བ་མེད་མོད། འོན་ཀྱང་འདིར་ས་ཆེན་གྱི་རིམ་བཞི་ལམ་སློང་སོགས་ཀྱི་དགོངས་པ་ལྟར། སྙིང་གའི་རྩ་འདབ་བརྒྱད་དང་འབྲེལ་བའི་ཕྱིའི་བུ་ག་བརྒྱད་ལ་འགོད་པ་ཉིད་ལེགས་ཞེས་གསུངས་སོ། །གཉིས་པ་བསྐྱེད་རིམ་གྱི་མན་ངག་ཅུང་ཟད་བཤད་པ་ནི། སྤྱིར་གོང་དུ་བཤད་པའི་མངོན་པར་རྟོགས་པ་ཤར་བསྒོམ་དང་། བསྙེན་པ་བྱ་བ་སོགས་མོས་བསྒོམ་ཙམ་ཡིན་ནའང་། མངོན་གྱུར་གྱི་བསྒོམ་པ་ལ་འཇུག་པའི་སྔོན་དུ་འགྲོ་ཞིང་། བར་ཆད་ཞི་བ་དང་། ཚོགས་རྫོགས་པ་སོགས་དགོས་པ་ཁྱད་པར་ཅན་ཡོད་པས་ཅི་ནུས་སུ་བསླབ་པར་བྱ། འདིར་མངོན་གྱུར་དུ་བསྒོམ་པའི་ཚུལ་མདོ་ཙམ་བཤད་ན་གསུམ། ལྷའི་རྣལ་འབྱོར་ལ་བསླབ་པའི་ཐབས། ལོབས་པའི་ཚད། བརྟན་པའི་དུས་སོ། །དང་པོ་ལ། རྣམ་པ་ལ་བསླབ་པ། གོ་རིམ་ལ་བསླབ་པ། ཐུན་མཚམས་ལ་བསླབ་པའོ། །དང་པོ་རྣམ་པ་ལ་བསླབ་པ་ནི། བྲིས་སྐུ་མཚར་བ་ཞིག་མེ་ལོང་ལ་སོགས་པའི་འོད་དང་ལྡན་པར་བྱས་ལ། རང་ཉིད་དེ་ལ་གདོང་ཕྱོགས་པའི་ཚུལ་གྱིས་བདེ་བའི་གདན་ལ་འཁོད་དེ། ཇི་སྐད་བཤད་པའི་མངོན་པར་རྟོགས་པ་དག་པ་དྲན་པའི་བར་དུ་ཤར་བསྒོམ་གྱི་ཚུལ་གྱིས་བསྒོམ་ལ་ཅུང་ཟད་ངལ་བསོ། །དེ་ནས་བྲིས་སྐུ་ལ་ཆུ་སྲང་གཉིས་གསུམ་དུ་སེམས་མ་ཡེངས་ཤིང་མིག་རྩེ་གཅིག་ཏུ་བལྟ། ཡང་དེ་ཁའི་རྣམ་པ་ཡིད་ལ་འཆར་བར་བྱས་ཏེ་ཅུང་ཟད་བསྒོམ། དེ་ལྟར་བལྟ་བ་དང་བསྒོམ་པ་སྤེལ་མར་བྱས་པས་དབང་པོ་རབ་འབྲིང་ཐ་གསུམ་གྱི་འཆར་ཚུལ་འབྱུང་བས་དེ་དང་མཐུན་པར་བསླབ། གཉིས་པ་གོ་རིམ་ལ་བསླབ་པ་ནི། །དང་པོ་རིམ་པར་བསླབ་པ་ཡིན་ཏེ། གཙོ་བོ་ལ་གསལ་ན་ཡུམ་གསལ་གདབ་པ་སོགས་ལྷ་རྣམས་ལ་རིམ་གྱིས་བསླབ་པ་དང་། གཞལ་མེད་ཁང་དང་། དུར་ཁྲོད་དང་། སྲུང་བའི་འཁོར་ལོའི་བར་དུ་རེ་རེ་བཞིན་དུ་སྦྱངས། སོ་སོ་ལ་བརྟན་པ་ཐོབ་ན་ཉིས་སྡེབས་གསུམ་སྡེབས་བྱེད་ཀྱིན་སྦྱངས། མཐར་འཁོར་ལོ་མ་ལུས་པ་ཅིག་ཅར་གསལ་བའི་བར་དུ་སྦྱངས། གཉིས་པ་མ་ངེས་པར་བསླབ་པ་ནི། རེས་འགའ་ལྷ་ཉུང་ངུ་དཀྱིལ་འཁོར་རྒྱ་ཆུང་ངུ་ལ་བསླབ། རེས་འགའ་ལྷ་མང་བ་དཀྱིལ་འཁོར་རྒྱ་ཆེ་བ་ལ་བསླབ། དེ་བཞིན་དུ་སྐུ་མདོག་མ་ངེས་པ་དང་། སྐུའི་ཚད་མ་ངེས་པ་དང་ཞལ་ཕྱག་བཞུགས་ཚུལ་སོགས་ཀྱང་མ་ངེས་པ་ལ་བསླབ་པ་དང་། མང་པོ་ཉུང་ངུར་བསྡུ་བ་དང་། ཉུང་ངུ་མང་པོར་སྤེལ་བ་སོགས་སྤྲོ་བསྡུ་སྣ་ཚོགས་ལ་བསླབ་པས་དེ་དག་སོ་སོའི་ཐད་ཀར་གསལ་སྣང་ཐོབ་པ་ན། གོ་རིམ་ལ་ལོབས་པ་ཡིན་ཅིང་། འོན་ཀྱང་དེ་དག་བརྟན་པར་བྱ་བའི་ཕྱིར་ཡུན་བསྲིང་སྟེ་བསྐྱར་གྱིན་བསྒོམ་པ་ཡང་བྱའོ། །གསུམ་པ་ཐུན་མཚམས་ལ་བསླབ་པ་ནི། སྔར་གྱི་དེ་དག་ལ་ཅི་རིགས་པར་ལོབས་ནས། ཐུན་བཞི་ལྟ་བུར་བསྒོམ་ཞིང་། དེ་ལ་བརྟན་ན་གཉིས་སྦྲེལ་ཏེ་ཐུན་གཉིས་སུ་བྱ། དེ་ལ་བརྟན་ན་མཚན་རིལ་པོ་ཐུན་གཅིག་ཏུ་བྱས་ནས་བསྒོམ་མོ། །དེ་ལའང་བརྟན་ན་ཉིན་མཚན་སྦྲེལ་ནས་བསྒོམ་པ་སོགས་ལ་རིམ་གྱིས་བསླབ་པས། མཐར་ཞག་མང་པོར་མི་འཚོར་བ་འབྱུང་ངོ་། །དེ་ཡང་ཁམས་སྙོམས་པའི་ཚེ་ཉིན་ཞག་གཅིག་བར་མ་ཆད་པར་མཉམ་གཞག་ཐུན་གཅིག་གི་གནས་པ་བྱུང་ན། རེ་ཞིག་གོ་རིམ་ལ་ལོབས་པར་ཤེས་པར་བྱ། གང་ལྟར་ཡང་ཐུན་ལས་ལྡང་བར་འདོད་ན། བཟླས་པ་དང་ཉེར་བསྡུ་སོགས་ཇི་སྐད་བཤད་པ་བཞིན་བྱའོ། །གཉིས་པ་ལོབས་པའི་ཚད་ལ། མི་མཉམ་པར་ལོབས་པ་དང་། མཉམ་པར་ལོབས་པ་དང་། ལྷག་པར་ལོབས་པ་གསུམ་ཁ་དོག་ལ་ལོབས་པའི་ཚད་ཡིན་ལ། དམིགས་པ་གང་འདོད་དུ་བསྒྱུར་པ་ལ་དབང་འབྱོར་ན། གོ་རིམ་ལ་ལོབས་པའི་ཚད་དང་། དུས་ལ་འཕེན་པ་གང་བཏང་བ་དེ་ཙམ་དུ་གནས་ན་ཐུན་མཚམས་ལ་ལོབས་པའི་ཚད་དོ། །གསུམ་པ་བརྟན་པའི་ཚད་ནི། ཁ་དོག་ལ་བརྟན་པ། དབྱིབས་ལ་བརྟན་པ། གྲངས་ལ་བརྟན་པ། དུས་ལ་བརྟན་པ་ཐོབ་པའི་ཚད་དེ་བཞིའོ། །དེ་ལྟར་ན་སློབ་པའི་ཚུལ་གསུམ། ལོབས་པའི་ཚད་ལྔ། བརྟན་པའི་ཚད་བཞི་སྟེ་བསྐྱེད་རིམ་མངོན་གྱུར་བསྒོམ་པ་མན་ངག་གི་གནད་བཅུ་གཉིས་སོ། །གཉིས་པ་བརྟན་པ་རྫོགས་པའི་རིམ་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན། རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་བསྒོམ་བཟླས་བྱ། བླ་མའི་རྣལ་འབྱོར་ནི། རང་གི་མདུན་གྱི་ནམ་མཁར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་མའི་གདན་ལ། རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་དཔལ་འཁོར་ལོ་སྡོམ་པའམ། རྗེ་བཙུན་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན། སྐུ་མདོག་དམར་པོ་ཞལ་གཅིག་སྤྱན་གསུམ་པ། གཡས་ཌཱ་མ་རུ། གཡོན་ཐོད་པ་བདུད་རྩིས་གང་བ། གྲུ་མོར་ཤེས་རབ་ཀྱི་རང་བཞིན་ཁ་ཊྭཱཾ་ག་དཀར་པོ་བསྣམས་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ་ལ་བརྒྱུད་པའི་བླ་མས་བསྐོར་བ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་བཏབ། བླ་མའི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་དབང་གསུམ་ལེན་པ་བླ་མའི་རྣལ་འབྱོར་སྤྱི་དང་མཐུན། བླ་མ་འོད་དུ་ཞུ། རང་ལ་ཐིམ་པར་བསམ་པ་དབང་བཞི་པའོ། །གཉིས་པ་དངོས་གཞི་ལ། ཤེས་བྱ་རྒྱུད་ཀྱི་རིམ་པ། ཉམས་ལེན་སྔགས་ཀྱི་རིམ་པ། སྐྱེ་བ་ཡེ་ཤེས་ཀྱི་རིམ་པ། འབྲས་བུ་གསང་བའི་རིམ་པའོ། །དང་པོ་ནི། རྩ་གསུམ་འཁོར་ལོ་བཞི་ལ་རྒྱུད་ཅེས་བྱ་བ་ལ། དེ་ཉམས་སུ་ལེན་པའི་རིམ་པ་ཡིན་པས། རྒྱུད་ཀྱི་རིམ་པ་ཞེས་བྱའོ། །དེའི་ཚུལ་ནི། བསྐྱེད་རིམ་རྒྱས་པ་དང་འབྲེལ་ན། དཀྱིལ་འཁོར་བསྡུ། ཡུམ་ཡང་འོད་ཟེར་དམར་པོའི་རྣམ་པས་ལྟེ་བའི་ཨཾ་ལ་ཐིམ་སྟེ་རང་ཧེ་རུ་ཀ་ཕྱག་གཉིས་བརྐྱང་པའམ། ཡུམ་མ་བསྡུས་པར་བདེ་མཆོག་ལྷན་སྐྱེས་སུ་བསམ་པ་གང་རུང་བྱ། བསྐྱེད་རིམ་རྒྱས་པ་དང་མ་འབྲེལ་ན་ཇོ་བོ་ནཱ་རོ་ཏ་པའི་མན་ངག་གིས་རང་ཐ་མལ་པའི་སྤྱི་བོར་བླ་མའི་ཕྱག་ལྷྭམ་བསྒོམ། གསོལ་བ་བཏབ། འོད་དུ་ཞུ། རང་ལ་ཐིམ་པས་སྐད་ཅིག་གིས་བདེ་མཆོག་ཕྱག་གཉིས་པར་ཝལ་གྱིས་གསལ་བཏབ་སྟེ། བདག་ལ་བླ་མས་དབང་བསྐུར་ཕྱིན་ཆད་ལུས་ཀྱི་ཕྱི་འཁོར་ལོ་བདེ་མཆོག །ནང་རྩ་ཁམས་རྣམས་དཔའ་བོ་དང་དཔའ་མོའི་བདག་ཉིད་ཡིན་སྙམ་དུ་དྲན་པར་བྱ། སྔ་ཕྱི་དེ་གཉིས་ཅི་བྱས་ཀྱང་། རང་བདེ་མཆོག་ཏུ་གསལ་བའི་སྤྱི་བོ་ནས། ལྟེ་འོག་སོར་བཞིའི་བར་ལ་རྩ་དབུ་མ། ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་དམར་བ། ཏིལ་མར་གྱི་མར་མེ་ལྟར་གསལ་བ། པདྨའི་འདབ་མ་ལྟར་ཕྲ་བ་སྟེ་ཆོས་བཞི་ལྡན་མདའ་སྨྱུག་འབྲིང་པོ་ཙམ། ཕྲ་བ་ནི་སྲབ་པའི་དོན་ལ་བྱ་ཞིང་དབུ་མ་གསལ་འདེབས་པ་ལ་དམིགས་སྐོར་གཅིག །དེའི་གཡས་སུ་རོ་མ་རཀྟས་གང་བ་བསྒོམ་པ་དམིགས་སྐོར་གཉིས་པ། གཡོན་དུ་རྐྱང་མ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་བསྒོམ་པ་དམིགས་སྐོར་གསུམ་པ། རྩ་དེ་གསུམ་གཤིབས་ཏེ་མས་སྣེ་དབུ་མ་དང་མཉམ་དུ་ཟུག་པ། རྩ་གསུམ་ཀའི་ཡར་མར་གྱི་སྣེ་གཉིས་བཅད་ཁ་ལྟ་བུ། ལྟེ་བའི་ཐད་དུ་རོ་རྐྱང་གཉིས་དབུ་མའི་ནང་དུ་སོར་གཅིག་ཙམ་སོང་སྟེ་དབུ་མ་དང་བུག་པ་འབྲེལ་བ། དེ་ནས་ཡར་དབུ་མའི་ཕྱི་ནས་སོང་། སྙིང་ག །མགྲིན་པ། སྤྱི་བོ་རྣམས་སུ་ཡང་ལྟེ་བ་དང་འདྲ་བར་སོར་རེ་ཙམ་གྱི་དཔངས་ཚད་དབུ་མའི་ནང་དུ་སོང་ཞིང་བུག་པ་འབྲེལ། རོ་རྐྱང་གཉིས་སྤྱི་བོ་ནས་ཀླད་རྒྱའི་སྟེང་བརྒྱུད་སོང་སྟེ་སྣ་རྩེ་གཡས་གཡོན་དུ་ཟུག་པ། རོ་རྐྱང་གཉིས་དབུ་མའི་ནང་དུ་ཆུད་པ་སོ་སོར་འཁོར་ལོ་བཞི་ཆགས་པ་ནི། ལྟེ་བར་རྩྭ་འཁོར་ནང་མ་ལ་འདབ་མ་བརྒྱད་དེ་རེ་རེ་ལ་འདབ་ཆུང་བདུན་བདུན་གྱེས་པ་ཕྱི་སྐོར་ལ་འདབ་མ་ལྔ་བཅུ་རྩ་དྲུག །གདུགས་ཀྱི་རྩིབ་མ་ཁ་གྱེན་བསྟན་ལྟ་བུར་བསྒོམ་པ་ལ་དམིགས་སྐོར་བཞི་པ། སྙིང་ག་ཆོས་ཀྱི་འཁོར་ལོ་སྔོན་པོ་རྩྭ་འདབ་བརྒྱད་ཁ་ཐུར་བསྟན་བསྒོམ་པ་དམིགས་སྐོར་ལྔ་པ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་དམར་པོ་ནང་བསྐོར་རྩྭ་འདབས་བཞི། དེ་རེ་རེ་ལ་རྩྭ་འདབ་གསུམ་གསུམ་གྱེས་པ་ཕྱི་སྐོར་བཅུ་གཉིས་ཏེ་རྩ་འདབས་བཅུ་དྲུག་ཁ་གྱེན་བསྟན་བསྒོམ་པ་དམིགས་སྐོར་དྲུག་པ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་དཀར་པོ་རྩ་འདབས་སོ་གཉིས་འཕྲེང་དུ་བསྒྲིགས་པ་ཁ་ཐུར་བསྟན་བསྒོམ་པ་དམིགས་སྐོར་བདུན་པ། དབུ་མའི་མས་སྣར་ཀྵ་དམར་ནག་མེའི་རང་བཞིན་མགོ་ཐུར་བསྟན་དབུ་མའི་མས་སྣར་སྣེ་ཚུད་ཙམ་བསྒོམ་པ་དམིགས་སྐོར་བརྒྱད་པ། ལྟེ་བའི་རྩ་འཁོར་གྱི་དབུས་སུ་ཨཾ་དམར་པོ་མགོ་གྱེན་བསྟན་བསྒོམ་པ་དགུ་པ། སྙིང་གའི་དབུས་སུ་ཧཱུྃ་སྔོན་པོ་མགོ་ཐུར་བསྟན་བསྒོམ་པ་བཅུ་པ། མགྲིན་པར་ཨྃ་དམར་པོ་མགོ་གྱེན་བསྟན་བསྒོམ་པ་བཅུ་གཅིག་པ། སྤྱི་བོར་ཧཾ་དཀར་པོ་མགོ་ཐུར་བསྟན་བསྒོམ་པ་བཅུ་གཉིས་པ། རོ་མ་ལ་ཀ་ནས་ཧའི་བར་གསལ་བྱེད་སོ་གསུམ་མམ། ཡང་ན། ང་ཉ་སྤངས་པའི་ཀྵཿའི་བར་སོ་གཉིས་འདམ་ག་ཡིན་པས་གང་བདེ་བྱ་ཞིང་། ཁ་དོག་དམར་པོ་མགོ་གྱེན་བསྟན་བསྒོམ་པ་དམིགས་སྐོར་བཅུ་གསུམ་པ། རྐྱང་མ་ལ་ཨཱ་ལི་ཚར་གཉིས་ཁ་དོག་དཀར་པོ་མགོ་ཐུར་བསྟན་རྐྱང་མའི་མས་སྣར་ཨ་ནས་ཡས་སྣར་ཨཿཚེག་དྲག་ཅན་གྱི་བར་བརྩེགས་པར་བསྒོམ་པ་བཅུ་བཞི་པ། ལྟེ་བའི་ནང་སྐོར་གྱི་རྩ་འདབ་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བསྒོམ་པ་བཅོ་ལྔ་པ། ཕྱི་སྐོར་ལ་དབྱངས་གསལ་ལྔ་བཅུ། ཨཱ་ཨཱི་ཨཱུ་ཨཻ་ཨཽ་ཨཱཿརྣམས་ཁ་དོག་དམར་པོ་མགོ་གྱེན་བསྟན་བསྒོམ་པ་བཅུ་དྲུག་པ། སྙིང་གའི་འདབ་མ་བརྒྱད་ལ་ཕྱོགས་ཨཱ་ཨཱི་ཨཱུ་ཨཻ་སྟེ་བཞི། མཚམས་བཞིར་གཡས་ནས་བརྩམས་ཏེ་ཡ་ར་ལ་ཝ་རྣམས་ཁ་དོག་སྔོན་པོ་མགོ་ཐུར་བསྟན་བསྒོམ་པ་བཅུ་བདུན་པ། མགྲིན་པའི་ནང་སྐོར་གྱི་རྩ་འདབས་ལ་ཨ་ཨི་ཨུ་ཨེ། ཕྱི་སྐོར་ལ་རྀ་ལྀ་བཞི་སྤངས་པའི་དབྱངས་བཅུ་གཉིས་ཁ་དོག་དམར་པོ་གྱེན་བསྟན་བསྒོམ་པ་བཅོ་བརྒྱད་པ། སྤྱི་བོའི་རྩ་འདབས་ལ་དབྱངས་ཡིག་རྣམས་ཚར་གཉིས་ཁ་དོག་དཀར་པོ་མགོ་ཐུར་བསྟན་བསྒོམ་པ་བཅུ་དགུ་པ། བཤང་སྒོར་རླུང་གི་དཀྱིལ་འཁོར་སྔོ་སྐྱ་ཟླ་གམ་གསལ་བཏབ་སྟེ་ཉི་ཤུ་པ། སེམས་ལྟེ་བའི་ཨྃ་ལ་གཏད་དེ་བཟུང་བ་ཉེར་གཅིག་པ། རླུང་ཕྱིར་འགྲོ་བ་དང་བསྟུན་རྩ་འཁོར་ཡིག་འབྲུ་རྣམས་མས་ནས་རིམ་པས་གསལ་བཏབ། ནང་དུ་འོང་བའི་ཚེ་ཡས་ནས་རིམ་པས་གསལ་བཏབ། གནས་པའི་ཚེ་ལྟེ་བའི་ཨྃ་ལ་ཐིམ་པའི་ཚུལ་གྱིས་ཅུང་ཟད་བཞག །དེ་ལྟར་ན་རྒྱུད་རིམ་ལ་དམིགས་སྐོར་ཉེར་གཉིས་སོ། །མཐར་ཕྱིན་པའི་ཚད་ནི་རྩ་གསུམ་འཁོར་ལོ་དྲུག་ཡིད་ལ་གསལ་བར་སྣང་བའོ། །གཉིས་པ་ཉམས་ལེན་སྔགས་ཀྱི་རིམ་པ་ལ། ནང་གི་སྔགས་ནི་ལྟེ་བའི་ཨཾ་ཡིན་ལ། རིམ་པ་ནི་རིམ་གྱིས་སྦར་ཏེ་རང་གི་འཁོར་ལོ་དང་། དེ་བཞིན་གཤེགས་པའི་འཁོར་ལོའི་ཡིག་འབྲུ་རྣམས་བསྲེག་བཞུ་དང་གསོ་བའི་བར་མཐར་ཕྱིན་པའོ། །ཉམས་སུ་བླང་བའི་ཚུལ་གཏུམ་མོ་འཁོར་ལོ་བཞི་ལ་བརྟེན་པ་ནི། རྩ་གསུམ་འཁོར་ལོ་བཞི་ཡིག་འབྲུ་དང་བཅས་བརྒྱུད་རིམ་ལྟར་གསལ་བཏབ་ནས་མདུན་གྱི་ནམ་མཁར་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་རྩ་བའི་བླ་མ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་རྣམ་པར་གསལ་བཏབ། རླུང་བུམ་པ་ཅན་བཟུང་བས་འོག་རླུང་བསྐྱོད། དེས་བཤང་སྒོའི་རླུང་གི་དཀྱིལ་འཁོར་བསྐྱོད་པས་དེའི་རླུང་གིས་ཀྵ་ཡིག་མེར་འབར། རོ་མ་ནས་སོང་། དེས་ལྟེ་བའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལྕགས་བསྲེགས་པ་བཞིན་དུ་བསྲེགས་ཤིང་ཨྃ་མེར་འབར་བར་བསྒོམ་པ་དམིགས་སྐོར་དང་པོའོ། །ཡང་རོ་མ་ནས་སོང་། སྙིང་གའི་འཁོར་ལོ་བསྲེག་པ་གཉིས་པ། ཡང་རོ་མ་ནས་སོང་། མགྲིན་པའི་འཁོར་ལོ་བསྲེག་པ་གསུམ་པ། ཡང་རོ་མ་ནས་སོང་། སྤྱི་བོའི་འཁོར་ལོ་བསྲེག་པ། བཞི་པ། ཡང་རོ་མ་ནས་བརྒྱུད། སྣ་བུག་གཡས་ནས་སོང་། མདུན་གྱི་འཁོར་ལོ་བདེ་མཆོག་གི་ཤངས་གཡས་ནས་བརྒྱུད། སྐུའི་འཁོར་ལོ་བཞི་ཁྱབ་བཞུ་བརྟུལ་བྱས། བདུད་རྩི་རྣམས་བསྡུས། ཤངས་གཡོན་ནས་བྱུང་། རང་གི་སྣ་བུག་གཡོན་ནས་ཞུགས། རྐྱང་མའི་ལམ་བརྒྱུད། སྤྱི་བོའི་འཁོར་ལོ་བདུད་རྩིས་གང་ཞིང་ཡི་གེ་རྣམས་གསོས་པར་བསྒོམ་པ་ལྔ་པ། རིམ་པས་རྐྱང་མ་བརྒྱུད། མགྲིན་པའི་ཨོཾ་སོགས་ཡི་གེ་རྣམས་གསོས་པ་དྲུག་པ། རྐྱང་མའི་ལམ་བརྒྱུད། སྙིང་གའི་ཡི་གེ་རྣམས་གསོས་བཏབ་བདུན་པ། དེ་བཞིན་དུ་རྐྱང་མ་ནས་བརྒྱུད། ལྟེ་བའི་ཨཾ་ལ་ཕོག །ཡི་གེ་ཐམས་ཅད་གསོས་ཤིང་བདུད་རྩིས་གང་། འབར་འཛག་ལ་སེམས་གཏད་པ་བརྒྱད་པ། དེ་ནས་ཡང་རླུང་བཟུང་བས་ཀྵ་མེར་འབར། མེ་ལྕེ་ཕྲ་བ་ཞིག་དབུ་མའི་ལམ་ནས་སོང་། ལྟེ་བའི་ཨྃ་ལ་ཕོག་པས་དེ་མེར་འབར། མེ་ལྕེ་རིམ་བཞིན་སོང་། སྙིང་གའི་ཧཱུྃ་ཡིག་བསྲེག་པ་དགུ་པ། མེ་དེ་དབུ་མ་ནས་སོང་། མགྲིན་པའི་ཨོཾ་བཅོམ་པ་བཅུ་པ། སྤྱི་བོའི་ཧཾ་ལ་ཕོག་པས་བསྲེག་པ་བཅུ་གཅིག་པ། རིམ་བཞིན་བརྒྱུད། སྨིན་མཚམས་གསེར་གྱི་སྒོ་ནས་སོང་། དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱས། བདུད་རྩི་བྱུང་བ་སྤྱི་གཙུག་ཛ་ལནྡྷ་ར་ནས་ཞུགས། ཧཾ་ཡིག་སོགས་སྤྱི་བོའི་ཡི་གེ་རྣམས་བདུད་རྩིས་གང་བ་ཆེས་གསལ་བར་བསྒོམ་པ་བཅུ་གཉིས་པ། གཞན་རྣམས་འདྲ་བ་ལ་མགྲིན་པའི་ཡི་གེ་གསོས་པ་བཅུ་གསུམ་པ། ཡང་བབས། སྙིང་གའི་ཡི་གེ་རྣམས་གསོས་པ་བཅུ་བཞི་པ། དེ་ལས་ཀྱང་བབས། ལྟེ་བའི་ཡི་གེ་རྣམས་གསོས། ཨྃ་ལ་སེམས་གཏད། བཅོ་ལྔ་པ། དེ་ལྟ་བུ་ཚར་གཅིག་སྔོན་དུ་བཏང་ནས། དེ་ནས་གཏུམ་མོའི་མེ་སྤྱི་བོའི་ཧཾ་གི་བར་འབར། སྙིང་ག་མགྲིན་པ་སྤྱི་བོའི་བར་གྱི་འཁོར་ལོ་ཡིག་འབྲུ་དང་བཅས་པ་བསྲེག་པ་བཅུ་དྲུག་པ། དེ་ནས་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་མི་བྱེད་པར་ཧཾ་ལས་བདུད་རྩི་བྱུང་། མགྲིན་པ། སྙིང་ག །ལྟེ་བའི་བར་གྱི་འཁོར་ལོ་དང་ཡིག་འབྲུ་རྣམས་གསོས་དེ་ཀའི་འབར་འཛག་ལ་སེམས་གཏད་དེ་བསྒོམ། བཅུ་བདུན་པའོ། །དེ་ལྟར་ན་སྔགས་རིམ་ལ་དམིགས་སྐོར་བཅུ་བདུན་ནོ། །མཐར་ཕྱིན་པའི་ཚད་ནི། འཕར་གཡོ་ལ་སོགས་པ་འབྱུང་བའོ། །གསུམ་པ་སྐྱེ་བ་ཡེ་ཤེས་ཀྱི་རིམ་པ་ནི། ཡེ་ཤེས་ནི་དགའ་བ་བཅུ་དྲུག་གི་མཐར་ལྷན་སྐྱེས་ཉམས་སུ་མྱོང་བ། རིམ་པ་ནི་རྡོ་རྗེ་ནོར་བུར་བདེ་བ་ལ་བསྒོམ་པ་ནས་མཛོད་སྤུར་བདེ་བ་བསྒོམ་པའི་བར་རོ། །ཉམས་སུ་བླང་བའི་ཚུལ་ནི། སྔགས་རིམ་གྱི་གཏུམ་མོའི་དམིགས་པ་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་དང་བཅས་པ་ཚར་གཅིག་ཉམས་སུ་བླང་ནས། དེ་ནས་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་མི་བྱེད་པར་གཏུམ་མོའི་སྤྱི་བོའི་ཧྃ་གི་བར་འབར་བས་ཧཾ་བདུད་རྩིར་ཞུ། མགྲིན་པའི་ཨོཾ་ལ་ཐིམ། དམིགས་སྐོར་གཅིག །དེ་ཡང་ཞུ། སྙིང་གའི་ཧཱུྃ་ལ་ཐིམ་པ་གཉིས་པ། དེ་ཡང་ཞུ། ལྟེ་བའི་ཨྃ་ལ་ཐིམ་པ་གསུམ་པ། དེ་ཡང་ཞུ་དཀར་དམར་འདྲེས་པའི་ཐིག་ལེ་དེ་རྡོ་རྗེ་ནོར་བུའི་རྩེར་སླེབ་པ་ལ་སེམས་གཟུང་བ་བཞི་པ། ཐུན་འཇོག་ཀར་སྤྱི་བོའི་ཧྃ་ལ་ཐིམ་པར་བསྒོམ་པ་ལྔ་པ། ནོར་བུའི་རྩེ་མོར་བཟུང་བས་དེར་བདེ་བས་བརྒྱལ་བ་ལྟ་བུ་བྱུང་ཚེ་ཡར་རྡོ་རྗེའི་སྐེད་པ་ཙམ་དུ་དྲངས་པ་དྲུག་པ། དེར་ཡང་བདེ་བ་མི་བཟོད་པ་བྱུང་ཚེ་ཡར་རྡོ་རྗེའི་རྩ་བར་དྲངས་པ་བདུན་པ། ཡང་ཡར་ལྟེ་འོག་ཏུ་དྲངས་པ་བརྒྱད་པ། ཡང་ཡར་ལྟེ་བར་དྲངས་པ་དགུ་པ། དེ་བཞིན་དུ་ལྟེ་བ་ནས་སྙིང་གའི་བར་ལ་ཆ་བཞིར་བྱས་ཏེ་ཡར་རིམ་བཞིན་དུ་དྲངས། བཅུ་པ་ནས་བཅུ་གསུམ་པའི་བར་རོ། །དེ་བཞིན་དུ་སྙིང་ག་ནས་མགྲིན་པའི་བར་ལ་བཞི། དམིགས་སྐོར་བཅུ་བདུན་པའི་བར་རོ། །མགྲིན་པ་ནས་སྤྱི་བོའི་བར་ལ་བཞི། དམིགས་སྐོར་ཉེར་གཅིག་པའི་བར་རོ། །དེ་རྣམས་སུ་སེམས་འཛིན་ཅིང་ཁྱད་པར་འཁོར་ལོ་བཞིའི་གཙོ་བོར་སེམས་གཏོད་དེ་ཉེར་གཉིས་པའོ། །མདོར་ན་ཡས་བབས་ལ་བཞི་དང་། མས་བརྟན་ལ་དགའ་བ་བཅུ་དྲུག་གི་རྗེས་དྲན་བཅུ་དྲུག་གོ། དེ་ལྟར་ན་ཡེ་ཤེས་ཀྱི་རིམ་པ་ལ་དམིགས་སྐོར་ཉེར་གཉིས་སོ། །མཐར་ཕྱིན་པའི་ཚད་ནི་བདག་གི་རྒྱུད་བདེ་བས་མྱོས་པ་ལ་སོགས་པའོ། །བཞི་པ་འབྲས་བུ་གསང་བའི་རིམ་པ་ནི། གསང་བ་ནི་སྲོག་འཛིན་གྱི་རླུང་། རིམ་པ་ནི་རླུང་སྐྱོན་རྣམས་རིམ་གྱིས་སེལ་བ། ཇི་ལྟར་ཉམས་སུ་བླང་བའི་ཚུལ་སྔགས་རིམ་འཁོར་ལོ་བཞི་ལྡན་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་དང་བཅས་པ་ཚར་གཅིག་ཉམས་སུ་བླངས་ནས། དེ་ནས་གཏུམ་མོའི་མེ་སྤྱི་བོའི་ཧྃ་གི་བར་འབར་བས་ཧྃ་བདུད་རྩིའི་རང་བཞིན་དུ་ཞུ། མགྲིན་པའི་ཨོཾ་ལ་ཐིམ་པར་བསམས་ཏེ་སེམས་འཛིན་པ་དམིགས་སྐོར་དང་པོ། །ཨོཾ་ཡང་ཞུ། སྙིང་གའི་ཧཱུྃ་ལ་ཐིམ་པ་ལ་སེམས་གཏོད་དེ་དམིགས་སྐོར་གཉིས་པ། དེ་ལས་ཀྱང་དྭངས་མ་བྱུང་། ལྟེ་བའི་ཨོཾ་ལ་ཐིམ་པར་བསམས་ལ་དེ་ལ་སེམས་འཛིན་པ་དམིགས་སྐོར་གསུམ་པ། དེ་ནས་ཁམས་གསུམ་ཐམས་ཅད་འོད་དུ་ལྟེམ་ཞུ། རང་ལ་ཐིམ་པར་བསམ། དེ་ཙམ་ལ་སེམས་གཏད་པ་བཞི་པ། དེ་ཡང་ཡལ། སྙིང་གའི་ཧཱུྃ་དང་ལྟེ་བའི་ཨྃ། དེ་གཉིས་ཀྱི་འཁོར་གྱི་དབུ་མ་དང་བཅས་པ་ཙམ་ལ་སེམས་གཏད་དེ་ལྔ་པ། དེ་གཉིས་ཀྱང་འོད་དཀར་དམར་དུ་ཞུ། དཀར་དམར་འདྲེས་པའི་ཐིག་ལེ་ལ་སེམས་གཏད་པ་དྲུག་པ། དེ་ཡང་གློག་ཡལ་བ་བཞིན་ཡལ་སོང་། དེ་ཀའི་ངང་ལ་མཉམ་པར་འཇོག་ཅིང་རླུང་བུམ་པ་ཅན་འཛིན། བདུན་པའོ། །དེ་ལྟར་ན་གསང་རིམ་ལ་དམིགས་སྐོར་བདུན་ནོ། །མཐར་ཕྱིན་པའི་ཚད་ནི། ལུས་རས་བལ་གྱི་འདབ་མ་ལྟར་ཡང་བ་དང་། སྨིག་རྒྱུ་ལ་སོགས་པའི་རྟགས་ལྔ་མཐོང་བའོ། །དེ་ལྟ་བུའི་རིམ་པ་བཞིའི་དམིགས་པའི་རྣམ་གྲངས་ཀུན་དྲིལ་དམིགས་སྐོར་དྲུག་ཅུ་རྩ་བརྒྱད་དོ། །དེ་ནས་རང་ཉིད་སྐད་ཅིག་ཙམ་གྱིས་ཧེ་རུ་ཀར་ཝལ་གྱིས་བསམས་ལ། དེའི་སྣའི་བུག་པ་གཉིས་ཙམ་མ་གཏོགས་པར་བར་ཀ་བ་མེད་པ་སྒོང་སྟོང་པ་ལྟ་བུ་སྲབ་མོ་ཞིག་ཏུ་བསྒོམ། རླུང་ནང་དུ་འོང་བ་དང་མཉམ་དུ་དེར་རླུང་ལྗང་སྔོན་ཤས་ཆེ་བས་ལྗང་ནག་དུད་པ་ལྟ་བུ་ཞིག་དལ་བུས་བྱུང་། ལུས་ཀྱི་ནང་དུ་སོང་བས་ལུས་ཀྱི་ནང་ཐམས་ཅད་རིམ་གྱིས་གང་སྟེ་ནང་ཆུང་ངུ་དུད་པས་ཁེངས་པ་ལྟ་བུ་ཞིག་ཏུ་བསྒོམ། འདི་གེགས་སེལ་ཡིན་ཀྱང་དམིགས་པ་ཕྱི་མ་འདི་དང་སྤྲེལ་ནས་དང་པོ་ཉིད་ནས་བསྒོམས་པས་རྩ་རླུང་གི་ཟུག་མི་འབྱུང་ཞིང་ཡོན་ཏན་ཁྱད་པར་སྐྱེ་བའི་དགོས་པ་ཡོད་དོ། །གསུམ་པ་རྗེས་ལ་གཉིས། ཐུན་གྱི་མཇུག་བསྡུ་བ་དང་། ཁྲིད་ཀྱི་རྗེས་བསྐྱང་བའོ། །དང་པོ་ནི། དེ་ལྟར་བསྒོམ་པའི་ཐུན་ཐམས་ཅད་ཀྱི་མཐར་བསྐྱེད་རིམ་རྒྱས་པ་དང་འབྲེལ་ནས་བཟླས་པ་དང་ཉེར་བསྡུ་སོགས་ཇི་སྐད་བཤད་པ་བཞིན་མཐར་དབྱུང་། མ་འབྲེལ་ན་དགེ་བ་བསྔོ་ཞིང་སྨོན་ལམ་རྣམ་པར་དག་པས་རྒྱས་གདབ། ཐུན་མཚམས་ཐམས་ཅད་དུའང་དངོས་གཞིའི་ཉམས་མྱོང་གི་རྩི་དང་མ་བྲལ་བར་སྤྱོད་ལམ་དགེ་བའི་བྱ་བས་དུས་འདའ་བར་བྱའོ། །གཉིས་པ་ནི། ཉམས་མྱོང་སྐྱེས་རིམ་བཞིན་བླ་མ་དམ་པའི་སྤྱན་སྔར་ཞུས་ལ་སྒྲོ་འདོགས་བཅད། འབྱུང་བཞི་ལ་འཁྲུགས་པ་དང་། ཉམས་སྣ་ཚོགས་པའི་གེགས་བསལ་ཞིང་། སྤྱོད་པ་གསུམ་གྱིས་བོགས་དབྱུང་བས་གསང་རིམ་གྱི་རྟོགས་པ་རྫོགས་པ་ན་འཕགས་ལམ་ས་དང་པོ་ཐོབ་ཅིང་། སླར་ཡང་ཟུང་དུ་འཇུག་པའི་རྣལ་འབྱོར་ལ་བརྩོན་པས་སློབ་པའི་ཟུང་འཇུག་མཐར་ཕྱིན་ནས། སྐུ་གསུམ་ཡན་ལག་བདུན་དང་ལྡན་པའི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་རེག་པར་འགྱུར་བ་ཡིན་ནོ། །དྲན་པས་དངོས་གྲུབ་ཆར་འབེབས་ལྷག་པའི་ལྷ། །འཁོར་ལོ་བདེ་མཆོག་བསྐྱེད་རྫོགས་ལམ་གྱི་ཕུལ། །བདེ་ཆེན་ཡེ་ཤེས་གྲུབ་པའི་སྙིང་པོའི་དཔྱིད། །འདིས་ཀྱང་འགྲོ་ཀུན་ཧེ་རུ་ཀར་གྱུར་ཅིག །ཅེས་པའང་སློབ་དཔོན་ཆེན་པོ་ནག་པོ་སྤྱོད་པ་བསམ་བཞིན་དུ་སྲིད་བ་ཉེ་བར་བཟུང་བ་འཇམ་མགོན་གྲུབ་པའི་དཔའ་བོ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་གི་གསུང་རབ་བསྐྱེད་རིམ་མདོར་བསྡུས་སུ་བྱ་བའི་ཚུལ་ལ་རྗེ་རང་ཉིད་ཀྱི་ཞལ་ལུང་སྒྲུབ་ཐབས་རྒྱས་པའི་ས་བཅད་སོགས་སྦྱར་ཞིང་། རྫོགས་རིམ་གྱི་དམིགས་པ་རྣམས་རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུ་ཀུན་དགའ་སྙིང་པོའི་ཞལ་གྱི་བདུད་རྩི་ཟིན་བྲིས་སུ་བཏབ་པ་ཇི་ལྟ་བ་བཞིན་དག་ཅིང་གསལ་བར་བྱ་བྲལ་བ་མང་དུ་ཐོས་པའི་གཟུགས་བརྙན་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།མངྒ་ལཾ།།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 14:20, 19 May 2021
Wylie title | dpal 'khor lo bde mchog nag po pa'i lugs kyi bskyed rdzogs mdor bsdus bde chen snying po | |
---|---|---|
Location | mkhyen brtse'i bka' 'bum Volume 7, sde tshan 11, Text 1, Pages 220-255 (Folios 6b1 to 24a6) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Citation | 'jam dbyangs mkhyen brtse'i dbang po. dpal 'khor lo bde mchog nag po pa'i lugs kyi bskyed rdzogs mdor bsdus bde chen snying po. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 7: 220-255. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Generation Stage - bskyed rim · Completion Stage - rdzogs rim | |
Cycle | བདེ་མཆོག་ནག་པོ་ལུགས་ (bde mchog nag po lugs) | |
Deity | 'khor lo bde mchog | |
Colophon |
།ཅེས་པའང་སློབ་དཔོན་ཆེན་པོ་ནག་པོ་སྤྱོད་པ་བསམ་བཞིན་དུ་སྲིད་བ་ཉེ་བར་བཟུང་བ་འཇམ་མགོན་གྲུབ་པའི་དཔའ་བོ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་གི་གསུང་རབ་བསྐྱེད་རིམ་མདོར་བསྡུས་སུ་བྱ་བའི་ཚུལ་ལ་རྗེ་རང་ཉིད་ཀྱི་ཞལ་ལུང་སྒྲུབ་ཐབས་རྒྱས་པའི་ས་བཅད་སོགས་སྦྱར་ཞིང་། རྫོགས་རིམ་གྱི་དམིགས་པ་རྣམས་རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུ་ཀུན་དགའ་སྙིང་པོའི་ཞལ་གྱི་བདུད་རྩི་ཟིན་བྲིས་སུ་བཏབ་པ་ཇི་ལྟ་བ་བཞིན་དག་ཅིང་གསལ་བར་བྱ་བྲལ་བ་མང་དུ་ཐོས་པའི་གཟུགས་བརྙན་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།མངྒ་ལཾ།། | |
ces pa'ang slob dpon chen po nag po spyod pa bsam bzhin du srid ba nye bar bzung ba 'jam mgon grub pa'i dpa' bo dpal ldan kun dga' grol mchog gi gsung rab bskyed rim mdor bsdus su bya ba'i tshul la rje rang nyid kyi zhal lung sgrub thabs rgyas pa'i sa bcad sogs sbyar zhing /__rdzogs rim gyi dmigs pa rnams rje btsun mchog gi sprul pa'i sku kun dga' snying po'i zhal gyi bdud rtsi zin bris su btab pa ji lta ba bzhin dag cing gsal bar bya bral ba mang du thos pa'i gzugs brnyan 'jam dbyangs mkhyen brtse'i dbang pos bris pa dge legs mchog tu gyur cig/__//mang+ga laM// |
1 Texts in this Section (sde tshan or chos tshan)
1 220-255
|
དཔལ་འཁོར་ལོ་བདེ་མཆོག་ནག་པོ་པའི་ལུགས་ཀྱི་བསྐྱེད་རྫོགས་མདོར་བསྡུས་བདེ་ཆེན་སྙིང་པོ། dpal 'khor lo bde mchog nag po pa'i lugs kyi bskyed rdzogs mdor bsdus bde chen snying po
|
Text page View PDF |
[[|འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ()]] |
Footnotes
Other Information
- JKW-KABUM-07-JA-011-002
- Tibetan Publications
- Tibetan Texts
- mkhyen brtse'i bka' 'bum
- bde mchog nag po lugs
- 'khor lo bde mchog
- Generation Stage - bskyed rim
- Completion Stage - rdzogs rim
- 'jam dbyangs mkhyen brtse'i dbang po
- rdzong sar blo gros phun tshogs
- JKW-KABUM-07-JA-011
- Khyentse Lineage Project
- JKW-KABUM-Volume-07-JA