JKW-KABUM-05-CA-002-017: Difference between revisions
From Khyentse Lineage - A Tsadra Foundation Project
JKW-KABUM-05-CA-002-017
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse'i dbang po]]. ''''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 5: 523-. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |fulltitletib=དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ལམ་གྱི་རིམ་པ་རྣམ་པར་ཕྱེ་བ་སོགས། | ||
|fulltitle=dus kyi 'khor lo'i bskyed rdzogs lam gyi rim pa rnam par phye ba sogs | |||
|citation=[['jam dbyangs mkhyen brtse'i dbang po]]. ''dus kyi 'khor lo'i bskyed rdzogs lam gyi rim pa rnam par phye ba sogs''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 5: 523-551. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |||
|collectiontitle=mkhyen brtse'i bka' 'bum | |collectiontitle=mkhyen brtse'i bka' 'bum | ||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | ||
Line 9: | Line 11: | ||
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | |editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | ||
|tibgenre=Generation Stage - bskyed rim, Completion Stage - rdzogs rim, Stages of the Path - lam rim | |||
|terma=No | |terma=No | ||
|sabcadcategory=Four | |sabcadcategory=Four | ||
|cycle=dpal dus kyi 'khor lo | |||
|cycletib=དཔལ་དུས་ཀྱི་འཁོར་ལོ་ | |||
|language=Tibetan | |language=Tibetan | ||
|volumenumber=005 | |volumenumber=005 | ||
Line 18: | Line 23: | ||
|textnuminvol=002 | |textnuminvol=002 | ||
|textsubnumber=017 | |textsubnumber=017 | ||
|pagenumbers=523-551 | |||
|totalpages=29 | |||
|beginfolioline=228a2 | |beginfolioline=228a2 | ||
|endfolioline=242a2 | |||
|totalfolios=15 | |||
|multivolumework=No | |multivolumework=No | ||
|rectonotes=sde tshan 2 | |rectonotes=sde tshan 2 | ||
Line 27: | Line 36: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|ན་མཿཤྲཱི་ཀ་ལ་ཙཀྲ་ཡ། དེའི་བསྐྱེད་རྫོགས་ཀྱི་ལམ་གྱི་རིམ་པར་ཕྱེ་བ་ལ། ཐོག་མར་ལམ་ཐུན་མོང་བས་བློ་སྦྱང་། བློ་སྦྱངས་ནས་རྒྱུད་སྣོད་རུང་དུ་བྱེད་པའི་དབང་དང་དམ་ཚིག་གི་སྐོར་བཤད། རྒྱུད་སྣོད་རུང་དུ་བྱས་ནས་སྨིན་པ་དང་གྲོལ་བར་བྱེད་པའི་བསྐྱེད་རྫོགས་གཉིས་བཤད་པའོ། །དང་པོ་ནི། དཔལ་དུས་ཀྱི་འཁོར་ལོ་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐོབ་པར་འདོད་པའི་གང་ཟག་དེས་བསྟེན་བྱ་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བརྟེན་པ་ལ་བློ་སྦྱང་དགོས་ཏེ། མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་དགེ་བའི་བཤེས་གཉེན་ལ་རག་ལས་པའི་ཕྱིར་རོ། །དེ་རྗེས་དལ་འབྱོར་རྙེད་དཀའ་བ་དང་དོན་ཆེ་བའི་ཚུལ་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་འདོད་ཀྱི་བློ་མཚན་ཉིད་པ་རྒྱུད་ལ་མི་སྐྱེ་བའི་ཕྱིར་རོ། །དེ་རྗེས་རྙེད་པར་དཀའ་བའི་དལ་འབྱོར་གྱི་རྟེན་དེ་ཡང་འཆི་བ་དགུ་ཕྲུགས་སུ་བསམ་པའི་སྒོ་ནས་ཡུན་རིང་དུ་མི་གནས་པའི་ཚུལ་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་ཚེ་འདིའི་འཁྲི་བ་མི་ཆོད་པས་ཆོས་བྱེད་འདོད་ཀྱི་བློ་མཚན་ཉིད་པ་མི་སྐྱེ་བའི་ཕྱིར། དེ་རྗེས་ངན་སོང་གི་སྡུག་བསྔལ་དང་། དེ་ལས་སྐྱོབ་པར་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཤེས་པའི་སྒོ་ནས་སྐྱབས་འགྲོ་མཚན་ཉིད་པ་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་དཀོན་མཆོག་གསུམ་ལ་དམིགས་པའི་དད་པ་ཁ་ཞེ་མེད་པ་དང་སྐྱབས་གནས་ལ་བློ་ལིང་བསྐྱུར་གྱི་སྐྱབས་འགྲོ་མཚན་ཉིད་པ་མི་སྐྱེ་བའི་ཕྱིར། དེ་རྗེས་དགེ་མི་དགེའི་ལས་ལམ་དང་། དེ་དག་གི་འབྲས་བུ་བདེ་སྡུག་གཉིས། རྗེས་སུ་འགྲོ་ལྡོག །འཁྲུལ་མ་འཁྲུལ་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་སྡོམ་པ་གསུམ་གྱི་སྲུང་སྡོམ་རྩིང་པོར་སོང་ནས་ཕྱི་མ་ངན་འགྲོར་སྐྱེ་བར་འགྱུར་བའི་ཕྱིར་རོ། །དེ་རྗེས་ཀུན་ནས་ཉོན་མོངས་རྒྱུ་འབྲས་དང་། རྣམ་བྱང་རྒྱུ་འབྲས་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་འཁོར་བ་ལས་བཟློག་འདོད་དང་། ཐར་པ་ཐོབ་འདོད་གོ་བ་ཙམ་པོར་སོང་ནས་ཐར་པ་དོན་གཉེར་གྱི་བློ་མཚན་ཉིད་པ་རྒྱུད་ལ་མི་སྐྱེ་བའི་ཕྱིར་རོ། །དེ་རྗེས་རྒྱུ་འབྲས་མན་ངག་བདུན་མ་སོགས་ཀྱི་སྒོ་ནས་སྨོན་སེམས་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་བྱམས་སྙིང་རྗེའི་རྩ་བ་ཅན་གྱི་སྨོན་སེམས་མཚན་ཉིད་ཚང་བ་རྒྱུད་ལ་མི་སྐྱེ་བས་ཐེག་ཆེན་པ་མིང་ཙམ་པར་འགྱུར་བའི་ཕྱིར་རོ། །དེ་རྗེས་རྒྱལ་སྲས་སྤྱིའི་སྤྱོད་པ་ཕྱིན་དྲུག་དང་བསྡུ་དངོས་བཞི་ལ་བསླབ་དགོས་ཏེ། བསམ་པ་དེ་གྲོགས་སུ་ཡོད་ན་འཇུག་སྡོམ་མཚན་ཉིད་ཚང་བ་རྒྱུད་ལ་སྐྱེ་ལ། དེ་མེད་ན་མི་སྐྱེ་བའི་ཕྱིར། དེ་རྗེས་ཞི་ལྷག་འདྲེན་པར་བྱེད་པའི་ཐབས་སེམས་གནས་དགུ་སོགས་དང་། ཞི་ལྷག་རང་གི་ངོ་བོ། ཞི་ལྷག་གི་མི་མཐུན་ཕྱོགས་བྱིང་རྒོད་གཅོད་ཚུལ་སོགས་ལ་གོ་བ་རྣམ་དག་ཆགས་པ་དགོས་ཏེ། དེ་མེད་ན་ཞི་ལྷག་གི་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་མཚན་ཉིད་ཚང་བ་རྒྱུད་ལ་མི་སྐྱེ་བའི་ཕྱིར་རོ། ། ༈ གཉིས་པ་ནི། སྐབས་འདིར་རྒྱུད་སྣོད་རུང་དུ་བྱེད་པའི་དབང་དེ་ལ་གསུམ་དུ་ཡོད་དེ། བསྐྱེད་རིམ་སྒོམ་པའི་སྣོད་རུང་དུ་བྱེད་པའི་དབང་དེ་ལ་དབང་བདུན་དང་། རྫོགས་རིམ་སྒོམ་པའི་རྒྱུད་སྣོད་རུང་དུ་བྱེད་པའི་དབང་གོང་མ་བཞི་དང་། རྒྱུད་འཆད་པ་སོགས་ལ་དབང་བའི་རྒྱུད་སྣོད་རུང་དུ་བྱེད་པའི་གོང་ཆེན་གྱི་དབང་བཞི་དང་གསུམ་ཡོད་པའི་ཕྱིར། དེ་ཡང་དབང་མདོར་བསྟན་ལས། དབང་ནི་བདུན་པོ་འདི་རྣམས་ཏེ། །དཀྱིལ་འཁོར་བཞེངས་ལ་སྦྱིན་པར་བྱ། །ཞེས་དང་པོ་བདུན་ནི་དམིགས་གསལ་ཀུན་སྤངས་པའི་སློབ་མ་རེ་རེ་ཙམ་མ་གཏོགས་རྡུལ་ཚོན་ཁོ་ནར་བསྐུར་བར་གསུངས་སོ། །དེ་ལྟར་དབང་ཐོབ་ནས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་དཔང་པོར་བྱས་ཏེ་ཁས་བླངས་པའི་དམ་ཚིག་བརྟུལ་ཞུགས་ཉེར་ལྔ་དང་། སྡོམ་པའི་མི་མཐུན་ཕྱོགས་རྩ་ལྟུང་བཅུ་བཞི་ལ་སོགས་པ་སྲོག་དང་བསྡོས་ནས་བསྲུང་དགོས་ཏེ། དེ་རྣམས་མ་བསྲུངས་པར་བསྐྱེད་རྫོགས་ལམ་ཇི་ལྟར་བསྒོམས་ཀྱང་དོན་མི་འགྲུབ་པའི་ཕྱིར་རོ། ། ༈ གསུམ་པ་ལ་གཉིས་ཏེ། དང་པོ་ལ་རྒྱུད་སྨིན་པར་བྱེད་པ་བསྐྱེད་རིམ་བཤད་པ་ལ་གསུམ། རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་ཚང་བར་བསྒོམ་མི་དགོས་པའི་ལོག་རྟོག་དགག །བསྐྱེད་རིམ་ཇི་ཙམ་སྒོམ་པར་བཤད། བསྐྱེད་རིམ་སྒོམ་ཚུལ་བཤད་པའོ། །དང་པོ་ནི། སྔ་ཕྱིའི་མཁས་པ་མང་པོས་རྫོགས་རིམ་གྱི་སྔོན་འགྲོའི་བསྐྱེད་རིམ་ལ་ནི། དུས་འཁོར་དཔའ་གཅིག་དང་། ལྷན་སྐྱེས་ཙམ་བསྒོམས་པས་ཆོག་གི། བསྐྱེད་རིམ་ཚང་བར་བསྒོམ་མི་དགོས་ཏེ། དེ་འཇིག་རྟེན་པའི་དངོས་གྲུབ་ཀྱི་ཆེད་དུ་ཡིན་པའི་ཕྱིར་རོ། །ཞེས་བཤད་པ་ནི་མི་འཐད་དེ་འགལ་བ་རྣམ་པ་བཞི་ཡོད་པའི་ཕྱིར་དང་། ཁྱད་པར་མཆོག་དངོས་ཐོབ་པའི་རྒྱུར་སྟོང་གཟུགས་ཕྱག་ཆེན་རང་རྒྱུད་ལ་བསྐྱེད་དགོས་ པར་ཤེས་པའི་ཆེད་དུ་ཡེ་ཤེས་ལེའུ་བསྟན། ཕྱག་རྒྱ་ཆེན་པོ་ཐོབ་པ་ལ་དེའི་སྔོན་དུ་རྒྱུད་སྨིན་བྱེད་བསྐྱེད་རིམ་དགོས་པས་དེ་ཤེས་པའི་ཕྱིར་སྒྲུབ་ལེ་བསྟན། བསྐྱེད་རིམ་སྒོམ་པ་ལ་དེའི་སྣོད་རུང་དུ་བྱེད་པའི་དབང་བསྐུར་འགྲོ་དགོས་པས། དེ་ཤེས་པའི་ཕྱིར་དུ་དབང་ལེ་བསྟན། དེ་ལའང་དེའི་སྔོན་དུ་དབང་བསྐུར་བ་པོ་དང་རྒྱུད་འཆད་པ་པོ་དང་ཉན་པ་པོའི་རྩ་རླུང་ཐིག་ལེ་དང་ཕུང་ཁམས་སྐྱེ་མཆེད་ཤེས་དགོས་པས་དེ་ཤེས་པའི་ཆེད་དུ་ནང་ལེ་བསྟན། དེ་ཡང་སྔོན་དུ་སྦྱང་གཞི་སྣོད་ཀྱི་ཆགས་ཚུལ་སོགས་ཤེས་དགོས་པས། དེ་ཤེས་པའི་ཆེད་དུ་ཁམས་ལེ་བསྟན་པའི་གོ་རིམ་དང་འགལ་བའི་ཕྱིར་རོ། །གཉིས་པ་ནི། རབ་ཏུ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གསུམ་ཡོངས་རྫོགས་སམ། འཁོར་ལོ་གསུམ་ལ་བཀོད་པའི་པདྨའི་གདན་ཅན་གྱི་ལྷ་བརྒྱ་ང་དྲུག་གམ། ཐུགས་དཀྱིལ་ཡོངས་རྫོགས་ཙམ་བསྒོམ་པ་ནི་མཆོག་ཏུ་འགྱུར་ལ། དེ་ལ་སྦྱང་གཞི་སྲིད་པ་སྐྱེ་འཆི་སྦྱོང་བའི་ལམ་ཚང་བའི་ཕྱིར་དང་། དེར་མ་ཟད་སྒྲུབ་པོའི་ཕུང་ཁམས་སྐྱེ་མཆེད་ལས་དབང་བྱ་བ་དང་བཅས་པ་སྦྱོང་བའི་ལམ་གྱི་གནད་ཚང་བའི་ཕྱིར་རོ། །དེ་ཙམ་མ་གྲུབ་ནའང་ལྷ་བཅུ་གསུམ་མའམ། དགུའམ། ལྔ་ཡན་ཆད་ངེས་པར་བསྒོམ་དགོས་ཏེ། དེ་ཙམ་བསྒོམས་པས་ཕུང་ཁམས་སྐྱེ་མཆེད་ལས་དབང་བྱ་བ་དང་བཅས་པ་སྦྱོང་བའི་ལམ་མ་ཚང་ཡང་། སྲིད་པ་སྐྱེ་འཆི་སྦྱོང་བའི་ལམ་གནད་ཚང་བའི་ཕྱིར་རོ། །གསུམ་པ་ལ། སྔོན་དུ་འགྲོ་བའི་རིམ་པ་དང་། བསྐྱེད་རིམ་དངོས་གཉིས། དང་པོ་ལའང་། བདུད་རྩི་བྱིན་གྱིས་བརླབས་པ། རྡོར་དྲིལ་བྱིན་རླབས། མཆོད་པ་བྱིན་རླབས། རྡོར་སེམས་སྒོམ་བཟླས་སོ། །དང་པོ་ལའང་། བསང་། སྦྱང་། བསྐྱེད་ཅིང་བྱིན་གྱིས་བརླབས་པས་རྫས་ཕྱི་མ་རྣམས་བསང་སྦྱང་གི་དོན་དུ་བྱའོ། །གཉིས་པ་དང་། གསུམ་པ་ལའང་བསང་སྦྱང་བསྐྱེད་ཅིང་བྱིན་གྱིས་བརླབས་པ་བཞིའོ། །བཞི་པ་བསྐྱེད་ཅིང་ཡི་གེ་བཀོད་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་དབང་བསྐུར་ཞིང་གསོལ་བ་བཏབ་ལ་སྔགས་བཟླ་བ་རྣམས་སོ། །གཉིས་པ་ལ། སྔོན་འགྲོ་སྲུང་འཁོར་བསྒོམ་པ་དང་། དངོས་༤གཞི་སྒྲུབ་ཐབས་༢བཤད་པ་གཉིས། དང་པོ་ལ། སྔོན་འགྲོ་ཚོགས་གཉིས་བསགས་པ། དངོས་གཞི་སྲུང་འཁོར་བསྒོམ་པ། མཇུག་ཏུ་གཏོར་མ་ཕུལ་ཏེ་གཤེགས་སུ་གསོལ་བའོ། །དང་པོ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་གཉིས། དང་པོ་ལ་ཚོགས་ཞིང་སྤྱན་དྲངས་ནས། ཕྱག་འཚལ་བ། མཆོད། བཤགས་པ། ཡི་རང་བ། བསྐུལ་བ། མྱ་ངན་ལས་མི་འདའ་བ། སྐྱབས་གསུམ་ལ་བསྟེན་པ། རང་གི་ལུས་དབུལ་བ། རང་གི་དགེ་རྩ་སེམས་ཅན་གཞན་ལ་སྦྱིན་པ། ཐེག་ཆེན་སྨོན་སེམས་བསྐྱེད་པའི་སྒོ་ནས་བདག་དང་བདག་གིར་འཛིན་པ་སྤངས་པ་བསྟན་ལ། ཚིགས་བཅད་ལྷག་མ་རྣམས་ཀྱིས་ལམ་ལ་བསླབ་པ་བསྟན་ཏོ། །གཉིས་པ་ནི། དངོས་པོ་མེད་པ་སོགས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་བསྟན་ཏོ། །གཉིས་པ་ལ། བདག་སྲུང་བ་དང་། གནས་སྲུང་བའི་དོན་དུ་སྲུང་འཁོར་བསྒོམ་པའོ། །དང་པོ་ལ་ལྷ་རྫོགས་པའི་དོན་དུ་སྐུ་གསུང་ཐུགས་ཡེ་ཤེས་སྦྱོང་བ། རིགས་དྲུག་དགོད་པ། སྐུ་གསུང་ཐུགས་ཡེ་ཤེས་རྣམ་པར་དག་པར་བྱ་བ། ཡན་ལག་དྲུག་དགོད་པ། རྡོ་རྗེ་ཐམས་ཅད་ཀྱིས་བདུད་བཞི་གཞོམ་པ་དང་ལྔའོ། །གཉིས་པ་ལ། རྟེན་བསྐྱེད་པ། བརྟེན་པ་ལྷ་བསྐྱེད་པ། བདུད་བགེགས་ཚར་གཅོད་པའི་སྔགས་བཟླ་བའོ། །གསུམ་པ་ནི། རྡོ་རྗེ་བཞི་དང་ལྡན་པའི་དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེ་འཇིགས་བྱེད་འཁོར་དང་བཅས་པ་རྣམས་ལ་གཏོར་མ་ཕུལ་ནས། གསང་གནས་ལ་སོགས་པའི་རྩ་འཁོར་དྲུག་ཏུ་གཤེགས་གསོལ་བྱ་བའོ། །གཉིས་པ་སྒྲུབ་ཐབས་དངོས་གཞི་བཤད་པ་ལ། ལས་བསགས་པའི་རྗེས་སུ་འཆི་བ་འོད་གསལ་མྱོང་བ་དང་ཆོས་མཐུན་པར་སྔོན་འགྲོ་ཚོགས་བསགས་པའི་རིམ་པ་བསྟན་པ། ཤི་ནས་བར་དོ་འགྲུབ་སྟེ་སྲིད་པ་གཞན་དུ་སྐྱེ་བ་བླངས་པ་དང་ཆོས་མཐུན་པར་རྣལ་འབྱོར་བཞི་བཤད་པ་དང་གཉིས། དང་པོ་ལའང་། སྦྱང་གཞི་བཤད་པ། སྦྱང་གཞི་སྦྱོང་བྱེད་སྦྱར་ནས་བཤད་པ། སྒྲུབ་ཐབས་ཀྱི་ཚིག་དོན་བཤད་པ་དང་གསུམ་མོ། །དང་པོ། ལུགས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དེས་སྐྱེ་བ་འདིར་འབྱུང་བས་ཁམས་འཚོ་བ་དང་། འབྱུང་བ་རིམ་པར་ཐིམ་ནས་འཆི་བའི་འོད་གསལ་འཆར་བ་གསུམ་མོ། །གཉིས་པ་ནི། རང་ཉིད་སྐད་ཅིག་སོགས་དང་། རང་གི་ལུས་ཆུའི་ཁམས་ཀྱི་སོགས་དང་། དངོས་མེད་སོགས་ཀྱིས་སྦྱོང་བར་བྱེད་དོ། །གསུམ་པ་ལ་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་བསགས་པ་གཉིས་ལས། དང་པོ་ནི་སྲུང་འཁོར་གྱི་སྐབས་སུ་བཤད་ཟིན་ལ། གཉིས་པ་ནི། དངོས་པོ་མེད་སོགས་ཀྱིས་སྟོན་པ་ཡིན་ནོ། །གཉིས་པ་ལ། མངལ་དུ་སྐྱེ་སྲིད་བླངས་པ་དང་ཆོས་མཐུན་པར་རྣལ་འབྱོར་དང་པོ་གཉིས་བསྒོམ་ཚུལ་བཤད་པ། ཕྱི་རོལ་དུ་བཙས་ཏེ་དབང་པོ་ཡུལ་ལ་འཇུག་པ་དང་ཆོས་མཐུན་པར་ལས་རྒྱལ་མཆོག་བསྒོམ་ཚུལ་བཤད་པ། ལོ་བཅུ་དྲུག་གི་མཐར་བདེ་བ་རྫོགས་པར་མྱོང་བ་དང་ཆོས་མཐུན་པར་ཕྲ་ཐིག་གི་རྣལ་འབྱོར་བསྒོམ་ཚུལ་བཤད་པའོ། །དང་པོ་ལ་རྟེན་གཞལ་ཡས་ཁང་བསྐྱེད་པ། བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་སྦྱང་གཞི་བཤད་པ། དེ་དང་ཆོས་མཐུན་སྦྱར་བ། སྒྲུབ་ཐབས་ཀྱི་ཚིག་དོན་དངོས་བཤད་པའོ། །དང་པོ་ནི། ཁམས་དྲུག་པ་ཡེ་ཤེས་ཀྱི་ཁམས་ཆོས་ཐམས་ཅད་རང་བཞིན་མ་གྲུབ་པར་གནས་པའི་སྐབས་དེར། སྣོད་སྔ་མས་སྟོང་པའི་སྐབས་སུ། ཕན་ཚུན་འདབ་མ་འབྱར་བ་སིལ་བུར་གནས་པའི་ཚུལ་གྱིས་སྟོང་པ་སྟེ་དབང་ཤེས་ཀྱི་ཡུལ་དུ་མ་གྱུར་པའི་རྡུལ་ཕྲན་རྣམས་གནས་སོ། །དེ་ཡང་སྒྲའི་ཡོན་ཏན་གཅིག་དང་ལྡན་པའི་ནམ་མཁའ། དེ་སྟེང་རེག་དང་ལྡན་པའི་རླུང་གི །དེ་སྟེང་གཟུགས་དང་ལྡན་པའི་མེའི། དེ་སྟེང་རོའི་ཡོན་ཏན་དང་ལྡན་པའི་ཆུའི། དེ་སྟེང་དྲི་ཡི་ཡོན་ཏན་ཏེ་ལྔ་དང་ལྡན་པའི་རྡུལ་ཕྲན་ཆགས་སོ། །དེས་བརྩམས་པའི་རླུང་མེ་ཆུ་སའི་དཀྱིལ་འཁོར་དང་རི་རབ། དེའི་ཕྱི་རོལ་ན་ལོངས་སྤྱོད་ས་པའི་གླིང་དྲུག་དང་། དེ་བཞིན་ཕྱི་ན་གླིང་བདུན་པ་འཛམ་གླིང་ཆེན་པོ་ཡོད་དོ། །གཉིས་པ་ལ། ཕྱི་སྣོད་ཀྱི་འཇིག་རྟེན་དང་ཆོས་མཐུན་སྦྱར་བ། མའི་མངལ་དང་ཆོས་མཐུན་སྦྱར་བ། སྒྲུབ་པ་པོ་རང་གི་ལུས་དང་ཆོས་མཐུན་སྦྱར་བའོ། །དེ་ལས་བར་མ་ཅུང་ཟད་གོ་དཀའ་བས། ནམ་མཁའི་ཁམས་བསྒོམ་པ་མའི་གསང་གནས། རླུང་མེ་ཆུ་སའི་དཀྱིལ་འཁོར་ནི་མའི་དཔྲལ་མགྲིན་སྙིང་ག་ལྟེ་བའི་རྩ་འཁོར། རི་རབ་ནི་ལྟེ་བ་ནས་གསང་གནས་ཀྱི་བར། པདྨ་གསང་གནས་ཀྱི་ནང་གི་རྩ་འདབ་བརྒྱད། དེ་སྟེང་རྡོ་རྗེའི་གུར་ནི་མའི་པདྨར་ཕའི་རྡོ་རྗེ་ཞུགས་པ། གཞལ་ཡས་ཁང་མའི་མངལ། ཟླ་ཉི་སོགས་གདན་ནི་མའི་པདྨའི་ནང་གི་རྩ་རོ་རྐྱང་དབུ་མ་དང་ཆོས་མཐུན་ཅིང་དེ་དག་སྦྱོང་བར་བྱེད་དོ། །གསུམ་པ་ལ། འབྱུང་བཞི་གདན་དང་བཅས་པ་བསྒོམ་པ་དང་། གཞལ་ཡས་ཁང་བསྒོམ་ཚུལ་གཉིས་སོ། །གཉིས་པ་ལ། དང་པོ་སྦྱོར་བ་བསྒོམ་ཚུལ་དང་། དཀྱིལ་འཁོར་རྒྱལ་མཆོག་གཉིས། དང་པོ་ལ། སྦྱང་གཞི་ཆོས་མཐུན། ཚིག་དོན་གསུམ། དང་པོ་ནི། ལུགས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ལས་བཟང་པོ་བསགས་པའི་མཐར་འཆི་བ་ཉམས་སུ་མྱོང་ནས་བར་དོ་གྲུབ་སྟེ། མའི་མངལ་དུ་ཁྱད་པར་སོ་གཉིས་དང་ལྡན་པའི་ཕའི་ཁམས་དཀར་པོ་དང་། ཁྱད་པར་བརྒྱད་ཅུ་དང་ལྡན་པའི་མའི་ཁམས་དམར་པོ་གཉིས་ཀྱི་དབུས་སུ་སྐྱེ་བ་ལེན་ལ། མངལ་གྱིས་ཟླ་བ་དང་པོ་ལ་བདེ་བས་བརྒྱལ་ཞིང་ཡུལ་ལ་མ་དམིགས་པའི་ཕྱིར་མ་རིག་པ་དང་། ཟླ་བ་གཉིས་པ་ལ་རང་གི་ཕུང་པོ་རྣམས་གོང་ནས་གོང་དུ་འཕེལ་བས་འདུ་བྱེད་དང་། ཟླ་བ་གསུམ་པ་ལ་རྣམ་ཤེས་རགས་པ་ཡུལ་ལ་གཡོ་བར་བྱེད་པའི་ཕྱིར་རྣམ་ཤེས་ཀྱི་ཟླ་བར་བཞག་གོ །གཉིས་པ་ནི། ཁམས་དཀར་པོ་དབྱངས་ཡིག་༣༢དང་ལྡན་པའི་ཟླ་དཀྱིལ། དམར་པོ་གསལ་བྱེད་བརྒྱད་ཅུ་དང་ལྡན་པའི་ཉི་ད ཀྱིལ། དྲི་ཟའི་རྣམ་ཤེས་ཧཱུྃ་ཡིག །དེའི་བཞོན་པ་སྲོག་རླུང་ལ་ཧི་ཡིག་ནག་པོ། མངོན་བྱང་དང་པོ་བཞིའི་སྐབས་སུ་སེམས་བདེ་བའི་ངོ་བོར་སྐྱེ་བས་ཟླ་བ་དང་པོ། མངོན་བྱང་ལྔ་པའི་སྐབས་ཧྃ་ཡིག་དུས་འཁོར་བསྐྱེད་པའི་མཐུ་ནུས་ཅན་དུ་གྱུར་པས་ཟླ་བ་གཉིས་པ། མངོན་བྱང་ལྔ་ལས་རྣམ་ཤེས་རྣམ་དག་མི་བསྐྱོད་དུས་འཁོར་གྱི་ངོ་བོར་བསྐྱེད་པ་ནི་ཟླ་བ་གསུམ་པའི་བག་ཆགས་རྣམས་སྦྱོང་བར་བྱེད་པའོ། །གཉིས་པ་ལ། ལྷ་སྤྲོ་བའི་ཚུལ་སྤྱིར་བསྟན་པ། སོ་སོར་བཤད་པ། སྙིང་རྗེས་སེམས་ཅན་ལ་དབང་བསྐུར་བ། ང་རྒྱལ་འཛིན་པའོ། །གཉིས་པ་ལའང་། ཐུགས་དཀྱིལ་གྱི། གསུང་དཀྱིལ་གྱི། སྐུ་དཀྱིལ་གྱི། ལྷ་གཞན་རྣམས་སྤྲོ་བ་དང་བཞིའོ། །དང་པོ་ལའང་། གཤེགས་པ་གཤེགས་མ། ཁྲོ་བོ་ཁྲོ་མོ་དང་བཅས་པ་སྤྲོ་བ་དང་། སེམས་དཔའ་སེམས་མ་སྤྲོ་བ་གཉིས། དང་པོ་ལའང་སྦྱང་གཞི་ནི་ཟླ་བ་བཞི། མིང་གཟུགས་ཀྱི་ཟླ་བར་ཁམས་རགས་པ་དང་། དྭངས་མ། ལས་དབང་དང་། ལས་དབང་གི་བྱ་བ་ལྔ་འགྲུབ་པ་སྟེ། དེ་དང་ཆོས་མཐུན། གཤེགས་པ་དྲུག་སྤྲོ་བ་ནི་ཕུང་པོ་༦དྲུག །གཤེགས་མ་དྲུག་སྤྲོ་བ་ནི་ཁམས་༧དྲུག །བུམ་པ་རྣམས་ལུས་ཟུང་གི་དྭངས་མ། ཁྲོ་བོ་ཁྲོ་མོ་ལས་དབང་དེའི་བྱ་བ་ལྔ་རྣམས་སྦྱོང་བར་བྱེད་པའོ། །ཚིག་གི་དོན་ཐུགས་དཀྱིལ་ལ་ལྷ་སོ་དྲུག་བསྒོམ་པའོ། །གཉིས་པ་ནི། སྦྱང་གཞི་ཟླ་བ་ལྔ་པ་སྐྱེ་མཆེད་དྲུག་གི་ཟླ་བར་མིག་སོགས་སྐྱེ་མཆེད་དྲུག་དང་། དྲུག་པ་རེག་པའི་ཟླ་བར་གཟུགས་སོགས་ཡུལ་དྲུག་འགྲུབ་ཅིང་། དེའི་ཚེ་དབང་པོས་ཡུལ་ཅུང་ཟད་འཛིན་པས་དེ་སྐད་དོ། །དེ་དང་ཆོས་མཐུན་པར་སེམས་དཔའ་སེམས་མ་རྣམས་སྤྲོ་བའོ། །གཉིས་པ་ནི། མངལ་གྱི་ཟླ་བ་བདུན་པ་ཚོར་བའི་ཟླ་བར། ལྟེ་བར་ཐུགས་ཀྱི་རྩ་འདབ་བཞི། དེའི་ཕྱི་རོལ་དུ་གསུང་གི་རྩ་འདབ་བརྒྱད། དེའི་ཕྱི་རོལ་དུ་སྐུའི་རྩ་འདབ་བཅུ་དྲུག་ཡོད་པའི་དེའི་གཞི་ནི་སྟོང་པའི་རྩ་ཡིན་ལ། རྩ་འདབ་བཅུ་གཉིས་ལ་ལྔ་ལྔར་གྱེས་པའི་རྩ་འདབ་དྲུག་ཅུ་དང་། སྟོང་པའི་རྩ་འདབ་བཞི་རེ་སྟེ། རེ་བཞི་སྐུ་གསུང་ཐུགས་ཐུན་མོང་བའི་རྩ་ཞེས་བྱ་ལ། དེ་དག་གི་རྩ་སྣེ་ཚིགས་ཆེན་བཅུ་གཉིས་དང་། མགྲིན་པ་ཡུད་ཙམ་སུམ་ཅུ་འབབ་པའི་རྩར་སྤྲོ་ཞིང་འབྲེལ་བར་གནས་སོ། །དེ་དང་ཆོས་མཐུན་གཙོ་མོ་བརྒྱད་བསྒོམས་པས་ཕྱི་རོལ་ཐུན་ཚོད། ནང་དུ་གསུང་གི་རྩ་འདབ་བརྒྱད་སྦྱོང་བ་དང་། འདབ་མའི་ལྷ་མོ་དྲུག་ཅུ་རེ་བཞི་བསྒོམས་པས། ཕྱི་རོལ་ཏུ་ཆུ་ཚོད་དྲུག་ཅུ་རེ་བཞི་དང་ཐུན་མཚམས་བཞི་སྟེ་རེ་བཞི། ནང་ལ་ལྟེ་བའི་རྩ་འདབ་རེ་བཞི་དང་ཆོས་མཐུན་ཞིང་སྦྱོང་བའོ། །གསུམ་པ་ནི། ཕྱི་ལོ་གཅིག་ལ་དུས་དྲུག་དང་ཟླ་བ་བཅུ་གཉིས། ནང་དུ་མངལ་གྱི་ཟླ་བ་བརྒྱད་པ་སྲེད་པའི་ཟླ་བར་ལྟེ་བའི་རྩ་འདབ་དྲུག་ཅུ་ལས་རྩ་ལྔ་ལྔར་གྱེས་པའི་རྩ་སྣེ་རྣམས་ཚིགས་ཆེན་བཅུ་གཉིས་སུ་སོང་ནས། དེ་རྣམས་སུ་རྩ་འདབ་སུམ་ཅུ་པའི་རྩ་འཁོར་བཅུ་གཉིས་ཆགས་པ་དང་ཆོས་མཐུན་པའི་དེ་སྦྱོང་བྱེད་ཚེས་ལྷ་རྣམས་སྤྲོ་བར་བྱེད་པ་ཡིན་ཏེ། དེ་ཡང་ནག་པ་དང་ས་ག །སྣྲོན་དང་ཆུ་སྨད། གྲོ་བཞིན་དང་ཁྲུམས་སྟོད། ཐ་སྐར་དང་སྨིན་དྲུག །མགོ་དང་རྒྱལ། མཆུ་དང་དབོའི་ཟླ་བའི་ཚེས་ལྷ་སུམ་ཅུ་པ་ཚན་པ་གཉིས་གཉིས་ནི། ཕྱི་ལ་སོགས་པའི་དུས་ཚིགས་དྲུག་པོ་རེ་རེ་ལ་ཚེས་ཞག་སུམ་ཅུ་པ་གཉིས་རེ་ཡོད་པ་དང་། ནང་དུ་དཔུང་པ་གཡོན་གཡས། མཁྲིག་མའི་ཚིགས་གཡོན་གཡས། དེ་བཞིན་དཔྱི། པུས་མོ། ལོང་བུ། ཕྲག་པའི་ཚིགས་གཡོན་གཡས་དྲུག་པོ་རེ་རེ་ལ་རྩ་འདབ་སུམ་ཅུ་གཉིས་གཉིས་ཡོད་པའི་ཕྱིར་རོ། །མངལ་གྱི་ཟླ་བ་བརྒྱད་པ་དང་དགུ་པ་ལེན་པའི་ཟླ་བར། གཙུག་ཏོར། གཤང་ལམ། ལག་མཐིལ། རྐང་མཐིལ་རྣམས་སུ་རྩ་འདབ་བཞི་པ་རེ་ཆགས་པ་དང་ཆོས་མཐུན་ཅིང་དེ་སྦྱོང་བྱེད་ཁྲོ་མོ་བཞི་སྤྲོ་བར་བྱེད་དོ། །རྩ་འདབ་དྲུག་ཏུ་ལས་དབང་དྲུག་གིས་རང་རང་གི་བྱ་བ་བྱེད་པའི་ནུས་མཐུ་ཅན་དུ་གྱུར་པ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད་པའི་ཁྲོ་བོ་དྲུག་སྤྲོ་བར་བྱེད་དོ། །བཞི་པ་མངལ་གྱི་ཟླ་བ་བཅུ་པ་སྲིད་པའི་ཟླ་བར། ལག་སོར་དང་རྐང་སོར་བཅུ་བཅུ་གྲུབ་པ་དང་ཆོས་མཐུན་ཅིང་སྦྱོང་བྱེད་ཀླུ་བཅུ་དང་། རབ་གཏུམ་མ་བཅུ་སྤྲོ་བར་བྱེད་དོ། །གསུམ་པ་ལ་ཆོས་མཐུན་དམིགས་བསལ་དང་སྦྱར་དུ་མེད་ཀྱང་། འབྲས་བུ་དང་རྣམ་པ་མཐུན་པར་བསྒོམས་པ་ཡིན་ནོ། །བཞི་པ་ནི། ཕུང་ཁམས་སྐྱེ་མཆེད་ལས་དབང་བྱ་བ་དང་བཅས་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དེ་ངའོ་ཞེས་ང་རྒྱལ་འཛིན་པའོ། །གཉིས་པ་ལས་རྒྱལ་མཆོག་བསྒོམ་ཚུལ་ལ་གསུམ། སྦྱང་གཞི། ཆོས་མཐུན། ཚིག་དོན་བཤད་པའོ། །དང་པོ་ནི། གཉིས་པའི་ཤུགས་ལ་རྟོགས་པས། གཉིས་པ་ནི། རང་གི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ཡི་གེ་དགོད་པ། མངལ་གྱི་སེམས་ཅན་དེ་སྐུ་གསུང་ཐུགས་རྩ་གསུམ་རླུང་གིས་གང་བ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད། གནས་གཉིས་སུ་ཧོ་ཡིག་གཉིས་བསྒོམ་པ་ནི། དེ་བདེ་བས་བརྒྱལ་བ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད། ལྷ་མོ་བཞི་སོ་སོ་དང་སྤྱི་བསྐུལ་གཅིག་བཅས་ལྔ་ནི་ཁམས་ལྔའི་ངོ་བོར་གྱུར་པའི་རླུང་གིས་ཕྱི་རོལ་ཏུ་བསྐུལ་བ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད། གཙོ་བོ་དང་ནུས་མ་བཅུ་བསྐྱེད་པ་ནི། བྱིས་པ་ཕྲུ་མའི་ཆོས་འཛིན་པ་ཕྱི་རོལ་ཏུ་བཙས་པ་དང་༴ ལྷ་རྣམས་སྤྲོ་བ་ནི། དེའི་སྣ་བུག་ནས་རླུང་བཅུ་སྤྲོ་བ༴ རང་གི་སྙིང་ག་ནས་རྡོ་རྗེ་ཤུགས་སྤྲོས་ནས་ཡེ་ཤེས་པ་སྤྱན་འདྲེན་པ་ནི། སེམས་ཅན་དེའི་སྣ་བུག་ནས་ཡེ་ཤེས་ཀྱི་རླུང་རྒྱུས་ཏེ་དབང་པོ་ཡུལ་ལ་སད་པར་བྱེད་པ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད། རྡོ་རྗེ་ཤུགས་སྙིང་གར་སྡུད་པ་ནི་ཡེ་ཤེས་ཀྱི་རླུང་ནང་དུ་འཇུག་པ༴ ཁྲོ་བོ་ལྔས་དགུག་གཞུག་སོགས་བྱེད་པ་ནི། དབང་པོ་ཡུལ་ལ་ལོངས་སྤྱོད༴ དབང་བདུན་བསྐུར་བ་ནི། མ་ཡིས་འཁྲུད་པ་དང་༴ །རིགས་བདག་གིས་རྒྱས་འདེབས་པ་དང་ཕ་ཡི་རིགས་འཛིན་པ༴ རྒྱས་གདབ་བཞི་བྱེད་པས་ལུས་ངག་ཡིད་གསུམ་ཡེ་ཤེས་ཀྱི་བག་ཆགས་རྒྱས་པ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ནི། ལུས་ངག་ཡིད་གསུམ་རང་རང་གི་བྱ་བ་རྣམས་རྫོགས་པར་བྱེད་པའི་བྱ་བ་རྣམས་མཐུ་ཅན་དུ་གྱུར་པ༴ གསུམ་པ་ནི། ཞུ་བ་གླུས་བསྐུལ་བའི་ངོར་བཞེངས་པ། དེའི་མངལ་ནས་ལྷ་རྣམས་སྤྲོ་བ། དམ་ཚིག་པ་དང་ཡེ་ཤེས་པ་རོ་མཉམ་དུ་བྱ་བ། དབང་བསྐུར་ཞིང་རྒྱས་གདབ་པ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ། རྟེན་དང་བརྟེན་པའི་རྣམ་དག་བསྒོམ་པའོ། །གསུམ་པ་ཕྲ་ཐིག་གི་རྣལ་འབྱོར་བསྒོམ་པ་ལ་གསུམ། སྦྱང་གཞི། ཆོས་མཐུན། ཚིག་དོན་ནོ། །དང་པོ་ནི། གཞི་ལ་བུད་མེད་ཀྱིས་ལོ་བཅུ་གཉིས་དང་། སྐྱེས་པས་ལོ་བཅུ་དྲུག་མ་ལོན་པར་འཛག་བདེ་མི་མྱོང་བས། སྐྱེས་པས་ལོ་བཅུ་དྲུག་ལོན་ནས་རང་གི་ཆུང་མའི་ལག་པ་འཛིན་པ་དང་། འཁྱུད་པ་དང་། དབང་པོ་གཉིས་སྦྱར་ནས་གསང་གནས་སུ་གཏུམ་མོ་ཕལ་པ་འབར་ཏེ་སྤྱི་བོ་ནས་མགྲིན་པ་དང་། དེ་ནས་སྙིང་ག་དང་། དེ་ནས་ལྟེ་བ་དང་། དེ་ནས་ནོར་བུའི་རྩེར་སླེབ་པ་ན། གཞི་དུས་ཀྱི་དགའ་བཞི་རིམ་བཞིན་ཉམས་སུ་མྱོང་ནས། དེའི་རྗེས་སུ་བྱང་སེམས་ཕྱི་རོལ་ཏུ་འཛག་པའི་བདེ་བ་ལ་དམིགས་པར་བྱེད་དོ། །གཉིས་པ་ནི། རང་དང་ཤེས་རབ་སོགས་ཀྱིས་གཞི་དུས་ཀྱི་དགའ་བཞི་དང་ཆོས༴ སླར་ཡང་ཐིག་ལེ༴ སོགས་ཀྱིས་འཛག་བདེ་ལ་དམིགས་པ་དང་ཆོས༴ གསུམ་པ་ནི། འདིའི་སྐབས་སྔོན་གྱི་ལས་ཀྱིས་འཕངས་ཤིང་ནུ་མ་སྐྲ་དང་ལྡན་པ་ལས། བློས་བཏགས་ནས་བསྐྱེད་པ་ཡེ་ཤེས། དངོས་གནས་ལ་ལྷར་གྲུབ་པ་ཕྱག་རྒྱ་ཆེན་པོ་གསུམ་དུ་ཡོད་པ་ལས་སྔ་མ་གཉིས་གང་ཡང་རུང་བ་སྟེ། དེ་ལ་སྙོམས་པར་འཇུག་པས་ཡས་བབས་ཀྱི་དགའ་བ་བཞིར་ཐིག་ལེའི་རྣལ་འབྱོར་ཞེས་འཆད་པ་ལ་རྒྱུ་མཚན་ཡོད་དེ། ཐིག་ལེ་སྤྱི་བོ་ནས་ནོར་བུའི་རྩེར་བབས་པ་ལས་བྱུང་བའི་བདེ་སྟོང་དབྱེར་མེད་ཀྱི་རྣལ་འབྱོར་ཡིན་པས་དེ་ལྟར་བཤད་པའི་ཕྱིར། མས་བརྟན་གྱི་དགའ་བ་བཞི་ལ་ཕྲ་མོའི་རྣལ་འབྱོར་ཞེས་འཆད་པ་ལ་རྒྱུ་མཚན་ཡོད་དེ། ཡས་བབས་ཀྱི་དགའ་བ་བཞི་ལས་ཕྲ་ཞིང་རྟོགས་དཀའ་བའི་བདེ་སྟོང་གི་ཡེ་ཤེས་ཡིན་པའི་ཕྱིར་རོ། །དེ་ཡང་དཀྱིལ་འཁོར་རྒྱལ་མཆོག་གི་སྔོན་དུ་ཤཱུནྱ་ཏའི་སྔགས་དོན་བསྒོམ་དགོས་ཆོས་སྐུར་ང་རྒྱལ་འཇོག་ལ། དེ་ལ་སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཞི་ལ་སེམས་ཅན་འཆི་ཚེ་གཉིས་སྣང་རགས་པ་ལ་ཐིམ་ནས་འཆི་བ་འོད་གསལ་སྐད་ཅིག་མ་གཅིག་ལ་མྱོང་བ་དང་ཆོས་མཐུན། འབྲས་བུ་རྣམ་མཁྱེན་སྐད་ཅིག་དང་པོ་ཐོབ་པའི་ཚེ་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་དང་རྣམ་པ་མཐུན་པས་དེ་ལྟར་བཞག་པའི་ཕྱིར། དཀྱིལ་འཁོར་རྒྱལ་མཆོག་གི་སྦྱང་གཞི་མངལ་སྐྱེས་ཀྱི་གནས་སྐབས་ལ་རྣམ་པ་ལྔས་བྱང་ཆུབ་པར་འཇོག་པ་ལ༴ མེར་མེར་པོ་ལ་སོགས་པ་མངལ་གྱི་གནས་སྐབས་ལྔའམ། ཕུང་པོ་ཁམས་སྐྱེ་མཆེད་དབང་པོ་བྱ་བ་དང་བཅས་པ་རྫོགས་པའི་སྒོས་ཆོས་དེ་ལྟར་བཞག་པའི་ཕྱིར། སྦྱོང་བྱེད་དཀྱིལ་འཁོར་རྒྱལ་མཆོག་ལའང་མངོན་བྱང་ལྔས་མངོན་པར་བྱང་ཆུབ་པར་འཇོག་པའི༴ དེའི་གཙོ་བོ་ཡབ་ཡུམ་མངོན་བྱང་ལྔ་ལས་བྱང་ཆུབ་ཅིང་། འཁོར་རྣམས་ཀྱང་དེའི་མངལ་ནས་སྤྲོ་བ་དེ་ལྟར་བཞག་པའི་ཕྱིར་དང་། འབྲས་བུའི་སྐབས་ཀྱི་ཡེ་ཤེས་ལྔ་མངོན་པར་བྱང་ཆུབ་པ་དང་རྣམ་པ་མཐུན་པར་བསྒོམས་པས་དེ་ལྟར་བཞག་པའི་ཕྱིར། ལས་རྒྱལ་མཆོག་གི་སྦྱང་གཞི་ཕྱི་རོལ་དུ་བཙས་པའི་གནས་སྐབས་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པར་འཇོག་པའི༴ བཙས་ནས་དབང་པོ་ཡུལ་ལ་མ་སད་པའི་གནས་སྐབས་སྣ་བུག་ནས་ཁམས་ལྔའི་རླུང་བཅུ་སྤྲོ་བ་དང་། དབང་པོ་ཡུལ་ལ་སད་པའི་གནས་སྐབས་ནས་ཁམས་ལྔའི་རླུང་བཅུ་སྤྲོ་བའི་གནས་སྐབས་ཉི་ཤུར་རྫོགས་པས་དེ་ལྟར་བཞག་པའི་ཕྱིར། སྦྱོང་བྱེད་ལས་རྒྱལ་མཆོག་ལའང་རྣམ་པ་ཉི་ཤུས་བྱང་ཆུབ་པར་བཞག་པའི༴ བསྐུལ་བ་ལྔ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ། རྡོ་རྗེ་འཆང་གི་ངོ་བོར་བཞེངས་པ་ལྔ། དགུག་གཞུག་བཅིངས་མཉེས་རོ་མཉམ་དུ་གྱུར་པ་ལྔ། དབང་བསྐུར་དང་རྒྱས་གདབ་བཞི་སྟེ། ཉི་ཤུའི་སྒོ་ནས་བྱང་ཆུབ་པས་དེ་ལྟར་བཞག་པའི་ཕྱིར། ཡང་ལས་རྒྱལ་མཆོག་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པར་བཞག་པའི་རྒྱུ་མཚན། ལས་རྒྱལ་མཆོག་གི་ལྷ་དམ་ཚིག་པ་ཐམས་ཅད་ཁམས་ལྔར་འདུས་ལ། དེ་རེ་རེ་ལའང་ཐབས་ཤེས་གཉིས་གཉིས་ཀྱི་དབྱེ་བས་བཅུ། སྤྱན་དྲངས་པའི་ལྷ་ཐམས་ཅད་ཀྱང་ཁམས་ལྔར་འདུས་ཤིང་། དེ་རེ་རེར་ཡང་ཐབས་ཤེས་ཀྱི་དབྱེ་བས་བཅུ་སྟེ། དེ་ལྟ་བུའི་རྣམ་པ་ཉི་ཤུས་བྱང་ཆུབ་པ་དེ་ལྟར་བཞག་པའི་ཕྱིར། ཕྲ་ཐིག་གི་རྣལ་འབྱོར་གྱིས་སྦྱང་གཞི་ལོ་བཅུ་དྲུག་ལོན་ནས་ཡེ་ཤེས་ཀྱི་ཁམས་རྫོགས་པའི་གནས་སྐབས་ལས་བྱུང་བ་སྒྱུ་འཕྲུལ་དྲྭ་བས་མངོན་པར་བྱང་ཆུབ་པ་ཞེས༴ དེའི་སྐབས་སུ་རང་གི་ཆུང་མ་དང་མཉམ་པར་སྦྱོར་བའི་སྒོ་ནས་བུ་མོ་ལ་སོགས་པ་སྤྲོ་བའི་རྒྱུ་མཚན་ཡོད་དེ། སྦྱོར་བ་བྱེ་བྲག་གི་རྣལ་འབྱོར་ལའང་སྒྱུ་འཕྲུལ་དྲྭ་བས༴ ཕྲ་ཐིག་གི་རྣལ་འབྱོར་གྱིས་ཟིན་པའི་སྒོ་ནས་རྟེན་དང་བ རྟེན་པའི་དཀྱིལ་འཁོར་ལ་གསལ་སྣང་དང་ང་རྒྱལ་འདོན་པ་དང་། བཟླས་པ། མཆོད་བསྟོད། ཞི་རྒྱས་ཀྱི་ལས་རབ་འབྱམས་བསྒྲུབ་པའི་སྒོ་ནས་དེ་ལྟར་བཞག་པའི་ཕྱིར་རོ། །གསུམ་པ་མཐར་བཟླས་པ་སོགས་བྱེད་ཚུལ་ལ་བཞི་སྟེ། བཟླས་པ་བྱེད་ཚུལ་དངོས་དང་། མཆོད་བསྟོད་བདུད་རྩི་མྱོང་བ། གཤེགས་སུ་གསོལ་བ། ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པའི་ཚུལ་དང་བཞི། དང་པོ་ནི། དེ་ལྟ་བུའི་ཏིང་འཛིན་བསྒོམས་པས་སྐྱོ་ན་ཕྲེང་བ་བྱིན་གྱིས་བརླབས་ནས་བཟླས་པ་བྱའོ། །ཕྲེང་བའི་རྒྱུ་ཞི་རྒྱས་ལ་ཤེལ། བསད་བསྐྲད་ལ་མིའི་སོ་དང་རྟ་ཡི་སོ། དབང་དགུག་ལ་བོ་དྷི་ཙིཏྟ་དང་ཙནྡན་དམར་པོ། རྨོངས་རེངས་ལ་ལུང་ཐང་དང་རུ་རཀྴ་སོགས་བསྔགས་སོ། །གྲངས་ནི་བརྒྱ་བརྒྱད་མདོ་འཛིན་བཞི་དང་བཅས་པའོ། །བཟླས་པ་དབང་བསྐུར་བདག་འཇུག་སོགས་ལེན་རུང་ཙམ་ལ། གཙོ་བོ་ལ་འབུམ་ཕྲག་གཅིག །འཁོར་རྣམས་ལ་ཁྲི་སྟེ། དེ་ཡང་གསུང་དཀྱིལ་དང་སྐུ་དཀྱིལ་མི་དགོས་སོ། །ཅིའི་ཕྱིར་ན་གང་དུ་དབང་བསྐུར་བའི་དཀྱིལ་འཁོར་གྱི་ལྷ་ཐུགས་དཀྱིལ་དུ་ངེས་པའི་ཕྱིར་རོ། །གཉིས་པ་ནི། དུས་ཞབས་པས་མཆོད་པ་བཅུ་ཙམ་དང་། སཱ་དྷུ་པུ་ཏྲས་ལྷ་མོ་བཅུ་བཞི། ཨ་བྷཱ་ཡས་ཆུ་བཞི་ཉེར་སྤྱོད་དང་བཅས་པས་མཆོད་པར་བཞེད་དེ་རང་ལུགས་ཕྱི་མ་ལྟར་རོ། །བསྟོད་པ་ནི། མཆོག་སྦྱིན་རྡོ་རྗེ་སོགས། འགྲེལ་ཆེན་ལས། འདུད་ཉི་ཤུའོ། །གསུམ་པ་ནི། གཙོ་བོ་ཡབ་ཡུམ་མ་གཏོགས་པ་བདེ་ཆེན་འཁོར་ལོའི་ལྷ་རྣམས་གཤེགས་སུ་གསོལ་བ་སོགས་དང་། བཞི་པ་ཁ་ཟས་དང་། གཉིད་ཀྱི་རྣལ་འབྱོར་སོགས་རྒྱུད་འགྲེལ་ལས་བྱུང་བ་བཞིན་བསྟེན་པར་བྱའོ། །དེ་ཡན་ཆད་ཀྱིས་སྒྲུབ་ཐབས་པད་དཀར་ཞལ་ལུང་གི་ཊཱི་ཀ་ཚིག་དོན་རབ་གསལ་ལྟར་བཤད་ཟིན་ཏོ། །གཉིས་པ་རྫོགས་རིམ་བཤད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ལ། སྡིག་སྒྲིབ་དག་པར་བྱེད་པ་རྡོར་སེམས་སྒོམ་བཟླས་དང་། ཚོགས་གསོག་ཅིང་བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གཉིས་དང་། ཁྱད་པར་ལྟོས་མེད་དྲུག་ཅེས་ལུས་ངག་ཡིད་གསུམ་གྱི་བྱ་བ་སྤྲོས་པ་མང་པོ་མེད་པ་སྟེ་དེ་དག་འདོར་བ་དང་། འཕོ་བའི་བདེ་བ་ལ་ལྟོས་པ་མེད་པ་དང་། ལུས་དང་དབང་པོ་ལ་ལྷག་པར་ཆགས་པའི་གཞི་ལུས་དང་དབང་པོ་ལ་ལྟོས་པ་མེད་པ་སྟེ་དྲུག་གོ །དེ་དག་ནི་བསྐྱེད་རིམ་གྱིའང་སྔོན་དུ་འགྲོ་དགོས་སོ། །གཉིས་པ་ལ། སྔར་སྨོས་པའི་བསྐྱེད་རིམ་གོམས་ནས། གང་ལ་གནད་དུ་བསྣུན་པའི་གཞི་རྡོ་རྗེ་ལུས་ཀྱི་རྣམ་གཞག །དེ་ལ་གནད་དུ་བསྣུན་ནས་སྒོམ་པའི་རྫོགས་རིམ་ཡན་ལག་དྲུག་ཐུན་མོང་བའི་རྣམ་བཤད། ཡན་ལག་དྲུག་སོ་སོར་ཉམས་སུ་ལེན་ཚུལ་བཤད་པའོ། །དང་པོ་ལའང་གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་རྣམས་ནང་ལེ་ལྟར་བཤད་དོ། །གཉིས་པ་ནི། སྤྱིར་འདིའི་ཐ་སྙད་ཙམ་གསང་འདུས། །ཀྱེ་རྡོར། བདེ་མཆོག་སོགས་ཕལ་ཆེར་ལས་འབྱུང་ཡང་། འདིར་རྫོགས་རིམ་ཉིད་ལ་དྲུག་ཏུ་ཕྱེ་བ་ཡིན་ལ། དྲུག་པོ་དེ་ཡང་བསྙེན་སྒྲུབ་ཡན་ལག་བཞི་དང་། རྡོ་རྗེའི་རྣལ་འབྱོར་བཞི་དང་། དགེ་བ་གསུམ་སོགས་ཀྱི་ཆིངས་ཀྱིས་བསྡུས་ཏེ་འཆད་ལ། དེ་ཡང་སོར་སྡུད་ཀྱིས་སྟོང་གཟུགས་གསར་དུ་མཐོང་བ་བསྒྲུབ། བསམ་གཏན་གྱིས་དེ་བརྟན་པར་བྱེད། དེའི་རྗེས་སུ་སྲོག་འཛིན་གཉིས་ཀྱིས་རླུང་སེམས་དབང་དུ་བྱས། དེ་ལས་རྗེས་དྲན་གྱི་སྐུར་ལངས། དེས་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཏིང་ངེ་འཛིན་གྱི་ཡན་ལག་བསྐྱེད་པ་མཐར་ཕྱིན་པ་ལས་དང་པོའི་སངས་རྒྱས་མངོན་དུ་བྱེད་པར་དགོངས་པ་མཐུན་ནོ། །གསུམ་པ་ནི། དུས་ཞབས་སྙན་བརྒྱུད་ལས་སོ་སོར་དྲུག་ཚན་རེ་རེས་ཉམས་སུ་ལེན་ཚུལ་ཇི་ལྟར་གསུངས་པ་བཞིན་རྟོགས་པར་བྱའོ། །དེ་ལྟར་བསྒོམས་པའི་འབྲས་བུ་མངོན་དུ་བྱེད་པའི་ཚུལ་ནི་གཞུང་དུ་ཤེས་པར་བྱའོ། །འདི་ཡང་རྣལ་འབྱོར་ཡན་ལག་དྲུག་གི་ཁྲིད་ཡིག་གཙང་ཤབ་སྟོད་རི་བོ་བདེ་ཆེན། སྐལ་བཟང་ལམ་གྱི་འཇུག་ངོགས་ལྟར་བཤད་པའོ། །ཤུབྷཾ།། །། ༈ མཆོད་པའི་སྐབས། ཤ་ལྔ་དང་བདུད་རྩི་ལྔ་ལ་སྒྲོན་མ་ལྔ་ཞེས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། དངོས་གྲུབ་གསལ་བར་བྱེད་པ་དང་། མྱུར་དུ་འགུགས་པར་བྱེད་པའི་ཕྱིར། རྡོར་སེམས་སྔགས་དོན། ཨོཾ་ནི་སྐུ་གསུམ་མམ་རྡོ་རྗེ་གསུམ། བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། ཞེས་པ། རྡོ་རྗེ་སེམས་དཔའི་དམ་ཚིག་བཞིན་དུ་རྗེས་སུ་སྐྱོངས། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། ཞེས་པ། རྡོ་རྗེ་སེམས་དཔའ་ཉེ་བར་མནོས། དྲྀ་དྷོ་མེ་བྷ་ཝ་སོགས་བཞིས། བདག་ལ་བརྟན་པའི་རང་བཞིན་དུ་མཛོད། བདག་ལ་མཛེས་པའི་རང་བཞིན༴ བདག་ལ་ཆགས་པའི་རང་བཞིན༴ བདག་ལ་དགའ་བའི་རང་བཞིན༴ སརྦ་སིདྡྷི་སོགས་ཚན་གཉིས་ཀྱིས། དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། ལས་ཐམས་ཅད་བདག་ལ་སྩོལ། ཙིཏྟཾ་ཤྲེ་ཡ་ཀུ་རུ། བདག་གི་ནི་དཔལ་དུ་མཛོད། ཧཱུྃ་དང་ཧ་བཞིས་ཡེ་ཤེས་ལྔ་དང་། ཧོས་རང་རྒྱུད་དབྱེར་མི་ཕྱེད་པར་བསྟན། བྷ་ག་ཝཱན༴ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བོད་པའོ། །མ་མེ་མུཉྩཿ བདག་མ་འདོར་ཅེས་བསྐུལ་བའོ། །གང་གིས་ན། བཛྲི་བྷ་ཝ༴ རྡོ་རྗེའི་རང་བཞིན་དམ་ཚིག་ཆེན་པོ་སེམས་དཔས་སོ། །ཨས་ནི་ལྷ་དང་རང་དང་སྤང་བྱ་གསུམ་རང་བཞིན་མེད་པར་བསྟན། ཧཱུྃ་གིས་སྤང་བྱ་འཇོམས་པ། ཕཊ་ཀྱིས་དགེས་པར་བསྟན་ཏོ། ། ༈ ཚོགས་བསགས་ཕྱག་འཚལ་གྱི་སྐབས། ཕྱག་འཚལ་ལོ་ཞེས་དྲངས། གང་ལ་ན། ཉིན་ཞག་གཅིག་ལ་རྒྱུ་བའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པའི་ཆ་ནས་དུས། ལྟེ་བའི་འཕོ་ཆེན་བཅུ་གཉིས་ཀྱི་རླུང་གི་འཁོར་ལོ་འགགས་པའི་ཆ་ནས་འཁོར་ལོ་སྟེ། དེ་ལྟ་བུའི་དུས་གྱི་འཁོར་ལོ་ལའོ། །དེ་ཆོས་ཅན། ཡོན་ཏན་གྱི་ཁྱད་པར་གསུམ་དང་ལྡན་ཏེ། སྟོང་ཉིད་སྙིང་རྗེ་དབྱེར་མི་ཕྱེད་པ་དང་། སྲིད་གསུམ་སྐྱེ་འཇིག་མེད་པ་དང་། ཤེས་དང་ཤེས་བྱ་གཅིག་པའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །དང་པོ་དང་ལྡན་ཏེ། རྣམ་མེད་ཀྱི་ཡུལ་སྟོང་ཉིད་སྙིང་རྗེ་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་གྱི་ཡེ་ཤེས་གཉིས་དབྱེར་མེད་པ་ལ་འཁོར་བ་མ་སྟོང་གི་བར་དུ་མཉམ་པར་བཞག་པའི་ཡོན་ཏན་དང་ལྡན་པའི་ཕྱིར། གཉིས་པ་དང་ལྡན་ཏེ། སྲིད་པ་འཁོར་བར་ལས་ཉོན་གྱིས་སྐྱེ་བའི་སྲིད་མཐའ་དང་། འཇིག་པ་དེ་ཟད་པ་ཙམ་གྱིས་ཞི་མཐའ་སྤངས་པའི་ཡོན་ཏན་དང་ལྡན་པའི་ཕྱིར། གསུམ་དང་ལྡན་ཏེ། ཤེས་པ་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་དང་། ཤེས་བྱ་རྣམ་བཅས་ཀྱི་སྟོང་གཟུགས་གཉིས་སྐུ་དང་ཐུགས་རྡོ་རྗེ་གཅིག་ཏུ་སྦྱོར་བའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། ། ༈ དེ་བཞིན་གཤེགས་པའི་རྣམ་བཅུ་དབང་ལྡན་ཕྱི་ལ་སྦྱར་ན། ཨ། སྲོག་མེད་ཡུ་རུ་ལུ་ཝུ་ལྔས་ཁམས་ལྔ། མས་རི་རབ། ཀྵས་འདོད་ལྷ་དང་གཟུགས་ཁམས། ཧས་གཟུགས་མེད་ཁམས་མཚོན། རྣམ་བཅད་དང་ཐིག་ལེ་གཉིས་ཉི་ཟླའོ། །ནང་ལུས་ལ་སྦྱར་ན། ཨ་ཡ་ར་ཝ་ལ་ལྔས་མའི་གཙུག་ཏོར་དཔྲལ་མགྲིན་སྙིང་ལྟེའི་རྩ་འཁོར་རྣམས་མཚོན། མ་ཡིག་གིས་ལྟེ་བ་ནས་གསང་གནས་བར། ཀྵས་གསང་གནས་ནང་གི་རྩ་འདབ་བརྒྱད། ཧ་རྣམ་བཅད་ཐིག་ལེ་གསུམ་གྱིས་གསང་གནས་ནང་གི་དབུ་རྐྱང་རོ་གསུམ་མཚོན། གཞན་ལ་སྦྱར་ན་གསུམ་གྱི། དང་པོ་བསྐྱེད་རིམ་ལ་སྦྱར་བ་ནི་སྒྲུབ་ཐབས་དངོས་ལས་བཤད་ལ། གཉིས་པ་རྫོགས་རིམ་ལ་སྦྱར་ན། ཨ་ནས་ཀྵ་ཡིག་གི་བར་ནི་སྔ་མའི་ལུས་ལ་སྦྱར་བ་བཞིན་དུ་སྒྲུབ་པོ་རང་གི་གཙུག་ཏོར་ནས་གསང་གནས་ཀྱི་བར་གྱི་རྩ་འཁོར་རྣམས་མཚོན། ཧ་ཡིག་གིས་རང་སེམས། སེམས་དེས་རྩ་འཁོར་གསུམ་གནད་དུ་བསྣུན་པས་ཁམས་དཀར་དམར་གྱི་འཕྲོ་འདུ་འབྱུང་བ་ནི། རྣམ་བཅད་དང་ཐིག་ལེས་མཚོན། ནཱ་དས་ནི་སེམས་བདེ་ཆེན་གྱི་ངོ་བོར་སྐྱེ་བར་མཚོན། གསུམ་པ་འབྲས་བུ་ལ་སྦྱར་ན། ཀྵས་སྟོང་གཟུགས། ཧས་མཆོག་ཏུ་མི་འགྱུར་བའི་བདེ་ཆེན། ཨས་རྣམ་མེད་སྟོང་ཉིད། དེ་འདྲའི་སྟོང་གཟུགས་དང་མཆོག་ཏུ་མི་འགྱུར་བའི་བདེ་སྟོང་དབྱེར་མེད་ཉིད་སྐུ་དང་ཐུགས་སུ་ངོ་བོ་གཅིག་ཏུ་སྦྱང་ནས་ཁམས་ལྔ་སྒྲིབ་བྲལ་དུ་བྱས་པ་ནི་ཡི་གེ་ཁ་ཕྲལ་གྱིས་མཚོན་པའོ། ། ༈ དུར་ཁྲོད་ལས་༡༦སྐུ་རུ་དབྱེ་བ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའམ། སྐུ་གསུམ་ངོ་བོ་ཉིད་དང་བཞིར་ནང་གསེས་ཀྱི་ལྡོག་པའི་སྒོ་ནས་དབྱེ་ན་བཅུ་དྲུག་ཏུ་འགྱུར་རོ། ། ༈ དུར་ཁྲོད་ཀྱི་སྲོག་ཆགས་ལས། བྷེ་ཏུནྟྲ་ནི་བྱའི་རིགས་སེར་པོ། ཏི་ཀྵ་ནི། བྷལླུ་ཀ་དང་མིང་གི་རྣམ་གྲངས་ཏེ་དོམ་མོ། །རྒྱུད་ལས་སྡེབ་སྦྱོར་གྱི་དབང་གིས་གུར་བ་ད་ན་ཞེས་འབྱུང་བཤང་གདོང་ངམ་ཏེའུ་ལོ་པ། ཕ་ཝཾ། བཤང་གདོང་ནི་བོད་དུ་གྲགས་པའི་བྱ་མ་བྱེའུ་དང་། མིག་སྔོན་ནི། གཤོག་པ་ཅན་གྱི་འདྲེ་བྱ་མ་ཡིན། མཁའ་ལྡིང་ཨ་ནཱི་ལ་ནི་ཁ་དོག་ལྔ་པའི་མཁའ་ལྡིང་དང་། སེང་གེ་རྐང་པ་བརྒྱད་པ་ནི་གཤོག་པ་བཞི་དང་རྐང་ལག་རྣམས་ཡོད་པའི་སེང་གེའི་དབང་པོའོ།། ཞེས་བཤད་དོ། ། ༈ མཁའ་སྤྱོད་ཞལ་བཟང་བལྟ་བའི་སྨོན་ལམ་ལ་བཞི། མཚན་བསྟན་པ། མཆོད་པར་བརྗོད་པ། གཞུང་གི་དོན། མཇུག་གི་དོན་ནོ། །གཞུང་གི་དོན་ལ་གསུམ། མཁྱེན་པར་གསོལ་བ། སྨོན་ལམ་དངོས། བདེན་པའི་སྟོབས་བརྗོད་པའོ། །དང་པོ་ནི། མཐའ་ཡས་སོགས་སོ། །གཉིས་པ་སྨོན་ལམ་དངོས་ལ་གཉིས། རང་བཞིན་རྗེས་སུ་དྲན་པ་དང་། ཐུགས་དམ་གནད་ནས་བསྐུལ་བའོ། །དང་པོ་ནི། འོག་མིན་སོགས། གཉིས་པ་ལ་གཉིས། རྒྱུད་ཀྱི་རྡོ་རྗེའི་གནས་དང་སྦྱར་བ་དང་། སྔོན་རབས་ཀྱི་གཏམ་དང་སྦྱར་བའོ། །དང་པོ་ནི། ཨེ་མ་སོགས་སོ། །གཉིས་པ་ནི། ཨོ་ཌི་བི་ཤ་སོགས་སོ། །གསུམ་པ་བདེན་པའི་སྟོབས་བརྗོད་པ་ནི། རྩ་བརྒྱུད་བླ་མ་སོགས་སོ། །བཞི་པ་མཇུག་གི་དོན་ནི། ཞེས་སོགས་སོ། ། ༈ དུས་འཁོར་ཞེས་པའི་སྒྲ་དོན། ཕྱི་རོལ་ཏུ་ཉིན་མོ་དང་མཚན་མོའི་ཆ་ནི་དུས། དེ་ལ་ཁྱིམ་གྱི་འཕོ་བ་བཅུ་གཉིས། འཕོ་བ་རེ་རེ་ལ་ཉིན་ཞག་སུམ་ཅུ། ཉིན་ཞག་རེ་རེ་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཡུན་སོ་སོར་ཕྱེ་བ་ནི་འཁོར་ལོ་ཞེས་བྱ་ཞིང་། དེ་བཞིན་དུ་ནང་ལ་ཡང་ཉིན་ཞག་རེ་རེ་ལ་དབུགས༢༡༦༠༠། འབྱུང་འཇུག་བྱེད་པའི་འཕོ་ཆེན་བཅུ་གཉིས་ཀྱི་རྒྱུ་བ་ནི་འཁོར་ལོ་ཞེས་བྱ་ལ། ཕྱི་ནང་ནི་དུས་ཀྱི་འཁོར་ལོ་དེ་གཉིས་པོ་སྦྱོང་བྱེད་ཀྱིས་སྦྱངས་པས་སྦྱངས་འབྲས་དབུགས་ཀྱི་རྒྱུ་བ་མ་ལུས་པ་འགོག་པའི་སྲོག་ཆེན་པོ་ནི་དུས་དང་། ས་བཅུ་གཉིས་པོ་རེ་རེ་ལ་ཡང་རླུང་སྟོང་བརྒྱད་བརྒྱ་རེའི་རྒྱུ་བ་འགགས་པའི་སྒོ་ནས་གཞི་དུས་ཀྱི་འཕོ་ཆེན་བཅུ་གཉིས་ཀྱི་འཁོར་ལོ་མ་ལུས་པ་འགགས་པའི་ལྡོག་པ་ལ་འདིར་འབྲས་བུ་དུས་ཀྱི་འཁོར་ལོ་ཞེས་བརྗོད་དེ། རྩ་རྒྱུད་ལས། དུས་ཆེན་པོ་ནི་སྲོག་ཆེན་པོ། །འདས་པའི་དབུགས་བགྲོད་ཟད་པ་ལས། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། །བརྒྱ་ཕྲག་དྲུག་གི་དབུགས་རྣམས་ཏེ། །སྲིད་པ་གསུམ་དུ་དབུགས་འཁོར་ལོ། །འདི་ནི་དུས་ཀྱི་འཁོར་ལོར་བཤད། །ཅེས་གསུངས་པ་ལྟར་རོ། །དེས་ན་ངོ་བོ་གཅིག་ཉིད་ལ་དབུགས་༢༡༦༠༠འགགས་པའི་ལྡོག་པས་དུས་དང་། འཕོ་བ་བཅུ་གཉིས་འགགས་པའི་ལྡོག་པས་འཁོར་ལོར་བཞག་པ་ཡིན་ཅིང་། སངས་རྒྱས་ནི་མི་འགྱུར་བའི་བདེ་བ་༢༡༦༠༠རྫོགས་པར་ཐོབ་པའི་ལྡོག་པ་ནས་འཇོག་པ་ཡིན་ནོ། །དེ་ཡང་དགའ་བ་བཅུ་དྲུག་རྫོགས་པའི་ལྡོག་པ་ནས་དེ་ཉིད་བཅུ་དྲུག་གི་བདག་ཉིད་ཅན་གྱི་སངས་རྒྱས་ཞེས་བྱ་ལ། འཕོ་བ་བཅུ་གཉིས་འགགས་པས་བདེན་དོན་བཅུ་གཉིས་དང་ལྡན་པའི་དུས་ཀྱི་འཁོར་ལོ་ཞེས་བྱའོ། །སྟོང་དང་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པ་ཡི། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། ། ཧྐྐྵྨླྺྲྱྃ། ༈ འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། སྟོང་པ་ཆེན་པོ་ཡི་གེ་ལྔ། ཨ་ཨི་རྀ་ཨུ་ལྀ། །ཐིག་ལེ་སྟོང་པ་ཡི་གེ་དྲུག་ཀ་ཙ་ཊ་པ་ཏ་ས། །ཅེས་པའི་དོན། དང་པོ་ནི། དབུས་སུ་ཡེ་ཤེས་ཀྱི་ཕུང་པོ། ཡེ་ཤེས་ཀྱི་ཁམས། ནམ་མཁའི་ཁམས། ཡིད། རྣ་བ། སྒྲ། ཆོས་ཁམས། མཆོག་གི་དབང་པོ། བྷ་ག །ཆུ་འཛག་པ། ཁུ་བ་འཛག་པའི་ངོ་བོ་རྣམས། སྒྲིབ་པ་མེད་པ་ཉིད་སོ་སོ་རང་གི་ཡུལ་འཛིན་པ་རྣམ་པ་སྤངས་པ་གཅིག་ཏུ་འདྲེས་པར་གྱུར་པའི་སྟོང་པའི་ཡི་གེ་དང་པོ། ཨ་རྣལ་འབྱོར་པས་རང་གི་རིག་པར་བྱ་བས་ཐམས་ཅད་མེད་པ་མ་ཡིན་པའི་མཚན་ཉིད་དེ་ཉིད་གཞོམ་དུ་མེད་པ་ལས་ཡི་གེའི་གཟུགས་སྟོང་པ་བརྗོད་དུ་མེད་པ་གྲི་གུག་གི་རྣམ་པའོ། །དབུས་མ་གཞོམ་དུ་མེད་པའི་མཚན་མ་དེ་ལས། ཤར་དུ་འདུ་བྱེད་ཀྱི་ཕུང་པོ། རླུང་ཁམས། སྣ། རེག་བྱ། ངག་གི་དབང་པོ། བཤང་བ་འཛག་པ་སྒྲིབ་པ་མེད་པ་རྣམས་གཅིག་ཏུ་འདྲེས་པར་གྱུར་པའི་སྟོང་པའི་ཡི་གེ་གཉིས་པ་ཨི་བརྗོད་དུ་མེད་པ་དབྱུག་པའི་རྣམ་པའོ། །གཡས་སུ་ཚོར་ཕུང་། མེ་ཁམས། མིག །རོ། ལག་པ། འགྲོ་བ་སྒྲིབ་པ་མེད་པ་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་སྟོང་པའི་ཡི་གེ་གསུམ་པ་བརྗོད་དུ་མེད་པ་ཚེགས་དྲག་གི་རྣམ་པའོ། །གཡོན་དུ་འདུ་ཤེས་ཀྱི་ཕུང་པོ་ཆུ་ཁམས། ལྕེ། གཟུགས། རྐང་པ། ལེན་པ་སྒྲིབ་པ་མེད་པ་རྣམས་གཅིག་ཏུ་འདྲེས་པའི་ཡི་གེ་བཞི་པ་ཨུ་བརྗོད་དུ་མེད་པ་ཐིག་ལེའི་རྣམ་པ། རྒྱབ་ཏུ་གཟུགས་ཕུང་། ས་ཁམས། ལུས་དབང་། དྲི། གཅི་བ་འཛག་པ། སྨྲ་བ་སྒྲིབ་པ་མེད་པ་རྣམས་གཅིག་ཏུ་འདྲེས་པ་སྟོང་པའི་ཡི་གེ་ལྔ་པ་ལྀ་བརྗོད་དུ་མེད་པ་ཐོང་གཤོལ་གྱི་རྣམ་པ་སྟེ། ཝྃ་ཡིག་སྟོང་པ་ཆེན་པོ་དམིགས་པ་མེད་པ་སྙིང་རྗེའི་བདག་ཉིད་ཅན། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་རྣལ་འབྱོར་པས་རྟོགས་པར་བྱེད་པའམ་རིག་བྱེད་དོ། །དེའི་རྟེན་དུ་གྱུར་པ། རྣམ་ཤེས་ཀྱི་ཕུང་པོ། ནམ་མཁའི་ཁམས། རྣ་བ། ཆོས་ཁམས། ཁུ་བ་འཛག་པ། སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་སྟོང་པ་ཉིད་དབུས་ཀྱི་མཚན་མའི་སྟེང་དུ་ཀའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་དང་པོ། ཤར་གྱི་ཤར་དུ་འདུ་བྱེད་ཀྱི་ཕུང་པོ། རླུང་ཁམས་སྣ། རེག་བྱ། ངག །བཤང་བ་འཛག་པ་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་སྟོང་ཉིད་ཙ་སྡེའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཡི་གེ་ཙ་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་གཉིས་པ། གཡས་ཀྱི་གཡས་སུ་ཚོར་ཕུང་། མེ་ཁམས། མིག །རོ། ལག་པའི་དབང་པོ། འགྲོ་བ་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་སྟོང་པ་ཉིད་ཊའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཡི་གེ་ཊ་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་གསུམ་པ། གཡོན་གྱི་གཡོན་དུ་འདུ་ཤེས་ཀྱི་ཕུང་པོ། ཆུ་ཁམས། ལྕེ། གཟུགས། རྐང་པའི་དབང་པོ། ལེན་པ་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་སྟོང་པ་ཉིད་པའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཡི་གེ་པ་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་བཞི་པ། ནུབ་ཀྱི་ནུབ་ཏུ་གཟུགས་ཕུང་། ས་ཁམས། ལུས། དྲི། གཅི་བ་འཛག་པ་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཏའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་ཏ་བརྗོད་དུ་མེད་པ་ཐིག་ལེ་སྟོང་པ་ལྔ་པ། དབུས་ཀྱི་འོག་ཏུ་ཡེ་ཤེས་ཀྱི་ཕུང་པོ། ཡེ་ཤེས་ཀྱི་ཁམས། ཡིད། སྒྲ། མཆོག་གི་དབང་པོ། ཆུ་འཛག་པ་སྒྲིབ་པ་མེད་པ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་སའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་ས་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་དྲུག་པའོ། །དེ་དག་ཆོས་ཀྱི་འབྱུང་གནས་ཨའི་རྣམ་པ་དམིགས་པ་དང་བཅས་པའི་ཤེས་རབ་མ་པྲ་ཕབ་པའི་རང་བཞིན་ཅན་རིག་བྱའོ། །ཡུལ་ལ་གཏོད་པའི་བློ་ནི་རིག་བྱེད་ཡིན་ལ། གཏོད་ཡུལ་སྣང་ཙམ་པ་དེ་ནི་ཡུལ་ལོ། །དེ་གཉིས་སྦྱར་བ་ནི་སྣང་ཙམ་ཉམས་སུ་མྱོང་ན་ཡུལ་ཡུལ་ཅན་གཉིས་སུ་སྣང་བ་འཇིག་སྟེ་སྣང་ཙམ་རང་བཞིན་མ་གྲུབ་པའི་གནད་ཀྱིས་སོ།། །། ༈}} | ||
ན་མཿཤྲཱི་ཀ་ལ་ཙཀྲ་ཡ། དེའི་བསྐྱེད་རྫོགས་ཀྱི་ལམ་གྱི་རིམ་པར་ཕྱེ་བ་ལ། ཐོག་མར་ལམ་ཐུན་མོང་བས་བློ་སྦྱང་། བློ་སྦྱངས་ནས་རྒྱུད་སྣོད་རུང་དུ་བྱེད་པའི་དབང་དང་དམ་ཚིག་གི་སྐོར་བཤད། རྒྱུད་སྣོད་རུང་དུ་བྱས་ནས་སྨིན་པ་དང་གྲོལ་བར་བྱེད་པའི་བསྐྱེད་རྫོགས་གཉིས་བཤད་པའོ། །དང་པོ་ནི། དཔལ་དུས་ཀྱི་འཁོར་ལོ་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐོབ་པར་འདོད་པའི་གང་ཟག་དེས་བསྟེན་བྱ་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བརྟེན་པ་ལ་བློ་སྦྱང་དགོས་ཏེ། མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་དགེ་བའི་བཤེས་གཉེན་ལ་རག་ལས་པའི་ཕྱིར་རོ། །དེ་རྗེས་དལ་འབྱོར་རྙེད་དཀའ་བ་དང་དོན་ཆེ་བའི་ཚུལ་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་འདོད་ཀྱི་བློ་མཚན་ཉིད་པ་རྒྱུད་ལ་མི་སྐྱེ་བའི་ཕྱིར་རོ། །དེ་རྗེས་རྙེད་པར་དཀའ་བའི་དལ་འབྱོར་གྱི་རྟེན་དེ་ཡང་འཆི་བ་དགུ་ཕྲུགས་སུ་བསམ་པའི་སྒོ་ནས་ཡུན་རིང་དུ་མི་གནས་པའི་ཚུལ་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་ཚེ་འདིའི་འཁྲི་བ་མི་ཆོད་པས་ཆོས་བྱེད་འདོད་ཀྱི་བློ་མཚན་ཉིད་པ་མི་སྐྱེ་བའི་ཕྱིར། དེ་རྗེས་ངན་སོང་གི་སྡུག་བསྔལ་དང་། དེ་ལས་སྐྱོབ་པར་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཤེས་པའི་སྒོ་ནས་སྐྱབས་འགྲོ་མཚན་ཉིད་པ་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་དཀོན་མཆོག་གསུམ་ལ་དམིགས་པའི་དད་པ་ཁ་ཞེ་མེད་པ་དང་སྐྱབས་གནས་ལ་བློ་ལིང་བསྐྱུར་གྱི་སྐྱབས་འགྲོ་མཚན་ཉིད་པ་མི་སྐྱེ་བའི་ཕྱིར། དེ་རྗེས་དགེ་མི་དགེའི་ལས་ལམ་དང་། དེ་དག་གི་འབྲས་བུ་བདེ་སྡུག་གཉིས། རྗེས་སུ་འགྲོ་ལྡོག །འཁྲུལ་མ་འཁྲུལ་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་སྡོམ་པ་གསུམ་གྱི་སྲུང་སྡོམ་རྩིང་པོར་སོང་ནས་ཕྱི་མ་ངན་འགྲོར་སྐྱེ་བར་འགྱུར་བའི་ཕྱིར་རོ། །དེ་རྗེས་ཀུན་ནས་ཉོན་མོངས་རྒྱུ་འབྲས་དང་། རྣམ་བྱང་རྒྱུ་འབྲས་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་འཁོར་བ་ལས་བཟློག་འདོད་དང་། ཐར་པ་ཐོབ་འདོད་གོ་བ་ཙམ་པོར་སོང་ནས་ཐར་པ་དོན་གཉེར་གྱི་བློ་མཚན་ཉིད་པ་རྒྱུད་ལ་མི་སྐྱེ་བའི་ཕྱིར་རོ། །དེ་རྗེས་རྒྱུ་འབྲས་མན་ངག་བདུན་མ་སོགས་ཀྱི་སྒོ་ནས་སྨོན་སེམས་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་བྱམས་སྙིང་རྗེའི་རྩ་བ་ཅན་གྱི་སྨོན་སེམས་མཚན་ཉིད་ཚང་བ་རྒྱུད་ལ་མི་སྐྱེ་བས་ཐེག་ཆེན་པ་མིང་ཙམ་པར་འགྱུར་བའི་ཕྱིར་རོ། །དེ་རྗེས་རྒྱལ་སྲས་སྤྱིའི་སྤྱོད་པ་ཕྱིན་དྲུག་དང་བསྡུ་དངོས་བཞི་ལ་བསླབ་དགོས་ཏེ། བསམ་པ་དེ་གྲོགས་སུ་ཡོད་ན་འཇུག་སྡོམ་མཚན་ཉིད་ཚང་བ་རྒྱུད་ལ་སྐྱེ་ལ། དེ་མེད་ན་མི་སྐྱེ་བའི་ཕྱིར། དེ་རྗེས་ཞི་ལྷག་འདྲེན་པར་བྱེད་པའི་ཐབས་སེམས་གནས་དགུ་སོགས་དང་། ཞི་ལྷག་རང་གི་ངོ་བོ། ཞི་ལྷག་གི་མི་མཐུན་ཕྱོགས་བྱིང་རྒོད་གཅོད་ཚུལ་སོགས་ལ་གོ་བ་རྣམ་དག་ཆགས་པ་དགོས་ཏེ། དེ་མེད་ན་ཞི་ལྷག་གི་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་མཚན་ཉིད་ཚང་བ་རྒྱུད་ལ་མི་སྐྱེ་བའི་ཕྱིར་རོ། ། ༈ གཉིས་པ་ནི། སྐབས་འདིར་རྒྱུད་སྣོད་རུང་དུ་བྱེད་པའི་དབང་དེ་ལ་གསུམ་དུ་ཡོད་དེ། བསྐྱེད་རིམ་སྒོམ་པའི་སྣོད་རུང་དུ་བྱེད་པའི་དབང་དེ་ལ་དབང་བདུན་དང་། རྫོགས་རིམ་སྒོམ་པའི་རྒྱུད་སྣོད་རུང་དུ་བྱེད་པའི་དབང་གོང་མ་བཞི་དང་། རྒྱུད་འཆད་པ་སོགས་ལ་དབང་བའི་རྒྱུད་སྣོད་རུང་དུ་བྱེད་པའི་གོང་ཆེན་གྱི་དབང་བཞི་དང་གསུམ་ཡོད་པའི་ཕྱིར། དེ་ཡང་དབང་མདོར་བསྟན་ལས། དབང་ནི་བདུན་པོ་འདི་རྣམས་ཏེ། །དཀྱིལ་འཁོར་བཞེངས་ལ་སྦྱིན་པར་བྱ། །ཞེས་དང་པོ་བདུན་ནི་དམིགས་གསལ་ཀུན་སྤངས་པའི་སློབ་མ་རེ་རེ་ཙམ་མ་གཏོགས་རྡུལ་ཚོན་ཁོ་ནར་བསྐུར་བར་གསུངས་སོ། །དེ་ལྟར་དབང་ཐོབ་ནས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་དཔང་པོར་བྱས་ཏེ་ཁས་བླངས་པའི་དམ་ཚིག་བརྟུལ་ཞུགས་ཉེར་ལྔ་དང་། སྡོམ་པའི་མི་མཐུན་ཕྱོགས་རྩ་ལྟུང་བཅུ་བཞི་ལ་སོགས་པ་སྲོག་དང་བསྡོས་ནས་བསྲུང་དགོས་ཏེ། དེ་རྣམས་མ་བསྲུངས་པར་བསྐྱེད་རྫོགས་ལམ་ཇི་ལྟར་བསྒོམས་ཀྱང་དོན་མི་འགྲུབ་པའི་ཕྱིར་རོ། ། ༈ གསུམ་པ་ལ་གཉིས་ཏེ། དང་པོ་ལ་རྒྱུད་སྨིན་པར་བྱེད་པ་བསྐྱེད་རིམ་བཤད་པ་ལ་གསུམ། རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་ཚང་བར་བསྒོམ་མི་དགོས་པའི་ལོག་རྟོག་དགག །བསྐྱེད་རིམ་ཇི་ཙམ་སྒོམ་པར་བཤད། བསྐྱེད་རིམ་སྒོམ་ཚུལ་བཤད་པའོ། །དང་པོ་ནི། སྔ་ཕྱིའི་མཁས་པ་མང་པོས་རྫོགས་རིམ་གྱི་སྔོན་འགྲོའི་བསྐྱེད་རིམ་ལ་ནི། དུས་འཁོར་དཔའ་གཅིག་དང་། ལྷན་སྐྱེས་ཙམ་བསྒོམས་པས་ཆོག་གི། བསྐྱེད་རིམ་ཚང་བར་བསྒོམ་མི་དགོས་ཏེ། དེ་འཇིག་རྟེན་པའི་དངོས་གྲུབ་ཀྱི་ཆེད་དུ་ཡིན་པའི་ཕྱིར་རོ། །ཞེས་བཤད་པ་ནི་མི་འཐད་དེ་འགལ་བ་རྣམ་པ་བཞི་ཡོད་པའི་ཕྱིར་དང་། ཁྱད་པར་མཆོག་དངོས་ཐོབ་པའི་རྒྱུར་སྟོང་གཟུགས་ཕྱག་ཆེན་རང་རྒྱུད་ལ་བསྐྱེད་དགོས་ པར་ཤེས་པའི་ཆེད་དུ་ཡེ་ཤེས་ལེའུ་བསྟན། ཕྱག་རྒྱ་ཆེན་པོ་ཐོབ་པ་ལ་དེའི་སྔོན་དུ་རྒྱུད་སྨིན་བྱེད་བསྐྱེད་རིམ་དགོས་པས་དེ་ཤེས་པའི་ཕྱིར་སྒྲུབ་ལེ་བསྟན། བསྐྱེད་རིམ་སྒོམ་པ་ལ་དེའི་སྣོད་རུང་དུ་བྱེད་པའི་དབང་བསྐུར་འགྲོ་དགོས་པས། དེ་ཤེས་པའི་ཕྱིར་དུ་དབང་ལེ་བསྟན། དེ་ལའང་དེའི་སྔོན་དུ་དབང་བསྐུར་བ་པོ་དང་རྒྱུད་འཆད་པ་པོ་དང་ཉན་པ་པོའི་རྩ་རླུང་ཐིག་ལེ་དང་ཕུང་ཁམས་སྐྱེ་མཆེད་ཤེས་དགོས་པས་དེ་ཤེས་པའི་ཆེད་དུ་ནང་ལེ་བསྟན། དེ་ཡང་སྔོན་དུ་སྦྱང་གཞི་སྣོད་ཀྱི་ཆགས་ཚུལ་སོགས་ཤེས་དགོས་པས། དེ་ཤེས་པའི་ཆེད་དུ་ཁམས་ལེ་བསྟན་པའི་གོ་རིམ་དང་འགལ་བའི་ཕྱིར་རོ། །གཉིས་པ་ནི། རབ་ཏུ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གསུམ་ཡོངས་རྫོགས་སམ། འཁོར་ལོ་གསུམ་ལ་བཀོད་པའི་པདྨའི་གདན་ཅན་གྱི་ལྷ་བརྒྱ་ང་དྲུག་གམ། ཐུགས་དཀྱིལ་ཡོངས་རྫོགས་ཙམ་བསྒོམ་པ་ནི་མཆོག་ཏུ་འགྱུར་ལ། དེ་ལ་སྦྱང་གཞི་སྲིད་པ་སྐྱེ་འཆི་སྦྱོང་བའི་ལམ་ཚང་བའི་ཕྱིར་དང་། དེར་མ་ཟད་སྒྲུབ་པོའི་ཕུང་ཁམས་སྐྱེ་མཆེད་ལས་དབང་བྱ་བ་དང་བཅས་པ་སྦྱོང་བའི་ལམ་གྱི་གནད་ཚང་བའི་ཕྱིར་རོ། །དེ་ཙམ་མ་གྲུབ་ནའང་ལྷ་བཅུ་གསུམ་མའམ། དགུའམ། ལྔ་ཡན་ཆད་ངེས་པར་བསྒོམ་དགོས་ཏེ། དེ་ཙམ་བསྒོམས་པས་ཕུང་ཁམས་སྐྱེ་མཆེད་ལས་དབང་བྱ་བ་དང་བཅས་པ་སྦྱོང་བའི་ལམ་མ་ཚང་ཡང་། སྲིད་པ་སྐྱེ་འཆི་སྦྱོང་བའི་ལམ་གནད་ཚང་བའི་ཕྱིར་རོ། །གསུམ་པ་ལ། སྔོན་དུ་འགྲོ་བའི་རིམ་པ་དང་། བསྐྱེད་རིམ་དངོས་གཉིས། དང་པོ་ལའང་། བདུད་རྩི་བྱིན་གྱིས་བརླབས་པ། རྡོར་དྲིལ་བྱིན་རླབས། མཆོད་པ་བྱིན་རླབས། རྡོར་སེམས་སྒོམ་བཟླས་སོ། །དང་པོ་ལའང་། བསང་། སྦྱང་། བསྐྱེད་ཅིང་བྱིན་གྱིས་བརླབས་པས་རྫས་ཕྱི་མ་རྣམས་བསང་སྦྱང་གི་དོན་དུ་བྱའོ། །གཉིས་པ་དང་། གསུམ་པ་ལའང་བསང་སྦྱང་བསྐྱེད་ཅིང་བྱིན་གྱིས་བརླབས་པ་བཞིའོ། །བཞི་པ་བསྐྱེད་ཅིང་ཡི་གེ་བཀོད་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་དབང་བསྐུར་ཞིང་གསོལ་བ་བཏབ་ལ་སྔགས་བཟླ་བ་རྣམས་སོ། །གཉིས་པ་ལ། སྔོན་འགྲོ་སྲུང་འཁོར་བསྒོམ་པ་དང་། དངོས་༤གཞི་སྒྲུབ་ཐབས་༢བཤད་པ་གཉིས། དང་པོ་ལ། སྔོན་འགྲོ་ཚོགས་གཉིས་བསགས་པ། དངོས་གཞི་སྲུང་འཁོར་བསྒོམ་པ། མཇུག་ཏུ་གཏོར་མ་ཕུལ་ཏེ་གཤེགས་སུ་གསོལ་བའོ། །དང་པོ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་གཉིས། དང་པོ་ལ་ཚོགས་ཞིང་སྤྱན་དྲངས་ནས། ཕྱག་འཚལ་བ། མཆོད། བཤགས་པ། ཡི་རང་བ། བསྐུལ་བ། མྱ་ངན་ལས་མི་འདའ་བ། སྐྱབས་གསུམ་ལ་བསྟེན་པ། རང་གི་ལུས་དབུལ་བ། རང་གི་དགེ་རྩ་སེམས་ཅན་གཞན་ལ་སྦྱིན་པ། ཐེག་ཆེན་སྨོན་སེམས་བསྐྱེད་པའི་སྒོ་ནས་བདག་དང་བདག་གིར་འཛིན་པ་སྤངས་པ་བསྟན་ལ། ཚིགས་བཅད་ལྷག་མ་རྣམས་ཀྱིས་ལམ་ལ་བསླབ་པ་བསྟན་ཏོ། །གཉིས་པ་ནི། དངོས་པོ་མེད་པ་སོགས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་བསྟན་ཏོ། །གཉིས་པ་ལ། བདག་སྲུང་བ་དང་། གནས་སྲུང་བའི་དོན་དུ་སྲུང་འཁོར་བསྒོམ་པའོ། །དང་པོ་ལ་ལྷ་རྫོགས་པའི་དོན་དུ་སྐུ་གསུང་ཐུགས་ཡེ་ཤེས་སྦྱོང་བ། རིགས་དྲུག་དགོད་པ། སྐུ་གསུང་ཐུགས་ཡེ་ཤེས་རྣམ་པར་དག་པར་བྱ་བ། ཡན་ལག་དྲུག་དགོད་པ། རྡོ་རྗེ་ཐམས་ཅད་ཀྱིས་བདུད་བཞི་གཞོམ་པ་དང་ལྔའོ། །གཉིས་པ་ལ། རྟེན་བསྐྱེད་པ། བརྟེན་པ་ལྷ་བསྐྱེད་པ། བདུད་བགེགས་ཚར་གཅོད་པའི་སྔགས་བཟླ་བའོ། །གསུམ་པ་ནི། རྡོ་རྗེ་བཞི་དང་ལྡན་པའི་དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེ་འཇིགས་བྱེད་འཁོར་དང་བཅས་པ་རྣམས་ལ་གཏོར་མ་ཕུལ་ནས། གསང་གནས་ལ་སོགས་པའི་རྩ་འཁོར་དྲུག་ཏུ་གཤེགས་གསོལ་བྱ་བའོ། །གཉིས་པ་སྒྲུབ་ཐབས་དངོས་གཞི་བཤད་པ་ལ། ལས་བསགས་པའི་རྗེས་སུ་འཆི་བ་འོད་གསལ་མྱོང་བ་དང་ཆོས་མཐུན་པར་སྔོན་འགྲོ་ཚོགས་བསགས་པའི་རིམ་པ་བསྟན་པ། ཤི་ནས་བར་དོ་འགྲུབ་སྟེ་སྲིད་པ་གཞན་དུ་སྐྱེ་བ་བླངས་པ་དང་ཆོས་མཐུན་པར་རྣལ་འབྱོར་བཞི་བཤད་པ་དང་གཉིས། དང་པོ་ལའང་། སྦྱང་གཞི་བཤད་པ། སྦྱང་གཞི་སྦྱོང་བྱེད་སྦྱར་ནས་བཤད་པ། སྒྲུབ་ཐབས་ཀྱི་ཚིག་དོན་བཤད་པ་དང་གསུམ་མོ། །དང་པོ། ལུགས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དེས་སྐྱེ་བ་འདིར་འབྱུང་བས་ཁམས་འཚོ་བ་དང་། འབྱུང་བ་རིམ་པར་ཐིམ་ནས་འཆི་བའི་འོད་གསལ་འཆར་བ་གསུམ་མོ། །གཉིས་པ་ནི། རང་ཉིད་སྐད་ཅིག་སོགས་དང་། རང་གི་ལུས་ཆུའི་ཁམས་ཀྱི་སོགས་དང་། དངོས་མེད་སོགས་ཀྱིས་སྦྱོང་བར་བྱེད་དོ། །གསུམ་པ་ལ་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་བསགས་པ་གཉིས་ལས། དང་པོ་ནི་སྲུང་འཁོར་གྱི་སྐབས་སུ་བཤད་ཟིན་ལ། གཉིས་པ་ནི། དངོས་པོ་མེད་སོགས་ཀྱིས་སྟོན་པ་ཡིན་ནོ། །གཉིས་པ་ལ། མངལ་དུ་སྐྱེ་སྲིད་བླངས་པ་དང་ཆོས་མཐུན་པར་རྣལ་འབྱོར་དང་པོ་གཉིས་བསྒོམ་ཚུལ་བཤད་པ། ཕྱི་རོལ་དུ་བཙས་ཏེ་དབང་པོ་ཡུལ་ལ་འཇུག་པ་དང་ཆོས་མཐུན་པར་ལས་རྒྱལ་མཆོག་བསྒོམ་ཚུལ་བཤད་པ། ལོ་བཅུ་དྲུག་གི་མཐར་བདེ་བ་རྫོགས་པར་མྱོང་བ་དང་ཆོས་མཐུན་པར་ཕྲ་ཐིག་གི་རྣལ་འབྱོར་བསྒོམ་ཚུལ་བཤད་པའོ། །དང་པོ་ལ་རྟེན་གཞལ་ཡས་ཁང་བསྐྱེད་པ། བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་སྦྱང་གཞི་བཤད་པ། དེ་དང་ཆོས་མཐུན་སྦྱར་བ། སྒྲུབ་ཐབས་ཀྱི་ཚིག་དོན་དངོས་བཤད་པའོ། །དང་པོ་ནི། ཁམས་དྲུག་པ་ཡེ་ཤེས་ཀྱི་ཁམས་ཆོས་ཐམས་ཅད་རང་བཞིན་མ་གྲུབ་པར་གནས་པའི་སྐབས་དེར། སྣོད་སྔ་མས་སྟོང་པའི་སྐབས་སུ། ཕན་ཚུན་འདབ་མ་འབྱར་བ་སིལ་བུར་གནས་པའི་ཚུལ་གྱིས་སྟོང་པ་སྟེ་དབང་ཤེས་ཀྱི་ཡུལ་དུ་མ་གྱུར་པའི་རྡུལ་ཕྲན་རྣམས་གནས་སོ། །དེ་ཡང་སྒྲའི་ཡོན་ཏན་གཅིག་དང་ལྡན་པའི་ནམ་མཁའ། དེ་སྟེང་རེག་དང་ལྡན་པའི་རླུང་གི །དེ་སྟེང་གཟུགས་དང་ལྡན་པའི་མེའི། དེ་སྟེང་རོའི་ཡོན་ཏན་དང་ལྡན་པའི་ཆུའི། དེ་སྟེང་དྲི་ཡི་ཡོན་ཏན་ཏེ་ལྔ་དང་ལྡན་པའི་རྡུལ་ཕྲན་ཆགས་སོ། །དེས་བརྩམས་པའི་རླུང་མེ་ཆུ་སའི་དཀྱིལ་འཁོར་དང་རི་རབ། དེའི་ཕྱི་རོལ་ན་ལོངས་སྤྱོད་ས་པའི་གླིང་དྲུག་དང་། དེ་བཞིན་ཕྱི་ན་གླིང་བདུན་པ་འཛམ་གླིང་ཆེན་པོ་ཡོད་དོ། །གཉིས་པ་ལ། ཕྱི་སྣོད་ཀྱི་འཇིག་རྟེན་དང་ཆོས་མཐུན་སྦྱར་བ། མའི་མངལ་དང་ཆོས་མཐུན་སྦྱར་བ། སྒྲུབ་པ་པོ་རང་གི་ལུས་དང་ཆོས་མཐུན་སྦྱར་བའོ། །དེ་ལས་བར་མ་ཅུང་ཟད་གོ་དཀའ་བས། ནམ་མཁའི་ཁམས་བསྒོམ་པ་མའི་གསང་གནས། རླུང་མེ་ཆུ་སའི་དཀྱིལ་འཁོར་ནི་མའི་དཔྲལ་མགྲིན་སྙིང་ག་ལྟེ་བའི་རྩ་འཁོར། རི་རབ་ནི་ལྟེ་བ་ནས་གསང་གནས་ཀྱི་བར། པདྨ་གསང་གནས་ཀྱི་ནང་གི་རྩ་འདབ་བརྒྱད། དེ་སྟེང་རྡོ་རྗེའི་གུར་ནི་མའི་པདྨར་ཕའི་རྡོ་རྗེ་ཞུགས་པ། གཞལ་ཡས་ཁང་མའི་མངལ། ཟླ་ཉི་སོགས་གདན་ནི་མའི་པདྨའི་ནང་གི་རྩ་རོ་རྐྱང་དབུ་མ་དང་ཆོས་མཐུན་ཅིང་དེ་དག་སྦྱོང་བར་བྱེད་དོ། །གསུམ་པ་ལ། འབྱུང་བཞི་གདན་དང་བཅས་པ་བསྒོམ་པ་དང་། གཞལ་ཡས་ཁང་བསྒོམ་ཚུལ་གཉིས་སོ། །གཉིས་པ་ལ། དང་པོ་སྦྱོར་བ་བསྒོམ་ཚུལ་དང་། དཀྱིལ་འཁོར་རྒྱལ་མཆོག་གཉིས། དང་པོ་ལ། སྦྱང་གཞི་ཆོས་མཐུན། ཚིག་དོན་གསུམ། དང་པོ་ནི། ལུགས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ལས་བཟང་པོ་བསགས་པའི་མཐར་འཆི་བ་ཉམས་སུ་མྱོང་ནས་བར་དོ་གྲུབ་སྟེ། མའི་མངལ་དུ་ཁྱད་པར་སོ་གཉིས་དང་ལྡན་པའི་ཕའི་ཁམས་དཀར་པོ་དང་། ཁྱད་པར་བརྒྱད་ཅུ་དང་ལྡན་པའི་མའི་ཁམས་དམར་པོ་གཉིས་ཀྱི་དབུས་སུ་སྐྱེ་བ་ལེན་ལ། མངལ་གྱིས་ཟླ་བ་དང་པོ་ལ་བདེ་བས་བརྒྱལ་ཞིང་ཡུལ་ལ་མ་དམིགས་པའི་ཕྱིར་མ་རིག་པ་དང་། ཟླ་བ་གཉིས་པ་ལ་རང་གི་ཕུང་པོ་རྣམས་གོང་ནས་གོང་དུ་འཕེལ་བས་འདུ་བྱེད་དང་། ཟླ་བ་གསུམ་པ་ལ་རྣམ་ཤེས་རགས་པ་ཡུལ་ལ་གཡོ་བར་བྱེད་པའི་ཕྱིར་རྣམ་ཤེས་ཀྱི་ཟླ་བར་བཞག་གོ །གཉིས་པ་ནི། ཁམས་དཀར་པོ་དབྱངས་ཡིག་༣༢དང་ལྡན་པའི་ཟླ་དཀྱིལ། དམར་པོ་གསལ་བྱེད་བརྒྱད་ཅུ་དང་ལྡན་པའི་ཉི་ད ཀྱིལ། དྲི་ཟའི་རྣམ་ཤེས་ཧཱུྃ་ཡིག །དེའི་བཞོན་པ་སྲོག་རླུང་ལ་ཧི་ཡིག་ནག་པོ། མངོན་བྱང་དང་པོ་བཞིའི་སྐབས་སུ་སེམས་བདེ་བའི་ངོ་བོར་སྐྱེ་བས་ཟླ་བ་དང་པོ། མངོན་བྱང་ལྔ་པའི་སྐབས་ཧྃ་ཡིག་དུས་འཁོར་བསྐྱེད་པའི་མཐུ་ནུས་ཅན་དུ་གྱུར་པས་ཟླ་བ་གཉིས་པ། མངོན་བྱང་ལྔ་ལས་རྣམ་ཤེས་རྣམ་དག་མི་བསྐྱོད་དུས་འཁོར་གྱི་ངོ་བོར་བསྐྱེད་པ་ནི་ཟླ་བ་གསུམ་པའི་བག་ཆགས་རྣམས་སྦྱོང་བར་བྱེད་པའོ། །གཉིས་པ་ལ། ལྷ་སྤྲོ་བའི་ཚུལ་སྤྱིར་བསྟན་པ། སོ་སོར་བཤད་པ། སྙིང་རྗེས་སེམས་ཅན་ལ་དབང་བསྐུར་བ། ང་རྒྱལ་འཛིན་པའོ། །གཉིས་པ་ལའང་། ཐུགས་དཀྱིལ་གྱི། གསུང་དཀྱིལ་གྱི། སྐུ་དཀྱིལ་གྱི། ལྷ་གཞན་རྣམས་སྤྲོ་བ་དང་བཞིའོ། །དང་པོ་ལའང་། གཤེགས་པ་གཤེགས་མ། ཁྲོ་བོ་ཁྲོ་མོ་དང་བཅས་པ་སྤྲོ་བ་དང་། སེམས་དཔའ་སེམས་མ་སྤྲོ་བ་གཉིས། དང་པོ་ལའང་སྦྱང་གཞི་ནི་ཟླ་བ་བཞི། མིང་གཟུགས་ཀྱི་ཟླ་བར་ཁམས་རགས་པ་དང་། དྭངས་མ། ལས་དབང་དང་། ལས་དབང་གི་བྱ་བ་ལྔ་འགྲུབ་པ་སྟེ། དེ་དང་ཆོས་མཐུན། གཤེགས་པ་དྲུག་སྤྲོ་བ་ནི་ཕུང་པོ་༦དྲུག །གཤེགས་མ་དྲུག་སྤྲོ་བ་ནི་ཁམས་༧དྲུག །བུམ་པ་རྣམས་ལུས་ཟུང་གི་དྭངས་མ། ཁྲོ་བོ་ཁྲོ་མོ་ལས་དབང་དེའི་བྱ་བ་ལྔ་རྣམས་སྦྱོང་བར་བྱེད་པའོ། །ཚིག་གི་དོན་ཐུགས་དཀྱིལ་ལ་ལྷ་སོ་དྲུག་བསྒོམ་པའོ། །གཉིས་པ་ནི། སྦྱང་གཞི་ཟླ་བ་ལྔ་པ་སྐྱེ་མཆེད་དྲུག་གི་ཟླ་བར་མིག་སོགས་སྐྱེ་མཆེད་དྲུག་དང་། དྲུག་པ་རེག་པའི་ཟླ་བར་གཟུགས་སོགས་ཡུལ་དྲུག་འགྲུབ་ཅིང་། དེའི་ཚེ་དབང་པོས་ཡུལ་ཅུང་ཟད་འཛིན་པས་དེ་སྐད་དོ། །དེ་དང་ཆོས་མཐུན་པར་སེམས་དཔའ་སེམས་མ་རྣམས་སྤྲོ་བའོ། །གཉིས་པ་ནི། མངལ་གྱི་ཟླ་བ་བདུན་པ་ཚོར་བའི་ཟླ་བར། ལྟེ་བར་ཐུགས་ཀྱི་རྩ་འདབ་བཞི། དེའི་ཕྱི་རོལ་དུ་གསུང་གི་རྩ་འདབ་བརྒྱད། དེའི་ཕྱི་རོལ་དུ་སྐུའི་རྩ་འདབ་བཅུ་དྲུག་ཡོད་པའི་དེའི་གཞི་ནི་སྟོང་པའི་རྩ་ཡིན་ལ། རྩ་འདབ་བཅུ་གཉིས་ལ་ལྔ་ལྔར་གྱེས་པའི་རྩ་འདབ་དྲུག་ཅུ་དང་། སྟོང་པའི་རྩ་འདབ་བཞི་རེ་སྟེ། རེ་བཞི་སྐུ་གསུང་ཐུགས་ཐུན་མོང་བའི་རྩ་ཞེས་བྱ་ལ། དེ་དག་གི་རྩ་སྣེ་ཚིགས་ཆེན་བཅུ་གཉིས་དང་། མགྲིན་པ་ཡུད་ཙམ་སུམ་ཅུ་འབབ་པའི་རྩར་སྤྲོ་ཞིང་འབྲེལ་བར་གནས་སོ། །དེ་དང་ཆོས་མཐུན་གཙོ་མོ་བརྒྱད་བསྒོམས་པས་ཕྱི་རོལ་ཐུན་ཚོད། ནང་དུ་གསུང་གི་རྩ་འདབ་བརྒྱད་སྦྱོང་བ་དང་། འདབ་མའི་ལྷ་མོ་དྲུག་ཅུ་རེ་བཞི་བསྒོམས་པས། ཕྱི་རོལ་ཏུ་ཆུ་ཚོད་དྲུག་ཅུ་རེ་བཞི་དང་ཐུན་མཚམས་བཞི་སྟེ་རེ་བཞི། ནང་ལ་ལྟེ་བའི་རྩ་འདབ་རེ་བཞི་དང་ཆོས་མཐུན་ཞིང་སྦྱོང་བའོ། །གསུམ་པ་ནི། ཕྱི་ལོ་གཅིག་ལ་དུས་དྲུག་དང་ཟླ་བ་བཅུ་གཉིས། ནང་དུ་མངལ་གྱི་ཟླ་བ་བརྒྱད་པ་སྲེད་པའི་ཟླ་བར་ལྟེ་བའི་རྩ་འདབ་དྲུག་ཅུ་ལས་རྩ་ལྔ་ལྔར་གྱེས་པའི་རྩ་སྣེ་རྣམས་ཚིགས་ཆེན་བཅུ་གཉིས་སུ་སོང་ནས། དེ་རྣམས་སུ་རྩ་འདབ་སུམ་ཅུ་པའི་རྩ་འཁོར་བཅུ་གཉིས་ཆགས་པ་དང་ཆོས་མཐུན་པའི་དེ་སྦྱོང་བྱེད་ཚེས་ལྷ་རྣམས་སྤྲོ་བར་བྱེད་པ་ཡིན་ཏེ། དེ་ཡང་ནག་པ་དང་ས་ག །སྣྲོན་དང་ཆུ་སྨད། གྲོ་བཞིན་དང་ཁྲུམས་སྟོད། ཐ་སྐར་དང་སྨིན་དྲུག །མགོ་དང་རྒྱལ། མཆུ་དང་དབོའི་ཟླ་བའི་ཚེས་ལྷ་སུམ་ཅུ་པ་ཚན་པ་གཉིས་གཉིས་ནི། ཕྱི་ལ་སོགས་པའི་དུས་ཚིགས་དྲུག་པོ་རེ་རེ་ལ་ཚེས་ཞག་སུམ་ཅུ་པ་གཉིས་རེ་ཡོད་པ་དང་། ནང་དུ་དཔུང་པ་གཡོན་གཡས། མཁྲིག་མའི་ཚིགས་གཡོན་གཡས། དེ་བཞིན་དཔྱི། པུས་མོ། ལོང་བུ། ཕྲག་པའི་ཚིགས་གཡོན་གཡས་དྲུག་པོ་རེ་རེ་ལ་རྩ་འདབ་སུམ་ཅུ་གཉིས་གཉིས་ཡོད་པའི་ཕྱིར་རོ། །མངལ་གྱི་ཟླ་བ་བརྒྱད་པ་དང་དགུ་པ་ལེན་པའི་ཟླ་བར། གཙུག་ཏོར། གཤང་ལམ། ལག་མཐིལ། རྐང་མཐིལ་རྣམས་སུ་རྩ་འདབ་བཞི་པ་རེ་ཆགས་པ་དང་ཆོས་མཐུན་ཅིང་དེ་སྦྱོང་བྱེད་ཁྲོ་མོ་བཞི་སྤྲོ་བར་བྱེད་དོ། །རྩ་འདབ་དྲུག་ཏུ་ལས་དབང་དྲུག་གིས་རང་རང་གི་བྱ་བ་བྱེད་པའི་ནུས་མཐུ་ཅན་དུ་གྱུར་པ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད་པའི་ཁྲོ་བོ་དྲུག་སྤྲོ་བར་བྱེད་དོ། །བཞི་པ་མངལ་གྱི་ཟླ་བ་བཅུ་པ་སྲིད་པའི་ཟླ་བར། ལག་སོར་དང་རྐང་སོར་བཅུ་བཅུ་གྲུབ་པ་དང་ཆོས་མཐུན་ཅིང་སྦྱོང་བྱེད་ཀླུ་བཅུ་དང་། རབ་གཏུམ་མ་བཅུ་སྤྲོ་བར་བྱེད་དོ། །གསུམ་པ་ལ་ཆོས་མཐུན་དམིགས་བསལ་དང་སྦྱར་དུ་མེད་ཀྱང་། འབྲས་བུ་དང་རྣམ་པ་མཐུན་པར་བསྒོམས་པ་ཡིན་ནོ། །བཞི་པ་ནི། ཕུང་ཁམས་སྐྱེ་མཆེད་ལས་དབང་བྱ་བ་དང་བཅས་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དེ་ངའོ་ཞེས་ང་རྒྱལ་འཛིན་པའོ། །གཉིས་པ་ལས་རྒྱལ་མཆོག་བསྒོམ་ཚུལ་ལ་གསུམ། སྦྱང་གཞི། ཆོས་མཐུན། ཚིག་དོན་བཤད་པའོ། །དང་པོ་ནི། གཉིས་པའི་ཤུགས་ལ་རྟོགས་པས། གཉིས་པ་ནི། རང་གི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ཡི་གེ་དགོད་པ། མངལ་གྱི་སེམས་ཅན་དེ་སྐུ་གསུང་ཐུགས་རྩ་གསུམ་རླུང་གིས་གང་བ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད། གནས་གཉིས་སུ་ཧོ་ཡིག་གཉིས་བསྒོམ་པ་ནི། དེ་བདེ་བས་བརྒྱལ་བ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད། ལྷ་མོ་བཞི་སོ་སོ་དང་སྤྱི་བསྐུལ་གཅིག་བཅས་ལྔ་ནི་ཁམས་ལྔའི་ངོ་བོར་གྱུར་པའི་རླུང་གིས་ཕྱི་རོལ་ཏུ་བསྐུལ་བ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད། གཙོ་བོ་དང་ནུས་མ་བཅུ་བསྐྱེད་པ་ནི། བྱིས་པ་ཕྲུ་མའི་ཆོས་འཛིན་པ་ཕྱི་རོལ་ཏུ་བཙས་པ་དང་༴ ལྷ་རྣམས་སྤྲོ་བ་ནི། དེའི་སྣ་བུག་ནས་རླུང་བཅུ་སྤྲོ་བ༴ རང་གི་སྙིང་ག་ནས་རྡོ་རྗེ་ཤུགས་སྤྲོས་ནས་ཡེ་ཤེས་པ་སྤྱན་འདྲེན་པ་ནི། སེམས་ཅན་དེའི་སྣ་བུག་ནས་ཡེ་ཤེས་ཀྱི་རླུང་རྒྱུས་ཏེ་དབང་པོ་ཡུལ་ལ་སད་པར་བྱེད་པ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད། རྡོ་རྗེ་ཤུགས་སྙིང་གར་སྡུད་པ་ནི་ཡེ་ཤེས་ཀྱི་རླུང་ནང་དུ་འཇུག་པ༴ ཁྲོ་བོ་ལྔས་དགུག་གཞུག་སོགས་བྱེད་པ་ནི། དབང་པོ་ཡུལ་ལ་ལོངས་སྤྱོད༴ དབང་བདུན་བསྐུར་བ་ནི། མ་ཡིས་འཁྲུད་པ་དང་༴ །རིགས་བདག་གིས་རྒྱས་འདེབས་པ་དང་ཕ་ཡི་རིགས་འཛིན་པ༴ རྒྱས་གདབ་བཞི་བྱེད་པས་ལུས་ངག་ཡིད་གསུམ་ཡེ་ཤེས་ཀྱི་བག་ཆགས་རྒྱས་པ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ནི། ལུས་ངག་ཡིད་གསུམ་རང་རང་གི་བྱ་བ་རྣམས་རྫོགས་པར་བྱེད་པའི་བྱ་བ་རྣམས་མཐུ་ཅན་དུ་གྱུར་པ༴ གསུམ་པ་ནི། ཞུ་བ་གླུས་བསྐུལ་བའི་ངོར་བཞེངས་པ། དེའི་མངལ་ནས་ལྷ་རྣམས་སྤྲོ་བ། དམ་ཚིག་པ་དང་ཡེ་ཤེས་པ་རོ་མཉམ་དུ་བྱ་བ། དབང་བསྐུར་ཞིང་རྒྱས་གདབ་པ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ། རྟེན་དང་བརྟེན་པའི་རྣམ་དག་བསྒོམ་པའོ། །གསུམ་པ་ཕྲ་ཐིག་གི་རྣལ་འབྱོར་བསྒོམ་པ་ལ་གསུམ། སྦྱང་གཞི། ཆོས་མཐུན། ཚིག་དོན་ནོ། །དང་པོ་ནི། གཞི་ལ་བུད་མེད་ཀྱིས་ལོ་བཅུ་གཉིས་དང་། སྐྱེས་པས་ལོ་བཅུ་དྲུག་མ་ལོན་པར་འཛག་བདེ་མི་མྱོང་བས། སྐྱེས་པས་ལོ་བཅུ་དྲུག་ལོན་ནས་རང་གི་ཆུང་མའི་ལག་པ་འཛིན་པ་དང་། འཁྱུད་པ་དང་། དབང་པོ་གཉིས་སྦྱར་ནས་གསང་གནས་སུ་གཏུམ་མོ་ཕལ་པ་འབར་ཏེ་སྤྱི་བོ་ནས་མགྲིན་པ་དང་། དེ་ནས་སྙིང་ག་དང་། དེ་ནས་ལྟེ་བ་དང་། དེ་ནས་ནོར་བུའི་རྩེར་སླེབ་པ་ན། གཞི་དུས་ཀྱི་དགའ་བཞི་རིམ་བཞིན་ཉམས་སུ་མྱོང་ནས། དེའི་རྗེས་སུ་བྱང་སེམས་ཕྱི་རོལ་ཏུ་འཛག་པའི་བདེ་བ་ལ་དམིགས་པར་བྱེད་དོ། །གཉིས་པ་ནི། རང་དང་ཤེས་རབ་སོགས་ཀྱིས་གཞི་དུས་ཀྱི་དགའ་བཞི་དང་ཆོས༴ སླར་ཡང་ཐིག་ལེ༴ སོགས་ཀྱིས་འཛག་བདེ་ལ་དམིགས་པ་དང་ཆོས༴ གསུམ་པ་ནི། འདིའི་སྐབས་སྔོན་གྱི་ལས་ཀྱིས་འཕངས་ཤིང་ནུ་མ་སྐྲ་དང་ལྡན་པ་ལས། བློས་བཏགས་ནས་བསྐྱེད་པ་ཡེ་ཤེས། དངོས་གནས་ལ་ལྷར་གྲུབ་པ་ཕྱག་རྒྱ་ཆེན་པོ་གསུམ་དུ་ཡོད་པ་ལས་སྔ་མ་གཉིས་གང་ཡང་རུང་བ་སྟེ། དེ་ལ་སྙོམས་པར་འཇུག་པས་ཡས་བབས་ཀྱི་དགའ་བ་བཞིར་ཐིག་ལེའི་རྣལ་འབྱོར་ཞེས་འཆད་པ་ལ་རྒྱུ་མཚན་ཡོད་དེ། ཐིག་ལེ་སྤྱི་བོ་ནས་ནོར་བུའི་རྩེར་བབས་པ་ལས་བྱུང་བའི་བདེ་སྟོང་དབྱེར་མེད་ཀྱི་རྣལ་འབྱོར་ཡིན་པས་དེ་ལྟར་བཤད་པའི་ཕྱིར། མས་བརྟན་གྱི་དགའ་བ་བཞི་ལ་ཕྲ་མོའི་རྣལ་འབྱོར་ཞེས་འཆད་པ་ལ་རྒྱུ་མཚན་ཡོད་དེ། ཡས་བབས་ཀྱི་དགའ་བ་བཞི་ལས་ཕྲ་ཞིང་རྟོགས་དཀའ་བའི་བདེ་སྟོང་གི་ཡེ་ཤེས་ཡིན་པའི་ཕྱིར་རོ། །དེ་ཡང་དཀྱིལ་འཁོར་རྒྱལ་མཆོག་གི་སྔོན་དུ་ཤཱུནྱ་ཏའི་སྔགས་དོན་བསྒོམ་དགོས་ཆོས་སྐུར་ང་རྒྱལ་འཇོག་ལ། དེ་ལ་སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཞི་ལ་སེམས་ཅན་འཆི་ཚེ་གཉིས་སྣང་རགས་པ་ལ་ཐིམ་ནས་འཆི་བ་འོད་གསལ་སྐད་ཅིག་མ་གཅིག་ལ་མྱོང་བ་དང་ཆོས་མཐུན། འབྲས་བུ་རྣམ་མཁྱེན་སྐད་ཅིག་དང་པོ་ཐོབ་པའི་ཚེ་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་དང་རྣམ་པ་མཐུན་པས་དེ་ལྟར་བཞག་པའི་ཕྱིར། དཀྱིལ་འཁོར་རྒྱལ་མཆོག་གི་སྦྱང་གཞི་མངལ་སྐྱེས་ཀྱི་གནས་སྐབས་ལ་རྣམ་པ་ལྔས་བྱང་ཆུབ་པར་འཇོག་པ་ལ༴ མེར་མེར་པོ་ལ་སོགས་པ་མངལ་གྱི་གནས་སྐབས་ལྔའམ། ཕུང་པོ་ཁམས་སྐྱེ་མཆེད་དབང་པོ་བྱ་བ་དང་བཅས་པ་རྫོགས་པའི་སྒོས་ཆོས་དེ་ལྟར་བཞག་པའི་ཕྱིར། སྦྱོང་བྱེད་དཀྱིལ་འཁོར་རྒྱལ་མཆོག་ལའང་མངོན་བྱང་ལྔས་མངོན་པར་བྱང་ཆུབ་པར་འཇོག་པའི༴ དེའི་གཙོ་བོ་ཡབ་ཡུམ་མངོན་བྱང་ལྔ་ལས་བྱང་ཆུབ་ཅིང་། འཁོར་རྣམས་ཀྱང་དེའི་མངལ་ནས་སྤྲོ་བ་དེ་ལྟར་བཞག་པའི་ཕྱིར་དང་། འབྲས་བུའི་སྐབས་ཀྱི་ཡེ་ཤེས་ལྔ་མངོན་པར་བྱང་ཆུབ་པ་དང་རྣམ་པ་མཐུན་པར་བསྒོམས་པས་དེ་ལྟར་བཞག་པའི་ཕྱིར། ལས་རྒྱལ་མཆོག་གི་སྦྱང་གཞི་ཕྱི་རོལ་དུ་བཙས་པའི་གནས་སྐབས་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པར་འཇོག་པའི༴ བཙས་ནས་དབང་པོ་ཡུལ་ལ་མ་སད་པའི་གནས་སྐབས་སྣ་བུག་ནས་ཁམས་ལྔའི་རླུང་བཅུ་སྤྲོ་བ་དང་། དབང་པོ་ཡུལ་ལ་སད་པའི་གནས་སྐབས་ནས་ཁམས་ལྔའི་རླུང་བཅུ་སྤྲོ་བའི་གནས་སྐབས་ཉི་ཤུར་རྫོགས་པས་དེ་ལྟར་བཞག་པའི་ཕྱིར། སྦྱོང་བྱེད་ལས་རྒྱལ་མཆོག་ལའང་རྣམ་པ་ཉི་ཤུས་བྱང་ཆུབ་པར་བཞག་པའི༴ བསྐུལ་བ་ལྔ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ། རྡོ་རྗེ་འཆང་གི་ངོ་བོར་བཞེངས་པ་ལྔ། དགུག་གཞུག་བཅིངས་མཉེས་རོ་མཉམ་དུ་གྱུར་པ་ལྔ། དབང་བསྐུར་དང་རྒྱས་གདབ་བཞི་སྟེ། ཉི་ཤུའི་སྒོ་ནས་བྱང་ཆུབ་པས་དེ་ལྟར་བཞག་པའི་ཕྱིར། ཡང་ལས་རྒྱལ་མཆོག་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པར་བཞག་པའི་རྒྱུ་མཚན། ལས་རྒྱལ་མཆོག་གི་ལྷ་དམ་ཚིག་པ་ཐམས་ཅད་ཁམས་ལྔར་འདུས་ལ། དེ་རེ་རེ་ལའང་ཐབས་ཤེས་གཉིས་གཉིས་ཀྱི་དབྱེ་བས་བཅུ། སྤྱན་དྲངས་པའི་ལྷ་ཐམས་ཅད་ཀྱང་ཁམས་ལྔར་འདུས་ཤིང་། དེ་རེ་རེར་ཡང་ཐབས་ཤེས་ཀྱི་དབྱེ་བས་བཅུ་སྟེ། དེ་ལྟ་བུའི་རྣམ་པ་ཉི་ཤུས་བྱང་ཆུབ་པ་དེ་ལྟར་བཞག་པའི་ཕྱིར། ཕྲ་ཐིག་གི་རྣལ་འབྱོར་གྱིས་སྦྱང་གཞི་ལོ་བཅུ་དྲུག་ལོན་ནས་ཡེ་ཤེས་ཀྱི་ཁམས་རྫོགས་པའི་གནས་སྐབས་ལས་བྱུང་བ་སྒྱུ་འཕྲུལ་དྲྭ་བས་མངོན་པར་བྱང་ཆུབ་པ་ཞེས༴ དེའི་སྐབས་སུ་རང་གི་ཆུང་མ་དང་མཉམ་པར་སྦྱོར་བའི་སྒོ་ནས་བུ་མོ་ལ་སོགས་པ་སྤྲོ་བའི་རྒྱུ་མཚན་ཡོད་དེ། སྦྱོར་བ་བྱེ་བྲག་གི་རྣལ་འབྱོར་ལའང་སྒྱུ་འཕྲུལ་དྲྭ་བས༴ ཕྲ་ཐིག་གི་རྣལ་འབྱོར་གྱིས་ཟིན་པའི་སྒོ་ནས་རྟེན་དང་བ རྟེན་པའི་དཀྱིལ་འཁོར་ལ་གསལ་སྣང་དང་ང་རྒྱལ་འདོན་པ་དང་། བཟླས་པ། མཆོད་བསྟོད། ཞི་རྒྱས་ཀྱི་ལས་རབ་འབྱམས་བསྒྲུབ་པའི་སྒོ་ནས་དེ་ལྟར་བཞག་པའི་ཕྱིར་རོ། །གསུམ་པ་མཐར་བཟླས་པ་སོགས་བྱེད་ཚུལ་ལ་བཞི་སྟེ། བཟླས་པ་བྱེད་ཚུལ་དངོས་དང་། མཆོད་བསྟོད་བདུད་རྩི་མྱོང་བ། གཤེགས་སུ་གསོལ་བ། ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པའི་ཚུལ་དང་བཞི། དང་པོ་ནི། དེ་ལྟ་བུའི་ཏིང་འཛིན་བསྒོམས་པས་སྐྱོ་ན་ཕྲེང་བ་བྱིན་གྱིས་བརླབས་ནས་བཟླས་པ་བྱའོ། །ཕྲེང་བའི་རྒྱུ་ཞི་རྒྱས་ལ་ཤེལ། བསད་བསྐྲད་ལ་མིའི་སོ་དང་རྟ་ཡི་སོ། དབང་དགུག་ལ་བོ་དྷི་ཙིཏྟ་དང་ཙནྡན་དམར་པོ། རྨོངས་རེངས་ལ་ལུང་ཐང་དང་རུ་རཀྴ་སོགས་བསྔགས་སོ། །གྲངས་ནི་བརྒྱ་བརྒྱད་མདོ་འཛིན་བཞི་དང་བཅས་པའོ། །བཟླས་པ་དབང་བསྐུར་བདག་འཇུག་སོགས་ལེན་རུང་ཙམ་ལ། གཙོ་བོ་ལ་འབུམ་ཕྲག་གཅིག །འཁོར་རྣམས་ལ་ཁྲི་སྟེ། དེ་ཡང་གསུང་དཀྱིལ་དང་སྐུ་དཀྱིལ་མི་དགོས་སོ། །ཅིའི་ཕྱིར་ན་གང་དུ་དབང་བསྐུར་བའི་དཀྱིལ་འཁོར་གྱི་ལྷ་ཐུགས་དཀྱིལ་དུ་ངེས་པའི་ཕྱིར་རོ། །གཉིས་པ་ནི། དུས་ཞབས་པས་མཆོད་པ་བཅུ་ཙམ་དང་། སཱ་དྷུ་པུ་ཏྲས་ལྷ་མོ་བཅུ་བཞི། ཨ་བྷཱ་ཡས་ཆུ་བཞི་ཉེར་སྤྱོད་དང་བཅས་པས་མཆོད་པར་བཞེད་དེ་རང་ལུགས་ཕྱི་མ་ལྟར་རོ། །བསྟོད་པ་ནི། མཆོག་སྦྱིན་རྡོ་རྗེ་སོགས། འགྲེལ་ཆེན་ལས། འདུད་ཉི་ཤུའོ། །གསུམ་པ་ནི། གཙོ་བོ་ཡབ་ཡུམ་མ་གཏོགས་པ་བདེ་ཆེན་འཁོར་ལོའི་ལྷ་རྣམས་གཤེགས་སུ་གསོལ་བ་སོགས་དང་། བཞི་པ་ཁ་ཟས་དང་། གཉིད་ཀྱི་རྣལ་འབྱོར་སོགས་རྒྱུད་འགྲེལ་ལས་བྱུང་བ་བཞིན་བསྟེན་པར་བྱའོ། །དེ་ཡན་ཆད་ཀྱིས་སྒྲུབ་ཐབས་པད་དཀར་ཞལ་ལུང་གི་ཊཱི་ཀ་ཚིག་དོན་རབ་གསལ་ལྟར་བཤད་ཟིན་ཏོ། །གཉིས་པ་རྫོགས་རིམ་བཤད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ལ། སྡིག་སྒྲིབ་དག་པར་བྱེད་པ་རྡོར་སེམས་སྒོམ་བཟླས་དང་། ཚོགས་གསོག་ཅིང་བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གཉིས་དང་། ཁྱད་པར་ལྟོས་མེད་དྲུག་ཅེས་ལུས་ངག་ཡིད་གསུམ་གྱི་བྱ་བ་སྤྲོས་པ་མང་པོ་མེད་པ་སྟེ་དེ་དག་འདོར་བ་དང་། འཕོ་བའི་བདེ་བ་ལ་ལྟོས་པ་མེད་པ་དང་། ལུས་དང་དབང་པོ་ལ་ལྷག་པར་ཆགས་པའི་གཞི་ལུས་དང་དབང་པོ་ལ་ལྟོས་པ་མེད་པ་སྟེ་དྲུག་གོ །དེ་དག་ནི་བསྐྱེད་རིམ་གྱིའང་སྔོན་དུ་འགྲོ་དགོས་སོ། །གཉིས་པ་ལ། སྔར་སྨོས་པའི་བསྐྱེད་རིམ་གོམས་ནས། གང་ལ་གནད་དུ་བསྣུན་པའི་གཞི་རྡོ་རྗེ་ལུས་ཀྱི་རྣམ་གཞག །དེ་ལ་གནད་དུ་བསྣུན་ནས་སྒོམ་པའི་རྫོགས་རིམ་ཡན་ལག་དྲུག་ཐུན་མོང་བའི་རྣམ་བཤད། ཡན་ལག་དྲུག་སོ་སོར་ཉམས་སུ་ལེན་ཚུལ་བཤད་པའོ། །དང་པོ་ལའང་གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་རྣམས་ནང་ལེ་ལྟར་བཤད་དོ། །གཉིས་པ་ནི། སྤྱིར་འདིའི་ཐ་སྙད་ཙམ་གསང་འདུས། །ཀྱེ་རྡོར། བདེ་མཆོག་སོགས་ཕལ་ཆེར་ལས་འབྱུང་ཡང་། འདིར་རྫོགས་རིམ་ཉིད་ལ་དྲུག་ཏུ་ཕྱེ་བ་ཡིན་ལ། དྲུག་པོ་དེ་ཡང་བསྙེན་སྒྲུབ་ཡན་ལག་བཞི་དང་། རྡོ་རྗེའི་རྣལ་འབྱོར་བཞི་དང་། དགེ་བ་གསུམ་སོགས་ཀྱི་ཆིངས་ཀྱིས་བསྡུས་ཏེ་འཆད་ལ། དེ་ཡང་སོར་སྡུད་ཀྱིས་སྟོང་གཟུགས་གསར་དུ་མཐོང་བ་བསྒྲུབ། བསམ་གཏན་གྱིས་དེ་བརྟན་པར་བྱེད། དེའི་རྗེས་སུ་སྲོག་འཛིན་གཉིས་ཀྱིས་རླུང་སེམས་དབང་དུ་བྱས། དེ་ལས་རྗེས་དྲན་གྱི་སྐུར་ལངས། དེས་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཏིང་ངེ་འཛིན་གྱི་ཡན་ལག་བསྐྱེད་པ་མཐར་ཕྱིན་པ་ལས་དང་པོའི་སངས་རྒྱས་མངོན་དུ་བྱེད་པར་དགོངས་པ་མཐུན་ནོ། །གསུམ་པ་ནི། དུས་ཞབས་སྙན་བརྒྱུད་ལས་སོ་སོར་དྲུག་ཚན་རེ་རེས་ཉམས་སུ་ལེན་ཚུལ་ཇི་ལྟར་གསུངས་པ་བཞིན་རྟོགས་པར་བྱའོ། །དེ་ལྟར་བསྒོམས་པའི་འབྲས་བུ་མངོན་དུ་བྱེད་པའི་ཚུལ་ནི་གཞུང་དུ་ཤེས་པར་བྱའོ། །འདི་ཡང་རྣལ་འབྱོར་ཡན་ལག་དྲུག་གི་ཁྲིད་ཡིག་གཙང་ཤབ་སྟོད་རི་བོ་བདེ་ཆེན། སྐལ་བཟང་ལམ་གྱི་འཇུག་ངོགས་ལྟར་བཤད་པའོ། །ཤུབྷཾ།། །། ༈ མཆོད་པའི་སྐབས། ཤ་ལྔ་དང་བདུད་རྩི་ལྔ་ལ་སྒྲོན་མ་ལྔ་ཞེས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། དངོས་གྲུབ་གསལ་བར་བྱེད་པ་དང་། མྱུར་དུ་འགུགས་པར་བྱེད་པའི་ཕྱིར། རྡོར་སེམས་སྔགས་དོན། ཨོཾ་ནི་སྐུ་གསུམ་མམ་རྡོ་རྗེ་གསུམ། བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། ཞེས་པ། རྡོ་རྗེ་སེམས་དཔའི་དམ་ཚིག་བཞིན་དུ་རྗེས་སུ་སྐྱོངས། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། ཞེས་པ། རྡོ་རྗེ་སེམས་དཔའ་ཉེ་བར་མནོས། དྲྀ་དྷོ་མེ་བྷ་ཝ་སོགས་བཞིས། བདག་ལ་བརྟན་པའི་རང་བཞིན་དུ་མཛོད། བདག་ལ་མཛེས་པའི་རང་བཞིན༴ བདག་ལ་ཆགས་པའི་རང་བཞིན༴ བདག་ལ་དགའ་བའི་རང་བཞིན༴ སརྦ་སིདྡྷི་སོགས་ཚན་གཉིས་ཀྱིས། དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། ལས་ཐམས་ཅད་བདག་ལ་སྩོལ། ཙིཏྟཾ་ཤྲེ་ཡ་ཀུ་རུ། བདག་གི་ནི་དཔལ་དུ་མཛོད། ཧཱུྃ་དང་ཧ་བཞིས་ཡེ་ཤེས་ལྔ་དང་། ཧོས་རང་རྒྱུད་དབྱེར་མི་ཕྱེད་པར་བསྟན། བྷ་ག་ཝཱན༴ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བོད་པའོ། །མ་མེ་མུཉྩཿ བདག་མ་འདོར་ཅེས་བསྐུལ་བའོ། །གང་གིས་ན། བཛྲི་བྷ་ཝ༴ རྡོ་རྗེའི་རང་བཞིན་དམ་ཚིག་ཆེན་པོ་སེམས་དཔས་སོ། །ཨས་ནི་ལྷ་དང་རང་དང་སྤང་བྱ་གསུམ་རང་བཞིན་མེད་པར་བསྟན། ཧཱུྃ་གིས་སྤང་བྱ་འཇོམས་པ། ཕཊ་ཀྱིས་དགེས་པར་བསྟན་ཏོ། ། ༈ ཚོགས་བསགས་ཕྱག་འཚལ་གྱི་སྐབས། ཕྱག་འཚལ་ལོ་ཞེས་དྲངས། གང་ལ་ན། ཉིན་ཞག་གཅིག་ལ་རྒྱུ་བའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པའི་ཆ་ནས་དུས། ལྟེ་བའི་འཕོ་ཆེན་བཅུ་གཉིས་ཀྱི་རླུང་གི་འཁོར་ལོ་འགགས་པའི་ཆ་ནས་འཁོར་ལོ་སྟེ། དེ་ལྟ་བུའི་དུས་གྱི་འཁོར་ལོ་ལའོ། །དེ་ཆོས་ཅན། ཡོན་ཏན་གྱི་ཁྱད་པར་གསུམ་དང་ལྡན་ཏེ། སྟོང་ཉིད་སྙིང་རྗེ་དབྱེར་མི་ཕྱེད་པ་དང་། སྲིད་གསུམ་སྐྱེ་འཇིག་མེད་པ་དང་། ཤེས་དང་ཤེས་བྱ་གཅིག་པའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །དང་པོ་དང་ལྡན་ཏེ། རྣམ་མེད་ཀྱི་ཡུལ་སྟོང་ཉིད་སྙིང་རྗེ་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་གྱི་ཡེ་ཤེས་གཉིས་དབྱེར་མེད་པ་ལ་འཁོར་བ་མ་སྟོང་གི་བར་དུ་མཉམ་པར་བཞག་པའི་ཡོན་ཏན་དང་ལྡན་པའི་ཕྱིར། གཉིས་པ་དང་ལྡན་ཏེ། སྲིད་པ་འཁོར་བར་ལས་ཉོན་གྱིས་སྐྱེ་བའི་སྲིད་མཐའ་དང་། འཇིག་པ་དེ་ཟད་པ་ཙམ་གྱིས་ཞི་མཐའ་སྤངས་པའི་ཡོན་ཏན་དང་ལྡན་པའི་ཕྱིར། གསུམ་དང་ལྡན་ཏེ། ཤེས་པ་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་དང་། ཤེས་བྱ་རྣམ་བཅས་ཀྱི་སྟོང་གཟུགས་གཉིས་སྐུ་དང་ཐུགས་རྡོ་རྗེ་གཅིག་ཏུ་སྦྱོར་བའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། ། ༈ དེ་བཞིན་གཤེགས་པའི་རྣམ་བཅུ་དབང་ལྡན་ཕྱི་ལ་སྦྱར་ན། ཨ། སྲོག་མེད་ཡུ་རུ་ལུ་ཝུ་ལྔས་ཁམས་ལྔ། མས་རི་རབ། ཀྵས་འདོད་ལྷ་དང་གཟུགས་ཁམས། ཧས་གཟུགས་མེད་ཁམས་མཚོན། རྣམ་བཅད་དང་ཐིག་ལེ་གཉིས་ཉི་ཟླའོ། །ནང་ལུས་ལ་སྦྱར་ན། ཨ་ཡ་ར་ཝ་ལ་ལྔས་མའི་གཙུག་ཏོར་དཔྲལ་མགྲིན་སྙིང་ལྟེའི་རྩ་འཁོར་རྣམས་མཚོན། མ་ཡིག་གིས་ལྟེ་བ་ནས་གསང་གནས་བར། ཀྵས་གསང་གནས་ནང་གི་རྩ་འདབ་བརྒྱད། ཧ་རྣམ་བཅད་ཐིག་ལེ་གསུམ་གྱིས་གསང་གནས་ནང་གི་དབུ་རྐྱང་རོ་གསུམ་མཚོན། གཞན་ལ་སྦྱར་ན་གསུམ་གྱི། དང་པོ་བསྐྱེད་རིམ་ལ་སྦྱར་བ་ནི་སྒྲུབ་ཐབས་དངོས་ལས་བཤད་ལ། གཉིས་པ་རྫོགས་རིམ་ལ་སྦྱར་ན། ཨ་ནས་ཀྵ་ཡིག་གི་བར་ནི་སྔ་མའི་ལུས་ལ་སྦྱར་བ་བཞིན་དུ་སྒྲུབ་པོ་རང་གི་གཙུག་ཏོར་ནས་གསང་གནས་ཀྱི་བར་གྱི་རྩ་འཁོར་རྣམས་མཚོན། ཧ་ཡིག་གིས་རང་སེམས། སེམས་དེས་རྩ་འཁོར་གསུམ་གནད་དུ་བསྣུན་པས་ཁམས་དཀར་དམར་གྱི་འཕྲོ་འདུ་འབྱུང་བ་ནི། རྣམ་བཅད་དང་ཐིག་ལེས་མཚོན། ནཱ་དས་ནི་སེམས་བདེ་ཆེན་གྱི་ངོ་བོར་སྐྱེ་བར་མཚོན། གསུམ་པ་འབྲས་བུ་ལ་སྦྱར་ན། ཀྵས་སྟོང་གཟུགས། ཧས་མཆོག་ཏུ་མི་འགྱུར་བའི་བདེ་ཆེན། ཨས་རྣམ་མེད་སྟོང་ཉིད། དེ་འདྲའི་སྟོང་གཟུགས་དང་མཆོག་ཏུ་མི་འགྱུར་བའི་བདེ་སྟོང་དབྱེར་མེད་ཉིད་སྐུ་དང་ཐུགས་སུ་ངོ་བོ་གཅིག་ཏུ་སྦྱང་ནས་ཁམས་ལྔ་སྒྲིབ་བྲལ་དུ་བྱས་པ་ནི་ཡི་གེ་ཁ་ཕྲལ་གྱིས་མཚོན་པའོ། ། ༈ དུར་ཁྲོད་ལས་༡༦སྐུ་རུ་དབྱེ་བ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའམ། སྐུ་གསུམ་ངོ་བོ་ཉིད་དང་བཞིར་ནང་གསེས་ཀྱི་ལྡོག་པའི་སྒོ་ནས་དབྱེ་ན་བཅུ་དྲུག་ཏུ་འགྱུར་རོ། ། ༈ དུར་ཁྲོད་ཀྱི་སྲོག་ཆགས་ལས། བྷེ་ཏུནྟྲ་ནི་བྱའི་རིགས་སེར་པོ། ཏི་ཀྵ་ནི། བྷལླུ་ཀ་དང་མིང་གི་རྣམ་གྲངས་ཏེ་དོམ་མོ། །རྒྱུད་ལས་སྡེབ་སྦྱོར་གྱི་དབང་གིས་གུར་བ་ད་ན་ཞེས་འབྱུང་བཤང་གདོང་ངམ་ཏེའུ་ལོ་པ། ཕ་ཝཾ། བཤང་གདོང་ནི་བོད་དུ་གྲགས་པའི་བྱ་མ་བྱེའུ་དང་། མིག་སྔོན་ནི། གཤོག་པ་ཅན་གྱི་འདྲེ་བྱ་མ་ཡིན། མཁའ་ལྡིང་ཨ་ནཱི་ལ་ནི་ཁ་དོག་ལྔ་པའི་མཁའ་ལྡིང་དང་། སེང་གེ་རྐང་པ་བརྒྱད་པ་ནི་གཤོག་པ་བཞི་དང་རྐང་ལག་རྣམས་ཡོད་པའི་སེང་གེའི་དབང་པོའོ།། ཞེས་བཤད་དོ། ། ༈ མཁའ་སྤྱོད་ཞལ་བཟང་བལྟ་བའི་སྨོན་ལམ་ལ་བཞི། མཚན་བསྟན་པ། མཆོད་པར་བརྗོད་པ། གཞུང་གི་དོན། མཇུག་གི་དོན་ནོ། །གཞུང་གི་དོན་ལ་གསུམ། མཁྱེན་པར་གསོལ་བ། སྨོན་ལམ་དངོས། བདེན་པའི་སྟོབས་བརྗོད་པའོ། །དང་པོ་ནི། མཐའ་ཡས་སོགས་སོ། །གཉིས་པ་སྨོན་ལམ་དངོས་ལ་གཉིས། རང་བཞིན་རྗེས་སུ་དྲན་པ་དང་། ཐུགས་དམ་གནད་ནས་བསྐུལ་བའོ། །དང་པོ་ནི། འོག་མིན་སོགས། གཉིས་པ་ལ་གཉིས། རྒྱུད་ཀྱི་རྡོ་རྗེའི་གནས་དང་སྦྱར་བ་དང་། སྔོན་རབས་ཀྱི་གཏམ་དང་སྦྱར་བའོ། །དང་པོ་ནི། ཨེ་མ་སོགས་སོ། །གཉིས་པ་ནི། ཨོ་ཌི་བི་ཤ་སོགས་སོ། །གསུམ་པ་བདེན་པའི་སྟོབས་བརྗོད་པ་ནི། རྩ་བརྒྱུད་བླ་མ་སོགས་སོ། །བཞི་པ་མཇུག་གི་དོན་ནི། ཞེས་སོགས་སོ། ། ༈ དུས་འཁོར་ཞེས་པའི་སྒྲ་དོན། ཕྱི་རོལ་ཏུ་ཉིན་མོ་དང་མཚན་མོའི་ཆ་ནི་དུས། དེ་ལ་ཁྱིམ་གྱི་འཕོ་བ་བཅུ་གཉིས། འཕོ་བ་རེ་རེ་ལ་ཉིན་ཞག་སུམ་ཅུ། ཉིན་ཞག་རེ་རེ་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཡུན་སོ་སོར་ཕྱེ་བ་ནི་འཁོར་ལོ་ཞེས་བྱ་ཞིང་། དེ་བཞིན་དུ་ནང་ལ་ཡང་ཉིན་ཞག་རེ་རེ་ལ་དབུགས༢༡༦༠༠། འབྱུང་འཇུག་བྱེད་པའི་འཕོ་ཆེན་བཅུ་གཉིས་ཀྱི་རྒྱུ་བ་ནི་འཁོར་ལོ་ཞེས་བྱ་ལ། ཕྱི་ནང་ནི་དུས་ཀྱི་འཁོར་ལོ་དེ་གཉིས་པོ་སྦྱོང་བྱེད་ཀྱིས་སྦྱངས་པས་སྦྱངས་འབྲས་དབུགས་ཀྱི་རྒྱུ་བ་མ་ལུས་པ་འགོག་པའི་སྲོག་ཆེན་པོ་ནི་དུས་དང་། ས་བཅུ་གཉིས་པོ་རེ་རེ་ལ་ཡང་རླུང་སྟོང་བརྒྱད་བརྒྱ་རེའི་རྒྱུ་བ་འགགས་པའི་སྒོ་ནས་གཞི་དུས་ཀྱི་འཕོ་ཆེན་བཅུ་གཉིས་ཀྱི་འཁོར་ལོ་མ་ལུས་པ་འགགས་པའི་ལྡོག་པ་ལ་འདིར་འབྲས་བུ་དུས་ཀྱི་འཁོར་ལོ་ཞེས་བརྗོད་དེ། རྩ་རྒྱུད་ལས། དུས་ཆེན་པོ་ནི་སྲོག་ཆེན་པོ། །འདས་པའི་དབུགས་བགྲོད་ཟད་པ་ལས། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། །བརྒྱ་ཕྲག་དྲུག་གི་དབུགས་རྣམས་ཏེ། །སྲིད་པ་གསུམ་དུ་དབུགས་འཁོར་ལོ། །འདི་ནི་དུས་ཀྱི་འཁོར་ལོར་བཤད། །ཅེས་གསུངས་པ་ལྟར་རོ། །དེས་ན་ངོ་བོ་གཅིག་ཉིད་ལ་དབུགས་༢༡༦༠༠འགགས་པའི་ལྡོག་པས་དུས་དང་། འཕོ་བ་བཅུ་གཉིས་འགགས་པའི་ལྡོག་པས་འཁོར་ལོར་བཞག་པ་ཡིན་ཅིང་། སངས་རྒྱས་ནི་མི་འགྱུར་བའི་བདེ་བ་༢༡༦༠༠རྫོགས་པར་ཐོབ་པའི་ལྡོག་པ་ནས་འཇོག་པ་ཡིན་ནོ། །དེ་ཡང་དགའ་བ་བཅུ་དྲུག་རྫོགས་པའི་ལྡོག་པ་ནས་དེ་ཉིད་བཅུ་དྲུག་གི་བདག་ཉིད་ཅན་གྱི་སངས་རྒྱས་ཞེས་བྱ་ལ། འཕོ་བ་བཅུ་གཉིས་འགགས་པས་བདེན་དོན་བཅུ་གཉིས་དང་ལྡན་པའི་དུས་ཀྱི་འཁོར་ལོ་ཞེས་བྱའོ། །སྟོང་དང་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པ་ཡི། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། ། ཧྐྐྵྨླྺྲྱྃ། ༈ འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། སྟོང་པ་ཆེན་པོ་ཡི་གེ་ལྔ། ཨ་ཨི་རྀ་ཨུ་ལྀ། །ཐིག་ལེ་སྟོང་པ་ཡི་གེ་དྲུག་ཀ་ཙ་ཊ་པ་ཏ་ས། །ཅེས་པའི་དོན། དང་པོ་ནི། དབུས་སུ་ཡེ་ཤེས་ཀྱི་ཕུང་པོ། ཡེ་ཤེས་ཀྱི་ཁམས། ནམ་མཁའི་ཁམས། ཡིད། རྣ་བ། སྒྲ། ཆོས་ཁམས། མཆོག་གི་དབང་པོ། བྷ་ག །ཆུ་འཛག་པ། ཁུ་བ་འཛག་པའི་ངོ་བོ་རྣམས། སྒྲིབ་པ་མེད་པ་ཉིད་སོ་སོ་རང་གི་ཡུལ་འཛིན་པ་རྣམ་པ་སྤངས་པ་གཅིག་ཏུ་འདྲེས་པར་གྱུར་པའི་སྟོང་པའི་ཡི་གེ་དང་པོ། ཨ་རྣལ་འབྱོར་པས་རང་གི་རིག་པར་བྱ་བས་ཐམས་ཅད་མེད་པ་མ་ཡིན་པའི་མཚན་ཉིད་དེ་ཉིད་གཞོམ་དུ་མེད་པ་ལས་ཡི་གེའི་གཟུགས་སྟོང་པ་བརྗོད་དུ་མེད་པ་གྲི་གུག་གི་རྣམ་པའོ། །དབུས་མ་གཞོམ་དུ་མེད་པའི་མཚན་མ་དེ་ལས། ཤར་དུ་འདུ་བྱེད་ཀྱི་ཕུང་པོ། རླུང་ཁམས། སྣ། རེག་བྱ། ངག་གི་དབང་པོ། བཤང་བ་འཛག་པ་སྒྲིབ་པ་མེད་པ་རྣམས་གཅིག་ཏུ་འདྲེས་པར་གྱུར་པའི་སྟོང་པའི་ཡི་གེ་གཉིས་པ་ཨི་བརྗོད་དུ་མེད་པ་དབྱུག་པའི་རྣམ་པའོ། །གཡས་སུ་ཚོར་ཕུང་། མེ་ཁམས། མིག །རོ། ལག་པ། འགྲོ་བ་སྒྲིབ་པ་མེད་པ་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་སྟོང་པའི་ཡི་གེ་གསུམ་པ་བརྗོད་དུ་མེད་པ་ཚེགས་དྲག་གི་རྣམ་པའོ། །གཡོན་དུ་འདུ་ཤེས་ཀྱི་ཕུང་པོ་ཆུ་ཁམས། ལྕེ། གཟུགས། རྐང་པ། ལེན་པ་སྒྲིབ་པ་མེད་པ་རྣམས་གཅིག་ཏུ་འདྲེས་པའི་ཡི་གེ་བཞི་པ་ཨུ་བརྗོད་དུ་མེད་པ་ཐིག་ལེའི་རྣམ་པ། རྒྱབ་ཏུ་གཟུགས་ཕུང་། ས་ཁམས། ལུས་དབང་། དྲི། གཅི་བ་འཛག་པ། སྨྲ་བ་སྒྲིབ་པ་མེད་པ་རྣམས་གཅིག་ཏུ་འདྲེས་པ་སྟོང་པའི་ཡི་གེ་ལྔ་པ་ལྀ་བརྗོད་དུ་མེད་པ་ཐོང་གཤོལ་གྱི་རྣམ་པ་སྟེ། ཝྃ་ཡིག་སྟོང་པ་ཆེན་པོ་དམིགས་པ་མེད་པ་སྙིང་རྗེའི་བདག་ཉིད་ཅན། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་རྣལ་འབྱོར་པས་རྟོགས་པར་བྱེད་པའམ་རིག་བྱེད་དོ། །དེའི་རྟེན་དུ་གྱུར་པ། རྣམ་ཤེས་ཀྱི་ཕུང་པོ། ནམ་མཁའི་ཁམས། རྣ་བ། ཆོས་ཁམས། ཁུ་བ་འཛག་པ། སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་སྟོང་པ་ཉིད་དབུས་ཀྱི་མཚན་མའི་སྟེང་དུ་ཀའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་དང་པོ། ཤར་གྱི་ཤར་དུ་འདུ་བྱེད་ཀྱི་ཕུང་པོ། རླུང་ཁམས་སྣ། རེག་བྱ། ངག །བཤང་བ་འཛག་པ་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་སྟོང་ཉིད་ཙ་སྡེའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཡི་གེ་ཙ་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་གཉིས་པ། གཡས་ཀྱི་གཡས་སུ་ཚོར་ཕུང་། མེ་ཁམས། མིག །རོ། ལག་པའི་དབང་པོ། འགྲོ་བ་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་སྟོང་པ་ཉིད་ཊའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཡི་གེ་ཊ་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་གསུམ་པ། གཡོན་གྱི་གཡོན་དུ་འདུ་ཤེས་ཀྱི་ཕུང་པོ། ཆུ་ཁམས། ལྕེ། གཟུགས། རྐང་པའི་དབང་པོ། ལེན་པ་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་སྟོང་པ་ཉིད་པའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཡི་གེ་པ་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་བཞི་པ། ནུབ་ཀྱི་ནུབ་ཏུ་གཟུགས་ཕུང་། ས་ཁམས། ལུས། དྲི། གཅི་བ་འཛག་པ་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཏའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་ཏ་བརྗོད་དུ་མེད་པ་ཐིག་ལེ་སྟོང་པ་ལྔ་པ། དབུས་ཀྱི་འོག་ཏུ་ཡེ་ཤེས་ཀྱི་ཕུང་པོ། ཡེ་ཤེས་ཀྱི་ཁམས། ཡིད། སྒྲ། མཆོག་གི་དབང་པོ། ཆུ་འཛག་པ་སྒྲིབ་པ་མེད་པ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་སའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་ས་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་དྲུག་པའོ། །དེ་དག་ཆོས་ཀྱི་འབྱུང་གནས་ཨའི་རྣམ་པ་དམིགས་པ་དང་བཅས་པའི་ཤེས་རབ་མ་པྲ་ཕབ་པའི་རང་བཞིན་ཅན་རིག་བྱའོ། །ཡུལ་ལ་གཏོད་པའི་བློ་ནི་རིག་བྱེད་ཡིན་ལ། གཏོད་ཡུལ་སྣང་ཙམ་པ་དེ་ནི་ཡུལ་ལོ། །དེ་གཉིས་སྦྱར་བ་ནི་སྣང་ཙམ་ཉམས་སུ་མྱོང་ན་ཡུལ་ཡུལ་ཅན་གཉིས་སུ་སྣང་བ་འཇིག་སྟེ་སྣང་ཙམ་རང་བཞིན་མ་གྲུབ་པའི་གནད་ཀྱིས་སོ།། །། ༈}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 12:43, 1 June 2021
🚧 This website is under continued development. We appreciate your patience!
དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ལམ་གྱི་རིམ་པ་རྣམ་པར་ཕྱེ་བ་སོགས།
Wylie title | dus kyi 'khor lo'i bskyed rdzogs lam gyi rim pa rnam par phye ba sogs | |
---|---|---|
Location | mkhyen brtse'i bka' 'bum Volume 5, sde tshan 2, Text 17, Pages 523-551 (Folios 228a2 to 242a2) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Citation | 'jam dbyangs mkhyen brtse'i dbang po. dus kyi 'khor lo'i bskyed rdzogs lam gyi rim pa rnam par phye ba sogs. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 5: 523-551. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Generation Stage - bskyed rim · Completion Stage - rdzogs rim · Stages of the Path - lam rim | |
Cycle | དཔལ་དུས་ཀྱི་འཁོར་ལོ་ (dpal dus kyi 'khor lo) |
1 Texts in this Section (sde tshan or chos tshan)
17 523-551
|
དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ལམ་གྱི་རིམ་པ་རྣམ་པར་ཕྱེ་བ་སོགས། dus kyi 'khor lo'i bskyed rdzogs lam gyi rim pa rnam par phye ba sogs
|
Text page View PDF |
[[|འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ()]] |
Footnotes
Other Information
Categories:
- JKW-KABUM-05-CA-002-017
- Tibetan Publications
- Tibetan Texts
- mkhyen brtse'i bka' 'bum
- dpal dus kyi 'khor lo
- Generation Stage - bskyed rim
- Completion Stage - rdzogs rim
- Stages of the Path - lam rim
- 'jam dbyangs mkhyen brtse'i dbang po
- rdzong sar blo gros phun tshogs
- JKW-KABUM-05-CA-002
- Khyentse Lineage Project
- JKW-KABUM-Volume-05-CA