PJCW-KABUM-04-NGA-015: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
Line 9: Line 9:
|author=Dpal sprul rin po che
|author=Dpal sprul rin po che
|authortib=དཔལ་སྤྲུལ་རིན་པོ་ཆེ་
|authortib=དཔལ་སྤྲུལ་རིན་པོ་ཆེ་
|tibgenre=Commentary on Words - tshig 'grel, Notes - zin bris
|tibgenre=Commentary on Content - don 'grel, Commentary on Words - tshig 'grel, Notes - zin bris
|terma=No
|terma=No
|language=Tibetan
|language=Tibetan

Latest revision as of 11:39, 6 June 2024

Wylie title gsang ba sngags kyi smon lam 'dod 'jo'i dga' ston gyi don 'grel dang de'i smad cha'i rdzogs chen sde gsum gyi tshig 'grel
Location dpal sprul bka' 'bum
Volume 4, Text 15, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Commentary on Content - don 'grel  ·  Commentary on Words - tshig 'grel  ·  Notes - zin bris
[edit]
༄༅། །གསང་བ་སྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་གྱི་དོན་འགྲེལ་དང་དེའི་སྨད་ཆའི་རྫོགས་ཆེན་སྡེ་གསུམ་གྱི་ཚིག་འགྲེལ་བཞུགས།


གསང་བ་སྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་གྱི་ཟིན་བྲིས། གསང་བ་སྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་ལས། དང་པོ་རྒྱུ་མཚན་ཉིད་ཀྱི་ཐེག་པས་རྒྱུད་སྦྱངས་པ་སྔོན་དུ་སོང་ནས། དང་པོ་ཕྱི་རྒྱུད་སྡེ་གསུམ་ལ་སྨོན་པ་ནི། ཆུ་དབང་སོགས་ཀྱིས་ཞེས་གསུངས་ཏེ། །ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། ཞེས་པ་ལྟར། མི་བསྐྱོད་པ་ལ་ཆུ་ཡི་དབང་། རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་གཉིས་དང་། མཐའ་རྟེན་རྗེས་ལ་ནང་བཟླས་ལུང་ལ་སོགས་པས་རང་རྒྱུད་སྨིན་པ་སྔོན་དུ་སོང་ནས་ཡི་དམ་གྱི་ལྷ་གང་ཡིན་པ་རང་གི་མདུན་དུ་བསྐྱེད་པ་ལ་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པ་དང་། མཆོད་པ་དང་། བསྟོད་པ་སོགས་བྱས་ནས། མདུན་བསྐྱེད་ཀྱི་ལྷ་དེའི་ཐུགས་ཀར་ཟླ་དཀྱིལ་སོགས་ལ་ཐུགས་སྲོག་གི་ཡིག་འབྲུ་དང་བཟླ་བྱའི་སྔགས་ཕྲེང་བཀོད་ནས་བཟླས་པ་བྱ་བ་དང་། ཕྱི་ལུས་ངག་གི་སྤྱོད་ལམ་དྲང་སྲོང་གྲུབ་པ་རྣམས་དང་མཐུན་པར་ཁྲུས་དང་གཙང་སྦྲ་སྤྱོད་པ་དང་། དཀའ་ཐུབ་དང་སྨྱུང་གནས་བྱེད་པ་སོགས་གཙོ་བོར་བྱེད་ཅིང་། ནང་ལྷ་དང་སྟོང་ཉིད་ཀྱི་རྣལ་འབྱོར་ཟབ་མོ་སྒྲིབ་གཉིས་ཀྱི་མུན་པ་འཇོམས་པའི་ཉི་མ་ལྟ་བུ་སྒོམ་པ་དང་། བསྒོམ་བྱའི་ལྷ་དེ་དག་ཀྱང་རང་རང་གི་ཡུམ་ལྷ་མོ་རྣམས་དང་ཕན་ཚུན་བལྟས་པའི་བདེ་བ་ལ་རོལ་པའི་ཚུལ་དུ་བཞུགས་ཤིང་། ཐབས་དེས་དྲངས་པའི་ཞུ་བདེ་དང་དབྱེར་མེད་ཀྱི་ལྷ་སྐུ་སྒོམ་ཞིང་། ལྷ་དང་རང་ཉིད་རྗེ་འབངས་ཀྱི་ཚུལ་དུ་བལྟས་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཞུ་བའི་སྒོ་ནས་རིགས་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་མི་ཚེ་བཅུ་དྲུག་ན་ཐོབ་པར་འདོད་པ་ནི་བྱ་བའི་རྒྱུད་དོ། །ཆུ་དང་ཅོད་པཎ་གྱི་དབང་གཉིས་ཀྱི་སྟེང་དུ་སྣང་བ་མཐའ་ཡས་རྡོ་རྗེའི་དབང་དང་། དོན་ཡོད་གྲུབ་པ་དྲིལ་བུའི་དབང་དང་། རྣམ་པར་སྣང་མཛད་མིང་གི་དབང་དང་ལྔས་སྨིན་པར་བྱས་ནས། བདག་ལྷར་བསྐྱེད་པའི་མདུན་དུ་རང་དང་འདྲ་བའི་ལྷ་བསྐྱེད་པ་ལ་ཡེ་ཤེས་པ་སྤྱན་དྲང་ནས་བསྟིམ་པ་སོགས་ཐུགས་ཀར་ཡིག་འབྲུ་དང་སྔགས་ཕྲེང་སོགས་བཀོད་ནས་བཟླས་པ་བྱ་བ་དང་། ཕྱི་ལུས་ངག་གི་བྱ་བ་དང་། ནང་ཟབ་མོ་ལྷ་ཡི་རྣལ་འབྱོར་ཆ་མཉམ་པར་སྤྱོད་ཅིང་། ལྷ་ཡབ་ཡུམ་རྣམས་ཀྱང་ཕན་ཚུན་ཞལ་འཛུམ་པ་དང་དགོད་པའི་ཚུལ་གྱིས་དགྱེས་ཤིང་། ཐབས་དེས་དྲང་བའི་ཞུ་བདེ་དང་དབྱེར་མེད་ཀྱི་ལྷ་སྐུ་སྣང་སྟོང་སྒོམ་པ་དང་། ལྷ་དང་རང་ཉིད་སྤུན་ནམ་གྲོགས་པོ་ལྟ་བུའི་ཚུལ་གྱིས་དངོས་གྲུབ་ཞུ་ཞིང་། བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་གཞོལ་བའི་སྒོ་ནས་རིགས་བཞི་རྡོ་རྗེ་འཛིན་པའི་ས་ལ་མི་ཚེ་ལྔས་བགྲོད་པར་བྱེད་པ་ནི་སྤྱོད་པའི་རྒྱུད་དོ། །སྔར་གྱི་སློབ་མའི་དབང་ལྔ་དང་། རྡོ་རྗེ་སློབ་དཔོན་གྱི་དབང་དང་དྲུག་གི་རང་རྒྱུད་སྨིན་པར་བྱས་ནས། བདག་བསྐྱེད་མདུན་བསྐྱེད་གཉིས་ཀ་ལ་ཡེ་ཤེས་པ་སྤྱན་དྲང་བསྟིམ་པ་སོགས་བྱེད་ཅིང་ཇི་སྲིད་ལྷ་གཤེགས་གསོལ་མ་བྱས་ཀྱི་བར་དུ་ལྷ་དང་རང་ཉིད་གཉིས་མེད་དུ་བལྟས་ནས་ཕྱག་རྒྱ་བཞི་དང་ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་ཉམས་སུ་ལེན་པ་དང་། ལྷ་རྣམས་ཀྱང་ཡབ་ཡུམ་ལག་བཅང་གི་ཚུལ་གྱིས་རོལ་ཞིང་ཐབས་དེས་དྲང་བའི་ཞུ་བདེ་དང་དབྱེར་མེད་ཀྱི་ལྷ་སྐུ་སྒོམ་པར་བྱེད་ལ། ཕྱི་ལུས་ངག་གི་བྱ་བ་གྲོགས་ཙམ་དུ་འདེད་པ་ལས་གཙོ་བོར་ནང་གི་རྣལ་འབྱོར་ཉམས་སུ་ལེན་པའི་སྒོ་ནས་རིགས་ལྔ་རྡོ་རྗེ་འཆང་གི་གོ་འཕང་མི་ཚེ་གསུམ་གྱིས་མངོན་དུ་བྱེད་པ་ནི་རྣལ་འབྱོར་རྒྱུད་དོ། །གཉིས་པ་གསང་སྔགས་བླ་ན་མེད་པའི་རྒྱུད་སྡེ་ལ་གསུམ། དང་པོ་ཕ་རྒྱུད་མ་ཧཱ་ཡོ་ག་ལ་སློབ་པར་སྨོན་པ་ནི། རྒྱུ་དབང་བསྐུར་ནས་རགས་པའི་ཕུང་སོགས་རྣམས། ཞེས་པ་སོགས་ཀྱིས་བསྟན་ཏེ། དབང་གོང་མ་གསུམ་གྱི་རྒྱུ་ལྟ་བུར་གྱུར་ཞིང་བསྐྱེད་རིམ་གྱི་སྣོད་རུང་དུ་བྱེད་པ་རྡུལ་མཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བུམ་པའི་དབང་བསྐུར་བས་ཕུང་པོ་ཁམས་དང་སྐྱེ་མཆེད་ཐ་མལ་གྱི་སྣང་བ་རགས་པ་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་དུ་རྟོགས་ཤིང་། ཕྱི་སྣོད་གཞལ་ཡས་ཁང་དང་ནང་བཅུད་ལྷ་རུ་དག་པའི་སྐུ་རྡོ་རྗེའི་གོ་འཕང་གི་ས་བོན་བཞག །གསང་དབང་ཤེས་དབང་ཚིག་དབང་རིན་པོ་ཆེ་སྟེ་མཆོག་དབང་གོང་མ་གསུམ་བསྐུར་བས་རྫོགས་རིམ་གྱི་ཡེ་ཤེས་སྐྱེ་བའི་སྣོད་རུང་དུ་བྱས་ནས། ལམ་ཉམས་སུ་ལེན་པ་ལ་བསྐྱེད་རྫོགས་རིམ་པ་གཉིས་ལས་དང་པོ་བསྐྱེད་རིམ་ནི། ཚོགས་ཞིང་གི་ལྷ་ཚོགས་མདུན་མཁར་སྤྱན་དྲངས་པ་ལ་རྒྱུན་བཤགས་ཡན་ལག་བདུན་པ་སོགས་བྱ་བ་དང་། བསྲུང་བའི་འཁོར་ལོ་སྒོམ་པ་རྣམས་སྔོན་དུ་སོང་ནས་རྫོགས་རིམ་གྱི་སྐབས་སུ་རིམ་པ་ལྔ་སྒོམ་པ་ལ་དེའི་སྨིན་བྱེད་དུ་འགྲོ་བའི་བསྐྱེད་རིམ་གྱི་ལམ་ཡང་དེ་དང་རྗེས་སུ་མཐུན་པར་སྒོམ་པ་ལས། དང་པོ་འཆི་སྲིད་ཆོས་སྐུའི་རྣལ་འབྱོར་དོན་དམ་བདེན་པ་འོད་གསལ་དང་རྗེས་སུ་མཐུན་པའི་ལམ་ནི། མར་མ་དག་འཁོར་བའི་སྐབས་སུ་ས་ཆུ་མེ་རླུང་ནམ་མཁའི་ཁམས་ལྔ་དྲི་བཅས་ཡིད་ཤེས་ཀྱི་ཁམས་ཏེ་ཁམས་དྲུག་དང་ལྡན་པའི་མི་རྣམས་འཆི་བའི་ཚེ་རགས་པ་ཕུང་པོ་ལྔ་དང་ཁམས་ལྔ་ལ་སོགས་པ་རྣམས་རིམ་གྱིས་ཐིམ་ནས་ཕྲ་བ་སྣང་མཆེད་ཐོབ་གསུམ་ཀྱང་ཡོངས་སུ་རྫོགས་པ་ཐིམ་པའི་རྗེས་སུ་གཞི་དུས་ཀྱི་འོད་གསལ་སྤྲོས་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་གཡའ་དག་པ་ལྟ་བུ་ཤར་བ་དང་། དེའི་འདྲ་འབགས་ལྟ་བུ་མཚན་མོ་གཉིད་དུ་འགྲོ་བའི་ཚེ་ཡུལ་ལྔ་འཛིན་པའི་སྒོ་ལྔའི་རྣམ་ཤེས་ལྔ་པོ་ཡིད་ཤེས་ལ་ཐིམ། ཡིད་ཤེས་རྟོག་པ་དང་བཅས་པ་དེ་ཉིད་ཀུན་གཞིའི་བདག་ཉིད་གཉིད་འཐུག་སངས་ཏེ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚེ་འོད་གསལ་སྤྲོས་བྲལ་གྱི་ཡེ་ཤེས་འཆར་བ་གཉིས་དང་ཆ་མཐུན་པར་སྦྱོང་བྱེད་ཀྱི་ལམ། ལྷག་པར་མོས་པ་ཙམ་ལས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་བསྒོམ་ནས་དེ་ཉིད་འཆི་ཁའི་སྡུད་རིམ་དང་མཐུན་པའི་ཚུལ་གྱིས་འོད་གསལ་དུ་བསྡུས་ནས་སྟོང་ཉིད་སྤྲོས་བྲལ་གྱི་ངང་ལ་མཉམ་པར་འཇོག་པ་སྟེ། འདིས་མར་མ་དག་འཁོར་བའི་དུས་ཀྱི་འཆི་སྲིད་དང་གཉིད་འཐུག་གི་བག་ཆགས་དག་པར་བྱེད། ཡར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཀྱི་འབྲས་བུ་གཞི་ལ་རྫོགས་པར་བྱེད། བར་རྫོགས་རིམ་གྱི་དུས་སུ་དོན་དམ་བདེན་པ་འོད་གསལ་སྒོམ་པའི་སྨིན་བྱེད༵་དུ་འགྲོ་བ་ཡིན་ནོ། །གཉིས་པ་ཀུན་རྫོབ་བདེན་པ་སྒྱུ་ལུས་དང་རྗེས་སུ་མཐུན་པའི་ལམ་བར་དོ་ལོངས་སྐུའི་རྣལ་འབྱོར་ལ་བསླབ་པ་ནི། སྔར་བཤད་པའི་འཆི་སྲིད་ཀྱི་འོད་གསལ་དེ་ལས་སྣང་གསུམ་ལུགས་ལྡོག་ཏུ་ལང་སྟེ་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་རིམ་གྱིས་མཆེད་ནས་བར་དོའི་ཡིད་ལུས་གྲུབ་པ་དང་། གཉིད་ཀྱི་སྐབས་སུ་ཀུན་གཞི་རྟོག་མེད་ཀྱི་ངང་ནས་ཡིད་ཀྱི་ཤེས་པ་རྟོག་བཅས་ལང་ནས་རྨི་ལམ་གྱི་ཡིད་ལུས་བླངས་ཏེ་འཁྲུལ་སྣང་ལ་སྤྱོད་པ་དེ་དང་ཆ་མཐུན་པར། སྦྱོང་བྱེད་ཀྱི་ལམ་མེ་ལོང་ཡེ་ཤེས་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར། མཉམ་ཉིད་ཡེ་ཤེས་ཀྱི་རང་བཞིན་ཉི་མའི་དཀྱིལ་འཁོར་སོར་རྟོགས་ཡེ་ཤེས་ཀྱི་རང་བཞིན་ཕྱག་མཚན་ས་བོན་དང་བཅས་པ། བྱ་གྲུབ་ཡེ་ཤེས་ཀྱི་རང་བཞིན་རྣམ་གསུམ་གཅིག་ཏུ་འདྲེས་པའི་འོད་ཀྱི་གོང་བུ། ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་སྐུ་ཡོངས་སུ་རྫོགས་པ་སྟེ་མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་ལོངས་སྐུ་དང་པོའི་མགོན་པོ་རྣམ་པར་སྣང་མཛད་ཀྱི་སྐུ་བསྒོམ་པ་སྟེ་དེས་མར་མ་དག་འཁོར་བའི་དུས་སུ་བར་སྲིད་དང་རྨི་ལམ་གྱི་བག་ཆགས་དག་པར་བྱེད། ཡང་དག་པ་སངས་རྒྱས་ཀྱི་སྐབས་སུ་སངས་རྒྱས་ལོངས་སྤྱོད་རྫོགས་སྐུའི་གོ་འཕང་གི་འབྲས་བུ་གཞི་ལ་རྫོགས་པར་བྱེད། བར་རྫོགས་རིམ་གྱི་དུས་སུ་ཀུན་རྫོབ་བདེན་པ་སྒྱུ་ལུས་ཀྱི་ལམ་བསྒོམ་པའི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །གསུམ་པ་དབེན་པ་གསུམ་གྱི་རྫོགས་རིམ་དང་རྗེས་སུ་མཐུན་པའི་ལམ་སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་ལ་བསླབ་པ་ནི། གཉིད་ཀྱི་སྐབས་སུ་རྨི་ལམ་འཁྲུལ་སྣང་གི་སྐབས་དེ་ལས་སླར་ཡང་སྒོ་ལྔའི་རྩ་སྦུབ་ཏུ་རླུང་རྒྱུ་བས་སད་དེ་ཉིན་སྣང་གི་འཁྲུལ་པ་ལ་སྤྱོད་པ་དང་། འཆི་བའི་ཚེ་བར་དོའི་ཡིད་ལུས་དེ་ཉིད་མའི་མངལ་དུ་ཞུགས་ནས་རིམ་གྱིས་ཡན་ལག་དང་ཉིང་ལག་རྫོགས་ནས་བཙས་ཤིང་སྒོ་གསུམ་གྱི་ནུས་པ་རྩལ་རྫོགས་ཏེ་ཆུང་མ་ལེན་པ་སོགས་བྱ་བ་སྒྲུབ་པའི་གནས་སྐབས་རྣམས་དང་ཆ་མཐུན་པར། སྦྱོང་བྱེད་ཀྱི་ལམ་ཕུང་ཁམས་གཤེགས་པ་གཤེགས་མ་དབང་ཡུལ་སེམས་དཔའ་སེམས་མ། སྐྱེ་མཆེད་ཁྲོ་བོ་ཁྲོ་མོ་སྟེ་གདན་གསུམ་ལྷ་ཡི་དཀྱིལ་འཁོར་དུ་སྒོམ་པར་བྱ་བ་ལས། དང་པོ་སྔར་བསྒོམ་པའི་ལོངས་སྐུ་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་སྤྲུལ་སྐུ་རྡོ་རྗེ་མི་བསྐྱོད་པ་སྤྲོས་ཏེ་འཁོར་འདས་ཀྱི་ཁམས་ཐམས་ཅད་ཁྱབ་ནས་དོན་གཉིས་མཛད། སླར་བྱོན་པ་དེའི་སྐུ་ལ་དང་པོའི་མགོན་པོ་དེ་ཉིད་ཞུགས་ནས་དབྱེར་མེད་དུ་འདྲེས་པ་ལས་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་བསྒོམ་སྟེ་དེའི་སྐུ་ལ་དཀྱིལ་འཁོར་བཀོད་པ་དང་གནས་གསུམ་བྱིན་གྱིས་རླབས་ནས་ལྷ་དམ་ཚིག་སེམས་དཔའ་དེའི་ཐུགས་ཀར་རང་འདྲ་བའི་ཡེ་ཤེས་སེམས་དཔའ་དང་། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཐུགས་སྲོག་གི་ཡིག་འབྲུ་ཤིན་ཏུ་ཕྲ་བ་བསྒོམ་ནས་སེམས་དཔའ་སུམ་བརྩེགས་སུ་བྱས་ཏེ། ལྷ་མོ་རེག་བྱ་རྡོ་རྗེ་མ་གཟུགས་དང་ལང་ཚོ་རྫོགས་པ་སྤྲུལ་ནས་དེ་དང་སྙོམས་པར་འཇུག་པའི་རྗེས་ཆགས་ཀྱི་སྒོ་ནས་རིག་མའི་འདོད་ཡོན་ལ་རོལ་པ་སོགས་ཀྱིས་མར་མ་དག་འཁོར་བའི་དུས་སུ་སྐྱེ་སྲིད་དང་སད་པའི་གནས་སྐབས་ཀྱི་བག་ཆགས་དག་པར་བྱེད། ཡར་སངས་རྒྱས་སྤྲུལ་པའི་སྐུ་གང་འདུལ་དུ་སྣང་བའི་འབྲས་བུ་གཞི་ལ་རྫོགས་པར་བྱེད། བར་རྫོགས་རིམ་གྱི་དུས་སུ་ལུས་དབེན་སྐུ་རྡོ་རྗེ། ངག་དབེན་གསུང་རྡོ་རྗེ། སེམས་དབེན་ཐུགས་རྡོ་རྗེ་སྟེ་དབེན་པ་གསུམ་གྱི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། ། གཉིས་པ་རྫོགས་རིམ་ལ་གཉིས། ཕྲ་ཐིག་ལ་བརྟེན་ནས་བདེ་སྟོང་གི་ལྷ་སྐུ་ལ་བསླབ་པ་དང་། རྫོགས་རིམ་རིམ་པ་ལྔའི་དོན་ལ་སྨོན་པ་དང་གཉིས་ལས། དང་པོ་ནི། རང་གཙོ་བོ་ཡབ་ཡུམ་མཉམ་པར་སྦྱར་བའི་ཡབ་ཀྱི་གསང་བ་རྡོ་རྗེའི་སྣ་རྩེ་རྩ་ཨ་བ་དྷུ་ཏིའི་ནང་དུ་རླུང་སེམས་དྭངས་མའི་ཐིག་ལེ་ཡུངས་དཀར་གྱི་འབྲུ་ཙམ་གྱི་དབུས་སུ་རྟེན་དང་འཁོར་བརྟེན་པའི་དཀྱིལ་རྫོགས་པར་བསྒོམ་སྟེ་དེ་ལ་སེམས་རྩེ་གཅིག་ཏུ་བཟུང་བས་རླུང་སེམས་ཀྱི་འདུ་བ་དབུ་མར་ཞུགས་ཏེ་གཏུམ་མོ་སྦར་བའི་དྲོད་ཀྱིས་ཁམས་བཞུ་བ་ལས་དགའ་བ། མཆོག་དགའ། དགའ་བྲལ། ལྷན་ཅིག་སྐྱེས་པའི་དགའ་བ་དང་བཞི་རིམ་ཅན་དུ་སྐྱེས་པའི་སྟོབས་ཀྱིས་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་ཐམས་ཅད་བཅོམ་སྟེ་རྟོག་བྲལ་ལྷན་སྐྱེས་ཀྱི་ཡེ་ཤེས་ཤར་བ་དེ་ཉིད་ཀྱི་ངང་དུ་མཉམ་པར་འཇོག་ཅིང་། མཉམ་གཞག་དེ་ལས་ལངས་པའི་རྗེས་ཐོབ་རིགས་བརྒྱ་རིགས་ལྔ་རིགས་གསུམ་ལ་སོགས་པའི་བདེ་སྟོང་གི་ལྷ་ལ་བསླབ་པའོ། །གཉིས་པ་རྫོགས་རིམ་རིམ་པ་ལྔའམ་དྲུག་ནི། དབེན་པ་གསུམ་གྱི་རྫོགས་རིམ། བདེན་པ་གཉིས་ཀྱི་རྫོགས་རིམ། བདེན་གཉིས་ཟུང་འཇུག་གི་རིམ་པ་དང་དྲུག་ལས། དང་པོ་ལུས་དབེན་བསྐྱེད་རིམ་དུ་བསྡུས་ནས་ལྷག་མ་ལྔ་ལ་རིམ་ལྔ་བྱེད་པའམ། ཡང་ན་ཟུང་འཇུག་འབྲས་བུར་བཞག་ནས་དབེན་གསུམ་དང་བདེན་གཉིས་ལ་རིམ་ལྔར་བྱས་ཀྱང་རུང་ལ། གང་ལྟར་ཡང་། ལུས་དབེན་ནི་སྔར་བསྐྱེད་རིམ་ཕྲ་རགས་བསྒོམ་པ་དེར་འདུ་ལ། ངག་དབེན་རྡོ་རྗེའི་བཟླས་པས་རླུང་འབྱིན་འཇུག་གནས་གསུམ་སྔགས་སུ་སྦྱངས་ཤིང་དབུ་མའི་གནད་རྣམས་སུ་རྡོར་བཟླས་བྱས་པས་དེར་རླུང་སེམས་ཀྱི་འཇུག་པ་བྱང་ནས་རབ་ལ་ངག་དབེན་སྐབས་ཀྱི་སྣང་གསུམ་སྐྱེ། མིན་ཡང་སེམས་དབེན་སྒོམ་རུང་དུ་བྱེད། དེ་ནས་སྙིང་ཀའི་རྩ་འཁོར་གྱི་དབུས་སུ་སེམས་བཟུང་ནས་རླུང་གི་རྣལ་འབྱོར་ལ་སྦྱང་པས་སེམས་དབེན་སྣང་གསུམ་གྱིས་དྲང་པའི་འོད་གསལ་ངོས་ཟིན། དེ་ནས་སེམས་དབེན་གྱི་འོད་གསལ་དེ་ལས་ལངས་པའི་རྗེས་ཐོབ་ཏུ་སྣོད་བཅུད་ལྷ་དང་གཞལ་ཡས་སུ་གསལ་བའི་རྫོགས་རིམ་གྱི་ལྷ་སྐུ་ཅིག་ཆར་བ་ལ་སྦྱང་བས་གོམས་ནས་ཐ་མལ་གྱི་ལུས་རྟེན་རགས་པ་འདི་ལས་གོ་ས་གཞན་པའི་སྒྱུ་ལུས་རླུང་སེམས་ལྷ་སྐུ་བཞིན་ལག་གི་རྣམ་པ་ཅན་གྲུབ་པ་ན་སྒྱུ་ལུས་མཐར་ཕྱིན། དེ་ནས་རིལ་འཛིན་དང་རྗེས་གཞིག་གང་རུང་ལ་བརྟེན་ནས་སྒྱུ་ལུས་ཀྱི་ལྷ་སྐུ་དེ་ཉིད་འོད་གསལ་དུ་བསྡུ་བ་ལ་ཡང་ནས་ཡང་དུ་གོམས་པས། མཐར་སྒྱུ་ལུས་རླུང་སེམས་ཀྱི་ལྷ་སྐུ་དེ་ཡང་མཐོང་ལམ་གྱི་མངོན་བྱང་ལྔས་འོད་གསལ་དུ་བཅུག་ནས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་རྣམ་པར་མི་རྟོག་པ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བ་ནི་མཐོང་ལམ། མཐོང་ལམ་འོད་གསལ་དེ་ལས་ལངས་པའི་རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུའི་ལྷ་སྐུར་བཞེངས་པ་ནི་སྒོམ་ལམ་ཟུང་འཇུག་གི་ལྷ་སྐུ་སྟེ་སློབ་པའི་ཟུང་འཇུག །མཐར་ཐུག་ས་བཅུ་རྒྱུན་གྱི་ཐ་མར་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ལས་འདོད་ཆགས་ཆེན་པོའི་དབང་བསྐུར་ནོད་ནས་དཀར་ཆ་དག་པ་སྐུ་རྡོ་རྗེ། དམར་ཆ་དག་པ་གསུང་རྡོ་རྗེ། ཤེས་རིག་དག་པ་ཐུགས་རྡོ་རྗེར་གྱུར་ནས། ཐུགས་ཆོས་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་འོད་གསལ་དང་། སྐུ་ལོངས་སྐུ་མཚན་དཔེས་བརྒྱན་པའི་སྒྱུ་ལུས་གཉིས་ཟུང་དུ་འཇུག་པ་ནི་འབྲས་བུ་མི་སློབ་པའི་ཟུང་འཇུག་ཡིན་ཏེ་བརྒྱུད་དང་བསྟུན་པའི་རྫོགས་རིམ་རིམ་པ་ལྔའོ། །གཉིས་པ་མ་རྒྱུད་ཨ་ནུ་ཡོ་གའི་ལམ་བསྐྱེད་རྫོགས་གཉིས་ལ་སྨོན་པ་ནི། མཚན་ཉིད་ཀུན་ལྡན་སོགས་ཀྱིས་བསྟན། གསང་སྔགས་རྡོ་རྗེ་ཐེག་པ་སྤྱི་དང་བྱེ་བྲག་གི་རྒྱུད་སྡེ་རྣམས་ནས་ཇི་ལྟར་བསྟན་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་བླ་མ་རྡོ་རྗེ་སློབ་དཔོན་ཡབ་ཡུམ་ཟུང་འབྲེལ་དུ་བཞུགས་པ་ལས་ལམ་དབང་གསང་བ་ཟབ་མོའི་དབང་གསུམ་གྱིས་རང་རྒྱུད་ལེགས་པར་སྨིན་པར་བྱེད་པ་ལས། གསང་དབང་དང་ཤེར་དབང་གི་སྐབས་སུ་ཁམས་བྱང་ཆུབ་ཀྱི་སེམས་ཞུ་བདེའི་ཡེ་ཤེས་དགའ་བ་བཞིའི་འགྲོས་ཅན་དུ་སྐྱེས་པ་ལས་རིམ་པ་བཞིན་བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་། ཚིག་དབང་རིན་པོ་ཆེ་དང་བཞི་ཐོབ། དགའ་བ་བཞི་པའི་རང་བཞིན་ལྷན་སྐྱེས་ཀྱི་དགའ་བའི་མཐར་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་རང་སར་འགག་སྟེ་སྤྲོས་བྲལ་གྱི་ཡེ་ཤེས་རྗེན་པར་ཤར་བས་རིག་པ་རྩལ་གྱི་དབང་ཐོབ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་གཉིས་བཀྲུས། སངས་རྒྱས་སྐུ་བཞིའི་གོ་འཕང་ཐོབ་རུང་གི་ས་བོན་རྒྱུད་ལ་བཞག་པས་ལམ་ཉམས་སུ་ལེན་པའི་སྣོད་རུང་དུ་བྱས་ནས། ལམ་གྱི་རྟེན་དམ་ཚིག་དང་སྡོམ་པ་མཐའ་དག་སྲོག་ལྟར་དུ་བསྲུང་བས་ཟབ་ལམ་གྱི་རྟོགས་པ་སྐྱེ་བའི་སྣོད་དུ་གྱུར་པ་དང་ལམ་གྱི་དངོས་གཞི་བསྐྱེད་རྫོགས་རིམ་པ་གཉིས་ལས། དང་པོ་ནི་མར་མ་དག་པའི་གནས་སྐབས་ཀྱི་སྐྱེ་ཤི་བར་དོ་གསུམ་སྦྱོང་བྱེད་སྟོང་ཉིད་དེ་བཞིན་ཉིད་ཀྱི་རྣལ་འབྱོར་སྒོམ་པ་འཆི་བ་ཆོས་སྐུའི་ལམ་ཁྱེར། སྙིང་རྗེ་སྒྱུ་མ་ལྟ་བུའི་རྣལ་འབྱོར་བསྒོམ་པ་དེ་བར་དོ་ལོངས་སྐུའི་ལམ་ཁྱེར། སྣོད་བཅུད་ལྷ་དང་གཞལ་ཡས་སུ་གསལ་བ་སྐྱེ་བ་སྤྲུལ་སྐུའི་ལམ་ཁྱེར་དང་གསུམ་ལ་བརྟེན་ནས་རིམ་པ་དང་པོ་བསྐྱེད་རིམ་མཐར་ཕྱིན་པར་སྨོན་པའོ། །གཉིས་པ་རྫོགས་རིམ་ནི། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྩལ་ལས་ཕྱི་སྣོད་ལྟར་སྣང་བ་གཞལ་ཡས་ཁང་དང་། ནང་བཅུད་ཀྱི་འགྲོ་བ་ལྷ་ཡི་དཀྱིལ་འཁོར་དུ་གསལ་ཞིང་རང་ལུས་དཀྱིལ་འཁོར་དུ་ཤེས་པས་ལུས་དཀྱིལ་ཀྱི་ལྷ་ཚོགས་བསྒོམ་ཤིང་། རྩ་ཡི་གེའི་དཀྱིལ་འཁོར་དང་ཁམས་བདུད་རྩིའི་དཀྱིལ་འཁོར་གཉིས་ཀ་དཔའ་བོ་དང་རྣལ་འབྱོར་མའི་ཚུལ་དུ་ཤེས་པས། དང་པོ་རླུང་གི་རྣལ་འབྱོལ་ལ་བརྟེན་ནས་སྣང་བ་བཞི་རིམ་གྱིས་ཐིམ་ནས་སྟོང་པ་བཞིའི་འོད་གསལ་སྐྱེ་བའི་ཐབས་ཀྱིས་རྫོགས་རིམ་བདེ་སྟོང་གི་ཡེ་ཤེས་སྐྱེ་བའི་སྣོད་རུང་དུ་བྱས་ནས། དངོས་གཞིའི་སྐབས་སུ་རོ་རྐྱང་ཉི་ཟླའི་ལམ་ནས། སྲོག་འཛིན། མེ་མཉམ། ཁྱབ་བྱེད། གྱེན་རྒྱུ། ཐུར་སེལ་སྟེ་རྩ་བའི་རླུང་ལྔ། ས་ཆུ་མེ་རླུང་ནམ་མཁའི་རླུང་སྟེ་དཀྱིལ་འཁོར་བཅུའི་རླུང་ཐམས་ཅད་དབུ་མ་སྒྲ་གཅན་གྱི་ལམ་དུ་འགོགས་པར་བྱེད་པའི་ཐབས་ཀྱིས་མུན་ཅན་སྒྲ་གཅན་གྱི་ལམ་ནས་གཏུམ་མོའི་མེ་འབར་བས་དཀར་ཆ་བྱང་ཆུབ་ཀྱི་སེམས་ཧཾ་ཡིག་གི་གཟུགས་ཅན་དེ་ཉིད་ཞུ་བ་ལས་དགའ་བ་བཞིའི་ཡེ་ཤེས་རིམ་ཅན་དུ་སྐྱེས་པ་ལས་རང་བཞིན་ལྷན་སྐྱེས་ཀྱི་བདེ་བས་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དྲངས་པ་དེ་ཉིད་འཁོར་འདས་ཆོས་རྣམས་ཀུན་གྱི་གནས་ལུགས་སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་དོན་གྱི་ཡེ་ཤེས་དང་ངོ་བོ་དབྱེར་མེད་དུ་གྱུར་པའི་བདེ་སྟོང་དཔེ་ཡི་ཡེ་ཤེས་ཀྱི་ངང་དུ་མཉམ་པར་བཞག་ཅིང་། དེ་ལས་ལངས་པའི་རྗེས་ཐོབ་ཏུ་ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་དུ་རྫོགས་པའི་བདེ་སྟོང་དབྱེར་མེད་པའི་ལྷའི་རྣལ་འབྱོར་ལ་བསླབ་པས་མ་དག་པའི་སྐྱེ་ཤི་བར་དོ་གསུམ་གྱི་འཕྲང་ལས་ཐར་བར་བྱེད་དོ། །

༈ གསུམ་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་དང་གསུམ་ལས། དང་པོ་ཕྱི་སེམས་སྡེ་ནི། དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་སོགས་ཀྱིས་བསྟན་ཏེ། སྔར་མ་ཧཱ་ཨ་ནུའི་སྐབས་ཀྱི་བདེ་གསལ་དཔེའི་ཡེ་ཤེས་དེ་ཉིད་ཉམས་ཞེན་གྱི་ཤུབ་དང་བྲལ་ནས་མཚན་ལྡན་གྱི་བླ་མ་དམ་པས་ངོ་སྤྲད་དེ་དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་ཨ་ཏི་ཡེ་དག་རོ་མཉམ་ཆེན་པོའི་དགོངས་པ་དེ་ཉིད་མངོན་དུ་གྱུར་པའི་སྐབས་སུ། སེམས་ཀྱི་ཆོས་ཉིད་སྤྲོས་བྲལ་གྱི་ཡེ་ཤེས་དེ་ཉིད། དངོས་པོ་དང་མཚན་མའི་ཆོས་སུ་ཡོད་པ་མ་ཡིན། རང་བཞིན་གཉུག་མའི་ངོས་ནས་མེད་པ་མ་ཡིན། སངས་རྒྱས་ཀྱི་ཆོས་སྐུ་དང་ཡེ་ཤེས་རྒྱ་མཚོས་སྟོང་པ་མ་ཡིན། བདེན་ཞེན་ཨ་འཐས་ཀྱི་སྣང་བས་མི་སྟོང་པ་མ་ཡིན། རང་བཞིན་དོན་དམ་པའི་གཤིས་ལ་གཞལ་ན་སྐྱེ་བ་དང་འགགས་པ། གནས་པ་དང་དམིགས་པ། འགྲོ་འོང་ལ་སོགས་པ་གང་གིའང་རང་བཞིན་མ་གྲུབ་པས་ཐམས་ཅད་མིན། ཅང་མེད་ཆད་པའི་རང་བཞིན་ཡང་མ་ཡིན་ཏེ་ཡེ་ནས་སྣང་སྟོང་བདེ་སྟོང་གསལ་སྟོང་རིག་སྟོང་སོགས་གཉིས་སུ་མེད་པའི་ཟུང་འཇུག་གི་ཡེ་ཤེས། དངོས་པོ་དང་ཐེར་ཟུག་གི་ཆོས་སུ་མེད་པས་རྟག་པ་མ་ཡིན། འཁོར་བ་དང་མྱ་ངན་འདས་ཀྱི་བར་དུ་ཁྱད་པར་མེད་པས་ཆད་པ་མ་ཡིན། རང་གི་ངོ་བོ་འདི་ལྟ་བུ་ཡིན་ནོ་ཞེས་ངག་ཏུ་སྨྲ་རུ་མེད། ཡིད་ཀྱིས་བསམ་དུ་མེད། གཞན་ལ་བརྗོད་པར་དཀའ་བའི་བདག་ཉིད་རང་སེམས་ལྷན་སྐྱེས་ཀྱི་ཡེ་ཤེས་དང་དབྱེར་མེད་པས་རང་གནས་ཡེ་ཐོག་མ་མེད་པའི་དུས་ནས་རང་ལ་གནས་པས་ཡེ་གནས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་རྩལ་དུ་རྫོགས་པས་རྫོགས་པ་ཆེན་པོ། དོན་དམ་པར་དངོས་དང་དངོས་མེད་གང་དུའང་མ་གྲུབ་པས་གྲུབ་མཐའི་བློས་བཞག་གི་ལྟ་བ་ཀུན་ཀྱང་མིན། སྣང་བ་སྟོང་པ་ལ་སོགས་ཕྱོགས་རེ་ནས་གཞལ་ན་གང་ལྟར་ཡང་མི་འགལ་བས་ཐམས་ཅད་ཡིན། བློ་ཡིས་བཀོད་པའི་དུས་ན་དྲན་བསམ་བརྗོད་པའི་སྒྲོ་འདོགས་ཐམས་ཅད་ལས་འདས་ཤིང་། གཤིས་རྣལ་མའི་ངོས་ནས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་མིང་ཙམ་བཏགས་པ་ཙམ་དོན་རང་སྟེང་ན་གྲུབ་པའི་ངོ་བོ་རྡུལ་ཕྲ་རབ་ཙམ་ཡང་མེད་པས། ཇི་ལྟར་སྣང་བཞིན་པའི་དུས་སུའང་སྒྱུ་མའི་དམག་ལ་འཐབ་མོ་དང་། སྨིག་རྒྱུའི་ཆུ་ལ་ཆུ་རག་མི་དགོས་པ་བཞིན་དུ་སྣང་ཙམ་ལ་དགག་སྒྲུབ་གང་ཡང་མེད་པར་ཝལ་ལེ་ཤིག་གི་ཉམས་སུ་ལེན་པ་དང་། ཚིག་གིས་གསལ་འདེབས་པ་དང་སྤྲོས་པའི་བློས་བཅོས་པ་སོགས་གང་ཡང་མི་དགོས་པར་བསྐྱེད་རྫོགས་དབྱེར་མེད་པ་ལྷ་སྔགས་ལྷུན་གྲུབ་ཆེན་པོའི་རང་བཞིན་དུ་ཉམས་སུ་ལེན་ཞིང་། གང་ལྟར་ཡང་དེར་འཛིན་གྱི་གཏད་སོ་ཐམས་ཅད་དང་བྲལ་བ་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ནི་ཨ་ཏི་རྡོ་རྗེ་སྙིང་པོའི་ལྟ་བའོ། །གཉིས་པ་ནང་ཀློང་སྡེ་ནི། ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་དོན་སོགས་ཀྱི་སྐབས་སུ། ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་གནས་ལུགས་ཡིད་དཔྱོད་དང་བྲལ་བའི་སྒོམ་པ་ནི། རང་བབས་རང་བཞག་གི་སྒོམ་པ་ཡིན་པས་ཕུང་པོ་རྣམ་དཔྱད་ཀྱི་སྟོང་པས་ཕན་མ་བཏགས། རང་གི་རང་བཞིན་རང་སོར་བཞག་པས་སོ་མ། གཉུག་མ་རང་བབས་སུ་བཞག་པས་རང་བཞག །ཆེད་དུ་བློས་བཅོས་པ་མེད་པས་མ་བཅོས། བྱ་རྩོལ་དང་སྤྲོས་པ་མེད་པས་རང་ག་མ། རང་བཞིན་ཐ་མལ་དུ་གནས་པས་ཐ་མལ་ཤེས་པ། རང་གི་ངོ་བོ་རྣམ་པར་གྲོལ་བའི་བདག་ཉིད་དུ་གནས་པས་རང་གྲོལ། རྟོག་པ་གང་སྐྱེས་ཤར་གྲོལ་དུ་འགྱུར་བས་གཉེན་པོས་བཅོས་མི་དགོས། ཆོས་ཐམས་ཅད་རང་བཞིན་གྱིས་བདེན་པ་མེད་པ་ཡེ་གྲོལ་དུ་གནས་པས་བསྐྱར་ནས་གྲོལ་བར་བྱ་བའི་གཞི་མེད་དེ་གདོད་མའི་ངང་དུ་གནས། རྣམ་རྟོག་གང་སྐྱེས་ཀྱི་ངོ་བོ་ལ་གཅེར་གྱིས་བལྟས་པས་ངོ་བོ་མེད་པར་ཐུག་ཕྲད་དུ་གྲོལ་བས་བདེན་པའི་ཆོས་ཀྱི་སྟོང་། གཉེན་པོ་གཞན་ལ་མ་ལྟོས་པར་རང་གིས་རང་གྲོལ་བས་སྙིང་པོ་མེད་དེ་རང་བཞག་གི་ངང་ལས་མི་འདའ་འགྱུ་བ་གང་སྐྱེས་སྐྱེས་གྲོལ་དུ་དག་པས་རང་སར་དག་སྟེ་སྐད་ཅིག་མའི་རྒྱུན་མི་མཐུད། ཤར་བ་དང་གྲོལ་བ་དུས་མཉམ་པས་སྤངས་གཉེན་སྔ་ཕྱི་མེད། དེས་ན་ད་ལྟའི་ཤེས་པ་སྐད་ཅིག་མ་ངོ་ཤེས་པའི་ངང་ལ་བཟོ་བཅོས་གང་ཡང་མི་བྱེད་པར་ཆམ་གྱིས་འཇོག་པས་རང་བཞག་བདེ་ཆེན་གྱི་ཡེ་ཤེས་རང་བབས་ཀ་དག་གི་དགོངས་པ་ཀློང་དུ་གྱུར་པ་ནི། ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་རིག་པའི་ཡེ་ཤེས་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་དབྱེར་མེད་ཀྱི་ཡེ་ཤེས་བསལ་བཞག་བྲལ་བ་རྟོགས་པར་སྨོན་པའོ། །གསུམ་པ་མན་ངག་གི་སྡེ་ནི། ཤེས་རབ་རང་བྱུང་གི་སྒྲོན་མ་སྤྲོས་བྲལ་གཉུག་མའི་ཡེ་ཤེས་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་རིག་པ་ཟང་ཐལ་དུ་རྟོགས་པ་དེའི་དབྱིངས་ནས་འོད་གསལ་གྱི་སྣང་བ་དཔག་ཏུ་མེད་པ་འཆར་བའི་སྐབས་སུ་རྒྱང་ཞགས་ཆུའི་སྒྲོན་མ་འོད་རྩ་དར་དཀར་གྱི་སྐུད་པ་ལྟ་བུའི་རིག་གདང་འཆར་བའི་སྒོ་ཕྱེ་ནས། དག་པ་དབྱིངས་ཀྱི་སྒྲོན་མ་འོད་ལྔ་འཇའ་ཚོན་གྱི་སྣང་བས་ཞིང་ཁམས་དང་གཞལ་ཡས་ཀྱི་རྒྱན་བཀྲམ། ཐིག་ལེ་སྟོང་བའི་སྒྲོན་མ་འོད་ཁྱིམ་ཟླུམ་པོའི་རྣམ་པ་ལས་ཞི་ཁྲོའི་དཀྱིལ་འཁོར་དུ་འཆར་བ་སྟེ། དེ་ཡང་དང་པོ་ཆོས་ཉིད་མངོན་སུམ་གྱི་སྐབས་སུ་རྒྱུ་ཡིས་མ་བསྐྱེད་པའི་འོད་ལྔ་འཇའ་ཚོན་གྱི་སྣང་བ་དབྱིངས་སུ་ཤར། བར་དུ་སྣང་ཉམས་གོང་འཕེལ་གྱི་སྐབས་སུ་དེ་ཉིད་ཆེར་མཆེད་ནས་རིག་པ་ཚད་ལ་ཕེབས་པའི་ཚེ་རྐྱེན་གྱིས་མ་བསྐྱེད་པའི་སྣང་ཉམས་རིགས་ལྔ་ཡབ་ཡུམ་ཟུང་དུ་འབྲེལ་བའི་ཚོམ་བུའི་དཀྱིལ་འཁོར་དུ་གྲུབ། ཐ་མར་ཆོས་ཉིད་ཟད་པའི་སྐབས་སུ་ལྟ་བའི་གནས་དག་སྟེ་རིག་པ་ཚད་ཕེབས་ཀྱི་སྣང་ཆ་དབྱིངས་སུ་བསྡུས་ནས་དབྱིངས་རིག་དབྱེར་མེད་དུ་འདྲེས། ཤེས་ཉམས་ཡིད་དཔྱོད་དང་བྲལ་བའི་ཆོས་ཉིད་སྣང་ཉམས་དབང་པོའི་མངོན་སུམ་མཐོང་བ་འོད་གསལ་ཐོད་རྒལ་གྱི་ཉམས་ལེན་མཐར་ཕྱིན་པར་སྨོན་པའོ། །རྗེས་དེ་དག་གི་དོན་བསྡུ་བ་ནི། ཁྲེགས་ཆོད་སོགས་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བས་སྲིད་པའི་ཁུང་བུ་བདག་འཛིན་གྱི་རྩ་བ་བཅད་དེ་རང་གནས་ཆོས་ཉིད་ཀྱི་གདར་ཤ་བཅད། ལྷུན་གྲུབ་ཐོད་རྒལ་སྒོམ་པས་སྐུ་གསུམ་ལམ་སྣང་དུ་རྩལ་རྫོགས་ནས། འབྲས་བུ་གྲོལ་བའི་ཀ་དག་གདོད་མའི་གཞི་རྣམ་པར་དག་པའི་ཆོས་ཉིད་དང་ངོ་བོ་དབྱེར་མེད་པ། གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོའི་དགོངས་པ། འཁོར་འདས་དབྱེར་མེད་ཐིག་ལེ་ཉག་གཅིག་ཏུ་སྣང་བ་དེ་ལས་སྤྲོས་པའི་ཚེ་ན་སྐུ་གསུམ་དག་པའི་ཞིང་ཁམས་སྣོད་བཅུད་དང་བཅས་པ་མ་འདྲེས་པར་སྣང་ཞིང་བསྡུས་ཚེ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་རང་བཞིན་ཡེ་ཤེས་ཆོས་སྐུའི་བདག་ཉིད་སྤྲོས་བྲལ་ཐིག་ལེ་ཉག་གཅིག་གི་ཡུལ་ལ་གཡོ་བ་མེད་པར་སྨོན་པའོ། །སརྦ་མངྒལཾ། །