SPCD-KABUM-02-KHA-009: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=ལུང་འདྲེན་གཅེས་བཏུས་སྣ་ཚོགས། | |||
|fulltitle=lung 'dren gces btus sna tshogs | |||
|citation=[['phags mchog rdo rje]]. ''Lung 'dren gces btus sna tshogs''. In ''Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che '', Vol. 2: 329-374. Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004. | |||
|collectiontitletib=འཕགས་མཆོག་བཀའ་འབུམ། | |||
|collectiontitle='phags mchog bka' 'bum | |collectiontitle='phags mchog bka' 'bum | ||
|author='phags mchog rdo rje | |author='phags mchog rdo rje | ||
|authortib=འཕགས་མཆོག་རྡོ་རྗེ་ | |authortib=འཕགས་མཆོག་རྡོ་རྗེ་ | ||
| | |tibgenre=Collections of Scriptural Citations - lung btus | ||
|terma=No | |||
|language=Tibetan | |language=Tibetan | ||
|volumenumber=02 | |||
|volnumtib=༢ | |volnumtib=༢ | ||
|volyigtib=ཁ་ | |volyigtib=ཁ་ | ||
| | |totalvolumes=3 | ||
|textnuminvol=009 | |textnuminvol=009 | ||
|pagenumbers=329-374 | |||
|totalpages=46 | |||
|beginfolioline=1a1 | |||
|endfolioline=23b3 | |||
|totalfolios=23 | |||
|multivolumework=No | |||
|versonotes=lung 'dren gces btus | |||
|colophontib=།ཞེས་པ་འདིའང་། དེང་སང་དུས་དབང་དང་། ཐོས་ཆུང་དབང་གིས་ཕྱོགས་རིས་ངན་པ་རེ་འགས་རྒྱལ་བསྟན་རིན་པོ་ཆེ་ལ་ང་ཁྱོད་འཛིན་ནས་དབྱེན་དཀྲུག་ལྟ་བུའི་ཅལ་སྒྲ་སྣ་ཚོགས་སྒྲོགས་པའི་སྐབས་འདིར་ཆགས་སྡང་རྨོངས་གསུམ་གྱིས་དུག་ཆུའི་མ་བསླད་པར་བློ་དམན་རྣམས་ལ་ཕན་དུ་རེ་ནས་ཐེག་པ་ཆེ་ཆུང་གི་རྣམ་བཞག་དང་། ལྟ་བའི་འདོད་ཚུལ། གང་ཟག་གི་བློ་རིམ་ཇི་སྙེད་ཡོད་ལུགས་ཀྱི་ལུང་འདྲེན་གཅེས་པར་བཏུས་པ་འདི་བཞིན་གྲུབ་སྲས་མཆོག་གིས་པར་དུ་བརྐོས་རྒྱུ་གནང་དོན་ལྟར་མདོ་ཕོ་གསང་བོད་པ་ནས་ཡོན་སྦྱར་བ་གྱིས་པ་དགེ་ལེགས་འཕེལ།། | |||
|colophonwylie=/zhes pa 'di'ang /_deng sang dus dbang dang /_thos chung dbang gis phyogs ris ngan pa re 'gas rgyal bstan rin po che la nga khyod 'dzin nas dbyen dkrug lta bu'i cal sgra sna tshogs sgrogs pa'i skabs 'dir chags sdang rmongs gsum gyis dug chu'i ma bslad par blo dman rnams la phan du re nas theg pa che chung gi rnam bzhag dang /_lta ba'i 'dod tshul/_gang zag gi blo rim ji snyed yod lugs kyi lung 'dren gces par btus pa 'di bzhin grub sras mchog gis par du brkos rgyu gnang don ltar mdo pho gsang bod pa nas yon sbyar ba gyis pa dge legs 'phel// | |||
|pdflink=File:SPCD-KABUM-02-KHA-009.pdf | |pdflink=File:SPCD-KABUM-02-KHA-009.pdf | ||
|volumeLetter=KHA | |||
|InitCategories=Khyentse Lineage Project; SPCD-KABUM-Volume-02-KHA | |InitCategories=Khyentse Lineage Project; SPCD-KABUM-Volume-02-KHA | ||
}} | }} | ||
Line 21: | Line 35: | ||
{{TibP| | {{TibP| | ||
༄༅། །ལུང་འདྲེན་གཅེས་བཏུས་སྣ་ཚོགས་བཞུགས་སོ།། | ༄༅། །ལུང་འདྲེན་གཅེས་བཏུས་སྣ་ཚོགས་བཞུགས་སོ།། | ||
༄༅། །ཆོས་ཐམས་ཅད་ཀྱི་གཞི་མ་དང་པོ་ངེས་འབྱུང་སྐྱེ་དགོས་པའི་ལུང་ནི། རྗེ་བདག་ཉིད་ཆེན་པོས། རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། །བདེན་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ། །སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས། །ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ། །ཞེས་དང་། རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ། །ཚུལ་འདི་བསམས་ཏེ་ཚེ་འདིའི་བྱ་བཞག་ཀུན། །སྦུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པར་དགོས། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་དང་། །དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། །ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཞེས་དང་། རྗེ་མི་ལས། སྐྱིད་པ་དགྲ་ཡིས་མ་ཚོར་ཞིང་། །སྡུག་པ་གཉེན་གྱིས་མ་ཚོར་བར། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །ན་ན་འདྲི་མི་མེད་པ་དང་། །འཆི་ན་ངུ་མི་མེད་པ་ཡི། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །ཞེས་དང་། རྗེ་ཡང་དགོན་པས། འཆི་བ་སྙིང་ཟུག་གི་དགོན་པ་ན། །ཞེན་པ་རང་ལོག་གི་རྣལ་འབྱོར་པ། །ཚེ་འདི་བློས་གཏོང་གི་མཚམས་བཅད་ནས། །སེམས་ཆོས་བརྒྱད་ཀྱི་མི་དང་འཕྲད་མཇལ་མེད། །ཅེས་དང་། ཇོ་བོ་བཀའ་གདམས་པས། བློ་ཕུག་ཆོས་ལ་གཏད། ཆོས་ཕུག་སྤྲང་ལ་གཏད། སྤྲང་ཕུག་ཤི་ལ་གཏད། ཤི་ཕུག་གྲོགས་སྟོང་ལ་གཏད། ཅེས་དང་། ཆགས་མེད་རི་ཆོས་ལས། མི་རྟག་འཆི་བ་སེམས་ལྡང་སྟེ། །ལྟོ་གོས་གཏམ་ལ་གྱོང་བསྐུར་ནས། །རང་སེམས་ངོ་བོ་སྐྱོང་བ་ལས། །བྱེད་རྒྱུ་ཅི་ཡང་མེད་པ་བྱས། །བླ་མའི་གསོལ་འདེབས་ཚིག་གསུམ་ལས། །འདོན་རྒྱུ་ཅི་ཡང་མེད་པ་བྱས། །ནམ་འཆི་ཆ་མེད་བསྒུག་པ་ལས། །བསམ་རྒྱུ་ཅི་ཡང་མེད་པ་བྱས། །ཞེས་དང་། ས་པཎ་གྱིས། འཁོར་བའི་ཆོས་ལ་སྙིང་པོ་མ་མཐོང་ཞིང་། །བྱ་བྱེད་ཟིན་མེད་བྲེལ་བའི་ལུ་གུ་རྒྱུད། །འབད་པ་བྱས་ཀྱང་མགུ་བར་མི་ནུས་པས། །མི་དང་མཐུན་འཇུག་སྤོངས་ཤིག་ལོ་ཙཱ་བ། །ཞེས་དང་། བསོད་ནམས་རྩེ་མོས། འཆི་བའི་མཚན་མ་དྲན་གྱུར་ན། །འཁོར་བ་བཙོན་དོང་བཞིན་དུ་མཐོང་། །འཇིག་རྟེན་ཆོས་བརྒྱད་ལེགས་པར་སྤོངས། །བདེ་ཆེན་ཐར་ལམ་གནས་ལ་སྙོགས། །ཞེས་དང་། ངོར་ཆེན་རྡོ་རྗེ་འཆང་གིས། སྲིད་གསུམ་ཐམས་ཅད་མི་རྟག་ངང་ཚུལ་ཅན། །སྐྱེ་དགུའི་ཚེ་ཡང་རྩྭ་མགོའི་ཟིལ་པ་ལྟར། །མི་རྟག་མྱུར་དུ་འཆི་བར་གྱུར་པས་ན། །ཤུགས་དྲག་བརྩོན་འགྲུས་བསྐྱེད་དང་བློ་ལྡན་དག །ཅེས་དང་། རྒྱལ་བ་ཀློང་ཆེན་པས། སྡུག་བསྔལ་མེ་ཚོགས་སྤུངས་པའི་འཁོར་བ་འདིར། །ཕྱི་ནང་གང་ལ་བསམས་ཀྱང་སྐྱོ་བ་འཕེལ། །དེ་བས་གཅིག་པུར་བྲག་རིའི་དྲུང་འདུག་སྟེ། །སྲོག་དང་བཅས་ཏེ་ལུས་འདི་འདོར་ནུས་ཤོག །ཅེས་དང་། འཇིགས་མེད་གླིང་པས། གཏམ་དང་སྙན་གྲགས་མཐུ་རྩལ་སོགས། །བྱང་ཆུབ་སྒྲུབ་པའི་བདུད་གཅོད་ཡིན། །མི་མེད་ལུང་པའི་རི་སུལ་ན། །འཇའ་ལུས་སྒྲུབས་ཤིག་སྙིང་གི་བུ། །ཞེས་དང་། མཁྱེན་བརྩེའི་དབང་པོས། ཕར་ལྟོས་དཔོན་མེད་ཚུར་ལྟོས་གཡོག་མེད་ཅིང་། །འདུལ་རྒྱུའི་དགྲ་མེད་བསྐྱང་རྒྱུའི་གཉེན་མེད་པར། །དབེན་པའི་གནས་སུ་རང་སེམས་སྐྱོང་བ་ཡི། །རླབས་ཆེན་རྒྱལ་སྲས་སྤྱོད་པ་མཐར་ཕྱིན་ཤོག །ཅེས་དང་། ༈ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་པའི་ལུང་ནི། སྐྱབས་འགྲོ་ལྔ་བཅུ་པ་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་དང་། དགོངས་འདུས་ལས། གང་དག་མུན་པར་འཁྱམས་པ་ལ། །བདེ་ཆེན་སྣང་བའི་ལམ་སྟོན་མཁན། །སྐྱབས་ཆེན་བླ་མ་དེ་ཉིད་ལས། །གཞན་གྱིས་སྐྱོབས་པར་ནུས་མ་ཡིན། །ཞེས་དང་། ཨོ་རྒྱན་ཆེན་པོས། འཁོར་བའི་དཔོན་ནི་ཇི་ལྟར་བཟང་ཡང་བསླུ། །སྐྱབས་གནས་དཀོན་མཆོག་གསུམ་ལ་བསླུ་བ་མེད། །ཅེས་དང་། མདོ་རྒྱལ་མཚན་དམ་པ་ལས། དགེ་སློང་དག་ཁྱེད་དགོན་པ་དང་། དུར་ཁྲོད་དང་། འབྲོག་སྟོང་ལ་སོགས་པར་འདུག་ཀྱང་རུང་། གསུམ་ལ་སྐྱབས་སུ་སོང་ཞིག་དང་། འཇིགས་པ་དང་སྡུག་བསྔལ་མེད་པར་འགྱུར་རོ། །ཞེས་དང་། དཀོན་བརྩེགས་ལས། དགེ་སློང་དག་ཁྱེད་ཀྱི་རང་ངམ་གཞན་གྱི་ཕྱིར་ཡང་རུང་སྟེ་འཇིགས་པ་དང་། འཚེ་བ་དེ་དག་ལས་ཐར་བར་བྱ་བའི་ཕྱིར་སྐྱབས་སུ་སོང་ཤིག་དང་ཁྱོད་ཀྱི་འདོད་པའི་རེ་བ་དེ་དང་དེར་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་དང་། མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་འདི་ཀུན་བཀང་ཡང་། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་དང་། ཕར་ཕྱིན་བསྡུས་པ་ལས། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །ཁམས་གསུམ་འདི་ཡང་སྣོད་དུ་ཆུང་། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་གྱིས་གཞལ་བར་ག་ལ་ནུས། །ཞེས་དང་། མདོ་ཉི་མའི་སྙིང་པོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་གྱུར་ཀྱང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་དང་། ༈ བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་དགོས་པའི་ཕན་ཡོན་གྱི་ལུང་ནི། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་པ། །སངས་རྒྱས་ནམ་ཡང་མི་ཐོབ་ཅིང་། །འཁོར་བར་བདག་གཞན་དོན་འགྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་དང་། སྤྱོད་འཇུག་ལས། འདི་ནི་དེ་བཞིན་གཤེགས་པ་མཉེས་བྱེད་ཡིན། །རང་དོན་ཡང་དག་སྒྲུབ་པའང་འདི་ཉིད་དོ། །འཇིག་རྟེན་སྡུག་བསྔལ་སེལ་བའང་འདི་ཉིད་དོ། །དེ་བས་བདག་གིས་རྟག་ཏུ་འདི་ཉིད་བྱ། །ཞེས་དང་། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་འགྱུར་བས་ན༑ །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུངས། །ཞེས་དང་། མི་ལྡོག་པ་ཡི་སེམས་ཀྱིས་ནི། །སེམས་དེ་ཡང་དག་བླང་གྱུར་ན། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་འབྱུང་ངོ་། །ཞེས་དང་། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་དང་། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་ཀྱང་། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་སྟེ། །འཇིག་རྟེན་ལྷ་མི་ཀུན་གྱི་མཆོད་འོས་འགྱུར། །ཞེས་དང་། ༈ སྡིག་སྒྲིབ་སྦྱང་དགོས་པ་དང་ཕན་ཡོན་སོགས་ཀྱི་ལུང་ནི། ཇི་སྐད་དུ། རྩ་བ་ཀུན་ཉམས་འཆལ་བ་དག །གསོ་ལ་ཉེ་བར་མ་བརྩོན་ན། །རྡོ་རྗེའི་དམྱལ་བ་དེ་ལྟུང་སྟེ། །དམྱལ་བའི་ཁམས་པ་ཐམས་ཅད་ཀྱི། །སྡུག་བསྔལ་གཅིག་ཏུ་དྲིལ་བས་ཀྱང་། །དེ་ཡིས་འབུམ་གྱི་ཆར་མི་ཕོད། །འཇིག་རྟེན་ཞིག་ཀྱང་གཞན་དུ་འཕོ། །སངས་རྒྱས་སྟོང་གི་འོད་ཟེར་དང་། །བྱང་ཆུབ་སེམས་དཔའི་ཕྲིན་ལས་ཀུན། །རྒྱུན་དུ་མཛད་ཀྱང་ཕན་མི་འགྱུར། །བསྐལ་པ་ཐེར་འབུམ་ལ་སོགས་སུ། །དེ་ནི་ཐོན་པར་མ་གསུངས་སོ། །ཞེས་དང་། སྒྱུ་འཕྲུལ་དྲྭ་བ་ཆེན་པོ་ལས། བླ་མ་ལ་ནི་སྨད་པ་དང་། །ཐུགས་དཀྲུགས་པ་ཡི་ཉེས་པ་ནི། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ལས། །ཆུ་དེ་སྐྲ་ཡི་གཏོར་གྱུར་པ། །དེ་ཡི་ཚད་དུ་སྡུག་བསྔལ་མྱོང་། །ཞེས་དང་། དགོངས་པ་ཚིག་གསུམ་གྱི་རྒྱུད་ལས། རྡོ་རྗེ་སེམས་དཔའ་འདྲ་བ་བསྒོམ། །སྔགས་ཀྱང་རབ་ཏུ་བཟླ་བྱེད་པ། །དེ་ཡི་སྡིག་སྒྲིབ་ཀུན་བྱང་ནས། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཞེས་དང་། སྙིང་པོ་རྒྱན་ལས། པད་དཀར་ཟླ་བའི་གདན་སྟེང་དུ། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ནས། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་གཅིག་བཟླས་གྱུར་ན། །ལྟུང་སོགས་བྱིན་རླབས་འཕེལ་མི་འགྱུར། །འབུམ་ཕྲག་གཅིག་ཏུ་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་དང་། ལུང་རྣམ་འབྱེད་ལས། ཤིན་ཏུ་མི་ཟད་ལས་རྣམས་བྱས་པ་ཀུན། །ཁྱེད་ལ་གསོལ་བ་བཏབ་པས་སྲབ་པར་གྱུར། །རབ་ཏུ་བཤགས་ན་ཉེས་བྱས་ཐམས་ཅད་ཀུན། །ཤིན་ཏུ་རྩ་བ་ནས་ནི་བཏོན་པ་བཞིན། །ཞེས་དང་། གང་གིས་སྡིག་པའི་ལས་བྱེད་པ། །དགེ་བ་ཡིས་ནི་ཐར་བྱེད་དེ། །ཉི་ཟླ་སྤྲིན་ལས་གྲོལ་བ་བཞིན། །འཇིག་རྟེན་འདིར་ཡང་དེར་སྣང་འགྱུར། །ཞེས་དང་། བཤེས་སྤྲིངས་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཤིང་། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་དང་། རབ་ཞི་རྣམ་ངེས་ཆོ་འཕྲུལ་གྱི་མདོ་ལས། བསྐལ་པ་དག་ནི་དུ་མ་ཡང་། །ལུས་ནི་དཔག་ཚད་ལྔ་བརྒྱར་འགྱུར། །དེ་ལ་མགོ་ཡང་ལྔ་བརྒྱ་སྟེ། །དེ་དག་རེ་རེ་དག་ལ་ཡང་། །ལྔ་བརྒྱའི་ལྕེ་ལས་ཉུང་མི་འགྱུར། །ལྕེ་གཅིག་ལ་ཡང་ཐོང་གཤོལ་ནི། །ལྔ་བརྒྱ་ཚད་དེ་མི་ཉུང་བར། །རབ་ཏུ་འབར་བས་རྨོས་བྱེད་དེ། །བཀུར་འདེབས་སྡིག་པའི་ལས་ཀྱིས་སོ། །ཞེས་དང་། ༈ ཚོགས་བསགས་དགོས་པའི་ལུང་ནི། རྒྱུད་ལས། ཚོགས་མ་བསག་ལ་དངོས་གྲུབ་མེད། །བྱེ་མ་བཙིར་བས་མར་མི་འབྱུང་། །ཚོགས་བསགས་པ་ལ་དངོས་གྲུབ་འབྱུང་། །ཏིལ་ལམ་འོ་མའི་མར་བཞིན་ནོ། །ཞེས་དང་། ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་འགྱུར། །ཞེས་དང་། ཏཻ་ལོ་པས། བུ་སྣང་བ་རྟེན་ཅིང་འབྲེལ་འབྱུང་ཡིན། །དོན་སྐྱེ་བ་མེད་པ་མ་རྟོགས་བར། །ཚོགས་གཉིས་ཤིང་རྟའི་འཕང་ལོ་ལ། །འབྲལ་བར་མ་བྱེད་ནཱ་རོ་པ། །ཞེས་དང་། སློབ་དཔོན་དབྱིག་གཉེན་གྱིས། ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་པ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཡོན་ཏན་མདོ་སྡེ་དག་ལས་གསུངས། །ཞེས་དང་། ཁྱེའུ་སྣང་བྱེད་ཀྱི་ཞུས་མདོ་ལས། འཇིག་རྟེན་དག་ན་བདེ་ཞིང་སྐྱིད་པ་ཡི། །དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བས་ན། །རྟག་ཏུ་དཀོན་མཆོག་མཆོད་ལ་བརྩོན་པར་བྱ། །ཞེས་དང་། རི་ཆོས་ལས། སྐྱེ་བ་འདི་ནས་ཚེ་རབས་ཀུན། །བདེ་སྐྱིད་འབྱུང་བའི་རྒྱུ་གཅིག་པུ། །བསོད་ནམས་ཚོགས་ནི་རབ་བསགས་ཏེ། །མཐར་ཐུག་སངས་རྒྱས་ཐོབ་དུས་ཀྱང་། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །བསོད་ནམས་ཚོགས་ལས་བྱུང་བ་ཡིན། །ཞེས་དང་། ༈ དོན་དམ་པའི་གནས་ལུགས་གཙོ་ཆེ་ཚུལ་ནི། ཡོན་ཏན་མཛོད་ལས། ཤེས་བྱ་ནམ་མཁའི་གཟའ་སྐར་འདྲ། །བསླབ་དགོས་གནས་ལ་ཟད་པ་མེད། །དེ་བས་ཆོས་སྐུ་སྙིང་པོའི་དོན། །འགྱུར་མེད་བཙན་ས་བཟུང་ན་ལེགས། །ཞེས་དང་། ཨོ་རྒྱན་ཆེན་པོས། ཐ་སྙད་ནེ་ཙོའི་འདོན་པ་འདྲ། །ཆོས་དང་རང་རྒྱུད་འཛོལ་བས་ན། །ད་རེས་གང་ཤེས་ཉམས་ལེན་གྱིས། །རང་རྒྱུད་ཉོན་མོངས་བཏུལ་ན་ལེགས། །ཞེས་དང་། པཎ་ཆེན་ནཱ་རོ་པ་ལ་ཡེ་ཤེས་མཁའ་འགྲོའི་ལུང་བསྟན་ལས། མཁས་པར་གྲགས་ཤིང་དོན་ལ་ཤིན་ཏུ་རྨོངས། །རྒྱ་ཆེན་ཤེས་ཀྱང་ངེས་པའི་གསང་མ་རྙེད། །མང་དུ་ཐོས་ཀྱང་དོན་གཅིག་མ་རྟོགས་པར། །སྐྱེ་བོ་ཀུན་གྱི་བསྐུར་བ་ཅི་ལ་རུང་། །ཞེས་དང་། ཇི་སྐད་དུ། སྣ་ཚོགས་ཆོས་སྒོ་བསམ་ཡས་གྲངས་མང་ཡང་། །སྙིང་པོ་བཅུད་དྲིལ་ཉམས་ལེན་མི་འབད་ན། །གླེགས་བམ་འབུམ་ཕྲག་ཐོས་བསམ་བགྱིས་རློམས་ཀྱང་། །མ་རིག་ཉོན་མོངས་བག་ཆགས་འཆུན་པར་དཀའ། །ཞེས་དང་། ཀོང་སྤྲུལ་ཞལ་གདམས་ལས། བདག་གྲུབ་མཐའི་ཐ་སྙད་ལེགས་ཤེས་ཀྱང་། །ལུས་ལ་ན་ཚས་མནར་བའི་ཚེ། །གྲུབ་མཐའི་ཐ་སྙད་ཀྱིས་ཕན་མ་ཐོགས། །དེ་ཡང་བློ་སྦྱོང་དགོས་པ་བྱུང་། །དེ་ཡང་སྟོང་ཉིད་དགོས་པ་བྱུང་། །རིག་གནས་ཀྱི་བཤད་པ་མཁས་ལགས་ཀྱང་། །སེམས་ལ་ཉོན་མོངས་བྱུང་བའི་དུས། །བཤད་པའི་ཚིག་གིས་མགོ་མ་ནོན། །དེ་ཡང་བློ་སྦྱོང་དགོས་པ་བྱུང་། །དེ་ཡང་སྟོང་ཉིད་དགོས་པ་བྱུང་། །སྙན་ངག་གི་རྩོམ་པའི་ཉམས་ཤེས་ཀྱང་། །སང་འཆི་གནང་འཆིའི་སྐབས་ཐུག་ཚེ། །འཆི་བདག་ལ་རྩོམ་པའི་ཤག་མ་ཐེབ། །དེ་ཡང་བློ་སྦྱོང་དགོས་པ་བྱུང་། །དེ་ཡང་སྟོང་ཉིད་དགོས་པ་བྱུང་། །ཞེས་དང་། །ཐོས་གྲོལ་རིག་པ་གཅེར་མཐོང་ལས། མ་མཐོང་རྒྱང་གི་གཏམ་རྒྱུན་ཉན་པ་བཞིན། །སངས་རྒྱས་ས་ལ་ཕྱོགས་ཙམ་ཉེར་མ་སོང་། །དུས་གསུམ་རྒྱལ་བའི་ཆོས་སྒོ་བརྒྱད་ཁྲི་དང་། །བཞི་སྟོང་ལ་སོགས་བསམ་གྱིས་མི་ཁྱབ་པར། །གསུངས་པ་ཐམས་ཅད་འདི་ཉིད་རྟོགས་ཕྱིར་ལས། །གཞན་དུ་རྒྱལ་བས་ཅི་ཡང་གསུངས་པ་མེད། །ཅེས་དང་། སྡོམ་གསུམ་རྣམ་ངེས་ལས། འབྲས་བུའི་མཐར་ཐུག་སངས་རྒྱས་ཉག་གཅིག་སྟེ། །ཟབ་རྒྱས་ཆོས་ཀྱི་སྒོ་འཕར་བགྲང་ཡས་ཀྱང་། །གསང་ཆེན་སྨིན་གྲོལ་ལམ་བཟང་མ་བརྟེན་པར། །ཐོབ་པ་མིན་ཞེས་རྫོགས་སངས་རྒྱས་དེས་གསུངས། །ཞེས་དང་། ཞི་ལྷའི་སྤྱོད་འཇུག་ལས། གང་གི་ཆོས་ཀྱི་གཙོ་བོ་མཆོག །སེམས་ཀྱི་གསང་དེ་མ་ཤེས་ན། །བདེ་ཐོབ་སྡུག་བསྔལ་བྲལ་འདོད་ཀྱང་། །དེ་དག་དོན་མེད་གྱི་ནར་འཁྱམས། །ཞེས་དང་། རྗེ་བདག་ཉིད་ཆེན་པོའི་ལམ་གཙོ་རྣམ་གསུམ་ལས། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་། །སྲིད་པའི་རྩ་བ་བཅད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། ཅེས་དང་། ༈ དེ་ལྟ་བུའི་གནས་ལུགས་དེ་བླ་མའི་བྱིན་རླབས་ཀྱིས་རྟོགས་དགོས་པའི་ལུང་ནི། དགོངས་འདུས་ལས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བརྟེན་ནས་བྱུང་། །ཞེས་དང་། དམ་ཚིག་བཀོད་རྒྱུད་ལས། རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ནི། །འདུ་འཛི་གཡེང་བ་སྤངས་ཏེ་སྒོམ་པ་བས། །བླ་མ་རང་སེམས་དཀྱིལ་དུ་དལ་ཅིག་ཤར་བ་ཙམ། །འབུམ་ཕྲག་ཉི་ཤུའི་ཆར་ཡང་མི་ཕོད་དོ། །ཞེས་དང་། ཀུན་མཁྱེན་གྱིས། བོགས་འདོན་ཀུན་གྱི་མཆོག་གཅིག་པུ། །བླ་མ་ཡིན་ནོ་སྒོམ་ཆེན་རྣམས། །ཞེས་དང་། ཨཱ་ལི་ཀཱ་ལིའི་རྒྱུད་ལས། དུས་རྣམ་ཀུན་ཏུ་བླ་མའི་རྣལ་འབྱོར་ལ། །ཡུན་དུ་བསྲིང་སྟེ་འབུང་བར་མ་གཏོགས་པར། །བསྐྱེད་རྫོགས་ལ་སོགས་བྱ་བ་མང་པོས་ཀྱང་། །དག་པའི་སྣང་བ་ལམ་དུ་སློང་བར་དཀའ། །ཞེས་དང་། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ལ་ཡང་མ་རྨོངས་པ། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱེད་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་དང་། ༈ གདམས་ངག་ཁྱད་པར་ཅན་རྟོགས་དགོས་པའི་ལུང་ནི། རྡོ་རྗེ་རྩེ་མོ་ལས། ཕ་རོལ་ཕྱིན་པའི་ཐེག་པ་ཡིས། །བསྐལ་པ་གྲངས་མེད་མི་ཐོབ་པས། །གལ་ཏེ་རྣལ་འབྱོར་པ་དེ་བརྩོན། །ཚེ་འདི་ཉིད་ལ་མྱ་ངན་འདའ། །དེ་ཡང་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདའ། །ཞེས་དང་། བཀོད་པ་ཆེན་པོ་ལས། ཡིད་དཔྱོད་འཛིན་པ་རྣམས་དང་ནི། །ཁྱད་པར་ཅི་ཡང་མེད་པར་འགྱུར། །དེ་ཕྱིར་ངེས་གསང་སྙིང་པོ་འདི། །མུན་པ་ལས་ནི་མར་མེ་དང་། །བ་ལང་རྣམས་ལས་གླང་ཆེན་དང་། །གཅན་གཟན་རྣམས་ལས་སེང་གེ་འམ། །རྐང་ཐང་རྣམས་ལས་རྟ་པ་བཞིན། །ཀུན་གྱི་ནང་ནས་ཁྱད་པར་འཕགས། །ཞེས་དང་། རྒྱུད་ལས། ཚེགས་མེད་དོན་ཆེ་ཐབས་དཔག་མེད། །བྱ་སླ་ཁྱད་ཆེ་མན་ངག་གོ། །ཞེས་དང་། ༈ གཞི་བདེ་བར་གཤེགས་པའི་སྙིང་པོ་ཡོད་པའི་སྟོབས་ཀྱིས་རྟོགས་དགོས་པའི་ལུང་ནི། རྒྱུད་བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དྲི་མ་དེ་བསལ་སངས་རྒྱས་དངོས། །ཞེས་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་དང་པོའི་སངས་རྒྱས་ཅན། །ཞེས་དང་། ཐོག་མ་མེད་ནས་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་འབྱུང་གནས་ཏེ། །དེར་ཡོད་པས་ན་འགྲོ་ཀུན་གྱིས། །མྱ་ངན་འདས་པ་ཐོབ་པ་ཡིན། །ཞེས་དང་། རྫོགས་ཆེན་ཀུན་བྱེད་རྒྱལ་པོ་ལས། སེམས་ནི་འཁོར་འདས་ཀུན་གྱི་བྱེད་པོ་སྟེ། །ཀུན་བྱེད་རྒྱལ་པོ་འདི་ཉིད་ཤེས་པར་བྱས། །ཞེས་དང་། སློབ་དཔོན་རིན་པོ་ཆེས། སེམས་ནི་འཁོར་འདས་ཀུན་གྱི་བྱེད་པོ་སྟེ། །སེམས་ལས་མིན་པའི་འཁོར་འདས་གང་ཡང་མེད། །བཟང་ངན་ལེགས་ཉེས་ཐམས་ཅད་སེམས་ཀྱིས་བྱས། །བདེ་སྡུག་མ་ལུས་ཀུན་གྱི་ས་བོན་འདེབས། །ཞེས་དང་། ཆོས་སྣང་བ་མེད་པའི་མདོ་ལས། འཇམ་དཔལ་ཆོས་བདག་མེད་པར་རྣམ་པར་ཤེས་ན། དེས་ལས་ཀྱི་སྒྲིབ་པ་ཐམས་ཅད་དག་པར་འགྱུར་རོ། །ཞེས་དང་། བརྟག་གཉིས་ལས། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པ་ཡིན། །ཞེས་དང་། ༈ ཚད་མེད་པའི་མོས་གུས་ཀྱིས་རྟོགས་དགོས་པའི་ལུང་ནི། རྒྱུད་བླ་མ་ལས། རང་བྱུང་ཉིད་ཀྱི་དོན་དམ་ནི། །དད་པ་ཉིད་ཀྱིས་རྟོགས་བྱ་སྟེ། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་མི་འགྱུར། །ཞེས་དང་། ཐུབ་པས། དོན་དམ་པ་ནི་དད་པས་རྟོགས་པར་བྱའོ། །ཞེས་དང་། རྗེ་རྒོད་ཚང་པས། གསང་སྔགས་ལམ་ནས་ཚེ་གཅིག་གི། སངས་རྒྱས་ཟེར་མཁན་མང་སྟེ། གཞན་གྱིས་ཁས་མི་ལོན། མོས་གུས་ཁོ་ནས་ལོན་པ་ཡིན། ཞེས་དང་། རྒྱལ་དབང་རྗེས། སྒོམ་སྲན་གྱིས་གྲོལ་བ་ཐེ་ཚོམ་ཟ། །མོས་གུས་ཀྱིས་གྲོལ་བ་ཐེ་ཚོམ་མེད། །དེ་གནད་ཀ་ཡོད་མེད་ཀྱི་ཁྱད་པར་ཡིན། །ཞེས་དང་། ༈ གནས་དབེན་པ་བརྟེན་དགོས་ཚུལ་གྱི་ལུང་ནི། གང་མོས་ཞུས་མདོ་ལས། རི་དང་ནགས་ཚལ་གནས་མོས་པ། །ཡོན་ཏན་འབྱུང་ཞིང་འཕེལ་བར་བྱེད། །དེས་ན་འདུ་འཛི་མེད་པས་ན། །དགེ་ཆོས་རྐྱེན་གྱིས་གོས་མི་འགྱུར། །ཕན་ཚུན་འགྲུལ་ཞིང་གཏམ་འདྲི་དང་། །ཚིག་གི་སྨྲ་བར་མི་བྱེད་པས། །སྟོང་དབེན་ཉེར་ཞི་དབེན་པ་ལ། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས། །དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས། །རྟག་པར་དགོན་ལ་བརྟེན་བྱ་ཞིང་། །གྲོང་ཁྱེར་ལ་ནི་ཆགས་མི་བྱ། །ཞེས་དང་། དབེན་པའི་གཏམ་ལས། ཇི་སྲིད་སྐྱེས་བུ་བཞི་ཡིས་ལུས། །ཁྱོགས་ལ་བཏེགས་པར་མ་གྱུར་པར། །དེ་སྲིད་དགོན་པར་རབ་ཕྱོགས་ཏེ། །ཞི་བའི་ཏིང་འཛིན་བསྒྲུབ་པར་བྱ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ལུས་དང་སྲོག་ལ་ལྟ་བ་རབ་སྤངས་ཏེ། །སྟོང་པ་ཞི་བ་མཆོག་ལ་བསྒོམ་པར་གྱིས། །བརྩོན་ཞིང་བརྩོན་པ་དང་ནི་ཡིད་ཀྱིས་ཀྱང་། །རི་དྭགས་བཞིན་དུ་དགོན་པར་གནས་པར་གྱིས། །ཞེས་དང་། རྒྱལ་པོར་གདམས་པའི་མདོ་ལས། བདག་གི་ནོར་ནི་བཏང་ལ་ལུང་སྲུང་ངོ་། །ནོར་དང་ལུས་ཀྱང་བཏང་ལ་སྲོག་བསྲུང་སྟེ། །ནོར་དང་ལུས་དང་དེ་བཞིན་སྲོག་རྣམས་ཀྱང་། །ཐམས་ཅད་བཏང་ལ་ཡང་དག་ཆོས་སྒྲུབས་ཤིག །ཞེས་དང་། ༈ དེ་འདྲའི་གནས་སུ་དཀའ་བ་སྤྱོད་དགོས་པའི་ལུང་ནི། སྟོན་པ་བཅོམ་ལྡན་འདས་ཀྱིས། ཇི་སྲིད་ཟག་ཟད་མ་ཐོབ་བར། །དེ་སྲིད་སྐྱིལ་ཀྲུང་བཤིག་མི་བྱ། །སྟན་འདིར་བདག་གི་ལུས་འདི་སྐམ་ཡང་རུང་། །ལྤགས་པ་རུས་པའི་ཚོགས་རྣམས་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་བར། །སྟན་འདི་ལས་ནི་འགུལ་སྐྱོད་ཙམ་མི་བྱ། །ཞེས་དང་། རྗེ་མི་ལས། དུས་རྟག་ཏུ་མི་ཡུལ་འགྲིམ་འགྲིམ་ནས། །རང་ཡུལ་ངང་གིས་བརྗེད་ནས་ཐལ། །གཅིག་པུ་ཉམས་ལེན་བསྐྱངས་བསྐྱངས་ནས། །ཆེ་གྲགས་ངོ་སྲུང་བརྗེད་ནས་ཐལ། །བླ་མ་སྤྱི་བོར་བསྒོམས་བསྒོམས་ནས། །གཉེན་འདུན་ངང་གིས་བརྗེད་ནས་ཐལ། །ལྷ་ཆོས་ཡིད་ལ་བྱས་བྱས་ནས། །མི་ཆོས་ངང་གིས་བརྗེད་ནས་ཐལ། །ཚེ་ཕྱི་མའི་གཏན་དོན་བསམ་བསམ་ནས། །ཚེ་འདི་ཡི་བདེ་སྐྱིད་བརྗེད་ནས་ཐལ། །རྟག་ཏུ་བག་ཡང་བསྡད་བསྡད་ནས། །ངོ་ཚ་ངང་གིས་བརྗེད་ནས་ཐལ། །དཔོན་མེད་གཡོག་མེད་བསྡད་བསྡད་ནས། །ཞེ་ས་ངང་གིས་བརྗེད་ནས་ཐལ། །ཞེས་དང་། ང་ཡི་གནས་ལ་བལྟས་ན་ཡི་དྭགས་འདྲ། །མི་གཞན་གྱིས་མཐོང་ན་སྙིང་རླུང་ལྡང་། །ང་ཡི་ཟས་ལ་བལྟས་ན་དུད་འགྲོ་འདྲ། །མི་གཞན་གྱིས་མཐོང་ན་སྐྱུག་བྲོ་ལྟ། །ང་ཡི་ལུས་ལ་བལྟས་ན་ཀེང་རུས་འདྲ། །སྡང་དགྲ་བོས་མཐོང་ན་མཆི་མ་ཤོར། །ང་ཡི་སྤྱོད་པ་བལྟས་ན་སྨྱོན་པ་འདྲ། །ཁྱེད་སྲིང་མོས་བསམ་གྱིན་ཡི་རེ་མུག །ང་ཡི་སེམས་ལ་བལྟས་ན་སངས་རྒྱས་དངོས། །རྒྱལ་བ་གོང་མས་གཟིགས་ན་སྤྲོ་བ་སྐྱེ། །ཞེས་དང་། ༈ གང་ཟག་རབ་འབྲིང་ཐ་མའི་བློ་རིམ་ནི། ཇི་སྐད་དུ། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བ་ནི། །སྐྱེས་བུ་དེ་ནི་ཐ་མར་བཤད། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལ་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་དུ་བཞེད། །རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་རབ་ཡིན་ནོ། །ཞེས་དང་། འཁོར་བའི་སྡུག་བསྔལ་མཐོང་བས་འཇིགས། །མྱ་ངན་འདས་ལ་མངོན་པར་དད། །གཞན་གྱི་དོན་ལ་མི་དགའ་བས། །རྟགས་གསུམ་ལྡན་པ་ཉན་ཐོས་རིགས། །ཞེས་དང་། སྲིད་པས་སྐྱོ་ཞིང་མྱ་ངན་འདས་ལ་སྤྲོ། །སྙིང་རྗེ་ཆུང་ཞིང་ལྷག་པར་ང་རྒྱལ་ཆེ། །བླ་མ་གསང་ཞིང་གཅིག་པུར་འདུག་ལ་དགའ། །མཁས་པས་རང་རྒྱལ་རིགས་སུ་ཤེས་པར་བྱོས། །ཞེས་དང་། ཆོས་བཅུ་པ་ལས། ཆུ་སྐྱར་ལས་ནི་ཆུ་ཤེས་དང་། །དུ་བ་ལས་ནི་མེ་ཤེས་དང་། །བྱང་ཆུབ་སེམས་དཔའ་བློ་ལྡན་མཆོག །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་དང་། མི་རྩུབ་བརླང་པ་མ་ཡིན་དང་། །གཡོ་དང་སྒྱུ་ནི་རྣམ་སྤང་ཞིང་། །སེམས་ཅན་ཀུན་ལ་རབ་དྭངས་པ། །དེ་ནི་བྱང་ཆུབ་སེམས་དཔའ་ཡིན། །ཞེས་དང་། ཨ་ཏི་བཀོད་པ་ཆེན་པོ་ལས། དད་ལྡན་སྙིང་རྗེ་གཏོང་ཕོད་ཆེ། །ཁོང་ཡངས་སྤྲོ་རིང་ཤེས་རབ་ལྡན། །བརྩོན་ཞིང་བྱང་ཆུབ་ཐར་པ་འདོད། །སྣོད་ལྡན་གསང་བའི་རྟགས་སུ་བཤད། །ཅེས་དང་། སྐལ་ལྡན་གུས་དང་གཏོང་ཕོད་ཆེ། །བློ་བརྟན་ཡངས་ཤིང་སྒྲུབ་ལ་བརྩོན། །ཆོས་མཆོག་སྙིང་རྗེ་དམ་ཚིག་ལྡན། །རྡོ་རྗེ་སློབ་མ་ཤེས་པར་བྱ། །ཞེས་དང་། རྩལ་རྫོགས་ལས། སྐལ་པ་དམན་ཞིང་ཤེས་རབ་ཆུང་། །བློ་དམན་རྒྱུ་འབྲས་རྨོངས་པ་རྣམས། །རྫོགས་ཆེན་དོན་ལ་སྐུར་འདེབས་པས། །ངན་སོང་གསུམ་དུ་འཕང་བར་འགྱུར། །ངེས་དོན་མ་རྟོགས་སྡུག་བསྔལ་མྱོང་། །ཞེས་དང་། ཐལ་འགྱུར་ལས། གནས་ལུགས་འདུག་ཚུལ་འདི་ལྟ་བུ། །བཤད་ན་ཉན་ཐོས་རང་སངས་རྒྱས། །རབ་ཏུ་སྐྲག་སྟེ་བརྒྱལ་བར་འགྱུར། །དེ་ཕྱིར་ཤིན་ཏུ་གསང་བར་བྱ། །ཞེས་དང་། ས་པཎ་གྱིས། རིམ་གྱིས་པ་ཡི་དམ་ཆོས་དེ། །གཅིག་ཆར་བ་ཡི་དུག་ཏུ་འགྱུར། །གཅིག་ཆར་པ་ཡི་དམ་ཆོས་དེ། །རིམ་གྱིས་པ་ཡི་དུག་ཏུ་འགྱུར། །ཞེས་དང་། རྒྱན་སྟུག་པོ་བཀོད་པའི་མདོ་ལས། །རྣལ་འབྱོར་སྤྱོད་པ་སྟོང་པ་ཉིད། །གནས་མ་ཡིན་པ་སྦྱར་མི་བྱ། །གནས་མ་ཡིན་པ་སྦྱར་བྱས་ན། །བདུད་རྩི་དུག་ཏུ་འགྱུར་བ་བཞིན། །ཞེས་དང་། ༈ ཐེག་པའི་གོ་རིམ་དང་ལྟ་སྒོམ་སྤྱོད་པའི་ལུང་ནི། སྡོམ་གསུམ་རྣམ་ངེས་ལས། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་ལ། །མཚན་ཉིད་རྒྱུ་ཡི་ཐེག་པ་གསུམ་ཞེས་བྱ། །ཀྲི་ཡ་ཨུ་པ་ཡོ་ག་ཕྱི་རྒྱུད་གསུམ། །བླ་མེད་ཕ་རྒྱུད་མ་ཧཱ་ཡོ་ག་དང་། །མ་རྒྱུད་ཨ་ནུ་ཡོ་ག་གྲགས་པ་དང་། །གཉིས་མེད་རྒྱུད་སྡེ་ཨ་ཏི་ཡོ་ག་ལ། །ནང་རྒྱུད་གསུམ་ཞེས་ཐེག་པ་རིམ་དགུ་བསྡུ། །ཞེས་དང་། མདོ་སྡེ་རྒྱན་ལས། ཉན་ཐོས་རྣམས་ཀྱི་འབྱོར་བས་ནི། །འཇིག་རྟེན་པ་རྣམས་ཟིལ་གྱིས་གནོན། །རང་སངས་རྒྱས་ཀྱི་ས་པ་ཡིས། །ཉན་ཐོས་ཀྱི་ཡང་ཟིལ་གྱིས་གནོན། །དེ་ཡིས་བྱང་ཆུབ་སེམས་དཔའ་ཡི། །འབྱོར་བའི་ཆར་ཡང་མི་ཕོད་དོ། །ཞེས་དང་། རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་ཀྱང་བརྗོད། །ཅེས་དང་། ཀརྨ་པ་མཁའ་ཁྱབ་རྡོ་རྗེས། འཁྲུལ་བས་མ་བསླད་གོང་ན་ཀ་དག་ཟེར། །འཁྲུལ་བཅས་དྲི་མ་སོང་དུས་ཀུན་གཞི་བརྗོད། །དེ་ཡི་གནད་མཚང་རིག་དུས་ལྟ་བ་བཞེད། །ངེས་ཤེས་ཡེངས་མེད་སྐྱོང་ལ་སྒོམ་པ་གྲགས། །སྤྱོད་ལམ་ཀུན་ཏུ་མ་འཁྲུལ་སྤྱོད་པའི་མིང་། །བག་ཆགས་འཁྲུལ་བ་སངས་ཚེ་འབྲས་བུའོ། །ཞེས་དང་། ༈ ཞི་ལྷག་དམིགས་རྟེན་བཅས་སྒྲུབ་ཚུལ་ལུང་ནི། གསང་བ་སྒྲོན་མའི་རྒྱུད་ལས། དམིགས་པ་དག་ལ་བརྟེན་ནས་སུ། །མི་དམིགས་པ་དག་རབ་ཏུ་བསྐྱེད། །མི་དམིགས་པ་ལ་གོམས་བྱས་ན། །མི་དམིགས་ངོ་བོ་ཉིད་དུ་གྲུབ། །ཅེས་དང་། ལམ་སྒྲོན་ལས། དམིགས་པ་གང་ཡང་རུང་བཞིན་ལ། །ཡིད་ནི་དགེ་ལ་བཞག་པར་བྱ། །ཞེས་དང་། དབུ་མ་སྙིང་པོ་ལས། སེམས་ཀྱི་གླང་ཆེན་ལོགས་འགྲོ་བ། །དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་པས་རབ་བཅིངས་ཏེ། །ཤེས་བཞིན་ཐག་པས་རིམ་དབང་བྱ། །ཞེས་དང་། མདོ་ལས། དྲན་དང་ཤེས་བཞིན་རྟག་ལྡན་ན། །ལོག་རྟོག་མཚན་མ་ཉེ་མི་ནུས། །ཞེས་དང་། མདོ་སྡེ་རྒྱན་ལས། དམིགས་པ་ཉིད་ལ་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །སླར་ཡང་དེ་ལ་བླན་པར་བྱ། །ཞེས་དང་། ཏཻ་ལོ་པས། བློ་དམན་སྐྱེ་བོ་དོན་ལ་མི་གནས་ན། །དང་པོ་དམིགས་རྟེན་ཚོགས་ལ་གོམས་པར་གཅེས། །ལྟ་སྟངས་སེམས་འཛིན་ཡན་ལག་དུ་མ་ཡིས། །རིག་པ་ངང་གི་མི་གནས་བར་དུ་ཟུངས། །ཞེས་དང་། དུས་འཁོར་རྩ་རྒྱུད་ལས། ལུས་ངག་སེམས་ཀྱི་དབེན་པ་ཡིས། །མི་རྟོག་ཏིང་འཛིན་སྐྱེ་བར་འགྱུར། །མི་རྟོག་ཏིང་འཛིན་སྐྱེས་པ་ཡིས། །ཤེས་རབ་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་དང་། གསང་བ་སྒྲོན་མེ་ལས། ཞི་གནས་བསྒོམས་པས་ལྷག་མཐོང་སྐྱེ། །ལྷག་མཐོང་ཡེ་ཤེས་སྐྱེ་བའི་རྒྱུ། །ཞེས་དང་། སྤྱོད་འཇུག་ལས། ཞི་གནས་རབ་ལྡན་ལྷག་མཐོང་ནི། །ཉོན་མོངས་ཚོགས་རྣམས་ཞི་བར་བྱེད། །ཅེས་དང་། སྟོང་ཉིད་བག་ཆགས་གོམས་པ་ཡིས། །དངོས་པོའི་བག་ཆགས་སྤང་བར་འགྱུར། །ཅིར་ཡང་མེད་ཅེས་གོམས་པ་ཡིས། །དེ་ཡང་ཕྱིས་ནས་སྤང་བར་འགྱུར། །ཞེས་དང་། ༈ རྫོགས་ཆེན་གྱི་ལྟ་བའམ་སྒོམ་པའི་ལུང་ནི། ཀ་ཞེས་ཐོག་མར་འབྱུང་བ་ལ། །དག་པ་དྲི་མའི་གྲངས་མཐའ་ཟད། །ཅེས་དང་། ངོ་བོ་ཀ་དག་བརྗོད་དང་བྲལ། །རང་བཞིན་ལྷུན་གྲུབ་ཅིར་ཡང་རྫོགས། །ཐུགས་རྗེ་ཀུན་ཁྱབ་རང་རིག་གོ། །ཞེས་དང་། སེམས་འགྲེལ་ལས། ཆོས་རྣམས་ཀུན་རྫོགས་ཐམས་ཅད་མཉམ་པ་ཉིད། །མ་སྐྱེས་རྒྱལ་པོ་མཐའ་དབུས་ཕྱོགས་བྲལ་ལ། །གཟུང་འཛིན་ཞེན་པ་མེད་ན་གཉུག་མའི་དོན། །སྤང་བླང་དགག་སྒྲུབ་མི་དགོས་ཕྱམ་གཅིག་པ། །ལྟ་བའི་ཡང་རྩེ་རྫོགས་པ་ཆེན་པོ་ཡིན། །ཞེས་དང་། རྒྱལ་བ་ཀློང་ཆེན་པའི་སེམས་ཉིད་ངལ་གསོ་ལས། རང་བྱུང་རིག་པ་ཁ་གང་ཟང་ཀ་མ། །ཤར་གྲོལ་འཛིན་མེད་ལྷག་གེར་ཤར་བའི་ཚེ། །ཆོས་ཉིད་མངོན་སུམ་སྣང་བ་ཞེས་བྱའོ། །སྒོམ་པའི་སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས། །རིག་པའི་ཡོན་ཏན་སྣ་ཚོགས་ཤར་བའི་ཚེ། །ཉམས་སྣང་གོང་འཕེལ་སྣང་བ་ཞེས་བྱའོ། །བྱིང་རྒོད་གཉིས་མེད་ཡེངས་དང་མ་ཡེངས་མེད། །མཉམ་རྗེས་གཉིས་མེད་ཆུ་བོའི་གཞུང་དང་འདྲ། །རིག་པ་ཚད་ཕེབས་སྣང་བ་ཞེས་བྱའོ། །ཐམས་ཅད་མཉམ་རྫོགས་ཆེད་འཛིན་གཟའ་གཏད་བྲལ། །ཕྱི་ནང་ཆོས་ལ་འཛིན་པ་ཞིག་པ་ན། །ཆོས་ཉིད་ཟད་པར་ཉམས་སྣང་ཞེས་བྱའོ། །ཞེས་དང་། ༈ ཕྱག་ཆེན་གྱི་ལྟ་བའམ་སྒོམ་པའི་ལུང་ནི། གསང་བ་བསམ་མི་ཁྱབ་པའི་རྒྱུད་ལས། སེང་གེ་རྣམ་པར་བསྒྱིངས་བའི་ཏིང་ངེ་འཛིན། །གཉིས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། །གསུམ་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན། །བཞི་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །ཞེས་དང་། མདོ་ནམ་མཁའ་མཛོད་ལས། ཡེ་ཤེས་ཅུང་ཟད་སྐྱེས་པའི་རྣལ་འབྱོར། ཡེ་ཤེས་ཆེར་སྐྱེས་པའི་རྣལ་འབྱོར། དུ་མ་རོ་གཅིག་རྟོགས་པའི་རྣལ་འབྱོར། བསྒོམ་དུ་མེད་པའི་རྣལ་འབྱོར་དང་བཞིར་གསུངས། དྭགས་པོ་སྒོམ་ཆུང་གིས། ངང་ལ་གནས་པ་རྩེ་གཅིག་ཡིན། །སྒྲོ་འདོགས་ཆོད་པ་སྤྲོས་བྲལ་ཡིན། །སྤང་བླང་མེད་པ་རོ་གཅིག་ཡིན། །མྱོང་བ་དག་ན་བསྒོམ་མེད་ཡིན། །ཞེས་དང་། དཔལ་ཤ་བ་རི་པས། རྩ་བ་ཆོད་པའི་སེམས་ཉིད་ནམ་མཁའ་འདྲ། །བསྒོམ་དུ་མེད་པས་ཡིད་ལ་མི་བྱ་སྟེ། །ཇི་ལྟར་ནམ་མཁའི་ནམ་མཁའ་དམིགས་སུ་མེད། །དེ་བཞིན་སྟོང་པའི་སྟོང་པ་བསྒོམ་དུ་མེད། །ཞེས་དང་། ཏཻ་ལོ་པས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏིལླི་ངས་ནི་ཅིར་ཡང་བསྟན་དུ་མེད། །རང་གིས་རང་ལ་མཚོན་ཏེ་ཤེས་པར་བྱོས། །ཞེས་དང་། དཔལ་ནཱ་རོ་པས། ལྟ་ན་རང་གི་སེམས་ལ་ལྟོས། །སེམས་ཉིད་ཅིར་ཡང་མ་གྲུབ་པས། །བརྗོད་དུ་མེད་དེ་ཡུལ་ལས་འདས། །སྤྲོས་བྲལ་ནམ་མཁའི་ངོ་བོ་ཉིད། །ཞེས་དང་། རྒྱལ་དབང་རྗེས། ལ་ལས་སྟོང་ཉིད་སྟོང་ཉིད་ཟེར། །སྟོང་མཁན་སྟོང་ཡུལ་མ་གྲུབ་པས། །བྱས་ཤིང་བཅོས་པ་མ་ལགས་ཏེ། །གཤིས་རང་བཞིན་གྱི་སྟོང་པ་ཡིན་པ་འདྲ། །ཞེས་དང་། ༈ དབུ་མའི་ལྟ་བའམ་སྒོམ་པ་ནི། ཐུབ་པ་ཆེན་པོས། ཚིག་བྲལ་ངག་གི་ལམ་གྱིས་མི་མཚོན་པ། །དེ་བཞིན་ཉིད་ཆོས་རང་བཞིན་ནམ་མཁའ་འདྲ། །སེམས་དང་ཡིད་ཀྱི་འགྱུ་བ་རྣམས་སྤངས་པ། །མཆོག་རབ་ངོ་མཚར་ཆེ་བ་དམ་པས་ཤེས། །ཞེས་དང་། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །ཞེས་དང་། སྲས་སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུལ་ལ་ཕྱག་འཚལ་ལོ། །ཞེས་དང་། ཀླུ་སྒྲུབ་ཀྱིས། གང་གི་རྟེན་ཅིང་འབྲེལ་བ་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་སྟོན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། གལ་ཏེ་ངས་དམ་བཅའ་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན༑ །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་དང་། ཡོད་དང་མེད་དང་ཡོད་མིན་ཅེས། །གཉིས་ཀའི་བདག་ཉིད་ཀྱང་མིན་པ། །མཐའ་བཞི་ལས་གྲོལ་དབུ་མ་པ། །མཁས་པ་རྣམས་ཀྱི་དེ་ཁོ་ནའོ། །ཞེས་དང་། སྟོང་ངོ་ཞེས་ནི་བརྗོད་གྱུར་ཅིང་། །མི་སྟོང་ཞེས་ནི་བརྗོད་གྱུར་ཀྱང་། །སྟོང་དང་མི་སྟོང་ལ་སོགས་པ། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་དང་། ཡུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ནམ་མཁའ་སྒོམ་པ་ལགས་སོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་སྟེ་ནམ་མཁའ་སྒོམ་པ་ལགས་སོ། །ཞེས་དང་། ཡིད་ལ་བྱེད་པ་ནི་བདུད་ཀྱི་ལས་སོ། །ཞེས་དང་། ཡིད་ལ་བྱེད་པ་ནི་བདུད་ཀྱི་ལས་སོ། །གང་ཡིད་ལ་མི་བྱེད་པ་ནི་དོན་དམ་པའོ། །ཞེས་དང་། ཞི་བ་ལྷའི་སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མིན་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པ་རབ་ ཏུ་ཞི། །ཞེས་དང་། ཤཱནྟ་དེ་བས། བློ་ནི་ཀུན་རྫོབ་ཡིན་པར་འདོད། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་དང་། མདོ་ལང་ཀར་གཤེགས་པ་ལས། རྟག་དང་ཆད་པ་སྤང་བ་ནི། །དབུ་མ་རྣམ་པར་རྟོགས་པར་འགྱུར། །དབུ་མ་ཡི་ནི་ལམ་འདི་ནི། །ང་དང་སངས་རྒྱས་རྣམས་ཀྱིས་བསྟན། །ཞེས་དང་། མདོ་ཏིང་འཛིན་རྒྱལ་པོ་ལས། རྟོག་ཅན་དག་གི་ཡོད་དང་མེད་ཅེས་བཏགས། །ཡོད་དང་མེད་ཅེས་བྱ་བའང་གཉིས་ཀྱི་མཐའ། །གཙང་དང་མི་གཙང་དེ་ཡང་མཐའ་ཡིན་ཏེ། །མཁས་པས་དབུས་ལའང་གནས་པར་ཡང་མི་འགྱུར། །ཞེས་དང་། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་པ་ཉིད་མི་རུང་། །དེ་དག་ཐམས་ཅད་རུང་མི་འགྱུར། །ཞེས་དང་། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང་། རྩ་ཤེར་ལས། སློབ་དཔོན་ཀླུ་སྒྲུབ་ཀྱིས། དངོས་དང་དངོས་མེད་འདུས་བྱས་ཡིན། །མྱ་ངན་འདས་པ་འདུས་མ་བྱས། །འཁོར་བའི་རྩ་བ་འདུས་བྱས་ཏེ། །དེ་ཕྱིར་མཁས་པས་འདུ་མི་བྱེད། །ཅེས་དང་། རིགས་པ་དྲུག་ཅུ་པ་ལས། ཆེ་བའི་བདག་ཉིད་ཅན་དེ་དག །རྣམས་ལ་ཕྱོགས་མེད་རྩོད་པ་མེད། །གང་རྣམས་ལ་ནི་ཕྱོགས་མེད་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །ཅེས་དང་། བཞི་བརྒྱ་པ་ལས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོ་ན། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་དང་། རྩོད་བཟློག་ལས། དགག་བྱ་ཅི་ཡང་མེད་པས་ན། །དེས་ན་ཅི་ཡང་མི་འགོག་གོ། །དེ་ཕྱིར་འགོག་པ་བྱེད་དོ་ཞེས། །སྐུར་པ་དེ་ནི་ཁྱེད་ཀྱིས་བཏབ། །ཅེས་དང་། གང་ཞིག་ང་ལ་གཟུགས་སུ་མཐོང་། །གང་ཞིག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །ཞེས་དང་། རིགས་པ་དྲུག་ཅུ་པ་ལས། དངོས་པོ་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་འབྱུང་བ་ཡིན། །ལྟ་བ་མི་ཟད་མ་རུངས་འཛིན། །དེ་ལས་བྱུང་བས་རྩོད་པར་འགྱུར། །ཞེས་དང་། རྩ་ཤེར་ལས། ཁྱེད་ཀྱི་སྟོང་ཉིད་སྤང་བྱེད་ན། །དེ་ནི་ང་ལ་མི་འཐད་དོ། །ཐུབ་པའི་ཐུགས་རྟེན་དམ་ཆོས་དང་། །འགལ་བ་ཉིད་དུ་འགྱུར་བ་ཡིན། །ཞེས་དང་། ༈ ཕྱག་རྫོགས་དབུ་གསུམ་ལམ་གྱི་རིང་ཐུང་ཙམ་ལས་མཐར་ཐུག་དགོངས་པ་རོ་གཅིག་པའི་ལུང་ནི། རྗེ་བདག་ཉིད་ཆེན་པོའི་ལམ་རིམ་གྱི་ཆེ་བ་བཞི་ནི། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། །གསུང་རབ་ཐམས་ཅད་གདམས་པར་ཤར་བའི་ཆེ་བ། །རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། །ཉེས་སྤྱོད་ཐམས་ཅད་རང་འགགས་སུ་འགྲོ་བའི་ཆེ་བ༑ །ཞེས་དང་། མཁས་གྲུབ་མི་ཕམ་པས། ཕྱག་ཆེན་ལམ་འབྲས་ཞི་བྱེད་དང་། །ཟུང་འཇུག་དབུ་མ་ཆེན་མོ་སོགས། །མིང་གི་རྣམ་གྲངས་སོ་སོར་ཡང་། །དོན་ལ་སེམས་ལས་འདས་པའི་ཕྱིར། །ཡེ་ཤེས་ཡིན་ཕྱིར་ཀུན་ཀྱང་མཉམ། །ལ་ལས་རང་ལུགས་རྫོགས་ཆེན་ནི། །ཕྱག་ཆེན་སོགས་ལས་འཕགས་སོ་ཟེར། །མ་རྟོགས་ལམ་གྱི་ཐ་སྙད་མེད། །རྟོགས་ན་དགོངས་པ་གཅིག་པ་ལ། །རིགས་པས་འཐད་པའི་དབྱེ་བ་མེད། །ཅེས་དང་། འཇམ་དཔལ་རོལ་པའི་རྡོ་རྗེས། གཞི་ཡི་དབུ་མ་ལམ་གྱི་ཕྱག་ཆེན་དང་། །འབྲས་བུ་རྫོགས་པ་ཆེན་པོ་འགལ་མེད་དུ། །སྔར་ནི་མཁས་ཤིང་གྲགས་ལ་གྲུབ་ཅིང་བརྙེས། །དེང་སང་ཕལ་ཆེར་འགལ་འདུའི་ཕུང་པོར་རྟོགས། །སྙིགས་མའི་སྐྱེ་བོའི་བྱ་བྱེད་གྱ་གྱུ་དང་། །གྲོགས་ངན་ཆགས་སྡང་གཏམ་ལ་ཡིད་བརྟན་མེད། །ཅེས་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ལྷན་ཅིག་སྐྱེས་པ་གྭའུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང་། །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང་། །ངེས་དོན་ལུང་རིགས་ལ་མཁས་ཤིང་། །ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་བབ། །ཅེས་དང་། སྲོང་བཙན་ཞལ་གདམས་ལས། གང་ཞིག་རང་ཕྱོགས་མི་གཙང་བཙོག་ཆུ་ཡང་། །ལྷ་ཡི་བདུད་རྩི་ལྟ་བུ་འདུ་ཤེས་ཤེས། །གཞན་གྱི་ལེགས་བཤད་ཟླ་བའི་འོད་ཟེར་ལ། །ཚ་བའི་མེ་ལྟར་མཐོང་བའི་ཕྲག་དོག་ལྡང་། །ཐོས་པས་དབུལ་བ་དེང་སང་ཕལ་མོ་ཆེ། །རྒྱུ་མཚན་མི་ཤེས་ཅལ་སྒྲ་སྒྲོགས་ཤིང་འུར། །ཞེས་དང་། སྡོམ་གསུམ་རྣམ་ངེས་ལས། དེང་སང་མ་དཔྱད་མུ་ཅོར་སྨྲ་བ་བརྒྱས། །རང་གི་ཡེ་ཤེས་རྡུལ་ཙམ་མ་རྟོགས་པར། །རང་བཟོ་ཆོ་གས་རྨོངས་རྣམས་ཚིམ་པའི་དུས། །སྐྱབས་དེ་དྲན་ཏེ་སྙིང་ནས་མཆི་མ་དཀུ། །ཞེས་དང་། ༈ རྩ་བའི་ཉོན་མོངས་ང་རྒྱལ་ཕྲག་དོག་ངན་པས་ལྟ་སྒོམ་སླད་པའི་ལུང་ནི། ཇི་སྐད་དུ། འཇིག་ཚོགས་ལྟ་བའི་རི་སུལ་གནས་བཅས་ཤིང་། །གཞན་ལས་མཆོག་ཏུ་འཛིན་པའི་སེམས་ཁེངས་ཤིང་། །ཕ་རོལ་ཆེད་དུ་གསོད་པའི་སྦར་ཁྱིམ་ཅན། །ང་རྒྱལ་སེང་གེའི་འཇིགས་པ་བསྐྱབ་ཏུ་གསོལ། །མ་རིག་འཁྱམས་པོའི་ཁུང་དུ་མངོན་ཞེན་ཅིང་། །གཞན་འབྱོར་ཕུན་ཚོགས་མཐོང་ཚེ་མི་བཟོད་པ། །སྡུག་པའི་དུག་གིས་མྱུར་དུ་ཁྱབ་བྱེད་པའི། །ཕྲག་དོག་སྦྲུལ་གྱི་འཇིགས་པ་བསྐྱབ་ཏུ་གསོལ། །ཞེས་དང་། ཀུན་མཁྱེན་ཀློང་ཆེན་གྱིས། ཐོས་པ་བྱས་ཀྱང་ཚིག་གི་རྩོད་པ་མཁན། །བཤད་པ་བྱས་ཀྱང་ཕྲག་དོག་ཁ་རྐྱང་མཁན། །སྒོམ་པ་བྱས་ཀྱང་རྣམ་རྟོག་ཡིད་སྨོན་མཁན། །བསམ་པ་བྱས་ཀྱང་ཟས་ནོར་ཁེ་སྤོག་མཁན། །སྲུང་སྡོམ་བྱས་ཀྱང་འཇིགས་སྐྱོབས་ལེགས་སྨོན་མཁན། །སེམས་མཆོག་བསྐྱེད་ཀྱང་བདག་ཉིད་རྒྱལ་འདོད་མཁན། །ཞེས་དང་། མཐོང་བ་ཙམ་གྱིས་ངེས་འབྱུང་དད་པ་སྒྲིབ། །ཐོས་པ་ཙམ་གྱིས་ཐར་པའི་ལམ་ལ་རིང་། །དྲན་པ་ཙམ་གྱིས་འཁོར་བའི་ས་བོན་འདེབས། །རེག་པ་ཙམ་གྱིས་བྱིན་རླབས་དངོས་གྲུབ་ཡལ། །གཏམ་འདྲིས་ཙམ་གྱིས་དག་སྣང་མོས་གུས་སྒྲིབ། །ཆོས་ཀྱི་འབྲེལ་ཚད་བདུད་ཀྱིས་བྱིན་བརླབས་པས། །ཤི་བའི་འོག་ཏུ་མནར་མེད་གནས་སུ་འགྲོ། །ཞེས་དང་། ཆོས་ལ་ལྟ་ཅི་ཐ་མལ་ལས་ཀྱང་དམན། །བསྟན་ཞུགས་ལྟ་ཅི་མ་རབས་ལས་ཀྱང་དམན། །ཐེག་དམན་ལྟ་ཅི་མུ་སྟེགས་བྱེད་ལས་དམན། །གསང་སྔགས་ལྟ་ཅི་ལོག་ཁྲིད་ཅན་ལས་དམན། །ཉམས་ལེན་ལྟ་ཅི་སྡིག་ཅན་རྣམས་ལས་དམན། །ལྟ་སྒོམ་ལྟ་ཅི་ཆོས་དང་གནམ་ས་བཞིན། །བསྟན་པའི་ཆོམ་རྐུན་ཆོས་ལྟར་བཅོས་པ་སྟེ། །དད་ལྡན་ལོག་ལམ་ངན་འགྲོར་ཁྲིད་པས་སྤོངས། །ཞེས་དང་། གཞན་ལས་རྙེད་མང་ལོངས་སྤྱོད་འཕེལ་འདོད་དང་། །འཁོར་མང་བུ་སློབ་འབྱོར་བ་རྒྱས་འདོད་དང་། །བསོད་ནམས་ཅི་ཆེ་འདུ་བ་མང་འདོད་དང་། །སྙན་གྲགས་བ་དན་རྒྱལ་ཁམས་ཁྱབ་འདོད་དང་། །ཀུན་ལ་རབ་འཕགས་ཆེ་ཁྱད་འདོད་པ་དང་། །རང་ལས་གཞན་པ་གཅིག་ཀྱང་མི་འདོད་པ། །དེ་དག་འདོད་ལྷའི་མེ་ཏོག་མདའ་ཡིས་བཅོམ། །ཞེས་དང་། ༈ དུས་ཀྱི་ཁུག་སོ་ལ་བསྟན་འགྲོ་གཉིས་ཆར་བདེ་སྐྱིད་མི་འབྱུང་བའི་རྒྱུ་རྐྱེན་གྱི་ལུང་ནི། སྟོན་པ་བཅོམ་ལྡན་འདས་ཀྱིས། སྙིགས་མའི་དུས་ལ་བབ་པའི་ཚེ། །ང་ཡི་བསྟན་པ་རྒྱ་ཆེན་ལ། །འཆོལ་བ་མང་པོས་བསླད་ནས་ནི། །འགྲོ་བ་ཁ་ལོ་ལོག་པར་བསྒྱུར། །ཞེས་དང་། ཨོ་རྒྱན་ཆེན་པོའི་གུར་དྲག་རྒྱུན་ཁྱེར་ལས། བླ་མ་ཆོས་མེད་དཀོར་ནག་དུག་གིས་འཆིང་། །ཚུལ་འཆོས་མཁས་པའི་སྐལ་མེད་སེམས་ཅན་བསླུ། །རབ་བྱུང་སྡོམ་མེད་ཁེ་གྲགས་ནོར་ལ་བརྣབ། །ལྐོག་ཏུ་ཆགས་སྤྱོད་མངོན་དུ་མི་ཆོས་མཁས། །བླ་མ་འདྲེན་སྟོན་གང་ཆེ་སྐུ་ཚེ་ཐུང་། །ཆོས་བྱེད་རྟོགས་ལྡན་རྣམས་ནི་ཀུན་གྱིས་སྡང་། །དེ་ཕྱིར་ཡུལ་ལྷ་གཞི་བདག་མ་མོ་འཁྲུགས། །འགོས་ནད་ཡམས་ནད་རིམས་ནད་སྣ་ཚོགས་འབྱུང་། །ས་སྟེང་མི་ནོར་ཐམས་ཅད་གློ་བུར་འཆི། །སུས་ཀྱང་བཅོས་ཐབས་མེད་དེ་རང་བྱས་ལས། །སངས་རྒྱས་ཐུགས་རྗེ་ཆུང་བ་མ་ཡིན་ནོ། །ཞེས་དང་། བླ་གཟུགས་ཕྲག་དོག་ཅན་གྱིས་འགྲོ་དོན་བསྙེགས། །སེར་གཟུགས་ང་རྒྱལ་ཅན་གྱིས་ངན་སྨྲ་སྒྲོགས། །ལས་ངན་སེར་སྐྱ་ཐམས་ཅད་དེ་ལ་འདུ། །ཡེ་ཤེས་སྤྱན་ལྡན་རྒྱལ་བས་ལུང་བསྟན་ཀྱང་། །བདུད་ཀྱིས་བསླུས་པའི་སེམས་ཅན་ཡིད་མི་ཆེས། །དེ་རྣམས་ཐར་མེད་མར་འགྲོ་ཟང་ཐལ་ཡིན། །ཞེས་དང་། ས་པཎ་གྱི་ཐུབ་པ་དགོངས་གསལ་ལས། སངས་རྒྱས་འཇིག་རྟེན་སྒྲོན་མེ་ནུབ་གྱུར་ཅིང་། །མཁས་པའི་སྐྱེ་བོ་ཕལ་ཆེར་འདས་པ་ན། །བླུན་པོ་མ་སྦྱོང་གཟུ་ལུམ་སྨྲ་རྣམས་ཀྱིས། །བདེ་གཤེགས་བསྟན་པ་དུས་མཐར་དཀྲུགས་པར་འགྱུར། །ཞེས་དང་། རིག་འཛིན་འཇིགས་མེད་གླིང་པའི་ཞལ་གདམས་ལས། མདོ་སྔགས་ཐེག་པ་བསམ་ཡས་པ། །རྣམ་པ་སྣ་ཚོགས་གསུངས་པ་དེ། །རྒྱལ་བའི་ཕྲིན་ལས་ཆེན་པོ་ཡིན། །འདུལ་ཐབས་མཁས་པ་མ་ཤེས་ཏེ། །མདོ་ལ་དད་པས་སྔགས་ལ་གཤེ། །སྔགས་ལ་དད་པས་འདུལ་བ་སྤོང་། །བསྟན་པའི་ཆུ་འགོ་ཐ་དད་འཛིན། །ཕྱོགས་ལྷུང་ཕྲག་དོག་ཀུན་དཀྲིས་ཅན། །སྐུར་འདེབས་བྱེད་པའི་སྡིག་ཏོ་ཅན། །ཞེས་དང་། ཐར་པ་ཆེན་པོ་ཕྱོགས་བཅུར་རྒྱས་པའི་མདོ་ལས། གང་ཞིག་སྒོམ་ལ་སྐུར་བ་དང་། །དགེ་འདུན་འཁྲུགས་པར་བྱེད་པ་ནི། །སྟོང་ཁམས་གསུམ་པོ་གང་བ་ཡི། །མི་དང་སྲོག་ཆགས་ཀུན་བསད་འདྲ། །སྒོམ་དང་དགེ་འདུན་དཀྲུགས་གྱུར་ན། །དེ་ཡི་སྡིག་ཀྱང་དེ་བཞིན་ནོ། །ཞེས་དང་། ༈ དེ་ལྟར་དགེ་བ་རབ་འབྲིང་ཐ་མའི་ཡང་མཐའ་དང་བཅས་པ་བྱང་ཆུབ་ཆེན་པོའི་རྒྱུར་ཡོངས་སུ་བསྔོ་དགོས་པའི་ལུང་ནི། རྗེ་ལྷ་རྩེ་བས། འགྲོ་དྲུག་གི་དོན་དུ་ཐུགས་བསྐྱེད་ནས། །ལས་དཀར་པོ་དགེ་བཅུའི་དུས་འདའ་བར། །དེ་འཁོར་གསུམ་ཡོངས་སུ་དག་ན་རབ། །དེ་མིན་ཀྱང་བྱང་ཆུབ་ཡོངས་བསྔོ་འཚལ། །ཞེས་དང་། རྗེ་འབྲི་གུང་སྐྱོབས་པས། ཚོགས་གཉིས་ཡིད་བཞིན་གྱི་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་སྨིན་པས། །རྗེས་བསྔོ་སྨོན་འདི་ལ་ནན་ཏན་མཛོད། །ཅེས་དང་། བློ་གྲོས་རྒྱ་མཚོས་ཞུས་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོ་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་དང་། སྡུད་པ་ལས། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་མཆོག་བསྒོམ་སྟེ། །དེ་ལས་ལངས་ཏེ་གོས་པ་མེད་པས་ཚིག་བརྗོད་དེ། །དེ་ཡང་འགྲོ་བའི་དོན་དུ་བྱང་ཆུབ་རྒྱུར་བསྔོ་ན། །དགེ་བ་དེ་དང་མཉམ་པ་འཇིག་རྟེན་གསུམ་ན་མེད། །ཅེས་དང་། བཟང་སྤྱོད་ལས། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་དང་། མདོ་སྡེ་རྒྱན་ལས། སྦྱིན་དང་ཚུལ་ཁྲིམས་སྒོམ་ལ་སོགས། །ཇི་སྙེད་དགེ་བའི་རྩ་བ་རྣམས། །མི་ཟད་འབྲས་བུ་འབྱིན་པའི་ཕྱིར། །བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོས། །ཞེས་པ་འདིའང་། དེང་སང་དུས་དབང་དང་། ཐོས་ཆུང་དབང་གིས་ཕྱོགས་རིས་ངན་པ་རེ་འགས་རྒྱལ་བསྟན་རིན་པོ་ཆེ་ལ་ང་ཁྱོད་འཛིན་ནས་དབྱེན་དཀྲུག་ལྟ་བུའི་ཅལ་སྒྲ་སྣ་ཚོགས་སྒྲོགས་པའི་སྐབས་འདིར་ཆགས་སྡང་རྨོངས་གསུམ་གྱིས་དུག་ཆུའི་མ་བསླད་པར་བློ་དམན་རྣམས་ལ་ཕན་དུ་རེ་ནས་ཐེག་པ་ཆེ་ཆུང་གི་རྣམ་བཞག་དང་། ལྟ་བའི་འདོད་ཚུལ། གང་ཟག་གི་བློ་རིམ་ཇི་སྙེད་ཡོད་ལུགས་ཀྱི་ལུང་འདྲེན་གཅེས་པར་བཏུས་པ་འདི་བཞིན་གྲུབ་སྲས་མཆོག་གིས་པར་དུ་བརྐོས་རྒྱུ་གནང་དོན་ལྟར་མདོ་ཕོ་གསང་བོད་པ་ནས་ཡོན་སྦྱར་བ་གྱིས་པ་དགེ་ལེགས་འཕེལ།། སྐྱེ་བ་ཀུན་ཏུ་ཡང་དག་བླ་མས་རྗེས་བཟུང་ནས། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་དང་། །རིམ་གཉིས་བློ་སྦྱོང་བསླབ་བྱའི་དམ་ཚིག་རྣམས། །ས་ལམ་ཡོན་ཏན་ཡོངས་སུ་རྫོགས་པར་ཤོག། །།དགེ་ལེགས་འཕེལ།། །། }} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> |
Latest revision as of 15:07, 3 July 2024
Wylie title | lung 'dren gces btus sna tshogs | |
---|---|---|
Location | 'phags mchog bka' 'bum Volume 2, Text 9, Pages 329-374 (Folios 1a1 to 23b3) | |
Author | འཕགས་མཆོག་རྡོ་རྗེ་ | |
Less details More details | ||
Citation | 'phags mchog rdo rje. Lung 'dren gces btus sna tshogs. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. 2: 329-374. Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004. | |
Genre | Collections of Scriptural Citations - lung btus | |
Colophon |
།ཞེས་པ་འདིའང་། དེང་སང་དུས་དབང་དང་། ཐོས་ཆུང་དབང་གིས་ཕྱོགས་རིས་ངན་པ་རེ་འགས་རྒྱལ་བསྟན་རིན་པོ་ཆེ་ལ་ང་ཁྱོད་འཛིན་ནས་དབྱེན་དཀྲུག་ལྟ་བུའི་ཅལ་སྒྲ་སྣ་ཚོགས་སྒྲོགས་པའི་སྐབས་འདིར་ཆགས་སྡང་རྨོངས་གསུམ་གྱིས་དུག་ཆུའི་མ་བསླད་པར་བློ་དམན་རྣམས་ལ་ཕན་དུ་རེ་ནས་ཐེག་པ་ཆེ་ཆུང་གི་རྣམ་བཞག་དང་། ལྟ་བའི་འདོད་ཚུལ། གང་ཟག་གི་བློ་རིམ་ཇི་སྙེད་ཡོད་ལུགས་ཀྱི་ལུང་འདྲེན་གཅེས་པར་བཏུས་པ་འདི་བཞིན་གྲུབ་སྲས་མཆོག་གིས་པར་དུ་བརྐོས་རྒྱུ་གནང་དོན་ལྟར་མདོ་ཕོ་གསང་བོད་པ་ནས་ཡོན་སྦྱར་བ་གྱིས་པ་དགེ་ལེགས་འཕེལ།། | |
/zhes pa 'di'ang /_deng sang dus dbang dang /_thos chung dbang gis phyogs ris ngan pa re 'gas rgyal bstan rin po che la nga khyod 'dzin nas dbyen dkrug lta bu'i cal sgra sna tshogs sgrogs pa'i skabs 'dir chags sdang rmongs gsum gyis dug chu'i ma bslad par blo dman rnams la phan du re nas theg pa che chung gi rnam bzhag dang /_lta ba'i 'dod tshul/_gang zag gi blo rim ji snyed yod lugs kyi lung 'dren gces par btus pa 'di bzhin grub sras mchog gis par du brkos rgyu gnang don ltar mdo pho gsang bod pa nas yon sbyar ba gyis pa dge legs 'phel// |