JKW-KABUM-06-CHA-002-018: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse'i dbang po]]. ''''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 6: | |fulltitletib=འཆི་མེད་གྲུབ་པའི་བདེན་ཚིག་གི་རྣམ་འགྲེལ་ཉུང་ངུ་ཚིག་དོན་གྱི་ས་བོན། | ||
|fulltitle='chi med grub pa'i bden tshig gi rnam 'grel nyung ngu tshig don gyi sa bon | |||
|citation=[['jam dbyangs mkhyen brtse'i dbang po]]. '''chi med grub pa'i bden tshig gi rnam 'grel nyung ngu tshig don gyi sa bon''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 6: 268-287. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |||
|collectiontitle=mkhyen brtse'i bka' 'bum | |collectiontitle=mkhyen brtse'i bka' 'bum | ||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | ||
Line 9: | Line 11: | ||
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | |editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | ||
|tibgenre= | |tibgenre=Commentaries - 'grel pa, Notes - zin bris | ||
|terma=No | |terma=No | ||
|sabcadcategory=Four | |||
|language=Tibetan | |language=Tibetan | ||
|volumenumber=006 | |volumenumber=006 | ||
Line 18: | Line 21: | ||
|textnuminvol=002 | |textnuminvol=002 | ||
|textsubnumber=018 | |textsubnumber=018 | ||
|pagenumbers=268-287 | |||
|totalpages=20 | |||
|beginfolioline=68b1 | |||
|endfolioline=78a2 | |||
|totalfolios=11 | |||
|multivolumework=No | |multivolumework=No | ||
|rectonotes=sde tshan 2 | |rectonotes=sde tshan 2 | ||
|versonotes=mkhyen brtse'i bka' 'bum | |versonotes=mkhyen brtse'i bka' 'bum | ||
|colophontib=།ཅེས་པའང་རིས་མེད་པའི་ཡོངས་འཛིན་དམ་པ་རྣམས་ཀྱི་གསུང་གི་བདུད་རྩི་མང་དུ་ཐོབ་ཀྱང་སྙོམས་ལས་ཁོ་ནའི་གཞན་དབང་དུ་གྱུར་པའི་ཀུན་རྨོངས་ཀུན་ཏུ་རྒྱུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། རྗེ་བླ་མ་ཉིད་ཀྱི་གསུང་འགའ་ཞིག་མཐོང་བ་དང་། ཅུང་ཟད་ཐོས་པ་ཉིད་གཞིར་བྱས་ཏེ་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོར་ཟིན་བྲིས་སུ་ཤིན་ཏུ་སྙིང་པོར་དྲིལ་བའི་ཚུལ་གྱིས་ཤར་མར་སྤེལ་བ་སྟེ། ནོངས་པའི་ཚོགས་རྣམས་ཡེ་ཤེས་གཟིགས་པ་དམ་པས་བསལ་དུ་གསོལ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། | |||
|colophonwylie=ces pa'ang ris med pa'i yongs 'dzin dam pa rnams kyi gsung gi bdud rtsi mang du thob kyang snyoms las kho na'i gzhan dbang du gyur pa'i kun rmongs kun tu rgyu 'jam dbyangs mkhyen brtse'i dbang pos/__rje bla ma nyid kyi gsung 'ga' zhig mthong ba dang /__cung zad thos pa nyid gzhir byas te o rgyan smin grol gling nges pa don gyi dga' ba'i tshal chen por zin bris su shin tu snying por dril ba'i tshul gyis shar mar spel ba ste/__nongs pa'i tshogs rnams ye shes gzigs pa dam pas bsal du gsol/__/sarba dA ka l+yA NaM b+ha ba tu | |||
|pdflink=File:JKW-KABUM-06-CHA-002.pdf | |pdflink=File:JKW-KABUM-06-CHA-002.pdf | ||
}} | }} | ||
Line 26: | Line 36: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༄༅། །འཆི་མེད་གྲུབ་པའི་བདེན་ཚིག་གི་རྣམ་འགྲེལ་ཉུང་ངུ་ཚིག་དོན་གྱི་ས་བོན་ཅེས་བྱ་བ་བཞུགས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །རྒྱལ་སྲས་འཇམ་དཔལ་གཞོན་ནུའི་དངོས། །གཞན་ཕན་ཕ་མཐའ་ཡས་པ་ཡིས། །བྱང་ཆུབ་བར་དུ་སྐྱོང་གྱུར་ཅིག །དེ་ལ་འདི་སྐད་ཅེས་རྗེས་སུ་ཐོས་ཏེ། གང་གི་ཚེ་གཟོད་མ་ནས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་ཀུན་ཏུ་འཆང་བའི་གོ་འཕང་ལས་གཞར་ཡང་མ་གཡོས་བཞིན་དུ། མི་སློབ་པའི་ཟུང་འཇུག་དག་པ་སྒྱུ་མའི་སྣང་བརྙན་ཅིར་ཡང་འཆར་བ་ལས། རེ་ཞིག་བཅོམ་ལྡན་འདས་གཟུགས་ཀྱི་རྒྱལ་པོའི་མཚན་གཞན་དུ་བསྒྱུར་བ་ནི། འཇིག་རྟེན་གྱི་མིག་གཅིག་པུ་བཻ་རོ་ཙ་ན་རཀྵི་ཏ་སོགས་མཁས་པ་དང་། གྲུབ་པའི་སྐྱེ་སྲིད་བགྲང་ལས་འདས་པ་བཟུང་བའི་མཐར། ཆེས་ཆེར་ཤིན་ཏུ་སྙིགས་མའི་དུས་འདིར་རྒྱལ་བའི་བསྟན་པ་སྤྱི་དང་། བྱེ་བྲག་རྡོ་རྗེ་ཐེག་པ་ནང་རྒྱུད་སྡེ་གསུམ་གྱི་བསྟན་པའི་མེ་རོ་གསར་དུ་སློང་བའི་ཤིང་རྟ་ཆེན་པོ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་ཞེས་བྱ་བ་སྨྲ་བའི་ཁྱུ་མཆོག་རླབས་པོ་ཆེའི་གནས་ཐོབ་པའི་ཉིན་མོར་བྱེད་པ་ཞིག་འཇིག་རྟེན་དུ་ཤར་བར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་རིག་པ་དང་གྲོལ་བའི་ཡོན་ཏན་རྨད་དུ་བྱུང་བ་དཀྱིལ་འཁོར་རྒྱ་མཚོའི་རྡོ་རྗེའི་སློབ་དཔོན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་བྱ་བ་སྔ་འགྱུར་གྱི་བསྟན་འཛིན་བྱེ་བའི་དབུས་ན་མངོན་པར་མཐོ་བ་གང་དེས་འདི་སྐད་ཅེས་རྗེས་སུ་དགོངས་ཏེ། ཀྱེ་མ་དེང་གི་དུས་འདི་ནི་ཧ་ཅང་སྙིགས་མར་སྤྱོད་པས་ཡིད་སྲུབས་ཀྱི་ཚོགས་སྟོབས་རྒྱས་པའི་མཐུས། འཇིག་རྟེན་གསུམ་ན་རྙེད་པར་དཀའ་བའི་བཤེས་གཉེན་དམ་པ་འདི་ལྟ་བུ་ཞིག་བཞུགས་སུ་ཟིན་ཀྱང་ཡུན་རིང་དུ་འཚོ་ཞིང་གཞེས་པར་དཀའ་བས་ན། བླ་མ་ལ་བདག་གིས་ནི་རྗེ་རང་ཉིད་ཀྱི་ཐུགས་རྒྱུད་བསྐུལ་ཏེ་བདེན་ཚིག་གི་བདུད་རྩིས་འཆི་མེད་གྲུབ་པའི་པདྨོ་གསར་དུ་བཞད་པར་བགྱིའོ་སྙམ་དུ་དགོངས་སོ། །དགོངས་ནས་ཀྱང་གསུང་གི་ཟིལ་མངར་མཎྜལ་གྱི་རྟེན་དང་བཅས་ཏེ་གསོལ་བ་བཏབ་པ་ན། འཇམ་མགོན་བླ་མ་ཉིད་ཀྱིས་ཀྱང་ཚིག་ཉུང་ཞིང་དོན་བསམ་གྱིས་མི་ཁྱབ་པའི་ཚིགས་སུ་བཅད་པ་འདི་ཉིད་སྩལ་བས་དགེ་མཚན་གྱི་སྣང་བ་ཅིར་ཡང་བྱས་པར་གྱུར་ཏོ་ཞེས་གྲགས་སོ། །དེ་ནས་ཅུང་ཞིག་ལོན་པ་ན། སླར་ཡང་རྗེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོའི་རྒྱན་དུ་འཛིན་པའི་བློ་གསལ་རིག་པར་སྨྲ་བ་དག་གིས། ཁོ་བོ་ཅག་ལ་ཚིག་དང་དོན་གྱི་ཆ་གསལ་བར་གྱིས་ཤིག་ཅེས་མཉན་པར་འོས་པའི་ངག་གིས་མཚམས་སྦྱར་ནའང་མི་མཁས་པ་དང་། མ་སྦྱངས་པ་དང་། རྣམ་པར་གཡེང་བའི་གཞན་དབང་གིས་སྨྲ་བར་འོས་པའི་སྐབས་མ་མཆིས་མོད། དེ་ལྟར་ནའང་དམ་པའི་གསུང་རྣར་གཟོན་བགྱིད་པར་ཕོངས་ནས་ཚིག་འགྲེལ་མདོར་བསྡུས་སུ་འཆད་པ་ལ་གསུམ། ཀླད་དང་། གཞུང་དང་། མཇུག་གི་དོན་ནོ། །དང་པོ་ནི། ཨོཾ་སྭ་སྟི། ཞེས་པ་སྟེ། ཚིག་རྒྱན་གྱི་གཞུང་ལས། ཤིས་བརྗོད་ཕྱག་བྱ་རོས་བོ་ནི། །ངེས་པར་བསྟན་པའང་དེ་ཡི་སྒོ། །ཞེས་བསྟན་བཅོས་རྩོམ་པ་ལ་འཇུག་པའི་སྒོ་གསུམ་དུ་གསུངས་པའི་ནང་ཚན་ལེགས་སྦྱར་གྱི་སྐད་དུ་ཤིས་པར་བརྗོད་པའི་ཚིག་གིས་མདུན་བསུ་བ་སྟེ། དེ་ཡང་གང་གིས། གང་ལ། ཇི་ལྟར་ཤེས་པར་བྱ་བའི་ཚུལ་ཏེ་གསུམ་ལས། དང་པོ་ནི། ཨོཾ་ཞེས་པ་སཾ་སྐྲྀ་ཏའི་གཞུང་མིང་དང་རྟགས་རྗེས་སུ་སྟོན་པའི་བསྟན་བཅོས་ལས་དོན་དུ་མ་ཅན་གྱི་སྡེ་ཚན་དུ་བཀླགས་ཤིང་། དེ་དང་མཐུན་པར་རྒྱུད་རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་པ། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཅེས་དོན་བདུན་ལ་འཇུག་ཅིང་རིག་སྔགས་ཀྱི་ནོར་བུ་འཛིན་པར་གསུངས་པ་ལས། འདིར་རེ་ཞིག་བཀྲ་ཤིས་པའི་འཇུག་པའི་དབང་དུ་བྱས་ཏེ་བཤད་ན། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། ཆོས་༡ཤེས་བཀྲ་ཤིས་བཀྲ་ཤིས་༢འབྱུང་། །བཀྲ་ཤིས་༣ཀུན་གྱི་བཀྲ་ཤིས་༤པ། །གྲགས་༥པའི་བཀྲ་ཤིས་སྙན་གྲགས་དགེ། །ཞེས་སྤྱིར་བཀྲ་ཤིས་པའི་ཚིག་གཅིག་ཉིད་བཤད་པའི་གཞིར་བཞག་སྟེ། ངོ་བོ་དང་། བྱེད་ལས། འབྲས་བུ་དང་། དེའི་ཁྱད་པར་དང་མཐར་ཕྱིན་པ་སྟེ་རྣམ་པ་ལྔའི་སྒོ་ནས་ཚོགས་སྦྱོར་མཐོང་སྒོམ་མི་སློབ་པའི་ལམ་ལྔར་བྱེ་བྲག་ཏུ་འཇུག་པའི་ཚུལ་རྒྱ་ཆེར་བཤད་དུ་ཡོད་ལ། དེ་ལྟ་བུའི་ལམ་ལྔ་མཐར་ཕྱིན་པ་ནི་རྫོགས་པའི་སངས་རྒྱས། ལམ་རང་གི་ངོ་བོ་ནི་འགོག་པ་དང་། དེས་མཚོན་པར་བྱེད་པ་ལམ་བདེན་གྱི་དམ་ཆོས། དེ་དག་སྒྲུབ་ཅིང་འཆད་པར་བྱེད་པ་དགེ་འདུན། དེ་གསུམ་ངོ་བོ་དབྱེར་མེད་པའི་བླ་མ་སྟེ། མདོར་ན་བླ་མ་དང་དཀོན་མཆོག་གསུམ་མཚོན་པར་བྱེད་པས་ན་གང་གིས་ཤིས་པར་བྱེད་པ་པོའོ། །གཞན་ཡང་འདི་ལ་ཐུན་མོང་རིག་བྱེད་ཀྱི་གཞུང་ལས་གྲགས་པའི་ངེས་ཚིག་གི་བཤད་པ་དང་། ཁྱད་པར་གསང་སྔགས་ནང་གི་ངེས་དོན་དང་སྦྱར་བའི་བཤད་པ་རྒྱ་ཆེར་མཆིས་ཀྱང་ཡི་གེས་འཇིགས་པས་མ་སྤྲོས་སོ། །གཉིས་པ་ནི། དངོས་སུ་གཞུང་བསྐུལ་ཞིང་རྩོམ་པ་པོ་དང་། བརྒྱུད་ནས་ཉམས་སུ་ལེན་པ་མཐའ་དག་གོ། །གསུམ་པ་ནི། སྭ་སྟི། ཞེས་པ་སྟེ་མིང་གི་གཙུག་ལག་ལས། སྭ་སྟི་ཤིས་པ་དགེ་ལེགས་དང་། །བསོད་ནམས་དང་ནི་ཤིན་ཏུ་དགའ། །ཞེས་དོན་དུ་མ་ལ་འཇུག་པར་བཤད་པས། སྐབས་འདིར་བདེ་ལེགས་སུ་གྱུར་ཅིག །ཅེས་གནས་སྐབས་སུ་མངོན་པར་མཐོ་བའི་བདེ་བ་དང་། མཐར་ཐུག་ངེས་པར་ལེགས་པའི་གོ་འཕང་ལ་དབང་འབྱོར་བའི་བཀྲ་ཤིས་དང་དགེ་མཚན་གྱི་སྣང་བས་ཡོངས་སུ་ཁྱབ་པར་གྱུར་ཅིག །ཅེས་སྨོན་པའི་ཚིག་གིས་མཐར་བརྒྱན་པའོ། །གཉིས་པ་གཞུང་གི་དོན་ལ་གསུམ་ལས། དང་པོར་གཙོ་བོར་བསྐྱེད་པ་མ་ཧཱ་ཡོ་གའི་གཞུང་དང་སྦྱར་བ་ནི། སྣང་བཏགས་ཆོས་ཀུན་བདེན་པས་སྟོང་པ་དང་། །ཞེས་སོགས་ཚིགས་བཅད་གཅིག་སྟེ། དེ་ཡང་སྙིང་པོའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་གསུངས་པ་ལྟར་གཞི་ལམ་འབྲས་བུའི་རྒྱུད་ཀྱི་ངེས་གསང་དང་སྦྱར་ན། དང་པོ་ནི། འདི་ལྟར་ཆོས་ཐམས་ཅད་གནས་ལུགས་དོན་དམ་པའི་ངོས་ནས་སྤྲོས་པའི་མཐའ་གང་དུའང་མ་གྲུབ་ཀྱང་། སྣང་ཚུལ་ཀུན་རྫོབ་ཀྱི་ངོས་ནས་རྒྱུ་རྐྱེན་སྣ་ཚོགས་པའི་རྟེན་འབྲེལ་ལས་རྨི་ལམ་དང་སྒྱུ་མ་ལྟར་ཤར་ཅིང་། ཤར་དུས་ཉིད་ནས་དེ་དང་དེར་འདོགས་བྱེད་ཀྱི་བློས་ཕར་སོ་སོར་བཏགས་པ་ཙམ་མ་གཏོགས། གང་ཟག་དང་ཆོས་ཀྱིས་རབ་ཏུ་ཕྱེ་བའི་དོན་རང་གི་ངོས་ནས་གཅིག་དང་དུ་མའམ། རྒྱུ་དང་འབྲས་བུ་ལ་སོགས་པ་གང་དུ་གྲུབ་པའི་རིག་པས་དཔྱད་ན་བདེན་པའི་དངོས་པོར་གྲུབ་པ་རྡུལ་ཙམ་ཡང་མ་མཆིས་པའི་ཕྱིར་སྟོང་པ་དང་། རྟེན་འབྱུང་དབྱེར་མེད་པའི་དོན་ལ་ངེས་ཤེས་གཏིང་ཚུགས་པ་ཉིད་གཞིར་བཞག་སྟེ། དེ་ལྟ་བུའི་འོད་གསལ་སྟོང་པ་ཉིད་ཀྱི་གནས་ལུགས་གང་ཞིག་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡིན་པའི་རྒྱུ་མཚན་གྱིས། སྟོང་གཞི་ཆོས་ཅན། གཟུགས་ཀྱི་སྐུར་བསྒྲུབ་སྟེ་ཀུན་རྫོབ་ཏུ་ཡང་ཆོས་ཐམས་ཅད་འཁོར་འདས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་གཏན་ལ་དབབ་པ་ནི་སྔགས་ཀྱི་ཁྱད་ཆོས་ཏེ། སྒྱུ་འཕྲུལ་ལས། ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་སོ། །དེས་ན་སྣང༷་བས་བཏ༷གས་པའི་ཆོ༷ས་ཀུན༷་བདག་གཉིས་ཀྱི་བདེ༷ན་པ༷ས་སྟོང༷་པ༷འི་སྟོང་ཉིད་ཆོས་སྐུ་དང༷་། དེའི་སྟོང་གཞི་ཆོས་ཅན་གཟུགས་ཀྱི་སྐུ་མཉ༷མ་པར་སྦྱོར༷་བ་སྟེ་དབྱེར་མེད་པའི་ཡེ་ཤེས་ནི་གཞིའི་གནས་ལུགས་འོ༷ད་གས༷ལ་མཆོ༷ག་གི༷་རྡོ༷་རྗེ༷་སེམ༷ས་དཔའ་ཞེས་བྱ་སྟེ། སྤྱིར་འོད་གསལ་ལ་གཞི་ལམ་འབྲས་གསུམ་དང་། ལམ་ལའང་སྤྱི་སྦས་དཔེ་དོན་མཐར་ཐུག་སོགས་སུ་དབྱེ་བ་ལས། འདིར་སྐབས་དོན་སྔ་མ་ཉིད་བཟུང་ཞིང་། དེ་ཉིད་ལས་གཞན་པའི་བསྒྲུབ་བྱ་ཁྱད་པར་ཅན་གུད་ན་མ་དམིགས་ཤིང་སྤྲོས་པའི་འགྱུར་བ་སྤངས་པའི་ཕྱིར་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དང་། རྡོ་རྗེ་ཤེས་རབ་སྟོང་པ་ཉིད་དང་། སེམས་དཔའ་སྙིང་རྗེ་ཆེན་པོ་ལ་འཇུག་པས། སྐབས་འདིར་ཀཱ་རུ་ཎའི་སྒྲ་དོན་གཞན་བདེ་བ་འགོག་པ་སྟེ། ཟག་བཅས་ཀྱི་བདེ་བ་སྤངས་པའི་ཟག་མེད་བདེ་བའི་ཡེ་ཤེས་རང་ཆས་སུ་བཞུགས་པ་ལ་བདེ་སྟོང་ཟུང་འཇུག་གི་སྒྲས་ཀྱང་སྨོས་པ་ཉིད་གང་རྟོགས་པར་བྱ་བའི་གཞི་ཉིད་དུ་རྣམ་པར་འཇོག་གོ། །དེ་ལས་གཞན་ཡང་རང་རྒྱུད་དུ་གྲུབ་པའི་ལྷ་དང་། གཞན་རྒྱུད་དུ་གྲུབ་པའི་ལྷ་ལ་མཆོག་དམན་བལྟ་མིན་གྱི་སྒོ་ནས་ཕྱི་རྒྱུད་སྡེ་གསུམ་གྱི་ལྟ་བ་འཇོག་ཚུལ་དང་། དེ་ཡི་དབང་གིས་མཚན་བཅས་ལྷ་བསྒོམ་པ་དང་། མཚན་མེད་ལྷར་སྣང་སྒྱུ་མ་ལ་བརྟེན་ནས་བལྟས་པ་ལ་སོགས་པའི་བདེ་བས་ཡེ་ཤེས་འདྲེན་ཚུལ་སོགས་ཁྱད་པར་ཅན་འཆད་དུ་ཡོད་ཀྱང་རེ་ཞིག་དེ་ཙམ་མོ། །གཉིས་པ་ལམ་ནི། རྟེན་གྱི་གང་ཟག་ངེས་འབྱུང་དང་སྙིང་རྗེ་ཆེན་པོས་རྒྱུད་འབྱོངས་པའི་རྡོ་རྗེའི་སློབ་མ་དད་བརྩོན་བརྟུལ་ཞུགས་དང་ལྡན་པས། རང་བཞིན་བརྒྱད་ལྡན་གྱི་རྡོ་རྗེ་སློབ་དཔོན་ལས། རྒྱུ་གཉིས་དང་རྐྱེན་བཞིའི་སྦྱོར་བས་ཕན་ནུས་ཟབ་མོའི་དབང་གིས་རྒྱུད་སྨིན་པར་བྱས་ཏེ་དམ་ཚིག་དང་སྡོམ་པའི་ཀུན་སྤྱོད་ལ་གནས་པ་གཞིར་བཞག་ནས་ལམ་ལ་འཇུག་པར་བྱའོ། །དེ་ལ་ལམ་ཐམས་ཅད་ཐབས་ཤེས་སམ་ཐབས་གྲོལ་གཉིས་སུ་འདུ་བའི་ཚུལ་དང་། དེ་གཉིས་ཀྱང་སྤྱོད་ཚུལ་ཤས་ཆེ་ཆུང་ལས་ཡ་བྲལ་མ་ཡིན་པ་དང་། སྒྱུ་འཕྲུལ་རང་ལུགས་དབང་གསུམ་པའི་ཉམས་ལེན་ཁོ་ན་ཐབས་ལམ་དུ་བཞག་པའང་ཐབས་ཁྱད་པར་ཅན་གྱི་ཕྱིར་སྤྱི་མིང་བྱེ་བྲག་ལ་བཏགས་པའི་ཚུལ་རྣམས་ཀྱང་ཁོང་དུ་ཆུད་པར་གཅེས་ལ། འདིར་ནི་སྐབས་དོན་གྲོལ་ལམ་ཉིད་ཅུང་ཟད་བཤད་ན། མ་ཧཱ་ཡོ་ག་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་རྩ་བའི་རྒྱུད་གསང་བ་སྙིང་པོ་ལས། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། ཞེས་གསུངས་པའི་དོན། སྔར་སྨོས་པ་ལྟར་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ལུང་རིག་མན་ངག་གི་སྒོ་ནས་གཏན་ལ་ཕབ་སྟེ། རྐྱེན་འཇུག་པའི་མཚན་ཉིད་སྣང་ལུགས་ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་ལམ་དུ་བྱེད་པ་བསྐྱེད་རིམ་དང་། གནས་ལུགས་དོན་དམ་གྱི་བདེན་པ་གཙོ་བོར་ལམ་དུ་བྱེད་པ་རྫོགས་རིམ་སྟེ། དེ་སོ་སོར་སྟོང་པ་ཆེན་པོ་དང་། སྙིང་རྗེ་སྒྱུ་མ་དང་། ཕྱག་རྒྱ་གཅིག་པ་དང་། ཕྱག་རྒྱ་སྤྲོས་བཅས་དང་། ཚོམ་བུ་ཚོགས་སྒྲུབ་རྣམས་ཚུལ་བཞིན་དུ་ཉམས་སུ་བླངས་པ་སྟེ། དེ་ཡང་ཚོགས་ལམ་དུ་རིམ་པ་སྔ་མ་གཉིས་དང་བསྐྱེད་རིམ་ཕྱག་རྒྱ་གཅིག་པ་དང ་འབྲེལ་བའི་དབེན་གསུམ་ལ་མཉམ་པར་བཞག་པས་ལྷར་སྣང་སྒྱུ་མ་ལ་སེམས་རྩེ་གཅིག་པའི་སྣང་ཕྱོགས་དང་། རྣམ་པ་དེས་དབེན་པའི་སྟོང་ཉམས་སུ་འབྱམས་པ་སྟོང་ཕྱོགས་ཏེ་ཉམས་སྐྱོན་ཅན་གཉིས་དང་། འོད་གསལ་དུ་སོགས་ཀྱི་ཉམས་ཤར་བ་ཟུང་འཇུག་གི་ངོ་བོ་ཉིད་ནི་ཉམས་སྐྱོན་མེད་དེ། དེ་ཉིད་ནས་སྦྱོར་ལམ་དྲོད་ཀྱི་སྣེ་ཟིན་ཅིང་། བསྐྱེད་རིམ་ཕྱག་རྒྱ་སྤྲོས་བཅས་དང་འབྲེལ་བར་སྒྱུ་ལུས་དག་རིམ་པར་བསྒོམ་ཞིང་དཔེའི་ཡེ་ཤེས་ཡང་ཡང་བསྐྱང་སྟེ། ཚོམ་བུ་ཚོགས་སྒྲུབ་ཀྱི་སྤྱོད་པའི་ཉེ་རྒྱུས་བོགས་དབྱུང་བས། སྔར་རྒྱུ་དུས་སུ་བླ་མས་ངོ་སྤྲད་པ་དང་། ཐོས་བསམ་ཙམ་ལས་སྐྱེས་པའི་འཁོར་འདས་དབྱེར་མེད་དམ་བདེན་པ་དབྱེར་མེད་པའི་དོན་གྱི་ཡེ་ཤེས་མངོན་སུམ་དུ་རྟོགས་པ་ལ་གྲུབ་མཐའ་འཁོར་འདས་དབྱེར་མེད་ཅེས་འཇོག་ཅིང་། མི་འགྱུར་བའི་འབྲས་བུ་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུ་རྣམ་པར་སྨིན་པ་དང་། དེ་ཉིད་འོད་གསལ་དུ་བཅུག་པས་མཐོང་ལམ་མངོན་དུ་བྱས་ནས་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་དག་ཐོབ་ལ། དེ་ནས་སྒོམ་ལམ་དངོས་དང་། མི་སློབ་པའི་ལམ་གྱི་ཉེར་བསྡོགས་སློབ་པའི་ཟུང་འཇུག་གིས་བསྡུས་པའི་ཕྱག་ཆེན་དང་ལྷུན་གྲུབ་རིག་འཛིན་དག་རིམ་བཞིན་དུ་ཐོབ་པར་འགྱུར་རོ། །གསུམ་པ་འབྲས་བུ་ནི། སློབ་པའི་ཟུང་འཇུག་ཉིད་འབྲས་བུའི་འོད་གསལ་དུ་སྦྱངས་ཤིང་། མི་སློབ་པའི་ཟུང་འཇུག་གི་སྐུ་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པ། རིགས་ཐམས་ཅད་ཀྱི་ཁྱབ་བྱེད་ཀུན་བཟང་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་བྱས་པའང་བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ངོ་བོ་གསལ་སྟོང་ཟུང་འཇུག་གི་ལྡོག་པ་ལས་ཤར་བའི་ཚུལ་སོ་སོ་དང་རིག་པའི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པའི་བདེན་པས། རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རིག་པ་འཛིན་པ་བྱེ་བའི་ཁྱུ་མཆོག་ཁྱོད་ཉིད་ཞབས་ཀྱི་པདྨོ་བསྐལ་པ་རྒྱ་མཚོར་བརྟན་ཅིང་ཆོས་ཀྱི་འཁོར་ལོ་དུས་རྟག་ཏུ་བསྐོར་བར་གྱུར་ཅིག །ཅེས་ཤིས་པར་བརྗོད་པའི་རྒྱན་དུ་བྱས་པ་སྟེ། ཚིག་རྒྱན་གྱི་གཞུང་ལས། མངོན་པར་འདོད་པའི་དངོས་པོ་ལ། །སྨོན་པ་ཤིས་བརྗོད། ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་གཙོ་བོར་རྫོགས་པ་ཨ་ནུ་ཡོ་གའི་གཞུང་དང་སྦྱར་བ་ནི། མ་དག་རླུང་སེམས་དྷཱུ་ཏིའི་གཞན་དབང་དུ། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་སྟེ། དེ་ཡང་ཨ་ནུའི་མདོ་ལུང་ཐམས་ཅད་ཀྱི་རྩ་རྒྱུད་ཀུན་འདུས་རིག་པ་ལས། བྱ་བ་རྒྱུ་ཡི་རྣལ་འབྱོར་དང་། བྱེད་པ་རྐྱེན་གྱི་རྣལ་འབྱོར་དང་། བྱ་བྲལ་འབྲས་བུའི་རྣལ་འབྱོར་རོ། །ཞེས་རྒྱུ་རྐྱེན་འབྲས་བུའི་རྣལ་འབྱོར་གསུམ་དུ་གསུངས་པའི། དང་པོ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་དབྱིངས་སྟོང་པ་ཉིད་དང་རིག་པའི་ཡེ་ཤེས་དབྱེར་མེད་པའོ། །གཉིས་པ་ནི། ལམ་གྱི་རྩོལ་བ་དང་བཅས་པའི་བྱེད་པས་གོང་མའི་ལམ་སྟེགས་སམ་རྐྱེན་དུ་གྱུར་པ་མཚན་ཉིད་སྡེ་གསུམ་མོ། །གསུམ་པ་ནི། བདེན་གཉིས་དབྱེར་མེད་དུ་རྟོགས་པས་འབྲས་བུ་གཞན་ནས་མི་འཚོལ་བ་སྔགས་ཕྱི་ནང་གི་ཐེག་པ་སྟེ། དེ་ལས་ཁྱད་པར་མདོ་རང་ལུགས་ཀྱི་ལམ་ལ། ཐབས་ངེས་པ་དང་། ཤེས་རབ་རྣམ་པར་གྲོལ་བའི་ལམ་རྗེས་འབྲངས་དང་བཅས་པ་ལས་འདིར་ཕྱོགས་གཅིག་ཏུ་མདོར་བསྡུས་ཏེ་འཆད་ན། ཐུན་མོང་གི་ལམ་གྱིས་རྒྱུད་སྦྱངས་ཤིང་། སྨིན་བྱེད་ཀྱི་དབང་ཕྱི་ནང་སྒྲུབ་གསང་བཞིས་བསྡུས་པ་ལས་ཀྱང་། གཉིས་པ་དང་གསུམ་པ་དག་རྩལ་དུ་བཏོན་པས་རྒྱུད་སྨིན་ཅིང་སྤྱི་དང་བྱེ་བྲག་གི་དམ་ཚིག་རྣམ་པར་དག་པས། ཆོས་ཐམས་ཅད་ཀྱི་གཤིས་ལུགས་དཀྱིལ་འཁོར་རྣམ་གསུམ་མ་འདྲེས་ཡོངས་རྫོགས་སུ་གནས་པ་ཉིད་གྲོལ་ལམ་རྟོག་དཔྱོད་ཀྱི་རྗེས་སུ་འཇུག་པ་ལྟ་བས་གཏན་ལ་ཕབ་སྟེ། དོན་གྱི་རྗེས་སུ་འཇུག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཡི་གེའི་རྗེས་སུ་འཇུག་པ་བསྐྱེད་རིམ་ཇི་རིགས་པ་དང་འབྲེལ་བའི་སྒོ་ནས་གཙོ་བོར་ཐབས་ལམ་གྱི་རྫོགས་རིམ་ལ་འཇུག་པ་སྟེ། དེ་ཡང་དགའ་བ་བཞིས་དྲངས་པའི་ལྷན་སྐྱེས་དཔེ་ཡི་འོད་གསལ་ཉིད་བསྒྲུབ་བྱར་བྱས་ཏེ། སྒྲུབ་བྱེད་ཀྱི་ཐབས་སྟེང་འོག་གི་སྒོ་གཉིས་ལས། འདིར་སྔ་མ་ལྟར་བཤད་ན། འཁོར་བར་འཆིང་བྱེད་ཀྱི་གཙོ་བོ་མ་དག་པའི་ལས་ཀྱི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང་། གཟུང་འཛིན་གྱི་སེམས་རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་ས་བོན་དང་བཅས་པ། ཁྱབ་བྱེད་རླུང་གི་རྣལ་འབྱོར་བདུན་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཟུང་འབྲེལ་ལས་མཉམ་པར་འཇོག་པ་སོགས་བྱེད་པ་སྡོམ་པའི་ཐབས་ཀྱིས་དྷཱུ་ཏི་སྟེ་གཟུང་འཛིན་གཉིས་སྤངས་པའི་འོད་གསལ་གྱི་རྩ་དབུ་མའི་དབྱིངས་སུ་ཐིམ་ནས་རྣམ་པར་རྟོག་པ་ཡེ་ཤེས་ཀྱི་གཞན་དབང་དུ་གྱུར་པ་དང་། ནང་གི་ཉི་མ་ལྟེ་འོག་གི་གཏུམ་མོར་ཕན་པ་སྟེ་གནས་སྐབས་སུ་ཚིམ་པ་དང་། མཐར་ཐུག་དེ་ལས་སྐྱེས་པའི་བདེ་སྟོང་དགའ་བ་བཞིའི་ཡེ་ཤེས་ཀྱི་དཔྱིད་ཆེན་པོ་སྦྱིན་པར་མཛད་པ་ནང་གི་ཟླ་བ་ཧཾ་ཡིག་བྱང་ཆུབ་ཀྱི་སེམས་བདུད་རྩིར་ཞུ་བའི་བཏུང་བ། ཁྱབ་བྱ་གཏུམ་མོའི་འབར་འཛག་གིས་འཁོར་ལོ་བཞིར་རིམ་པར་དྲངས་པའི་མཐར་རྡོ་རྗེ་ནོར་བུའི་རྩེ་མོའི་རྒྱུན་མཐའ་རུ་སོང་ནས། སླར་རླུང་འཕོ་བ་དང་བྲལ་བའི་སྟོབས་ཀྱིས་ཕྱིར་འཛག་མེད་དུ་འཆིང་བ་དང་། བཟློག་ཁྱབ་བསྲེ་བའི་སྦྱོར་བས་བགྲང་ཡས་པའི་རྩའི་འཁོར་ལོ་ཐམས་ཅད་ཁྱབ་པས་དཔེ་ཡི་ཡེ་ཤེས་ཡང་ཡང་དྲངས་པ་དང་། དངོས་རིག་གི་ཕྱག་རྒྱའི་ཉེ་རྒྱུས་མཚམས་སྦྱོར་བ་དང་བཅས་པས་ཚོགས་ལམ་འདུན་པ་སེམས་པ་དང་། སྦྱོར་ལམ་རིག་ཆེན་འབྱེད་པ་དག་ཐོབ། དོན་གྱི་ཡེ་ཤེས་ཕྱོགས་གཅིག་པ་མཐོང་ལམ་དབུགས་ཆེན་འབྱིན་པ་མངོན་སུམ་དུ་བྱས། དེ་ལས་ལངས་པ་ན་སྒོམ་ལམ་ལུང་ཆེན་ཐོབ་པ་དང་། མཐར་ལམ་རྩལ་ཆེན་རྫོགས་པ་དག་བགྲོད་ནས། རྟེན་དེ་ལ་འདོད་ཆགས་ཆེན་པོའི་དབང་གིས་ཁུ་རྡུལ་རླུང་གསུམ་ཕྲ་མོ་སྟེང་འོག་ཏུ་འགགས་པའི་དེ་མ་ཐག་པར་འགྱུར་བདེ་མྱོང་བའི་རིག་ཤེས་ཀྱང་རྒྱུན་ཆད་དེ་སེམས་རྟོག་མེད་ཆོས་ཀྱི་སྐུ་དང་། ལུས་ཟག་མེད་འཇའ་ཚོན་གྱི་སྐུ་དབྱེར་མེད་པའི་མི་སློབ་པའི་ཟུང་འཇུག་གི་གོ་འཕང་མངོན་སུམ་དུ་བརྙེས་པ་གང་ཁྱོད། དོན་དམ་པར་སྐྱེ་འགག་ལ་སོགས་པའི་མཚན་མ་མ་དམིགས་ཀྱང་། ཀུན་རྫོབ་ཚུ་རོལ་མཐོང་བའི་བྱིས་པ་སོ་སོ་སྐྱེ་བོའི་བློ་ཅན་རྣམས་ཀྱི་ངོར་ཡང་འཕོ་འགྱུར་གྱི་མཚན་མ་མི་གཞེས་པར་མཐའ་ཡས་པའི་བསྐལ་པ་རྒྱ་མཚོར་དུས་རྟག་ཏུ་ཞབས་པད་བརྟན་པར་ཤོག་ཅིག་ཅེས་མངོན་པར་འདོད་པའི་དོན་ལ་སྨོན་པའི་ཚིག་གིས་མཐའ་བརྒྱན་པའོ། །གསུམ་པ་གཙོ་བོར་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་གཞུང་དང་སྦྱར་བ་ནི། དོན་དམ་ཀ་ནས་དག་པའི་སྤྲོས་བྲལ་དང་། །ཞེས་སོགས་ཚིགས་བཅད་གཅིག་སྟེ། དེའང་འོད་གསལ་རྫོགས་པ་ཆེན་པོ་མན་ངག་སྡེ་རྒྱུད་བཅུ་བདུན་གྱི་རྩ་བ་སྒྲ་ཐལ་འགྱུར་ལས། ཡེ་ཤེས་རང་རིག་གནས་པ་ལ། །གསུམ་གྱི་ཚུལ་གྱིས་དབྱེར་མེད་དོ། །ཞེས་གཞི་ཀ་དག་དང་ལྷུན་གྲུབ་ཟུང་འཇུག་གི་ཚུལ་གཏན་ལ་ཕབ་ནས། ལམ་ཁྲེགས་ཆོད་དང་ཐོད་རྒལ་དབྱེར་མེད་པར་ཉམས་སུ་བླངས་པས། འབྲས་བུ་སྐུ་དང་ཡེ་ཤེས་རང་ཤར་བའི་ཕྱིར་གཞི་ལམ་འབྲས་གསུམ་དུ་རྣམ་པར་བཞག་པ་ལས། དང་པོ་ནི། གཞི་ངེས་པ་དང་མ་ངེས་པར་འདོད་པ་སོགས་ཕྱོགས་རེར་འཆེལ་བ་གཞན་དག་ལུང་རིག་གིས་བསལ་ནས། ཀ་དག་གི་ཡེ་གཞི་ཉིད་སྐྱོན་མེད་དུ་ཁས་བླངས་པ་སྟེ། དེ་ཡང་དོན་དམ་པར་ཆོས་ཐམས་ཅད་ཀྱི་ངོ་བོ་ཀ་ནས་ཏེ་གཟོད་མ་ནས་རྣམ་པར་དག་པས་ཡོད་མེད་རྟག་ཆད་སྐྱེ་འགག་གཅིག་དང་དུ་མ་སོགས་གཉིས་སྣང་དང་བཅས་པའི་བློ་ཡི་ཡུལ་གང་དུའང་མ་གྲུབ་པའི་སྤྲོས་བྲལ་སྟོང་པ་ཉིད་དང་། དེའི་རང་བཞིན་གསལ་ཆ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་འགག་མེད་ལྷུན་གྱིས་གྲུབ་པར་འཆར་བའང་། ཐུགས་རྗེ་རང་རིག་པའི་ཆོས་ཅན་དུ་མཐོང་ནས་གཟུང་འཛིན་གྱི་ཆོས་ཟད་པའམ། དེ་ལས་གཞན་དུ་སྒྲོ་བཏགས་པའི་དབང་གི་གྲོལ་འཁྲུལ་གྱི་འཇུག་ལྡོག་བྱེད་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། གཞི་དེ་ཡང་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་སེམས་ཅན་ལ་སྣང་ནུས་པའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། ཐུན་མོང་གི་གྲུབ་མཐས་བློ་བསྒྱུར་བ་སྔོན་དུ་སོང་བས། དབང་བཞི་པ་ཉིད་ལས་རིམ་པར་ཕྱེ་བའི་སྤྲོས་བཅས་ལ་སོགས་པའི་དབང་བཞི་དང་དེའི་གཞི་རྟེན་དམ་ཚིག་གི་ཀུན་སྤྱོད་ཁྱད་པར་ཅན་གྱིས་གོ་ཕྱེ་ནས་ཁྲེགས་ཆོད་དང་ཐོད་རྒལ་གྱི་ལམ་ཟབ་མོར་འཇུག་པར་བྱ་སྟེ། དང་པོ་ནི། ཐལ་འགྱུར་ལས། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །སྣང་བ་ཐད་དཀར་གཅོད་ལ་འདུས། །ཞེས་གསུངས་པ་ལྟར། གྲོལ་ལུགས་བཞིའི་སྒོ་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པའི་འོད་གསལ་གྱི་ངང་དུ་ཡུལ་ཡུལ་ཅན་གྱི་སྤྲོས་པ་ཐད་ཀར་གཅོད་པ་སྟེ། གནས་ལུགས་དེ་ཉིད་གཟོད་མ་ནས་སྤྲོས་པའི་ཆོས་ཀྱིས་གོས་མ་མྱོང་བའི་ཕྱིར། ཡེ་གྲོལ། དེ་ལྟར་ཡིན་པ་ལ་གཟོད་གཉེན་པོས་བསྐྱར་ནས་དགྲོལ་དུ་མེད་པའི་ཕྱིར་རང་གྲོལ། གཟུང་འཛིན་གྱི་མཚན་མ་ཐད་ཀར་གཅོད་པ་ཅེར་གྲོལ། དུས་གསུམ་དུ་ཤེས་བྱ་བློའི་ཡུལ་དང་། ལྷན་ཅིག་མི་གནས་པའི་ཕྱིར་མཐའ་གྲོལ་ལོ། །གཉིས་པ་ནི། སྒྲོན་མ་བཞི་ལ། གནད་དྲུག་གིས་ཉམས་སུ་བླངས་པས། རང་འབྲས་སྣང་བ་བཞི་མཐར་ཕྱིན་པ་སྟེ། དེ་ཡང་སེམས་ཀྱི་ཆོས་ཉིད་རང་བཞིན་རྣམ་པར་དག་ཅིང་ཅིར་ཡང་འཆར་དུ་རུང་བ་ཤེས་རབ་རང་བྱུང་། སྙིང་ནས་མིག་ཏུ་འབྲེལ་བའི་རྩ་རྒྱང་ཞགས་ཆུ། སྤྲིན་བྲལ་ནམ་མཁར་མཐིང་ཞུན་ལྟ་བུའི་འོད་ཟླུམ་དག་པ་དབྱིངས་རྡོ་རྗེ་ལུ་གུ་རྒྱུད་གསེར་སྐུད་ལྡིང་བ་ལྟ་བུ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་ངེས་པར་བྱས་ནས། བཅའ་བ་ལུས། འཁྲིད་པ་དབྱིངས། འགྲོ་འོང་རླུང་། འཆར་བྱེད་སྒོ། འཆར་བྱ་ཡུལ། རྩ་བ་སེམས་ཀྱི་གནད་རྣམས་རྡོ་རྗེ་སློབ་དཔོན་གྱི་གསུང་གི་བདུད་རྩིས་ཇི་ལྟར་སྐབས་དབྱེ་བ་བཞིན་བརྩོན་པས། དྭངས་པའི་ཆུ་ལ་ཉི་མ་འཆར་བའི་འོད་སྟེང་གི་ནམ་མཁའ་ལ་ཕོག་པ་བཞིན་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་མཐོང་བ་ཆོས་ཉིད་མངོན་སུམ་དུ་སྣང་བའི་འོད་གསལ་གང་ཞིག །རང་རིག་པའི་རྩལ་ལས་གཞན་དུ་མ་དམིགས་པའི་ཕྱིར་གཉིས་སུ་འཛིན་པའི་མཐའ་སྤངས་ཏེ་སྣང་སྟོང་གི་འོད་གསལ་ཟུང་འབྲེལ་དུ་བསྐྱངས་པས། སྣང་བའི་འོད་གསལ་ཉིད་ཆེས་ཆེར་མཆེད་པ་ཉམས་གོང་འཕེལ་དང་། རིག་གདངས་ཀྱི་འཕེལ་ཆ་དེ་ལས་བོགས་དབྱུང་དུ་མེད་པར་ཐོབ་པ་རིག་པ་ཚད་ཕེབས་དང་། ལྟོས་གཞིའི་ཆོས་ཅན་གྱི་འཇུག་པ་ཟད་པས་དེ་ལ་ལྟོས་པའི་ཆོས་ཉིད་ཀྱང་ངོ་བོ་ཉིད་ཀྱིས་རང་བཞིན་མ་གྲུབ་པས་ཆོས་ཉིད་ཟད་པ་སྟེ་ལམ་སྣང་བ་བཞི་རིམ་གྱིས་བགྲོད་པའི་མཐར། གསུམ་པ་ནི། རང་བཞིན་རྫོགས་པ་ཆེན་པོ་ཞེས་གཞི་ལམ་འབྲས་གསུམ་གྱི་ལྡོག་ཆ་ཐ་དད་པ་ལས། འདིར་ཕྱི་མའི་དབང་དུ་བྱས་ན། གཞི་དེ་ལས་འཕགས་པའི་གཞི་སྣང་ཁྱད་ཆོས་དྲུག་ལྡན་རང་བཞིན་ཀ་དག་གི་ཡེ་ཤེས་གཅིག་པུའི་ཀློང་དུ་མི་སློབ་པའི་ཟུང་འཇུག་ལོངས་སྐུ་རྣམ་པ་གཉིས་དང་། སྤྲུལ་པའི་སྐུ་གསུམ་སོགས་སྐུ་དང་ཡེ་ཤེས་རྒྱ་མཚོ་ལྟ་བུ་ས་བོན་གྱི་ཚུལ་དུ་རྫོགས་པ་མངོན་སུམ་དུ་བྱས་པ་ན། དེ་ལས་གོང་དུ་འཐོབ་བྱ་གཞན་མ་དམིགས་པའི་ཕྱིར་ཆེན་པོའི་སྒྲས་སྨོས་པའམ། ཡང་མ་ཧཱ་སནྡྷི་ཞེས་པའི་སྒྲ་ལས་དྲངས་ན་མཉམ་པའི་བློ་ཆེན་པོ་སྟེ། སྐུ་གསུམ་མཉམ་པ་ཉིད་ནང་དབྱིངས་གཞོན་ནུ་བུམ་སྐུར་གྲགས་པ་ངོ་བོ་ཉིད་ཀྱི་སྐུ་དང་། དེའི་ལྡོག་ཆ་ཟག་པ་མེད་པའི་བློའམ་ཡེ་ཤེས་ཀྱི་རྣམ་རོལ་སྐུ་གསུམ་དང་། རྟག་ཅིང་ཁྱབ་དང་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཆེན་པོ་ལ་དབང་འབྱོར་པའི་ཕྱིར་རྒྱུན་གྱིས་རྟག་པ་འཕོ་བ་ཆེན་པོའི་གོ་འཕང་ལས་གཞར་ཡང་མི་གཡོ་བའི་ཚུལ་གདུལ་བྱ་ཐུན་མོང་བའི་སྣང་ངོར་ཀྱང་མངོན་དུ་མཛད་ནས་འཆི་མེད་རྡོ་རྗེའི་གཟུགས་སྐུ་ནམ་མཁའ་ཇི་སྲིད་བར་དུ་བཞུགས་པར་གྱུར་ཅིག་ཅེས་བདེན་པའི་ཚིག་གིས་མཚམས་སྦྱར་བའོ། །མདོར་ན་ཚིགས་སུ་བཅད་པ་འདི་གསུམ་དུ་སྔ་འགྱུར་རྡོ་རྗེ་ཐེག་པ་ནང་རྒྱུད་སྡེ་གསུམ་གྱི་བརྗོད་བྱ་མཐའ་དག་དངོས་ཤུགས་ཇི་རིགས་པའི་སྒོ་ནས་འདུས་པས་ན། དེ་དང་དེའི་གཞུང་སོ་སོ་དང་སྦྱར་བའི་བཤད་པ་དང་། བྱེ་བྲག་ཏུ་བསྐྱེད་རྫོགས་སྡེ་གསུམ་དང་། དབང་བཞིའི་ལམ་འབྲས་བུ་དང་བཅས་པ་དག་ཕན་ཚུན་ལྟོ་སྦྱར་ཏེ། ཐུན་མོང་བ་དང་མི་འགལ་ཞིང་། ཐུན་མོང་མ་ཡིན་པ་དག་མ་འདྲེས་པའི་ཚུལ་གྱིས་རྒྱ་ཆེར་སྤྲོས་པས་ཆོག་གོ། །ཞར་ལ་གསོལ་འདེབས་འདི་ཉིད་ཉམས་སུ་བསྟར་བའི་སྐབས་ཀྱི་དམིགས་རྣམ་ཅུང་ཟད་བཤད་ན། ངེས་འབྱུང་དང་། ལྷག་པའི་བསམ་པས་གཞི་བཟུང་ཞིང་། བླ་མའི་རྣམ་ཐར་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་རྒྱུད་བསྐུལ་ཏེ། མདུན་གྱི་ནམ་མཁར་ཡིད་འཕྲོག་མཆོད་པའི་སྤྲིན་ཕུང་སྣ་ཚོགས་པའི་དབུས་སུ། རྗེ་བཙུན་བླ་མ་དམ་པ་ཉིད་ད་ལྟའི་སྐུ་ཡི་རྣམ་པ་ཇི་ལྟ་བ་ལ། གཞོན་ཚུལ་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་ཞིང་། ན་བཟའ་གཟབ་འཕྱོར་གྱི་རྣམ་པ་ཅན་དུ་བསྒོམ་པ་ནི་རྟེན་འབྲེལ་གྱི་གནད་ཡིན་པས། དེ་ལྟར་ལེགས་པར་གསལ་ཐེབས་པ་དང་། སྤྲོ་ན་ཡན་ལག་བདུན་པ་སྔོན་དུ་འགྲོ་བས། ཚིག་དོན་ཡིད་ལ་དྲན་བཞིན་པའམ། དེ་ཙམ་མི་ནུས་ཀྱང་ཞབས་པད་བརྟན་པར་སྙིང་ཐག་པ་ནས་གསོལ་བ་ལན་ཇི་ལྟར་རིགས་པ་གདབ་པས། རྗེ་བཙུན་བླ་མས་ཀྱང་དགྱེས་བཞིན་དུ་ཞལ་གྱིས་བཞེས་ཏེ། སྐུ་ཡི་ཆ་ཐམས་ཅད་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས། འཁོར་འདས་ལམ་གསུམ་གྱི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཐམས་ཅད་འོད་ཟེར་བདུད་རྩིའི་རྣམ་པར་སྤྱན་དྲངས་ནས་ཐིམ་པའི་སྐད་ཅིག་དེ་ཉིད་ལ་མགོན་པོ་ཚེ་དཔག་ཏུ་མེད་པའི་སྐུར་གྱུར་ཏེ་ཇི་སྲིད་འཁོར་བ་མ་སྟོང་བར་དུ་ཆོས་འཁོར་བསྐོར་བཞིན་དུ་བཞུགས་པར་བསམས་ལ་བསྔོ་སྨོན་གྱིས་རྒྱས་གདབ། རང་དོན་དུ་ཚེ་སྒྲུབ་བྱེད་ནའང་། ཕྱག་གི་བུམ་པ་ལས་འཆི་མེད་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་ཅིང་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ་ཚེ་གཟུངས་བཟླ་བའང་བྱ་ཞེས་མན་ངག་རིག་པ་རྣམས་ཀྱིས་གསུངས་སོ། །གསུམ་པ་མཇུག་གི་དོན་ནི། ཞེས་པའང་མཆོག་གི་རྡོ་རྗེའི་སློབ་དཔོན་སོགས་སྦྱར་བྱང་གི་མཇུག་བསྡུ་བ་སྟེ་གོ་སླ་བས་མ་སྤྲོས་སོ། །འཆི་མེད་གྲུབ་པའི་རྡོ་རྗེའི་ཚིག །ཅུང་ཟད་བཤད་པའི་ལེགས་བྱས་ཀྱིས། །ཁྱབ་བདག་འཇམ་དབྱངས་བླ་མ་ཆེའི། །ཞབས་པད་བསྐལ་བརྒྱར་བརྟན་གྱུར་ཅིག །ཅེས་པའང་རིས་མེད་པའི་ཡོངས་འཛིན་དམ་པ་རྣམས་ཀྱི་གསུང་གི་བདུད་རྩི་མང་དུ་ཐོབ་ཀྱང་སྙོམས་ལས་ཁོ་ནའི་གཞན་དབང་དུ་གྱུར་པའི་ཀུན་རྨོངས་ཀུན་ཏུ་རྒྱུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། རྗེ་བླ་མ་ཉིད་ཀྱི་གསུང་འགའ་ཞིག་མཐོང་བ་དང་། ཅུང་ཟད་ཐོས་པ་ཉིད་གཞིར་བྱས་ཏེ་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོར་ཟིན་བྲིས་སུ་ཤིན་ཏུ་སྙིང་པོར་དྲིལ་བའི་ཚུལ་གྱིས་ཤར་མར་སྤེལ་བ་སྟེ། ནོངས་པའི་ཚོགས་རྣམས་ཡེ་ཤེས་གཟིགས་པ་དམ་པས་བསལ་དུ་གསོལ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །། ༈ }} | ||
༄༅། །འཆི་མེད་གྲུབ་པའི་བདེན་ཚིག་གི་རྣམ་འགྲེལ་ཉུང་ངུ་ཚིག་དོན་གྱི་ས་བོན་ཅེས་བྱ་བ་བཞུགས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །རྒྱལ་སྲས་འཇམ་དཔལ་གཞོན་ནུའི་དངོས། །གཞན་ཕན་ཕ་མཐའ་ཡས་པ་ཡིས། །བྱང་ཆུབ་བར་དུ་སྐྱོང་གྱུར་ཅིག །དེ་ལ་འདི་སྐད་ཅེས་རྗེས་སུ་ཐོས་ཏེ། གང་གི་ཚེ་གཟོད་མ་ནས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་ཀུན་ཏུ་འཆང་བའི་གོ་འཕང་ལས་གཞར་ཡང་མ་གཡོས་བཞིན་དུ། མི་སློབ་པའི་ཟུང་འཇུག་དག་པ་སྒྱུ་མའི་སྣང་བརྙན་ཅིར་ཡང་འཆར་བ་ལས། རེ་ཞིག་བཅོམ་ལྡན་འདས་གཟུགས་ཀྱི་རྒྱལ་པོའི་མཚན་གཞན་དུ་བསྒྱུར་བ་ནི། འཇིག་རྟེན་གྱི་མིག་གཅིག་པུ་བཻ་རོ་ཙ་ན་རཀྵི་ཏ་སོགས་མཁས་པ་དང་། གྲུབ་པའི་སྐྱེ་སྲིད་བགྲང་ལས་འདས་པ་བཟུང་བའི་མཐར། ཆེས་ཆེར་ཤིན་ཏུ་སྙིགས་མའི་དུས་འདིར་རྒྱལ་བའི་བསྟན་པ་སྤྱི་དང་། བྱེ་བྲག་རྡོ་རྗེ་ཐེག་པ་ནང་རྒྱུད་སྡེ་གསུམ་གྱི་བསྟན་པའི་མེ་རོ་གསར་དུ་སློང་བའི་ཤིང་རྟ་ཆེན་པོ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་ཞེས་བྱ་བ་སྨྲ་བའི་ཁྱུ་མཆོག་རླབས་པོ་ཆེའི་གནས་ཐོབ་པའི་ཉིན་མོར་བྱེད་པ་ཞིག་འཇིག་རྟེན་དུ་ཤར་བར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་རིག་པ་དང་གྲོལ་བའི་ཡོན་ཏན་རྨད་དུ་བྱུང་བ་དཀྱིལ་འཁོར་རྒྱ་མཚོའི་རྡོ་རྗེའི་སློབ་དཔོན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་བྱ་བ་སྔ་འགྱུར་གྱི་བསྟན་འཛིན་བྱེ་བའི་དབུས་ན་མངོན་པར་མཐོ་བ་གང་དེས་འདི་སྐད་ཅེས་རྗེས་སུ་དགོངས་ཏེ། ཀྱེ་མ་དེང་གི་དུས་འདི་ནི་ཧ་ཅང་སྙིགས་མར་སྤྱོད་པས་ཡིད་སྲུབས་ཀྱི་ཚོགས་སྟོབས་རྒྱས་པའི་མཐུས། འཇིག་རྟེན་གསུམ་ན་རྙེད་པར་དཀའ་བའི་བཤེས་གཉེན་དམ་པ་འདི་ལྟ་བུ་ཞིག་བཞུགས་སུ་ཟིན་ཀྱང་ཡུན་རིང་དུ་འཚོ་ཞིང་གཞེས་པར་དཀའ་བས་ན། བླ་མ་ལ་བདག་གིས་ནི་རྗེ་རང་ཉིད་ཀྱི་ཐུགས་རྒྱུད་བསྐུལ་ཏེ་བདེན་ཚིག་གི་བདུད་རྩིས་འཆི་མེད་གྲུབ་པའི་པདྨོ་གསར་དུ་བཞད་པར་བགྱིའོ་སྙམ་དུ་དགོངས་སོ། །དགོངས་ནས་ཀྱང་གསུང་གི་ཟིལ་མངར་མཎྜལ་གྱི་རྟེན་དང་བཅས་ཏེ་གསོལ་བ་བཏབ་པ་ན། འཇམ་མགོན་བླ་མ་ཉིད་ཀྱིས་ཀྱང་ཚིག་ཉུང་ཞིང་དོན་བསམ་གྱིས་མི་ཁྱབ་པའི་ཚིགས་སུ་བཅད་པ་འདི་ཉིད་སྩལ་བས་དགེ་མཚན་གྱི་སྣང་བ་ཅིར་ཡང་བྱས་པར་གྱུར་ཏོ་ཞེས་གྲགས་སོ། །དེ་ནས་ཅུང་ཞིག་ལོན་པ་ན། སླར་ཡང་རྗེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོའི་རྒྱན་དུ་འཛིན་པའི་བློ་གསལ་རིག་པར་སྨྲ་བ་དག་གིས། ཁོ་བོ་ཅག་ལ་ཚིག་དང་དོན་གྱི་ཆ་གསལ་བར་གྱིས་ཤིག་ཅེས་མཉན་པར་འོས་པའི་ངག་གིས་མཚམས་སྦྱར་ནའང་མི་མཁས་པ་དང་། མ་སྦྱངས་པ་དང་། རྣམ་པར་གཡེང་བའི་གཞན་དབང་གིས་སྨྲ་བར་འོས་པའི་སྐབས་མ་མཆིས་མོད། དེ་ལྟར་ནའང་དམ་པའི་གསུང་རྣར་གཟོན་བགྱིད་པར་ཕོངས་ནས་ཚིག་འགྲེལ་མདོར་བསྡུས་སུ་འཆད་པ་ལ་གསུམ། ཀླད་དང་། གཞུང་དང་། མཇུག་གི་དོན་ནོ། །དང་པོ་ནི། ཨོཾ་སྭ་སྟི། ཞེས་པ་སྟེ། ཚིག་རྒྱན་གྱི་གཞུང་ལས། ཤིས་བརྗོད་ཕྱག་བྱ་རོས་བོ་ནི། །ངེས་པར་བསྟན་པའང་དེ་ཡི་སྒོ། །ཞེས་བསྟན་བཅོས་རྩོམ་པ་ལ་འཇུག་པའི་སྒོ་གསུམ་དུ་གསུངས་པའི་ནང་ཚན་ལེགས་སྦྱར་གྱི་སྐད་དུ་ཤིས་པར་བརྗོད་པའི་ཚིག་གིས་མདུན་བསུ་བ་སྟེ། དེ་ཡང་གང་གིས། གང་ལ། ཇི་ལྟར་ཤེས་པར་བྱ་བའི་ཚུལ་ཏེ་གསུམ་ལས། དང་པོ་ནི། ཨོཾ་ཞེས་པ་སཾ་སྐྲྀ་ཏའི་གཞུང་མིང་དང་རྟགས་རྗེས་སུ་སྟོན་པའི་བསྟན་བཅོས་ལས་དོན་དུ་མ་ཅན་གྱི་སྡེ་ཚན་དུ་བཀླགས་ཤིང་། དེ་དང་མཐུན་པར་རྒྱུད་རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་པ། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཅེས་དོན་བདུན་ལ་འཇུག་ཅིང་རིག་སྔགས་ཀྱི་ནོར་བུ་འཛིན་པར་གསུངས་པ་ལས། འདིར་རེ་ཞིག་བཀྲ་ཤིས་པའི་འཇུག་པའི་དབང་དུ་བྱས་ཏེ་བཤད་ན། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། ཆོས་༡ཤེས་བཀྲ་ཤིས་བཀྲ་ཤིས་༢འབྱུང་། །བཀྲ་ཤིས་༣ཀུན་གྱི་བཀྲ་ཤིས་༤པ། །གྲགས་༥པའི་བཀྲ་ཤིས་སྙན་གྲགས་དགེ། །ཞེས་སྤྱིར་བཀྲ་ཤིས་པའི་ཚིག་གཅིག་ཉིད་བཤད་པའི་གཞིར་བཞག་སྟེ། ངོ་བོ་དང་། བྱེད་ལས། འབྲས་བུ་དང་། དེའི་ཁྱད་པར་དང་མཐར་ཕྱིན་པ་སྟེ་རྣམ་པ་ལྔའི་སྒོ་ནས་ཚོགས་སྦྱོར་མཐོང་སྒོམ་མི་སློབ་པའི་ལམ་ལྔར་བྱེ་བྲག་ཏུ་འཇུག་པའི་ཚུལ་རྒྱ་ཆེར་བཤད་དུ་ཡོད་ལ། དེ་ལྟ་བུའི་ལམ་ལྔ་མཐར་ཕྱིན་པ་ནི་རྫོགས་པའི་སངས་རྒྱས། ལམ་རང་གི་ངོ་བོ་ནི་འགོག་པ་དང་། དེས་མཚོན་པར་བྱེད་པ་ལམ་བདེན་གྱི་དམ་ཆོས། དེ་དག་སྒྲུབ་ཅིང་འཆད་པར་བྱེད་པ་དགེ་འདུན། དེ་གསུམ་ངོ་བོ་དབྱེར་མེད་པའི་བླ་མ་སྟེ། མདོར་ན་བླ་མ་དང་དཀོན་མཆོག་གསུམ་མཚོན་པར་བྱེད་པས་ན་གང་གིས་ཤིས་པར་བྱེད་པ་པོའོ། །གཞན་ཡང་འདི་ལ་ཐུན་མོང་རིག་བྱེད་ཀྱི་གཞུང་ལས་གྲགས་པའི་ངེས་ཚིག་གི་བཤད་པ་དང་། ཁྱད་པར་གསང་སྔགས་ནང་གི་ངེས་དོན་དང་སྦྱར་བའི་བཤད་པ་རྒྱ་ཆེར་མཆིས་ཀྱང་ཡི་གེས་འཇིགས་པས་མ་སྤྲོས་སོ། །གཉིས་པ་ནི། དངོས་སུ་གཞུང་བསྐུལ་ཞིང་རྩོམ་པ་པོ་དང་། བརྒྱུད་ནས་ཉམས་སུ་ལེན་པ་མཐའ་དག་གོ། །གསུམ་པ་ནི། སྭ་སྟི། ཞེས་པ་སྟེ་མིང་གི་གཙུག་ལག་ལས། སྭ་སྟི་ཤིས་པ་དགེ་ལེགས་དང་། །བསོད་ནམས་དང་ནི་ཤིན་ཏུ་དགའ། །ཞེས་དོན་དུ་མ་ལ་འཇུག་པར་བཤད་པས། སྐབས་འདིར་བདེ་ལེགས་སུ་གྱུར་ཅིག །ཅེས་གནས་སྐབས་སུ་མངོན་པར་མཐོ་བའི་བདེ་བ་དང་། མཐར་ཐུག་ངེས་པར་ལེགས་པའི་གོ་འཕང་ལ་དབང་འབྱོར་བའི་བཀྲ་ཤིས་དང་དགེ་མཚན་གྱི་སྣང་བས་ཡོངས་སུ་ཁྱབ་པར་གྱུར་ཅིག །ཅེས་སྨོན་པའི་ཚིག་གིས་མཐར་བརྒྱན་པའོ། །གཉིས་པ་གཞུང་གི་དོན་ལ་གསུམ་ལས། དང་པོར་གཙོ་བོར་བསྐྱེད་པ་མ་ཧཱ་ཡོ་གའི་གཞུང་དང་སྦྱར་བ་ནི། སྣང་བཏགས་ཆོས་ཀུན་བདེན་པས་སྟོང་པ་དང་། །ཞེས་སོགས་ཚིགས་བཅད་གཅིག་སྟེ། དེ་ཡང་སྙིང་པོའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་གསུངས་པ་ལྟར་གཞི་ལམ་འབྲས་བུའི་རྒྱུད་ཀྱི་ངེས་གསང་དང་སྦྱར་ན། དང་པོ་ནི། འདི་ལྟར་ཆོས་ཐམས་ཅད་གནས་ལུགས་དོན་དམ་པའི་ངོས་ནས་སྤྲོས་པའི་མཐའ་གང་དུའང་མ་གྲུབ་ཀྱང་། སྣང་ཚུལ་ཀུན་རྫོབ་ཀྱི་ངོས་ནས་རྒྱུ་རྐྱེན་སྣ་ཚོགས་པའི་རྟེན་འབྲེལ་ལས་རྨི་ལམ་དང་སྒྱུ་མ་ལྟར་ཤར་ཅིང་། ཤར་དུས་ཉིད་ནས་དེ་དང་དེར་འདོགས་བྱེད་ཀྱི་བློས་ཕར་སོ་སོར་བཏགས་པ་ཙམ་མ་གཏོགས། གང་ཟག་དང་ཆོས་ཀྱིས་རབ་ཏུ་ཕྱེ་བའི་དོན་རང་གི་ངོས་ནས་གཅིག་དང་དུ་མའམ། རྒྱུ་དང་འབྲས་བུ་ལ་སོགས་པ་གང་དུ་གྲུབ་པའི་རིག་པས་དཔྱད་ན་བདེན་པའི་དངོས་པོར་གྲུབ་པ་རྡུལ་ཙམ་ཡང་མ་མཆིས་པའི་ཕྱིར་སྟོང་པ་དང་། རྟེན་འབྱུང་དབྱེར་མེད་པའི་དོན་ལ་ངེས་ཤེས་གཏིང་ཚུགས་པ་ཉིད་གཞིར་བཞག་སྟེ། དེ་ལྟ་བུའི་འོད་གསལ་སྟོང་པ་ཉིད་ཀྱི་གནས་ལུགས་གང་ཞིག་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡིན་པའི་རྒྱུ་མཚན་གྱིས། སྟོང་གཞི་ཆོས་ཅན། གཟུགས་ཀྱི་སྐུར་བསྒྲུབ་སྟེ་ཀུན་རྫོབ་ཏུ་ཡང་ཆོས་ཐམས་ཅད་འཁོར་འདས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་གཏན་ལ་དབབ་པ་ནི་སྔགས་ཀྱི་ཁྱད་ཆོས་ཏེ། སྒྱུ་འཕྲུལ་ལས། ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་སོ། །དེས་ན་སྣང༷་བས་བཏ༷གས་པའི་ཆོ༷ས་ཀུན༷་བདག་གཉིས་ཀྱི་བདེ༷ན་པ༷ས་སྟོང༷་པ༷འི་སྟོང་ཉིད་ཆོས་སྐུ་དང༷་། དེའི་སྟོང་གཞི་ཆོས་ཅན་གཟུགས་ཀྱི་སྐུ་མཉ༷མ་པར་སྦྱོར༷་བ་སྟེ་དབྱེར་མེད་པའི་ཡེ་ཤེས་ནི་གཞིའི་གནས་ལུགས་འོ༷ད་གས༷ལ་མཆོ༷ག་གི༷་རྡོ༷་རྗེ༷་སེམ༷ས་དཔའ་ཞེས་བྱ་སྟེ། སྤྱིར་འོད་གསལ་ལ་གཞི་ལམ་འབྲས་གསུམ་དང་། ལམ་ལའང་སྤྱི་སྦས་དཔེ་དོན་མཐར་ཐུག་སོགས་སུ་དབྱེ་བ་ལས། འདིར་སྐབས་དོན་སྔ་མ་ཉིད་བཟུང་ཞིང་། དེ་ཉིད་ལས་གཞན་པའི་བསྒྲུབ་བྱ་ཁྱད་པར་ཅན་གུད་ན་མ་དམིགས་ཤིང་སྤྲོས་པའི་འགྱུར་བ་སྤངས་པའི་ཕྱིར་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དང་། རྡོ་རྗེ་ཤེས་རབ་སྟོང་པ་ཉིད་དང་། སེམས་དཔའ་སྙིང་རྗེ་ཆེན་པོ་ལ་འཇུག་པས། སྐབས་འདིར་ཀཱ་རུ་ཎའི་སྒྲ་དོན་གཞན་བདེ་བ་འགོག་པ་སྟེ། ཟག་བཅས་ཀྱི་བདེ་བ་སྤངས་པའི་ཟག་མེད་བདེ་བའི་ཡེ་ཤེས་རང་ཆས་སུ་བཞུགས་པ་ལ་བདེ་སྟོང་ཟུང་འཇུག་གི་སྒྲས་ཀྱང་སྨོས་པ་ཉིད་གང་རྟོགས་པར་བྱ་བའི་གཞི་ཉིད་དུ་རྣམ་པར་འཇོག་གོ། །དེ་ལས་གཞན་ཡང་རང་རྒྱུད་དུ་གྲུབ་པའི་ལྷ་དང་། གཞན་རྒྱུད་དུ་གྲུབ་པའི་ལྷ་ལ་མཆོག་དམན་བལྟ་མིན་གྱི་སྒོ་ནས་ཕྱི་རྒྱུད་སྡེ་གསུམ་གྱི་ལྟ་བ་འཇོག་ཚུལ་དང་། དེ་ཡི་དབང་གིས་མཚན་བཅས་ལྷ་བསྒོམ་པ་དང་། མཚན་མེད་ལྷར་སྣང་སྒྱུ་མ་ལ་བརྟེན་ནས་བལྟས་པ་ལ་སོགས་པའི་བདེ་བས་ཡེ་ཤེས་འདྲེན་ཚུལ་སོགས་ཁྱད་པར་ཅན་འཆད་དུ་ཡོད་ཀྱང་རེ་ཞིག་དེ་ཙམ་མོ། །གཉིས་པ་ལམ་ནི། རྟེན་གྱི་གང་ཟག་ངེས་འབྱུང་དང་སྙིང་རྗེ་ཆེན་པོས་རྒྱུད་འབྱོངས་པའི་རྡོ་རྗེའི་སློབ་མ་དད་བརྩོན་བརྟུལ་ཞུགས་དང་ལྡན་པས། རང་བཞིན་བརྒྱད་ལྡན་གྱི་རྡོ་རྗེ་སློབ་དཔོན་ལས། རྒྱུ་གཉིས་དང་རྐྱེན་བཞིའི་སྦྱོར་བས་ཕན་ནུས་ཟབ་མོའི་དབང་གིས་རྒྱུད་སྨིན་པར་བྱས་ཏེ་དམ་ཚིག་དང་སྡོམ་པའི་ཀུན་སྤྱོད་ལ་གནས་པ་གཞིར་བཞག་ནས་ལམ་ལ་འཇུག་པར་བྱའོ། །དེ་ལ་ལམ་ཐམས་ཅད་ཐབས་ཤེས་སམ་ཐབས་གྲོལ་གཉིས་སུ་འདུ་བའི་ཚུལ་དང་། དེ་གཉིས་ཀྱང་སྤྱོད་ཚུལ་ཤས་ཆེ་ཆུང་ལས་ཡ་བྲལ་མ་ཡིན་པ་དང་། སྒྱུ་འཕྲུལ་རང་ལུགས་དབང་གསུམ་པའི་ཉམས་ལེན་ཁོ་ན་ཐབས་ལམ་དུ་བཞག་པའང་ཐབས་ཁྱད་པར་ཅན་གྱི་ཕྱིར་སྤྱི་མིང་བྱེ་བྲག་ལ་བཏགས་པའི་ཚུལ་རྣམས་ཀྱང་ཁོང་དུ་ཆུད་པར་གཅེས་ལ། འདིར་ནི་སྐབས་དོན་གྲོལ་ལམ་ཉིད་ཅུང་ཟད་བཤད་ན། མ་ཧཱ་ཡོ་ག་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་རྩ་བའི་རྒྱུད་གསང་བ་སྙིང་པོ་ལས། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། ཞེས་གསུངས་པའི་དོན། སྔར་སྨོས་པ་ལྟར་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ལུང་རིག་མན་ངག་གི་སྒོ་ནས་གཏན་ལ་ཕབ་སྟེ། རྐྱེན་འཇུག་པའི་མཚན་ཉིད་སྣང་ལུགས་ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་ལམ་དུ་བྱེད་པ་བསྐྱེད་རིམ་དང་། གནས་ལུགས་དོན་དམ་གྱི་བདེན་པ་གཙོ་བོར་ལམ་དུ་བྱེད་པ་རྫོགས་རིམ་སྟེ། དེ་སོ་སོར་སྟོང་པ་ཆེན་པོ་དང་། སྙིང་རྗེ་སྒྱུ་མ་དང་། ཕྱག་རྒྱ་གཅིག་པ་དང་། ཕྱག་རྒྱ་སྤྲོས་བཅས་དང་། ཚོམ་བུ་ཚོགས་སྒྲུབ་རྣམས་ཚུལ་བཞིན་དུ་ཉམས་སུ་བླངས་པ་སྟེ། དེ་ཡང་ཚོགས་ལམ་དུ་རིམ་པ་སྔ་མ་གཉིས་དང་བསྐྱེད་རིམ་ཕྱག་རྒྱ་གཅིག་པ་དང ་འབྲེལ་བའི་དབེན་གསུམ་ལ་མཉམ་པར་བཞག་པས་ལྷར་སྣང་སྒྱུ་མ་ལ་སེམས་རྩེ་གཅིག་པའི་སྣང་ཕྱོགས་དང་། རྣམ་པ་དེས་དབེན་པའི་སྟོང་ཉམས་སུ་འབྱམས་པ་སྟོང་ཕྱོགས་ཏེ་ཉམས་སྐྱོན་ཅན་གཉིས་དང་། འོད་གསལ་དུ་སོགས་ཀྱི་ཉམས་ཤར་བ་ཟུང་འཇུག་གི་ངོ་བོ་ཉིད་ནི་ཉམས་སྐྱོན་མེད་དེ། དེ་ཉིད་ནས་སྦྱོར་ལམ་དྲོད་ཀྱི་སྣེ་ཟིན་ཅིང་། བསྐྱེད་རིམ་ཕྱག་རྒྱ་སྤྲོས་བཅས་དང་འབྲེལ་བར་སྒྱུ་ལུས་དག་རིམ་པར་བསྒོམ་ཞིང་དཔེའི་ཡེ་ཤེས་ཡང་ཡང་བསྐྱང་སྟེ། ཚོམ་བུ་ཚོགས་སྒྲུབ་ཀྱི་སྤྱོད་པའི་ཉེ་རྒྱུས་བོགས་དབྱུང་བས། སྔར་རྒྱུ་དུས་སུ་བླ་མས་ངོ་སྤྲད་པ་དང་། ཐོས་བསམ་ཙམ་ལས་སྐྱེས་པའི་འཁོར་འདས་དབྱེར་མེད་དམ་བདེན་པ་དབྱེར་མེད་པའི་དོན་གྱི་ཡེ་ཤེས་མངོན་སུམ་དུ་རྟོགས་པ་ལ་གྲུབ་མཐའ་འཁོར་འདས་དབྱེར་མེད་ཅེས་འཇོག་ཅིང་། མི་འགྱུར་བའི་འབྲས་བུ་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུ་རྣམ་པར་སྨིན་པ་དང་། དེ་ཉིད་འོད་གསལ་དུ་བཅུག་པས་མཐོང་ལམ་མངོན་དུ་བྱས་ནས་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་དག་ཐོབ་ལ། དེ་ནས་སྒོམ་ལམ་དངོས་དང་། མི་སློབ་པའི་ལམ་གྱི་ཉེར་བསྡོགས་སློབ་པའི་ཟུང་འཇུག་གིས་བསྡུས་པའི་ཕྱག་ཆེན་དང་ལྷུན་གྲུབ་རིག་འཛིན་དག་རིམ་བཞིན་དུ་ཐོབ་པར་འགྱུར་རོ། །གསུམ་པ་འབྲས་བུ་ནི། སློབ་པའི་ཟུང་འཇུག་ཉིད་འབྲས་བུའི་འོད་གསལ་དུ་སྦྱངས་ཤིང་། མི་སློབ་པའི་ཟུང་འཇུག་གི་སྐུ་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པ། རིགས་ཐམས་ཅད་ཀྱི་ཁྱབ་བྱེད་ཀུན་བཟང་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་བྱས་པའང་བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ངོ་བོ་གསལ་སྟོང་ཟུང་འཇུག་གི་ལྡོག་པ་ལས་ཤར་བའི་ཚུལ་སོ་སོ་དང་རིག་པའི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པའི་བདེན་པས། རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རིག་པ་འཛིན་པ་བྱེ་བའི་ཁྱུ་མཆོག་ཁྱོད་ཉིད་ཞབས་ཀྱི་པདྨོ་བསྐལ་པ་རྒྱ་མཚོར་བརྟན་ཅིང་ཆོས་ཀྱི་འཁོར་ལོ་དུས་རྟག་ཏུ་བསྐོར་བར་གྱུར་ཅིག །ཅེས་ཤིས་པར་བརྗོད་པའི་རྒྱན་དུ་བྱས་པ་སྟེ། ཚིག་རྒྱན་གྱི་གཞུང་ལས། མངོན་པར་འདོད་པའི་དངོས་པོ་ལ། །སྨོན་པ་ཤིས་བརྗོད། ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་གཙོ་བོར་རྫོགས་པ་ཨ་ནུ་ཡོ་གའི་གཞུང་དང་སྦྱར་བ་ནི། མ་དག་རླུང་སེམས་དྷཱུ་ཏིའི་གཞན་དབང་དུ། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་སྟེ། དེ་ཡང་ཨ་ནུའི་མདོ་ལུང་ཐམས་ཅད་ཀྱི་རྩ་རྒྱུད་ཀུན་འདུས་རིག་པ་ལས། བྱ་བ་རྒྱུ་ཡི་རྣལ་འབྱོར་དང་། བྱེད་པ་རྐྱེན་གྱི་རྣལ་འབྱོར་དང་། བྱ་བྲལ་འབྲས་བུའི་རྣལ་འབྱོར་རོ། །ཞེས་རྒྱུ་རྐྱེན་འབྲས་བུའི་རྣལ་འབྱོར་གསུམ་དུ་གསུངས་པའི། དང་པོ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་དབྱིངས་སྟོང་པ་ཉིད་དང་རིག་པའི་ཡེ་ཤེས་དབྱེར་མེད་པའོ། །གཉིས་པ་ནི། ལམ་གྱི་རྩོལ་བ་དང་བཅས་པའི་བྱེད་པས་གོང་མའི་ལམ་སྟེགས་སམ་རྐྱེན་དུ་གྱུར་པ་མཚན་ཉིད་སྡེ་གསུམ་མོ། །གསུམ་པ་ནི། བདེན་གཉིས་དབྱེར་མེད་དུ་རྟོགས་པས་འབྲས་བུ་གཞན་ནས་མི་འཚོལ་བ་སྔགས་ཕྱི་ནང་གི་ཐེག་པ་སྟེ། དེ་ལས་ཁྱད་པར་མདོ་རང་ལུགས་ཀྱི་ལམ་ལ། ཐབས་ངེས་པ་དང་། ཤེས་རབ་རྣམ་པར་གྲོལ་བའི་ལམ་རྗེས་འབྲངས་དང་བཅས་པ་ལས་འདིར་ཕྱོགས་གཅིག་ཏུ་མདོར་བསྡུས་ཏེ་འཆད་ན། ཐུན་མོང་གི་ལམ་གྱིས་རྒྱུད་སྦྱངས་ཤིང་། སྨིན་བྱེད་ཀྱི་དབང་ཕྱི་ནང་སྒྲུབ་གསང་བཞིས་བསྡུས་པ་ལས་ཀྱང་། གཉིས་པ་དང་གསུམ་པ་དག་རྩལ་དུ་བཏོན་པས་རྒྱུད་སྨིན་ཅིང་སྤྱི་དང་བྱེ་བྲག་གི་དམ་ཚིག་རྣམ་པར་དག་པས། ཆོས་ཐམས་ཅད་ཀྱི་གཤིས་ལུགས་དཀྱིལ་འཁོར་རྣམ་གསུམ་མ་འདྲེས་ཡོངས་རྫོགས་སུ་གནས་པ་ཉིད་གྲོལ་ལམ་རྟོག་དཔྱོད་ཀྱི་རྗེས་སུ་འཇུག་པ་ལྟ་བས་གཏན་ལ་ཕབ་སྟེ། དོན་གྱི་རྗེས་སུ་འཇུག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཡི་གེའི་རྗེས་སུ་འཇུག་པ་བསྐྱེད་རིམ་ཇི་རིགས་པ་དང་འབྲེལ་བའི་སྒོ་ནས་གཙོ་བོར་ཐབས་ལམ་གྱི་རྫོགས་རིམ་ལ་འཇུག་པ་སྟེ། དེ་ཡང་དགའ་བ་བཞིས་དྲངས་པའི་ལྷན་སྐྱེས་དཔེ་ཡི་འོད་གསལ་ཉིད་བསྒྲུབ་བྱར་བྱས་ཏེ། སྒྲུབ་བྱེད་ཀྱི་ཐབས་སྟེང་འོག་གི་སྒོ་གཉིས་ལས། འདིར་སྔ་མ་ལྟར་བཤད་ན། འཁོར་བར་འཆིང་བྱེད་ཀྱི་གཙོ་བོ་མ་དག་པའི་ལས་ཀྱི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང་། གཟུང་འཛིན་གྱི་སེམས་རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་ས་བོན་དང་བཅས་པ། ཁྱབ་བྱེད་རླུང་གི་རྣལ་འབྱོར་བདུན་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཟུང་འབྲེལ་ལས་མཉམ་པར་འཇོག་པ་སོགས་བྱེད་པ་སྡོམ་པའི་ཐབས་ཀྱིས་དྷཱུ་ཏི་སྟེ་གཟུང་འཛིན་གཉིས་སྤངས་པའི་འོད་གསལ་གྱི་རྩ་དབུ་མའི་དབྱིངས་སུ་ཐིམ་ནས་རྣམ་པར་རྟོག་པ་ཡེ་ཤེས་ཀྱི་གཞན་དབང་དུ་གྱུར་པ་དང་། ནང་གི་ཉི་མ་ལྟེ་འོག་གི་གཏུམ་མོར་ཕན་པ་སྟེ་གནས་སྐབས་སུ་ཚིམ་པ་དང་། མཐར་ཐུག་དེ་ལས་སྐྱེས་པའི་བདེ་སྟོང་དགའ་བ་བཞིའི་ཡེ་ཤེས་ཀྱི་དཔྱིད་ཆེན་པོ་སྦྱིན་པར་མཛད་པ་ནང་གི་ཟླ་བ་ཧཾ་ཡིག་བྱང་ཆུབ་ཀྱི་སེམས་བདུད་རྩིར་ཞུ་བའི་བཏུང་བ། ཁྱབ་བྱ་གཏུམ་མོའི་འབར་འཛག་གིས་འཁོར་ལོ་བཞིར་རིམ་པར་དྲངས་པའི་མཐར་རྡོ་རྗེ་ནོར་བུའི་རྩེ་མོའི་རྒྱུན་མཐའ་རུ་སོང་ནས། སླར་རླུང་འཕོ་བ་དང་བྲལ་བའི་སྟོབས་ཀྱིས་ཕྱིར་འཛག་མེད་དུ་འཆིང་བ་དང་། བཟློག་ཁྱབ་བསྲེ་བའི་སྦྱོར་བས་བགྲང་ཡས་པའི་རྩའི་འཁོར་ལོ་ཐམས་ཅད་ཁྱབ་པས་དཔེ་ཡི་ཡེ་ཤེས་ཡང་ཡང་དྲངས་པ་དང་། དངོས་རིག་གི་ཕྱག་རྒྱའི་ཉེ་རྒྱུས་མཚམས་སྦྱོར་བ་དང་བཅས་པས་ཚོགས་ལམ་འདུན་པ་སེམས་པ་དང་། སྦྱོར་ལམ་རིག་ཆེན་འབྱེད་པ་དག་ཐོབ། དོན་གྱི་ཡེ་ཤེས་ཕྱོགས་གཅིག་པ་མཐོང་ལམ་དབུགས་ཆེན་འབྱིན་པ་མངོན་སུམ་དུ་བྱས། དེ་ལས་ལངས་པ་ན་སྒོམ་ལམ་ལུང་ཆེན་ཐོབ་པ་དང་། མཐར་ལམ་རྩལ་ཆེན་རྫོགས་པ་དག་བགྲོད་ནས། རྟེན་དེ་ལ་འདོད་ཆགས་ཆེན་པོའི་དབང་གིས་ཁུ་རྡུལ་རླུང་གསུམ་ཕྲ་མོ་སྟེང་འོག་ཏུ་འགགས་པའི་དེ་མ་ཐག་པར་འགྱུར་བདེ་མྱོང་བའི་རིག་ཤེས་ཀྱང་རྒྱུན་ཆད་དེ་སེམས་རྟོག་མེད་ཆོས་ཀྱི་སྐུ་དང་། ལུས་ཟག་མེད་འཇའ་ཚོན་གྱི་སྐུ་དབྱེར་མེད་པའི་མི་སློབ་པའི་ཟུང་འཇུག་གི་གོ་འཕང་མངོན་སུམ་དུ་བརྙེས་པ་གང་ཁྱོད། དོན་དམ་པར་སྐྱེ་འགག་ལ་སོགས་པའི་མཚན་མ་མ་དམིགས་ཀྱང་། ཀུན་རྫོབ་ཚུ་རོལ་མཐོང་བའི་བྱིས་པ་སོ་སོ་སྐྱེ་བོའི་བློ་ཅན་རྣམས་ཀྱི་ངོར་ཡང་འཕོ་འགྱུར་གྱི་མཚན་མ་མི་གཞེས་པར་མཐའ་ཡས་པའི་བསྐལ་པ་རྒྱ་མཚོར་དུས་རྟག་ཏུ་ཞབས་པད་བརྟན་པར་ཤོག་ཅིག་ཅེས་མངོན་པར་འདོད་པའི་དོན་ལ་སྨོན་པའི་ཚིག་གིས་མཐའ་བརྒྱན་པའོ། །གསུམ་པ་གཙོ་བོར་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་གཞུང་དང་སྦྱར་བ་ནི། དོན་དམ་ཀ་ནས་དག་པའི་སྤྲོས་བྲལ་དང་། །ཞེས་སོགས་ཚིགས་བཅད་གཅིག་སྟེ། དེའང་འོད་གསལ་རྫོགས་པ་ཆེན་པོ་མན་ངག་སྡེ་རྒྱུད་བཅུ་བདུན་གྱི་རྩ་བ་སྒྲ་ཐལ་འགྱུར་ལས། ཡེ་ཤེས་རང་རིག་གནས་པ་ལ། །གསུམ་གྱི་ཚུལ་གྱིས་དབྱེར་མེད་དོ། །ཞེས་གཞི་ཀ་དག་དང་ལྷུན་གྲུབ་ཟུང་འཇུག་གི་ཚུལ་གཏན་ལ་ཕབ་ནས། ལམ་ཁྲེགས་ཆོད་དང་ཐོད་རྒལ་དབྱེར་མེད་པར་ཉམས་སུ་བླངས་པས། འབྲས་བུ་སྐུ་དང་ཡེ་ཤེས་རང་ཤར་བའི་ཕྱིར་གཞི་ལམ་འབྲས་གསུམ་དུ་རྣམ་པར་བཞག་པ་ལས། དང་པོ་ནི། གཞི་ངེས་པ་དང་མ་ངེས་པར་འདོད་པ་སོགས་ཕྱོགས་རེར་འཆེལ་བ་གཞན་དག་ལུང་རིག་གིས་བསལ་ནས། ཀ་དག་གི་ཡེ་གཞི་ཉིད་སྐྱོན་མེད་དུ་ཁས་བླངས་པ་སྟེ། དེ་ཡང་དོན་དམ་པར་ཆོས་ཐམས་ཅད་ཀྱི་ངོ་བོ་ཀ་ནས་ཏེ་གཟོད་མ་ནས་རྣམ་པར་དག་པས་ཡོད་མེད་རྟག་ཆད་སྐྱེ་འགག་གཅིག་དང་དུ་མ་སོགས་གཉིས་སྣང་དང་བཅས་པའི་བློ་ཡི་ཡུལ་གང་དུའང་མ་གྲུབ་པའི་སྤྲོས་བྲལ་སྟོང་པ་ཉིད་དང་། དེའི་རང་བཞིན་གསལ་ཆ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་འགག་མེད་ལྷུན་གྱིས་གྲུབ་པར་འཆར་བའང་། ཐུགས་རྗེ་རང་རིག་པའི་ཆོས་ཅན་དུ་མཐོང་ནས་གཟུང་འཛིན་གྱི་ཆོས་ཟད་པའམ། དེ་ལས་གཞན་དུ་སྒྲོ་བཏགས་པའི་དབང་གི་གྲོལ་འཁྲུལ་གྱི་འཇུག་ལྡོག་བྱེད་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། གཞི་དེ་ཡང་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་སེམས་ཅན་ལ་སྣང་ནུས་པའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། ཐུན་མོང་གི་གྲུབ་མཐས་བློ་བསྒྱུར་བ་སྔོན་དུ་སོང་བས། དབང་བཞི་པ་ཉིད་ལས་རིམ་པར་ཕྱེ་བའི་སྤྲོས་བཅས་ལ་སོགས་པའི་དབང་བཞི་དང་དེའི་གཞི་རྟེན་དམ་ཚིག་གི་ཀུན་སྤྱོད་ཁྱད་པར་ཅན་གྱིས་གོ་ཕྱེ་ནས་ཁྲེགས་ཆོད་དང་ཐོད་རྒལ་གྱི་ལམ་ཟབ་མོར་འཇུག་པར་བྱ་སྟེ། དང་པོ་ནི། ཐལ་འགྱུར་ལས། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །སྣང་བ་ཐད་དཀར་གཅོད་ལ་འདུས། །ཞེས་གསུངས་པ་ལྟར། གྲོལ་ལུགས་བཞིའི་སྒོ་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པའི་འོད་གསལ་གྱི་ངང་དུ་ཡུལ་ཡུལ་ཅན་གྱི་སྤྲོས་པ་ཐད་ཀར་གཅོད་པ་སྟེ། གནས་ལུགས་དེ་ཉིད་གཟོད་མ་ནས་སྤྲོས་པའི་ཆོས་ཀྱིས་གོས་མ་མྱོང་བའི་ཕྱིར། ཡེ་གྲོལ། དེ་ལྟར་ཡིན་པ་ལ་གཟོད་གཉེན་པོས་བསྐྱར་ནས་དགྲོལ་དུ་མེད་པའི་ཕྱིར་རང་གྲོལ། གཟུང་འཛིན་གྱི་མཚན་མ་ཐད་ཀར་གཅོད་པ་ཅེར་གྲོལ། དུས་གསུམ་དུ་ཤེས་བྱ་བློའི་ཡུལ་དང་། ལྷན་ཅིག་མི་གནས་པའི་ཕྱིར་མཐའ་གྲོལ་ལོ། །གཉིས་པ་ནི། སྒྲོན་མ་བཞི་ལ། གནད་དྲུག་གིས་ཉམས་སུ་བླངས་པས། རང་འབྲས་སྣང་བ་བཞི་མཐར་ཕྱིན་པ་སྟེ། དེ་ཡང་སེམས་ཀྱི་ཆོས་ཉིད་རང་བཞིན་རྣམ་པར་དག་ཅིང་ཅིར་ཡང་འཆར་དུ་རུང་བ་ཤེས་རབ་རང་བྱུང་། སྙིང་ནས་མིག་ཏུ་འབྲེལ་བའི་རྩ་རྒྱང་ཞགས་ཆུ། སྤྲིན་བྲལ་ནམ་མཁར་མཐིང་ཞུན་ལྟ་བུའི་འོད་ཟླུམ་དག་པ་དབྱིངས་རྡོ་རྗེ་ལུ་གུ་རྒྱུད་གསེར་སྐུད་ལྡིང་བ་ལྟ་བུ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་ངེས་པར་བྱས་ནས། བཅའ་བ་ལུས། འཁྲིད་པ་དབྱིངས། འགྲོ་འོང་རླུང་། འཆར་བྱེད་སྒོ། འཆར་བྱ་ཡུལ། རྩ་བ་སེམས་ཀྱི་གནད་རྣམས་རྡོ་རྗེ་སློབ་དཔོན་གྱི་གསུང་གི་བདུད་རྩིས་ཇི་ལྟར་སྐབས་དབྱེ་བ་བཞིན་བརྩོན་པས། དྭངས་པའི་ཆུ་ལ་ཉི་མ་འཆར་བའི་འོད་སྟེང་གི་ནམ་མཁའ་ལ་ཕོག་པ་བཞིན་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་མཐོང་བ་ཆོས་ཉིད་མངོན་སུམ་དུ་སྣང་བའི་འོད་གསལ་གང་ཞིག །རང་རིག་པའི་རྩལ་ལས་གཞན་དུ་མ་དམིགས་པའི་ཕྱིར་གཉིས་སུ་འཛིན་པའི་མཐའ་སྤངས་ཏེ་སྣང་སྟོང་གི་འོད་གསལ་ཟུང་འབྲེལ་དུ་བསྐྱངས་པས། སྣང་བའི་འོད་གསལ་ཉིད་ཆེས་ཆེར་མཆེད་པ་ཉམས་གོང་འཕེལ་དང་། རིག་གདངས་ཀྱི་འཕེལ་ཆ་དེ་ལས་བོགས་དབྱུང་དུ་མེད་པར་ཐོབ་པ་རིག་པ་ཚད་ཕེབས་དང་། ལྟོས་གཞིའི་ཆོས་ཅན་གྱི་འཇུག་པ་ཟད་པས་དེ་ལ་ལྟོས་པའི་ཆོས་ཉིད་ཀྱང་ངོ་བོ་ཉིད་ཀྱིས་རང་བཞིན་མ་གྲུབ་པས་ཆོས་ཉིད་ཟད་པ་སྟེ་ལམ་སྣང་བ་བཞི་རིམ་གྱིས་བགྲོད་པའི་མཐར། གསུམ་པ་ནི། རང་བཞིན་རྫོགས་པ་ཆེན་པོ་ཞེས་གཞི་ལམ་འབྲས་གསུམ་གྱི་ལྡོག་ཆ་ཐ་དད་པ་ལས། འདིར་ཕྱི་མའི་དབང་དུ་བྱས་ན། གཞི་དེ་ལས་འཕགས་པའི་གཞི་སྣང་ཁྱད་ཆོས་དྲུག་ལྡན་རང་བཞིན་ཀ་དག་གི་ཡེ་ཤེས་གཅིག་པུའི་ཀློང་དུ་མི་སློབ་པའི་ཟུང་འཇུག་ལོངས་སྐུ་རྣམ་པ་གཉིས་དང་། སྤྲུལ་པའི་སྐུ་གསུམ་སོགས་སྐུ་དང་ཡེ་ཤེས་རྒྱ་མཚོ་ལྟ་བུ་ས་བོན་གྱི་ཚུལ་དུ་རྫོགས་པ་མངོན་སུམ་དུ་བྱས་པ་ན། དེ་ལས་གོང་དུ་འཐོབ་བྱ་གཞན་མ་དམིགས་པའི་ཕྱིར་ཆེན་པོའི་སྒྲས་སྨོས་པའམ། ཡང་མ་ཧཱ་སནྡྷི་ཞེས་པའི་སྒྲ་ལས་དྲངས་ན་མཉམ་པའི་བློ་ཆེན་པོ་སྟེ། སྐུ་གསུམ་མཉམ་པ་ཉིད་ནང་དབྱིངས་གཞོན་ནུ་བུམ་སྐུར་གྲགས་པ་ངོ་བོ་ཉིད་ཀྱི་སྐུ་དང་། དེའི་ལྡོག་ཆ་ཟག་པ་མེད་པའི་བློའམ་ཡེ་ཤེས་ཀྱི་རྣམ་རོལ་སྐུ་གསུམ་དང་། རྟག་ཅིང་ཁྱབ་དང་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཆེན་པོ་ལ་དབང་འབྱོར་པའི་ཕྱིར་རྒྱུན་གྱིས་རྟག་པ་འཕོ་བ་ཆེན་པོའི་གོ་འཕང་ལས་གཞར་ཡང་མི་གཡོ་བའི་ཚུལ་གདུལ་བྱ་ཐུན་མོང་བའི་སྣང་ངོར་ཀྱང་མངོན་དུ་མཛད་ནས་འཆི་མེད་རྡོ་རྗེའི་གཟུགས་སྐུ་ནམ་མཁའ་ཇི་སྲིད་བར་དུ་བཞུགས་པར་གྱུར་ཅིག་ཅེས་བདེན་པའི་ཚིག་གིས་མཚམས་སྦྱར་བའོ། །མདོར་ན་ཚིགས་སུ་བཅད་པ་འདི་གསུམ་དུ་སྔ་འགྱུར་རྡོ་རྗེ་ཐེག་པ་ནང་རྒྱུད་སྡེ་གསུམ་གྱི་བརྗོད་བྱ་མཐའ་དག་དངོས་ཤུགས་ཇི་རིགས་པའི་སྒོ་ནས་འདུས་པས་ན། དེ་དང་དེའི་གཞུང་སོ་སོ་དང་སྦྱར་བའི་བཤད་པ་དང་། བྱེ་བྲག་ཏུ་བསྐྱེད་རྫོགས་སྡེ་གསུམ་དང་། དབང་བཞིའི་ལམ་འབྲས་བུ་དང་བཅས་པ་དག་ཕན་ཚུན་ལྟོ་སྦྱར་ཏེ། ཐུན་མོང་བ་དང་མི་འགལ་ཞིང་། ཐུན་མོང་མ་ཡིན་པ་དག་མ་འདྲེས་པའི་ཚུལ་གྱིས་རྒྱ་ཆེར་སྤྲོས་པས་ཆོག་གོ། །ཞར་ལ་གསོལ་འདེབས་འདི་ཉིད་ཉམས་སུ་བསྟར་བའི་སྐབས་ཀྱི་དམིགས་རྣམ་ཅུང་ཟད་བཤད་ན། ངེས་འབྱུང་དང་། ལྷག་པའི་བསམ་པས་གཞི་བཟུང་ཞིང་། བླ་མའི་རྣམ་ཐར་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་རྒྱུད་བསྐུལ་ཏེ། མདུན་གྱི་ནམ་མཁར་ཡིད་འཕྲོག་མཆོད་པའི་སྤྲིན་ཕུང་སྣ་ཚོགས་པའི་དབུས་སུ། རྗེ་བཙུན་བླ་མ་དམ་པ་ཉིད་ད་ལྟའི་སྐུ་ཡི་རྣམ་པ་ཇི་ལྟ་བ་ལ། གཞོན་ཚུལ་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་ཞིང་། ན་བཟའ་གཟབ་འཕྱོར་གྱི་རྣམ་པ་ཅན་དུ་བསྒོམ་པ་ནི་རྟེན་འབྲེལ་གྱི་གནད་ཡིན་པས། དེ་ལྟར་ལེགས་པར་གསལ་ཐེབས་པ་དང་། སྤྲོ་ན་ཡན་ལག་བདུན་པ་སྔོན་དུ་འགྲོ་བས། ཚིག་དོན་ཡིད་ལ་དྲན་བཞིན་པའམ། དེ་ཙམ་མི་ནུས་ཀྱང་ཞབས་པད་བརྟན་པར་སྙིང་ཐག་པ་ནས་གསོལ་བ་ལན་ཇི་ལྟར་རིགས་པ་གདབ་པས། རྗེ་བཙུན་བླ་མས་ཀྱང་དགྱེས་བཞིན་དུ་ཞལ་གྱིས་བཞེས་ཏེ། སྐུ་ཡི་ཆ་ཐམས་ཅད་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས། འཁོར་འདས་ལམ་གསུམ་གྱི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཐམས་ཅད་འོད་ཟེར་བདུད་རྩིའི་རྣམ་པར་སྤྱན་དྲངས་ནས་ཐིམ་པའི་སྐད་ཅིག་དེ་ཉིད་ལ་མགོན་པོ་ཚེ་དཔག་ཏུ་མེད་པའི་སྐུར་གྱུར་ཏེ་ཇི་སྲིད་འཁོར་བ་མ་སྟོང་བར་དུ་ཆོས་འཁོར་བསྐོར་བཞིན་དུ་བཞུགས་པར་བསམས་ལ་བསྔོ་སྨོན་གྱིས་རྒྱས་གདབ། རང་དོན་དུ་ཚེ་སྒྲུབ་བྱེད་ནའང་། ཕྱག་གི་བུམ་པ་ལས་འཆི་མེད་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་ཅིང་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ་ཚེ་གཟུངས་བཟླ་བའང་བྱ་ཞེས་མན་ངག་རིག་པ་རྣམས་ཀྱིས་གསུངས་སོ། །གསུམ་པ་མཇུག་གི་དོན་ནི། ཞེས་པའང་མཆོག་གི་རྡོ་རྗེའི་སློབ་དཔོན་སོགས་སྦྱར་བྱང་གི་མཇུག་བསྡུ་བ་སྟེ་གོ་སླ་བས་མ་སྤྲོས་སོ། །འཆི་མེད་གྲུབ་པའི་རྡོ་རྗེའི་ཚིག །ཅུང་ཟད་བཤད་པའི་ལེགས་བྱས་ཀྱིས། །ཁྱབ་བདག་འཇམ་དབྱངས་བླ་མ་ཆེའི། །ཞབས་པད་བསྐལ་བརྒྱར་བརྟན་གྱུར་ཅིག །ཅེས་པའང་རིས་མེད་པའི་ཡོངས་འཛིན་དམ་པ་རྣམས་ཀྱི་གསུང་གི་བདུད་རྩི་མང་དུ་ཐོབ་ཀྱང་སྙོམས་ལས་ཁོ་ནའི་གཞན་དབང་དུ་གྱུར་པའི་ཀུན་རྨོངས་ཀུན་ཏུ་རྒྱུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། རྗེ་བླ་མ་ཉིད་ཀྱི་གསུང་འགའ་ཞིག་མཐོང་བ་དང་། ཅུང་ཟད་ཐོས་པ་ཉིད་གཞིར་བྱས་ཏེ་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོར་ཟིན་བྲིས་སུ་ཤིན་ཏུ་སྙིང་པོར་དྲིལ་བའི་ཚུལ་གྱིས་ཤར་མར་སྤེལ་བ་སྟེ། ནོངས་པའི་ཚོགས་རྣམས་ཡེ་ཤེས་གཟིགས་པ་དམ་པས་བསལ་དུ་གསོལ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །། ༈ }} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 16:24, 18 May 2021
Wylie title | 'chi med grub pa'i bden tshig gi rnam 'grel nyung ngu tshig don gyi sa bon | ![]() |
---|---|---|
Location | mkhyen brtse'i bka' 'bum Volume 6, sde tshan 2, Text 18, Pages 268-287 (Folios 68b1 to 78a2) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Citation | 'jam dbyangs mkhyen brtse'i dbang po. chi med grub pa'i bden tshig gi rnam 'grel nyung ngu tshig don gyi sa bon. In jam dbyangs mkhyen brtse'i dbang po'i bka' 'bum, Vol. 6: 268-287. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Commentaries - 'grel pa · Notes - zin bris | |
Colophon |
།ཅེས་པའང་རིས་མེད་པའི་ཡོངས་འཛིན་དམ་པ་རྣམས་ཀྱི་གསུང་གི་བདུད་རྩི་མང་དུ་ཐོབ་ཀྱང་སྙོམས་ལས་ཁོ་ནའི་གཞན་དབང་དུ་གྱུར་པའི་ཀུན་རྨོངས་ཀུན་ཏུ་རྒྱུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། རྗེ་བླ་མ་ཉིད་ཀྱི་གསུང་འགའ་ཞིག་མཐོང་བ་དང་། ཅུང་ཟད་ཐོས་པ་ཉིད་གཞིར་བྱས་ཏེ་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོར་ཟིན་བྲིས་སུ་ཤིན་ཏུ་སྙིང་པོར་དྲིལ་བའི་ཚུལ་གྱིས་ཤར་མར་སྤེལ་བ་སྟེ། ནོངས་པའི་ཚོགས་རྣམས་ཡེ་ཤེས་གཟིགས་པ་དམ་པས་བསལ་དུ་གསོལ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། | |
ces pa'ang ris med pa'i yongs 'dzin dam pa rnams kyi gsung gi bdud rtsi mang du thob kyang snyoms las kho na'i gzhan dbang du gyur pa'i kun rmongs kun tu rgyu 'jam dbyangs mkhyen brtse'i dbang pos/__rje bla ma nyid kyi gsung 'ga' zhig mthong ba dang /__cung zad thos pa nyid gzhir byas te o rgyan smin grol gling nges pa don gyi dga' ba'i tshal chen por zin bris su shin tu snying por dril ba'i tshul gyis shar mar spel ba ste/__nongs pa'i tshogs rnams ye shes gzigs pa dam pas bsal du gsol/__/sarba dA ka l+yA NaM b+ha ba tu |
1 Texts in this Section (sde tshan or chos tshan)
18 268-287
|
འཆི་མེད་གྲུབ་པའི་བདེན་ཚིག་གི་རྣམ་འགྲེལ་ཉུང་ངུ་ཚིག་དོན་གྱི་ས་བོན། 'chi med grub pa'i bden tshig gi rnam 'grel nyung ngu tshig don gyi sa bon
|
Text page View PDF |
[[|འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ()]] |