JKW-KABUM-07-JA-015-020: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse'i dbang po]]. ''''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 7: | |fulltitletib=བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བླ་མ་མཆོད་པའི་ཆོ་ག་བསོད་ནམས་སྤྲིན་གྱི་རོལ་མོ། | ||
|fulltitle=btsun rdo rje rnal 'byor ma nA ro mkha' spyod kyi bla ma mchod pa'i cho ga bsod nams sprin gyi rol mo | |||
|citation=[['jam dbyangs mkhyen brtse'i dbang po]]. ''btsun rdo rje rnal 'byor ma nA ro mkha' spyod kyi bla ma mchod pa'i cho ga bsod nams sprin gyi rol mo''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 7: 470-498. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |||
|collectiontitle=mkhyen brtse'i bka' 'bum | |collectiontitle=mkhyen brtse'i bka' 'bum | ||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | ||
Line 11: | Line 13: | ||
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | |editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | ||
|associatedpeopletib=ནཱ་རོ་པ་ | |associatedpeopletib=ནཱ་རོ་པ་ | ||
|tibgenre=Guru Offering Texts- bla ma mchod pa | |||
|terma=No | |terma=No | ||
|sabcadcategory=Five | |sabcadcategory=Five | ||
Line 23: | Line 26: | ||
|textnuminvol=015 | |textnuminvol=015 | ||
|textsubnumber=020 | |textsubnumber=020 | ||
|pagenumbers=470-498 | |||
|totalpages=29 | |||
|beginfolioline=84b6 | |||
|endfolioline=98b1 | |||
|totalfolios=15 | |||
|multivolumework=No | |multivolumework=No | ||
|rectonotes=sde tshan 15 | |rectonotes=sde tshan 15 | ||
Line 31: | Line 39: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༄༅། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བླ་མ་མཆོད་པའི་ཆོ་ག་བསོད་ནམས་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ རྒྱལ་ཀུན་ཡུམ་གྱུར་རྡོ་རྗེ་བཙུན་མོ་དང་། །དབྱེར་མེད་དཔལ་ལྡན་བླ་མར་གུས་བཏུད་ནས། །གང་དེ་མཆོད་པའི་ཐབས་ཚུལ་རྨད་བྱུང་བ། །བསོད་ནམས་སྤྲིན་གྱི་རོལ་མོ་འདིར་འཁྲོལ་ལོ། །དེ་ཡང་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། རྣལ་འབྱོར་མའི་བྱིན་རླབས་ཀྱིས་རྒྱུད་སྨིན་ཅིང་དམ་ཚིག་ལ་གནས་པའི་གང་ཟག་གིས་དཔལ་ལྡན་བླ་མ་རིགས་ཐམས་ཅད་ཀྱི་བདག་པོར་བལྟས་ནས་ཚོགས་གཉིས་རླབས་པོ་ཆེ་མྱུར་དུ་འདུམས་པར་འདོད་པས་མཆོད་པའི་ཆོ་ག་འདི་བརྩམས་པར་བྱ་སྟེ། །དེ་ལའང་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་དཀོན་མཆོག་གི་རྟེན་སྤྱི་དང་། ཁྱད་པར་རྩ་བརྒྱུད་བླ་མའི་སྣང་བརྙན་བྲིས་འབུར་ཇི་ལྟར་རིགས་པའི་མདུན། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་སོགས་ཅི་འབྱོར་པའི་བྱེ་བྲག་གཙང་ཞིང་བཀོད་པས་མཛེས་པ་ཕྱག་ལེན་ལྟར་བཤམས། །རང་གི་མདུན་དུ་གོས་ཟུང་། མཎྜལ་དྲི་བཟང་གི་ཆུ་དང་བཅས་པ། མེ་ཏོག་གི་སྣོད། ནང་མཆོད། རྡོར་དྲིལ་སོགས་རོལ་མོའི་བྱེ་བྲག་ཇི་ལྟར་རིགས་པས་མཚོན་དགོས་པའི་ཡོ་བྱད་རྣམས་འདུ་བྱ། །རང་ཉིད་སྟན་བདེ་བ་ལ་འཁོད་ནས་ངེས་འབྱུང་དང་བྱང་ཆུབ་སེམས་གཉིས་ཀྱི་བློ་ཁྱད་པར་ཅན་གྱི་ངང་། གནས་དང་མཆོད་པའི་ཡོ་བྱད་བྱིན་གྱིས་བརླབས་པ་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུྃ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧུཾ་ཧཱུྃ་ཕཊ། ཨོཾ་ཨ་ན་ཡ་ཧོ་བྷ་ག་ཝཱན་བཛྲ་རཱ་ཛ་ཧུཾ་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་གིས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི། རྟ་བབ་བཞིས་མཛེས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་བཟང་ཞིང་རྒྱ་ཆེ་བ་དྭངས་ཤིང་ཐོགས་པ་མེད་པ་ས་དང་བར་སྣང་ནམ་མཁའ་གང་བ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཨོཾ་ཨརྒྷཾ་ཨཱཿཧཱུྃ་ནས། ཤཔྡ་ཨཱཿཧཱུྃ་གི་བར་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབས། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དཔྲལ་བར་བཅས་ལ། ཨོཾ་བཛྲ་སྥ་ར་ཎ་ཁཾ་ཞེས་པས་མང་པོར་སྤེལ། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲ་ཛྙཱ་པ་ར་མི་ཏ། ནཱ་ད་སཾ་བྷ་ཝེ་ཏ། བཛྲ་དྷརྨཱ་ཧྲྀ་ད་ཡ་ནི། སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨཱ་ཁཾ་སྭཱ་ཧཱ། ལན་གསུམ་གྱིས་བྱིན་དབབ། སྐྱབས་ཡུལ་གསལ་བཏབ་ལ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་ཅི་ནུས་ཀྱི་མཐར། ཐལ་མོ་སྦྱར་ལ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་གདབ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ་པ་རྣམས་བྱའོ། །གཉིས་པ་དངོས་གཞིའི་ཆོ་ག་ལ་དྲུག་ལས། དང་པོ་ཚོགས་ཞིང་བསྐྱེད་པ་ནི། རང་སེམས་ལྷན་སྐྱེས་ཡེ་ཤེས་གཅིག་པུའི་འཕྲུལ། །སྲིད་ཞིའི་ཉམས་འགྱུར་དུ་མར་འཆར་བ་ལས། །མ་དག་སྣང་བ་རྟེན་དང་བརྟེན་པར་བཅས། །བརྗོད་བྲལ་བདེ་ཆེན་དབྱིངས་སུ་ཐིམ་པའི་རྩལ། །ཕྱི་སྣོད་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་ཞིང་། །མེ་ཏོག་ཆར་འབེབས་རོལ་མོ་སྣ་ཚོགས་སྒྲོགས། །རྣམ་བཀྲའི་འཇའ་འོད་འཁྲིགས་པའི་བར་བར་ན། །ངོ་མཚར་མཆོད་སྤྲིན་རྒྱ་མཚོས་རབ་མཛེས་པའི། །མདུན་གྱི་ནམ་མཁར་ཡིད་འཕྲོག་རིན་ཆེན་ཁྲིར། །མི་འཇིགས་སེང་གེ་བརྒྱད་ཀྱིས་བཏེགས་པའི་སྟེང་། །སྣ་ཚོགས་ཆུ་སྐྱེས་ཉི་ཟླའི་གདན་གྱི་དབུས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །མཐའ་ཀླས་དཀྱིལ་འཁོར་སྤྲོ་དང་བསྡུ་བའི་བདག །སྨིན་གྲོལ་ལམ་གྱི་སྟོན་པ་རྡོ་རྗེ་འཆང་། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ནི། །ཚུར་མཐོང་མོས་ངོར་དཔའ་བོ་རྡོ་རྗེ་ཆོས། །སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ། །ཉིན་བྱེད་བྱེ་བས་འཁྱུད་པའི་གཟི་འབར་ཞིང་། །བརྒྱད་གཉིས་ལང་ཚོར་མཚན་དཔེར་མཚར་སྡུག་རྫོགས། །ཕྱག་གཡས་བདེ་སྟོང་སྒྲ་སྒྲོགས་ཌཱ་མ་རུ། །གཅིག་ཤོས་བདུད་རྩིས་གང་བའི་ཐོད་པ་དང་། །གཡོན་པའི་གྲུ་མོར་རྡོ་རྗེའི་ཁ་ཊྭཱྃ་བསྣམས། །ཕྱིན་དྲུག་རྣམ་དག་རུས་པའི་ཕྱག་རྒྱས་མཛེས། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་རོལ། །མཐའ་བསྐོར་རྩ་བརྒྱུད་བླ་མ་ཡི་དམ་ལྷ། །མཆོག་གསུམ་ཆོས་སྲུང་ནོར་ལྷའི་ཚོགས་བཅས་རྣམས། །བདག་ལ་དགྱེས་ཤིང་འཛུམ་པས་བཞུགས་པ་ཡི། །སོ་སོའི་ཐུགས་ལས་འཕྲོས་པའི་འོད་ཟེར་གྱིས། །ཡེ་ཤེས་སྤྱན་དྲངས་གཉིས་སུ་མེད་པར་གྱུར། །ཞེས་པས་གསལ་བཏབ། གཉིས་པ་ཕྱག་འཚལ་བ་ནི། རྒྱས་པར་བརྒྱུད་པའི་ཕྱག་འཚལ་ལོགས་ནས་འབྱུང་བ་ལྟར་བྱ་ཞིང་། བསྡུ་ན། གང་གི་དྲིན་གྱིས་ལྷན་སྐྱེས་བདེ་ཆེན་ཉིད། སྐད་ཅིག་ཉིད་ལ་འཆར་བའི་བཀའ་དྲིན་ཅན། །རྗེ་བཙུན་བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པདྨོར་ཕྱག་འཚལ་ལོ། །རྒྱལ་བ་རྒྱ་མཚོའི་རིགས་བདག་རྡོ་རྗེ་ཆོས། །མཁའ་སྤྱོད་དབང་མོ་རྡོ་རྗེ་རྣལ་འབྱོར་མ། །གྲུབ་པའི་སར་བཞུགས་པཎ་ཆེན་ནཱ་རོ་པ། །ཕམ་མཐིང་སྐུ་མཆེད་རྣམས་ལ་ཕྱག་འཚལ་ལོ། །ཟབ་ཡངས་ཆོས་ཀྱི་གཏེར་གྱུར་ཤེས་རབ་བརྩེགས། །གསང་སྔགས་རྒྱ་མཚོའི་མངའ་བདག་མལ་ལོའི་ཞབས། །རྡོ་རྗེ་འཆང་དངོས་བླ་ཆེན་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་རྣམས་ལ་ཕྱག་འཚལ་ལོ། །གནས་ལྔ་རིག་པ་ས་སྐྱ་པཎ་ཆེན་དང་། །འཛམ་གླིང་བསྟན་པའི་མངའ་བདག་འཕགས་པའི་ཞབས། །རིམ་གཉིས་ཐུགས་གཞོལ་དཀོན་མཆོག་དཔལ་བ་དང་། །བྲག་ཕུག་ཆོས་རྗེ་རྣམས་ལ་ཕྱག་འཚལ་ལོ། །འགྲོ་བའི་མགོན་པོ་བསོད་ནམས་རྒྱལ་མཚན་ཞབས། །གདམས་པ་རྒྱ་མཚོའི་མངའ་བདག་དཔལ་ལྡན་པ། །ཤར་ཆེན་ཡེ་རྒྱལ་ངོར་ཆེན་རྡོ་རྗེ་འཆང་། །ཀུན་དགའ་བཟང་པོ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བ་གཉིས་པ་དཀོན་མཆོག་རྒྱལ་མཚན་དང་། །ཀུན་མཁྱེན་མཁས་པའི་དབང་པོ་སེང་གེའི་མཚན། །ས་བཅུའི་དབང་ཕྱུག་སངས་རྒྱས་རིན་ཆེན་དང་། །ས་སྐྱ་ལོ་ཙཱ་རྣམས་ལ་ཕྱག་འཚལ་ལོ། །ཤེས་བྱ་ཀུན་མཁྱེན་དཀོན་མཆོག་ལྷུན་གྲུབ་དང་། །པཎ་ཆེན་མཁས་པའི་དབང་པོ་ནམ་མཁའི་མཚན། །འཇམ་དཔལ་དབྱངས་དངོས་ཀུན་དགའ་བསོད་ནམས་དང་། །དཔལ་མཆོག་རྒྱལ་མཚན་རྣམས་ལ་ཕྱག་འཚལ་ལོ། །མཁས་ཤིང་གྲུབ་བརྙེས་སངས་རྒྱས་ཕུན་ཚོགས་དང་། །རྡོ་རྗེ་འཆང་དབང་བསོད་ནམས་དཔལ་ལྡན་ཞབས། །བསྟན་པའི་ཉི་མ་ནམ་མཁའ་བསམ་འགྲུབ་དང་། །ཀུན་དགའ་བློ་གྲོས་རྣམས་ལ་ཕྱག་འཚལ་ལོ། །རིགས་ཀུན་ཁྱབ་བདག་ནམ་མཁའ་འཆི་མེད་དང་། །སྐྱབས་གནས་ཀུན་འདུས་རྣལ་འབྱོར་འཇམ་དཔལ་བཟང་། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །གསུམ་པ་མཆོད་པ་ལ་བརྒྱད་ལས། དང་པོ་ཉེར་སྤྱོད་ཀྱི་མཆོད་པ་ནི། སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན། །ལྷ་རྫས་མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །དཔལ་ལྡན་བླ་མ་རྡོ་རྗེ་འཆང་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་མཆོད་ཡོན་གྱི་ཚབ་ཏུ། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དང་། སྔགས་ཀྱི་ཨརྒྷཾ་ཚབ་ཏུ། པཱ་དྱཾ་ནས། ཤབྡའི་བར་རྣམས་སྦྱར། གཉིས་པ་གོས་ཟུང་གི་མཆོད་པ་ནི། གོས་ཟུང་། སུམྦྷས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ལྷ་རྫས་ལས་གྲུབ་ན་བཟའ་སྲབ་ལ་འཇམ་པ་ཡང་བ་ཟུང་དུ་སྦྱར་བ་དང་ལྡན་པར་བསམས་ལ། ཁ་དོག་འཇམ་ཞིང་དྲི་ཞིམ་རེག་ན་བདེ། །སྲབ་འཇམ་ཡང་མཛེས་ལྷ་ལས་བྱུང་བ་ཡི། །ན་བཟའི་མཆོག་འདི་རྡོ་རྗེའི་སྐུ་ལ་འབུལ། །བསྒྲེས་པ་མེད་པ་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་བཛྲ་ཝ་ས་སྱ་ཨཱཿཧཱུྃ། གསུམ་པ་རིག་མ་བཅུ་དྲུག་གི་མཆོད་པ་ནི། རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ནས་མཆོད་པར་བསམས་ལ། །དབང་སྔོན་མདོག་མཚུངས་རྡོ་རྗེ་པི་ཝཾ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་པི་ཝཾ་སྒྲ་ཡིས་མཆོད། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཝཱི་ཎི་ཧུཾ་ཧཱུྃ་ཕཊ། །གསེར་བཟང་མདོག་མཚུངས་རྡོ་རྗེ་གླིང་བུ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་གླིང་བུའི་སྒྲ་ཡིས་མཆོད། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཝཾ་སེ་ཧུཾ་ཧཱུྃ་ཕཊ། པདྨ་རཱ་གའི་མདོག་མཚུངས་རྫ་རྔ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་རྫ་རྔའི་སྒྲ་ཡིས་མཆོད། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་མྲྀ་ཏཾ་གེ་ཧུཾ་ཧཱུྃ་ཕཊ། མརྒད་མདོག་མཚུངས་རྡོ་རྗེ་རྔ་ཟླུམ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་རྔ་ཟླུམ་སྒྲ་ཡིས་མཆོད། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་མུ་རྫི་ཧུཾ་ཧཱུྃ་ཕཊ། ལི་ཁྲིའི་མདོག་མཚུངས་རྡོ་རྗེ་བཞད་པ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་བཞད་པའི་བདེ་བས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཧཱ་སྱེ་ཧུཾ་ཧཱུྃ་ཕཊ། །ནམ་མཁའི་མདོག་མཚུངས་རྡོ་རྗེ་སྒེག་མོ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་སྒེག་མཛེས་བདེ་བས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་ལཱ་སྱེ་ཧུཾ་ཧཱུྃ་ཕཊ། གུར་གུམ་མདོག་མཚུངས་རྡོ་རྗེ་གླུ་ལེན་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་སྙན་པའི་གླུ་ཡིས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་གཱི་ཏཱི་ཧུཾ་ཧཱུྃ་ཕཊ། པྲི་ཡང་ཀུ་མཚུངས་རྡོ་རྗེ་གར་མཁན་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་མཛེས་མའི་གར་གྱིས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་ནྲྀ་ཏྱེ་ཧུཾ་ཧཱུྃ་ཕཊ། ཟླ་བའི་མདོག་མཚུངས་རྡོ་རྗེ་མེ་ཏོག་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་མེ་ཏོག་སིལ་མས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་པུཥྤེ་ཧུཾ་ཧཱུྃ་ཕཊ། ཨིནྡྲ་ནཱི་ལིའི་མདོག་མཚུངས་བདུག་སྤོས་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་བདུག་སྤོས་སྤྲིན་གྱིས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་དྷཱུཔྤེ་ཧུཾ་ཧཱུྃ་ཕཊ། །ཉི་མའི་མདོག་མཚུངས་རྡོ་རྗེ་མར་མེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་མར་མེའི་ཕྲེང་བས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་དཱི་པེ་ཧུཾ་ཧཱུྃ་ཕཊ། སིནྡྷུའི་མདོག་མཚུངས་རྡོ་རྗེ་དྲི་ཆབ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་དྲི་བཟང་བྱུགས་པས་མཆོད། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་གནྡྷེ་ཧུཾ་ཧཱུྃ་ཕཊ། ཆུ་ཤེལ་མདོག་མཚུངས་གཟུགས་ཀྱི་རྡོ་རྗེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་གཟུགས་ཀྱི་བདེ་བས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་རཱུ་པ་བཛྲཱི་ཧུཾ་ཧཱུྃ་ཕཊ། བཙོད་ཀྱི་མདོག་མཚུངས་རོ་ཡི་རྡོ་རྗེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་རོ་ཡི་བདེ་བས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་རཱ་ས་བཛྲཱི་ཧུཾ་ཧཱུྃ་ཕཊ། སྣ་ཚོགས་མདོག་མཚུངས་རེག་བྱ་རྡོ་རྗེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་རེག་བྱའི་བདེ་བས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་སྤཪྴེ་བཛྲཱི་ཧུཾ་ཧཱུྃ་ཕཊ། སྟོན་ཟླའི་མདོག་མཚུངས་ཆོས་དབྱིངས་རྡོ་རྗེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་ཆོས་ཁམས་བདེ་བས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་དྷརྨ་དྷཱ་ཏུ་བཛྲཱི་ཧུཾ་ཧཱུྃ་ཕཊ། བཞི་པ་རིན་ཆེན་སྣ་བདུན་གྱི་མཆོད་པ་ནི། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོཿ བླ་མ་རྒྱལ་བ་སྲས་བཅས་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བླ་མ་རྒྱལ་བ་སྲས་བཅས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཅིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་མ་ཎི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། ཐབས་དང་ཤེས་རབ་འབྲེལ་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཝསྟི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་མ་ཧཱ་ཏ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པར་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཧསྟི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ནས། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་སྟེ། །སངས་རྒྱས་ཞིང་དུ་བགྲོད་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨ་ཤྭ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །བསྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཁངྒ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། ལྔ་པ་འདོད་ཡོན་གྱིས་མཆོད་པ་ནི། །ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་རུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཅི་མཆིས་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཤཔྡ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་གར་ནག་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་གནྡྷེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟན་བྱེད་རོ་མཆོག་ཅི་མཆིས་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་རཱ་ས་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ་ཕཊ། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་སྤཪྴེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། དྲུག་པ་མཎྜལ་གྱི་མཆོད་པ་ནི། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་ཛཾ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཐོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་པ་མ། ཕྲེང་བ་མ། གླུ་མ། གར་མ། བདུག་སྤོས་མ། མེ་ཏོག་མ། མར་མེ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དམ་པ་ཆོས་སྐྱོང་བའི་སྲུང་མ། གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་གི་རྒྱུད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐུ་གཉིས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་གཟིགས། །འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །འདྲེན་པ་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་གཟིགས། །འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །ཡི་དམ་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་གཟིགས། །འདི་ཕྱིར་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །སངས་རྒྱས་ཀུན་འདུས་བླ་མ་རིན་པོ་ཆེ། དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་གཟིགས། །འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །དམ་ཆོས་ཀུན་འདུས་བླ་མ༴ དྲིན་ཅན་ཆོས་ཀྱི་རྗེ་ལ༴ མཉམ་མེད་བཀའ་དྲིན་ཅན་གྱི༴ འདི་ཕྱི་བར་དོ་ཀུན་ཏུ༴ དགེ་འདུན་ཀུན་འདུས་བླ་མ༴ དྲིན་ཅན་ཆོས་ཀྱི་རྗེ་ལ༴ མཉམ་མེད་བཀའ་དྲིན་ཅན་གྱི༴ འདི་ཕྱི་བར་དོ་ཀུན་ཏུ༴ བྱང་སེམས་ཀུན་འདུས་བླ་མ༴ དྲིན་ཅན་ཆོས་ཀྱི་རྗེ་ལ༴ མཉམ་མེད་བཀའ་དྲིན་ཅན་གྱི༴ འདི་ཕྱི་བར་དོ་ཀུན་ཏུ༴ ཉན་རང་ཀུན་འདུས་བླ་མ༴ དྲིན་ཅན་ཆོས་ཀྱི་རྗེ་ལ༴ མཉམ་མེད་བཀའ་དྲིན་ཅན་གྱི༴ འདི་ཕྱི་བར་དོ་ཀུན་ཏུ༴ ཆོས་སྐྱོང་ཀུན་འདུས་བླ་མ༴ དྲིན་ཅན་ཆོས་ཀྱི་རྗེ་ལ༴ མཉམ་མེད་བཀའ་དྲིན་ཅན་གྱི༴ འདི་ཕྱི་བར་དོ་ཀུན་ཏུ༴ ནོར་ལྷ་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་གཟིགས། །འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །དེ་ནས་རྩ་བའི་བླ་མའི་གསོལ་འདེབས་བརྒྱ་རྩ་སོགས་ཅི་ནུས་དང་། མཎྜལ་ཚོམ་བུ་བདུན་མ་བརྒྱ་རྩ་དང་། སོ་བདུན་མ་གསོལ་གདབ་བཅས་སྤེལ་མར་ཅི་ནུས་ཕུལ་བའི་མཐར། གང་གི་མཆོད་རྫས་ཞིང་ཁམས་རྒྱ་མཚོ་རྒྱ་མཚོའི་རྡུལ་སྙེད་སྣ་ཚོགས་མཆོད་པའི་སྤྲིན་ཕུང་གིས། །རྣམ་པར་བརྒྱན་པའི་རྒྱན་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་འོད་ཀྱི་རྩེ་མོར་རྒྱ་མཚོ་ཡི། །རྡུལ་གྱི་གྲངས་སྙེད་རིན་ཆེན་པདྨོ་རིན་ཆེན་འོད་འབྱིན་ཀུན་ནས་རྒྱས་པའི་སྙིང་པོ་ལ། །ལྷ་དང་མི་ཡི་འདོད་ཡོན་རྨད་འདི་འདོད་དགུའི་དཔལ་འབྱུང་བྱེ་བ་ཕྲག་བརྒྱར་ལེགས་གནས་པ། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཇི་བཞིན་ཀུན་ནས་དགེ་བའི་སེམས་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདི། །ཆོས་དབྱིངས་ཇི་བཞིན་ནམ་མཁའི་ཁམས་ཀུན་ཀུན་ལ་ཁྱབ་ཅིང་སེམས་ཅན་དབྱིངས་མཐའ་ཇི་སྲིད་པར། །རྣམ་པར་གནས་ནས་ཆོས་ཀྱི་རྒྱལ་པོ་རྒྱལ་བ་རྒྱལ་སྲས་རང་རྒྱལ་དགྲ་ལས་རྣམ་རྒྱལ་བས། །ཀུན་ནས་བསྐོར་བའི་དཀྱིལ་འཁོར་ཀུན་ཏུ་རྣམ་པར་མཆོད་པའི་མཆོད་པ་ཀུན་གྱིས་མཉེས་གྱུར་ཅིག །དེང་ནས་བྱང་ཆུབ་སྙིང་པོའི་བར། །བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །གུས་པས་ཁྱེད་ལ་འབུལ་བར་བགྱི། །ཀུན་ནས་གཟིགས་པའི་སྤྱན་ལྡན་པའི། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་བརྩེ་བར་ཉེར་དགོངས་ཏེ། །བདག་གི་འདི་དག་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་བརྗོད། བདུན་པ་ནང་མཆོད་ནི། ཨོཾ་ཨཱཿཧཱུྃ། བར་མ་དབུགས་དབྱུང་མཆོག་དག་དང་། །དྲི་ཡི་ཆུ་དང་དག་པ་ཡི། །ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེས། །ཧེ་རུ་ཀ་དཔལ་བླ་མ་མཆོད། །ཨོཾ་སརྦ་བཛྲ་ཀ་མི་ནི། སརྦ་བྷཀྵ་ཤོ་དྷཱ་ཡ། གུ་ཧྱ་བཛྲི་ཎཱི་ཧཱུྃ། ཞེས་དང་། སྤྲོ་ན། རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ། །གྲུབ་ཆེན་ནཱ་རོ་ཏ་པ་ཕམ་མཐིང་པ། །ཤེས་རབ་བརྩེགས་དང་མལ་གྱོ་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་ཞལ་དུ་ཨོཾ་ཨཱཿཧཱུྃ། ས་སྐྱ་པཎ་ཆེན་འཕགས་པ་རིན་པོ་ཆེ། །དཀོན་མཆོག་དཔལ་དང་ཆོས་རྗེ་བསོད་ནམས་དཔལ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་དང་། །ཡེ་ཤེས་རྒྱལ་མཚན་ཞལ་དུ་ཨོཾ་ཨཱཿཧཱུྃ། ཀུན་དགའ་བཟང་པོ་དཀོན་མཆོག་རྒྱལ་མཚན་ཞབས། །གཞན་ཡང་དཔལ་ལྡན་བླ་མའི་ཐུགས་ཀྱི་སྲས། །སེང་གེ་རྒྱལ་མཚན་རྒྱལ་བ་མཆོག་དབྱངས་དང་། །ནམ་མཁའ་རྒྱལ་མཚན་ཞལ་དུ་ཨོཾ་ཨཱཿཧཱུྃ། བརྒྱུད་སྲོལ་ཀུན་འདུས་བདག་ཆེན་རྡོ་རྗེ་འཆང་། །ཀུན་སྤང་ཆོས་རྗེ་ཚར་ཆེན་མཁྱེན་བརྩེའི་དབང་། །བསླབ་གསུམ་རྒྱལ་མཚན་དབང་ཕྱུག་རབ་བརྟན་དཔལ། །བསོད་ནམས་མཆོག་ལྡན་ཞལ་དུ་ཨོཾ་ཨཱཿཧཱུྃ། བསོད་ནམས་མཆོག་གྲུབ་མཁྱེན་རབ་བྱམས་པའི་དཔལ། །རྨོར་ཆེན་རྗེ་དང་ཁྱབ་བདག་གནས་གསར་པ། ཀུན་དགའ་བློ་གྲོས་ནམ་མཁའ་འཆི་མེད་དང་། །རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་རྩ་བརྒྱུད་བླ་མ་ཡི་དམ་ལྷ། །སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མ། །རྡོ་རྗེའི་ཆོས་སྲུང་ནོར་ལྷའི་ཚོགས་དང་བཅས། །མཆོད་འོས་རྒྱ་མཚོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་འབུལ། བརྒྱད་པ་ཡིད་བྱུང་གི་མཆོད་པ་ནི། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དཔྲལ་བར་བཅས་ཏེ། ན་མོ། ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་རླབས་དང་། སྔགས་དང་ཕྱག་རྒྱའི་མཐུ་དང་། བདག་གི་མོས་པ་དང་། ཏིང་ངེ་འཛིན་དང་། སྨོན་ལམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་བྱེ་བྲག་ཇི་སྙེད་ཡོད་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་པའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག །བླ་མ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཅེས་བརྗོད་ལ་སེ་གོལ་བརྡབ། ཡང་ཕྱག་རྒྱ་བཅས་ལ། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿ ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་བྷི་སྨ་ར་ཎ་ཨི་མཾ་ག་ག་ན་ཁཾ། དྷརྨ་དྷཱ་ཏུ་ཨཱ་ཀཱ་ཤ་ས་མནྟ་མཱཾ། སརྦ་ཏ་ཐཱ་ག་ཏ་ཨ་པ་རི་ཤོ་དྷ་ཡེ། མཎྜལ་མ་མ་པྲ་ཎི་དྷི། པུཎྱ་ཛྙཱ་ན་བ་ལེ་ན་སརྦ་ཏ་ཐཱ་ག་ཏ་བ་ལེནྡྷ། བནྡུ་སྭཿསྠན་བ་ལེ་ན་ཙཾ་ཡ་སྭ་ཧཱ། ཞེས་བརྗོད་དེ་སེ་གོལ་བརྡབ། ཡང་ཕྱག་རྒྱ་བཅས་ཏེ་སེ་གོལ་བརྡབ་པའི་མཐར་རོལ་མོའི་སྒྲ་དང་བཅས་པས། ལྷ་མིའི་ལོངས་སྤྱོད་ཕུན་ཚོགས་ཐམས་ཅད་དང་། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོ་དང་། །གསང་དང་རབ་གསང་གསང་ཆེན་བླ་མེད་ཀྱི། །མཆོད་པའི་སྤྲིན་ཆེན་རྒྱ་མཚོ་དག་གིས་མཆོད། །ཅེས་བརྗོད་ལ་ཅི་ནུས་པའི་མཆོད་པ་དབུལ་བར་བྱའོ། །བཞི་པ་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་ལྷག་མ་རྣམས་བྱ་བ་ནི། བདག་གི་ལུས་དང་ངག་དང་ཡིད་ཀྱིས་ཀྱང་། །ཆགས་དང་ཞེ་སྡང་རྣམ་པར་རྨོངས་སེམས་ཀྱིས། །སྲིད་པ་ཉམ་ངར་སྡིག་པ་ཅི་བགྱིས་པ། །དེ་རྣམས་བསྡམས་ཏེ་ཐམས་ཅད་སོ་སོར་བཤགས། །རྫོགས་སངས་རྒྱས་མགོན་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་གཞན་གྱི་དགེ་བ་གང་བགྱིས་པ། །དེ་ཡང་བླ་མེད་བྱང་ཆུབ་འབྲས་ཐོབ་པར། །མ་ལུས་པ་ལ་རྟག་ཏུ་རྗེས་ཡི་རང་། །རྫོགས་སངས་རིན་ཆེན་རང་གི་སེམས་གནས་དང་། །རྟོག་པའི་དྲྭ་བ་རབ་དྲལ་དམ་པའི་ཆོས། །ས་དབང་ཚོགས་དང་བརྟུལ་ཞུགས་དབང་དགེ་འདུན། །རབ་ཏུ་དད་པས་རྟག་ཏུ་སྐྱབས་སུ་མཆི། །རྒྱལ་དང་བདག་ཉིད་ལེགས་སྐྱོབ་དེ་དག་ལ། །ཀུན་ནས་ཀུན་ཏུ་བདག་གིས་ལུས་འདི་འབུལ། །སེམས་དཔའ་མཆོག་གིས་བདག་ཉིད་ཡོངས་བཞེས་ཤིག །དད་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །གློ་བུར་ཉོན་མོངས་ཚད་པས་གདུང་བ་ཡི། །སྐྱོབ་པ་སྐྱེ་བོ་མཐའ་དག་གྲོལ་བའི་ཕྱིར། །དམ་ཆོས་བདུད་རྩིའི་ཆོས་རྣམས་བཤད་པ་རུ། །སྨན་མཆོག་མགོན་པོ་ལ་ནི་བདག་བསྐུལ་ལོ། །མཆོག་ཏུ་མི་དགེ་ལ་སོགས་རབ་བཅོམ་པའི། །བདུད་རྩི་སྐྱེ་རྒ་ན་དང་འཆི་བ་ལས། །མྱ་ངན་འདའ་བཞེད་གྱུར་པ་སྤང་བར་ནི། །སྨན་མཆོག་མགོན་པོ་ལ་ནི་བདག་གསོལ་འདེབས། །ལུས་ངག་ཡིད་ཀྱིས་བསོད་ནམས་ནི། །བགྱིས་སམ་བགྱིད་དུ་སྩལ་བའམ། །རྗེས་སུ་ཡི་རང་གང་ཅིའང་རུང་། །དེས་ནི་འཇིག་རྟེན་ཀུན་མཁྱེན་ཤོག །སང༷ས་རྒྱས་འཇིག་རྟེན་གང་བྱུང་ལ། །སྐལ༷་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ལྟར། །དེ་རིང་ཉིད་དུ་སེམས་བསྐྱེད་དོ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །དེ་བཞིན་བརྟན་པོར་བཟུང་བར་བགྱི། །ཇི་ལྟར་ཕྱོགས་བཅུའི་རྒྱལ་བ་ཡིས། །སྔོན་གྱི་བདེ་གཤེགས་གྲངས་མེད་ལ། །ཐུགས་བསྐྱེད་དམ་ཚིག་དཔག་མེད་དག །འཚང་རྒྱའི་བར་མི་བཏང་བ་ལྟར། །བདག་ནི་དེང་ནས་བྱང་ཆུབ་བར། །ལུས་སྲོག་ལྟོས་པ་མེད་པར་ཡང་། །བསླབ་འདི་མིག་བཞིན་བསྲུང་ལ་གནས། །ཡེ་ཤེས་ཐུགས་ཀྱིས་དགོངས་སུ་གསོལ། །རྣམ་དག་ཡེ་ཤེས་ལྔར་གྱུར་ལྔ། །རྟག་ཏུ་བསྟེན་ཅིང་སྤྱད་པར་བགྱི། །རྒྱལ་བ་རིགས་ལྔའི་བརྟུལ་ཞུགས་དག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དག །རྟག་ཏུ་མི་ཕྱེད་བརྟུལ་ཞུགས་བཟུང་། །རྒྱལ་བས་དགོངས་ཏེ་གསུངས་པ་ཡི། །དམ་ཚིག་བཞི་པོ་སྲུང་བར་བགྱི། །རྩ་བའི་ལྟུང་བ་བཅུ་གཅིག་སོགས། །རིགས་སྔགས་འཆང་ཀུན་མི་འདའ་ལྟར། །དེང་ནས་བླ་མེད་བྱང་ཆུབ་བར། །བདག་གིས་ཚུལ་བཞིན་སྲུང་བར་བགྱི། །ཉིན་དང་མཚན་མོ་ལན་གསུམ་བཟླ། །ཟླ་རེ་བཅུ་ཕྲག་གཉིས་པ་དང་། །བཅོ་ལྔ་ལ་ནི་རབ་ཏུ་མཆོད། །ཐེག་པ་དམན་ལ་འདོད་མི་བྱ། །འཁོར་བ་དག་ཀྱང་མི་སྤང་ཞིང་། །མྱ་ངན་འདས་པ་དགར་མི་འགྲོ། །དཔའ་བོ་རྣལ་འབྱོར་མ་ཀུན་ལ། །གུས་པས་བསྙེན་བཀུར་མཆོད་པར་བྱ། །བདག་གིས་སེམས་ཅན་ཐམས་ཅད་ལ། །བརྙས་པ་ཉིད་དུ་མི་བྱའོ། །ཕྱག་རྒྱ་གཞོན་པ་མཚོན་ཆ་དང་། །མཚན་མ་འགོམ་པར་མི་བྱའོ། །ཞེས་དམ་བཅས་པ་ལ་བརྟེན་ནས་ལྔ་པ་གནང་བ་ནོད་པ་ནི། བླ་མ་ལ་སོགས་པའི་ཚོགས་ཞིང་རྣམས་ཐུགས་དགྱེས་པ་ཆེན་པོས་ཞལ་འཛུམ་མདངས་སུ་བཞད་ཅིང་། རིགས་ཀྱི་བུ་ཁྱོད་གནས་པ་འདི་ལ་གནས་ན་ལེགས་པ་ཡིན་གྱི། གནས་པ་འདིས་གནས་ན་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཞེས་གསུང་གིས་དངོས་སུ་གནང་བ་བྱིན་པར་བསམ། དྲུག་པ་སྨོན་ལམ་གདབ་པ་ནི། དེ་ལྟར་བསགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས་སྨོན་པའི་གནས་འདི་དག་མྱུར་དུ་འགྲུབ་པར་གྱུར་ཅིག་སྙམ་དུ་བསམ་པ་རྩེ་གཅིག་པས། སྐྱབས་གནས་ཀུན་འདུས་གདན་གསུམ་ཚང་བའི་སྐུ། །ཉོན་མོངས་གདུང་སེལ་ཆོས་སྒྲ་སྒྲོགས་པའི་གསུང་། །ཡེ་ཤེས་ལྔ་ལྡན་བདེ་གསལ་མི་རྟོག་ཐུགས། །དཔལ་ལྡན་བླ་མ་དྲན་ཅིང་གསོལ་བ་འདེབས། །མཐའ་ཡས་རྒྱལ་བའི་བདེ་སྟོང་ཟློས་གར་ནི། །སོགས་མཁའ་སྤྱོད་ཞལ་བཟང་བལྟ་བའི་སྨོན་ལམ་གདབ། གསུམ་པ་རྗེས་ཀྱི་ཆོ་ག་ལ་དྲུག་ལས། དང་པོ་འདོད་པའི་དོན་ལ་གསོལ་བ་གདབ་པ་ནི། གོང་ལྟར་མཆོད་པ་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་སོགས་ནས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤཔྡ་ཨཱཿཧཱུྃ་གི་བར་གྱིས་བྱིན་བརླབས། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ་ཞེས་སོགས་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། ཐལ་མོ་སྦྱར་བས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་བ། ཆོས་ཀྱི་རྗེ། ཆོས་ཀྱི་རྒྱལ་པོ། ཆོས་ཀྱི་དབང་ཕྱུག །ཆོས་དམ་པའི་འབྱོར་པ་ཐམས་ཅད་ཀྱིས་ཕུན་སུམ་ཚོགས་ཤིང་འཁོར་བ་དང་མྱ་ངན་ལས་འདས་པའི་དཔལ་དམ་པར་གྱུར་པ་བླ་མ་དམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། །བདག་གི་སྔོན་གྱི་ལས་ལས་གྱུར་པ་དང་། གནས་སྐབས་ཀྱི་རྐྱེན་ལས་གྱུར་པའི་མི་དང་མི་མ་ཡིན་པ་དང་། འབྱུང་པོའི་གནོད་པ་དང་། ཉེ་བར་འཚེ་བ་དང་། བྱུར་དང་སྐལ་པ་ངན་པ་དང་། ཕྱི་དང་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །ཚེ་དང་དཔལ་དང་འབྱོར་པ་དང་དབང་ཕྱུག་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །འཇིག་རྟེན་གྱི་ཆོས་བརྒྱད་དང་མཚན་མའི་རྣམ་པར་གཡེང་བ་ལ་སོགས་པ་སྲིད་པར་འཁོར་བར་འགྱུར་བའི་རྣམ་པར་རྟོག་པ་དང་། གཞན་གྱི་དོན་ལ་སྐྱོ་བ་དང་། རང་ཉིད་ཞི་བར་འདུན་པ་ལ་སོགས་པ་མྱ་ངན་ལས་འདའ་བར་གྱུར་པའི་རྣམ་པར་རྟོག་པ་གང་ལགས་པ་ཐམས་ཅད་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། །བདག་གི་སེམས་ལས་སུ་རུང་བ་དང་། བག་ཡོད་པ་དང་། དྲན་པ་དང་ཤེས་བཞིན་ཡང་དག་པ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། །བདག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། དམ་ཚིག་དང་སྡོམ་པའི་ཚོགས་རྣམ་པར་དག་ཅིང་། སྡིག་པ་དང་། སྒྲིབ་པ་དང་། ལྟུང་བ་དང་། ཉེས་པའི་དྲི་མས་མ་གོས་པར་བྱིན་གྱིས་བརླབ་ཏུ་གསོལ། །དད་པ་དང་སྙིང་རྗེ་དང་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་བྱང་ཆུབ་ཀྱི་སེམས་གཉིས་ཟུང་དུ་ཆུད་ནས་ལུང་དང་མངོན་པར་རྟོགས་པས་བསྡུས་པའི་ཆོས་ཀྱི་སྣང་བ་དམ་པ་དང་རྟོགས་པ་དགེ་བར་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །གང་གི་ཚེ་བདག་འཆི་བར་གྱུར་པ་དེའི་ཚེ་ཚེ་འདི་དང་འཇིག་རྟེན་འདི་ལ་མངོན་པར་ཞེན་པ་དང་བྲལ་ཞིང་། ལུས་དང་སེམས་ལ་ཟུག་རྔུ་དང་སྡུག་བསྔལ་ཅུང་ཟད་ཙམ་ཡང་མི་འབྱུང་བར་དགའ་བ་དང་སྤྲོ་བ་དང་ཡིད་གསལ་བ་མཆོག་དང་ལྡན་ཞིང་། ཏིང་ངེ་འཛིན་དམ་པ་རྒྱུད་ལ་སྐྱེས་ནས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཡང་དག་པར་མཐོང་ཞིང་། དེ་དག་གི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པས་མདུན་བསུས་ཏེ། བར་དོའི་འཇིགས་པ་ཐམས་ཅད་དང་བྲལ་ཞིང་། བདུད་དང་གཤིན་རྗེའི་སྤྱོད་ཡུལ་ཐམས་ཅད་ལས་ཤིན་ཏུ་འདས་ནས་རིག་པ་འཛིན་པ་དང་མཁའ་ལ་སྤྱོད་པ་ལ་སོགས་པའི་གོ་འཕང་མཆོག་ཏུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་དང་བྲལ་ཞིང་སྲིད་པ་དང་། ཞི་བའི་འབྱོར་པ་ཕུན་སུམ་ཚོགས་པ་ཐོབ་སྟེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་རྒྱ་མཚོའི་ཚོགས་ཡང་དག་པར་བཟུང་ནས། ཆོས་ཀྱིས་ཕོངས་པའི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་གཏོང་ཞིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱས་ནས། དངོས་པོ་ཐམས་ཅད་ཀྱིས་བླ་མ་དམ་པ་མཉེས་པར་བྱས་ཏེ་ས་དང་ལམ་ཐམས་ཅད་བདེ་བླག་ཏུ་བགྲོད་ནས། སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་མོས་གུས་ཤུགས་དྲག་པོས་གསོལ་བ་གདབ། གཉིས་པ་ཚོགས་ཞིང་བསྡུ་བ་ནི། དེ་ལྟར་གུས་པས་མཆོད་ཅིང་གསོལ་བཏབ་མཐུས། །མཆོད་ཡུལ་མགྲོན་རྣམས་མཐའ་ནས་རིམ་པ་བཞིན། །འོད་དུ་ཞུ་སྟེ་རྩ་བའི་བླ་མར་ཐིམ། །དེ་ཡང་རང་གི་ཚངས་པའི་བུ་ག་ནས། །ཞུགས་ཏེ་སྙིང་དབུས་པད་དཀར་བཞད་པའི་རྩེར། །བདེ་སྟོང་ཉི་ཟླའི་དཀྱིལ་འཁོར་རྒྱས་པའི་དབུས། །དགྱེས་པ་ཆེན་པོའི་ངོ་བོར་རྟག་བཞུགས་ནས། །དབང་དང་དངོས་གྲུབ་ཐམས་ཅད་སྩོལ་བར་གྱུར། །ཞེས་བརྗོད་ཅིང་བསམ་ལ། དད་མོས་རྩེ་གཅིག་པའི་ངང་ནས། བླ་མའི་མཚན་དཔེའི་སྣང་ཆ་གསལ་ལམ་མེ་བ་ལ་སེམས་ཞུགས་པ་བཞིན་ཆེར་གྱིས་གཏད་དེ་ཅུང་ཟད་མཉམ་པར་བཞག་གོ། །གསུམ་པ་ཐུན་ལས་ལྡང་བ་ནི། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་གདན་བཞུགས་ནས། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཐོས་པ་རྒྱ་མཚོའི་མཆོད་ཡོན་ཀུན་ནས་འཁྱིལ། །ཡོན་ཏན་མེ་ཏོག་ཚུལ་ཁྲིམས་བདུག་སྤོས་སྤྲིན། །ཤེས་རབ་སྒྲོན་མེ་དད་པ་སྤོས་ཆུའི་མཚོ། །ཏིང་འཛིན་བདུད་རྩིའི་ཞལ་ཟས་དམ་པ་དང་། །བསྟོད་དབྱངས་སྙན་པའི་སིལ་སྙན་སྒྲ་འབྱིན་ཅིང་། །ཀུན་ནས་སྙིང་བརྩེ་རྣམ་དཔྱོད་སྤོབས་པ་ཡི། །གདུགས་དང་རྒྱལ་མཚན་བ་དན་བསྒྲེང་བ་ཡིས། །བདག་ལུས་གཞལ་མེད་ཁང་བརྩེགས་རབ་བརྒྱན་ནས། །སྙིང་གི་ཆུ་སྐྱེས་ཐིག་ལེ་ཟླ་རྒྱས་ལ། །བརྟན་པར་བཞུགས་པའི་ཆོས་རྗེ་མཆོད་བགྱིད་ཅིང་། །ངེས་པར་འདུན་པའི་ཡིད་ཀྱིས་གསོལ་བཏབ་ནས། །འགྲོ་བའི་བླ་མ་རྟག་ཏུ་མཉེས་གྱུར་ཅིག །བཞི་པ་དགེ་བ་བསྔོ་བ་ནི། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོར་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ལྔ་པ་སྨོན་ལམ་གདབ་པ་ནི། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་དེ། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ནས། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །བདག་སོགས་གདུལ་བྱར་གྱུར་པ་ཐམས་ཅད་ཀྱང་། །ལས་འབྲས་ལྷུར་ལེན་གསུང་རབ་དོན་ལ་མཁས། །ཚུལ་ཁྲིམས་དག་ཅིང་ཐོས་ལ་མངོན་བརྩོན་ཏེ། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པར་མཛད་དུ་གསོལ། །དྲུག་པ་ཤིས་པ་བརྗོད་པ་ནི། སྤྲོ་ན་རྣལ་འབྱོར་མའི་བླ་མ་བརྒྱུད་པའི་བཀྲ་ཤིས་ལོགས་ནས་འབྱུང་བ་ལྟར་རམ། དེ་ཙམ་མི་ནུས་ན། རྒྱལ་མཚན་རྩེ་མོ་དབང་གི་རྒྱལ་པོ་ལྟར་ཞེས་སོགས་ཤིས་པ་བརྗོད་པ་ཇི་ལྟར་རིགས་པས་མཐའ་བརྒྱན་ཅིང་མེ་ཏོག་གི་ཆར་སིལ་མར་དགྲམ་པར་བྱའོ།། །། ༈ }} | ||
༄༅། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བླ་མ་མཆོད་པའི་ཆོ་ག་བསོད་ནམས་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ རྒྱལ་ཀུན་ཡུམ་གྱུར་རྡོ་རྗེ་བཙུན་མོ་དང་། །དབྱེར་མེད་དཔལ་ལྡན་བླ་མར་གུས་བཏུད་ནས། །གང་དེ་མཆོད་པའི་ཐབས་ཚུལ་རྨད་བྱུང་བ། །བསོད་ནམས་སྤྲིན་གྱི་རོལ་མོ་འདིར་འཁྲོལ་ལོ། །དེ་ཡང་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། རྣལ་འབྱོར་མའི་བྱིན་རླབས་ཀྱིས་རྒྱུད་སྨིན་ཅིང་དམ་ཚིག་ལ་གནས་པའི་གང་ཟག་གིས་དཔལ་ལྡན་བླ་མ་རིགས་ཐམས་ཅད་ཀྱི་བདག་པོར་བལྟས་ནས་ཚོགས་གཉིས་རླབས་པོ་ཆེ་མྱུར་དུ་འདུམས་པར་འདོད་པས་མཆོད་པའི་ཆོ་ག་འདི་བརྩམས་པར་བྱ་སྟེ། །དེ་ལའང་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་དཀོན་མཆོག་གི་རྟེན་སྤྱི་དང་། ཁྱད་པར་རྩ་བརྒྱུད་བླ་མའི་སྣང་བརྙན་བྲིས་འབུར་ཇི་ལྟར་རིགས་པའི་མདུན། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་སོགས་ཅི་འབྱོར་པའི་བྱེ་བྲག་གཙང་ཞིང་བཀོད་པས་མཛེས་པ་ཕྱག་ལེན་ལྟར་བཤམས། །རང་གི་མདུན་དུ་གོས་ཟུང་། མཎྜལ་དྲི་བཟང་གི་ཆུ་དང་བཅས་པ། མེ་ཏོག་གི་སྣོད། ནང་མཆོད། རྡོར་དྲིལ་སོགས་རོལ་མོའི་བྱེ་བྲག་ཇི་ལྟར་རིགས་པས་མཚོན་དགོས་པའི་ཡོ་བྱད་རྣམས་འདུ་བྱ། །རང་ཉིད་སྟན་བདེ་བ་ལ་འཁོད་ནས་ངེས་འབྱུང་དང་བྱང་ཆུབ་སེམས་གཉིས་ཀྱི་བློ་ཁྱད་པར་ཅན་གྱི་ངང་། གནས་དང་མཆོད་པའི་ཡོ་བྱད་བྱིན་གྱིས་བརླབས་པ་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུྃ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧུཾ་ཧཱུྃ་ཕཊ། ཨོཾ་ཨ་ན་ཡ་ཧོ་བྷ་ག་ཝཱན་བཛྲ་རཱ་ཛ་ཧུཾ་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་གིས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི། རྟ་བབ་བཞིས་མཛེས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་བཟང་ཞིང་རྒྱ་ཆེ་བ་དྭངས་ཤིང་ཐོགས་པ་མེད་པ་ས་དང་བར་སྣང་ནམ་མཁའ་གང་བ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཨོཾ་ཨརྒྷཾ་ཨཱཿཧཱུྃ་ནས། ཤཔྡ་ཨཱཿཧཱུྃ་གི་བར་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབས། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དཔྲལ་བར་བཅས་ལ། ཨོཾ་བཛྲ་སྥ་ར་ཎ་ཁཾ་ཞེས་པས་མང་པོར་སྤེལ། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲ་ཛྙཱ་པ་ར་མི་ཏ། ནཱ་ད་སཾ་བྷ་ཝེ་ཏ། བཛྲ་དྷརྨཱ་ཧྲྀ་ད་ཡ་ནི། སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨཱ་ཁཾ་སྭཱ་ཧཱ། ལན་གསུམ་གྱིས་བྱིན་དབབ། སྐྱབས་ཡུལ་གསལ་བཏབ་ལ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་ཅི་ནུས་ཀྱི་མཐར། ཐལ་མོ་སྦྱར་ལ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་གདབ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ་པ་རྣམས་བྱའོ། །གཉིས་པ་དངོས་གཞིའི་ཆོ་ག་ལ་དྲུག་ལས། དང་པོ་ཚོགས་ཞིང་བསྐྱེད་པ་ནི། རང་སེམས་ལྷན་སྐྱེས་ཡེ་ཤེས་གཅིག་པུའི་འཕྲུལ། །སྲིད་ཞིའི་ཉམས་འགྱུར་དུ་མར་འཆར་བ་ལས། །མ་དག་སྣང་བ་རྟེན་དང་བརྟེན་པར་བཅས། །བརྗོད་བྲལ་བདེ་ཆེན་དབྱིངས་སུ་ཐིམ་པའི་རྩལ། །ཕྱི་སྣོད་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་ཞིང་། །མེ་ཏོག་ཆར་འབེབས་རོལ་མོ་སྣ་ཚོགས་སྒྲོགས། །རྣམ་བཀྲའི་འཇའ་འོད་འཁྲིགས་པའི་བར་བར་ན། །ངོ་མཚར་མཆོད་སྤྲིན་རྒྱ་མཚོས་རབ་མཛེས་པའི། །མདུན་གྱི་ནམ་མཁར་ཡིད་འཕྲོག་རིན་ཆེན་ཁྲིར། །མི་འཇིགས་སེང་གེ་བརྒྱད་ཀྱིས་བཏེགས་པའི་སྟེང་། །སྣ་ཚོགས་ཆུ་སྐྱེས་ཉི་ཟླའི་གདན་གྱི་དབུས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །མཐའ་ཀླས་དཀྱིལ་འཁོར་སྤྲོ་དང་བསྡུ་བའི་བདག །སྨིན་གྲོལ་ལམ་གྱི་སྟོན་པ་རྡོ་རྗེ་འཆང་། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ནི། །ཚུར་མཐོང་མོས་ངོར་དཔའ་བོ་རྡོ་རྗེ་ཆོས། །སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ། །ཉིན་བྱེད་བྱེ་བས་འཁྱུད་པའི་གཟི་འབར་ཞིང་། །བརྒྱད་གཉིས་ལང་ཚོར་མཚན་དཔེར་མཚར་སྡུག་རྫོགས། །ཕྱག་གཡས་བདེ་སྟོང་སྒྲ་སྒྲོགས་ཌཱ་མ་རུ། །གཅིག་ཤོས་བདུད་རྩིས་གང་བའི་ཐོད་པ་དང་། །གཡོན་པའི་གྲུ་མོར་རྡོ་རྗེའི་ཁ་ཊྭཱྃ་བསྣམས། །ཕྱིན་དྲུག་རྣམ་དག་རུས་པའི་ཕྱག་རྒྱས་མཛེས། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་རོལ། །མཐའ་བསྐོར་རྩ་བརྒྱུད་བླ་མ་ཡི་དམ་ལྷ། །མཆོག་གསུམ་ཆོས་སྲུང་ནོར་ལྷའི་ཚོགས་བཅས་རྣམས། །བདག་ལ་དགྱེས་ཤིང་འཛུམ་པས་བཞུགས་པ་ཡི། །སོ་སོའི་ཐུགས་ལས་འཕྲོས་པའི་འོད་ཟེར་གྱིས། །ཡེ་ཤེས་སྤྱན་དྲངས་གཉིས་སུ་མེད་པར་གྱུར། །ཞེས་པས་གསལ་བཏབ། གཉིས་པ་ཕྱག་འཚལ་བ་ནི། རྒྱས་པར་བརྒྱུད་པའི་ཕྱག་འཚལ་ལོགས་ནས་འབྱུང་བ་ལྟར་བྱ་ཞིང་། བསྡུ་ན། གང་གི་དྲིན་གྱིས་ལྷན་སྐྱེས་བདེ་ཆེན་ཉིད། སྐད་ཅིག་ཉིད་ལ་འཆར་བའི་བཀའ་དྲིན་ཅན། །རྗེ་བཙུན་བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པདྨོར་ཕྱག་འཚལ་ལོ། །རྒྱལ་བ་རྒྱ་མཚོའི་རིགས་བདག་རྡོ་རྗེ་ཆོས། །མཁའ་སྤྱོད་དབང་མོ་རྡོ་རྗེ་རྣལ་འབྱོར་མ། །གྲུབ་པའི་སར་བཞུགས་པཎ་ཆེན་ནཱ་རོ་པ། །ཕམ་མཐིང་སྐུ་མཆེད་རྣམས་ལ་ཕྱག་འཚལ་ལོ། །ཟབ་ཡངས་ཆོས་ཀྱི་གཏེར་གྱུར་ཤེས་རབ་བརྩེགས། །གསང་སྔགས་རྒྱ་མཚོའི་མངའ་བདག་མལ་ལོའི་ཞབས། །རྡོ་རྗེ་འཆང་དངོས་བླ་ཆེན་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་རྣམས་ལ་ཕྱག་འཚལ་ལོ། །གནས་ལྔ་རིག་པ་ས་སྐྱ་པཎ་ཆེན་དང་། །འཛམ་གླིང་བསྟན་པའི་མངའ་བདག་འཕགས་པའི་ཞབས། །རིམ་གཉིས་ཐུགས་གཞོལ་དཀོན་མཆོག་དཔལ་བ་དང་། །བྲག་ཕུག་ཆོས་རྗེ་རྣམས་ལ་ཕྱག་འཚལ་ལོ། །འགྲོ་བའི་མགོན་པོ་བསོད་ནམས་རྒྱལ་མཚན་ཞབས། །གདམས་པ་རྒྱ་མཚོའི་མངའ་བདག་དཔལ་ལྡན་པ། །ཤར་ཆེན་ཡེ་རྒྱལ་ངོར་ཆེན་རྡོ་རྗེ་འཆང་། །ཀུན་དགའ་བཟང་པོ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བ་གཉིས་པ་དཀོན་མཆོག་རྒྱལ་མཚན་དང་། །ཀུན་མཁྱེན་མཁས་པའི་དབང་པོ་སེང་གེའི་མཚན། །ས་བཅུའི་དབང་ཕྱུག་སངས་རྒྱས་རིན་ཆེན་དང་། །ས་སྐྱ་ལོ་ཙཱ་རྣམས་ལ་ཕྱག་འཚལ་ལོ། །ཤེས་བྱ་ཀུན་མཁྱེན་དཀོན་མཆོག་ལྷུན་གྲུབ་དང་། །པཎ་ཆེན་མཁས་པའི་དབང་པོ་ནམ་མཁའི་མཚན། །འཇམ་དཔལ་དབྱངས་དངོས་ཀུན་དགའ་བསོད་ནམས་དང་། །དཔལ་མཆོག་རྒྱལ་མཚན་རྣམས་ལ་ཕྱག་འཚལ་ལོ། །མཁས་ཤིང་གྲུབ་བརྙེས་སངས་རྒྱས་ཕུན་ཚོགས་དང་། །རྡོ་རྗེ་འཆང་དབང་བསོད་ནམས་དཔལ་ལྡན་ཞབས། །བསྟན་པའི་ཉི་མ་ནམ་མཁའ་བསམ་འགྲུབ་དང་། །ཀུན་དགའ་བློ་གྲོས་རྣམས་ལ་ཕྱག་འཚལ་ལོ། །རིགས་ཀུན་ཁྱབ་བདག་ནམ་མཁའ་འཆི་མེད་དང་། །སྐྱབས་གནས་ཀུན་འདུས་རྣལ་འབྱོར་འཇམ་དཔལ་བཟང་། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །གསུམ་པ་མཆོད་པ་ལ་བརྒྱད་ལས། དང་པོ་ཉེར་སྤྱོད་ཀྱི་མཆོད་པ་ནི། སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན། །ལྷ་རྫས་མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །དཔལ་ལྡན་བླ་མ་རྡོ་རྗེ་འཆང་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་མཆོད་ཡོན་གྱི་ཚབ་ཏུ། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དང་། སྔགས་ཀྱི་ཨརྒྷཾ་ཚབ་ཏུ། པཱ་དྱཾ་ནས། ཤབྡའི་བར་རྣམས་སྦྱར། གཉིས་པ་གོས་ཟུང་གི་མཆོད་པ་ནི། གོས་ཟུང་། སུམྦྷས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ལྷ་རྫས་ལས་གྲུབ་ན་བཟའ་སྲབ་ལ་འཇམ་པ་ཡང་བ་ཟུང་དུ་སྦྱར་བ་དང་ལྡན་པར་བསམས་ལ། ཁ་དོག་འཇམ་ཞིང་དྲི་ཞིམ་རེག་ན་བདེ། །སྲབ་འཇམ་ཡང་མཛེས་ལྷ་ལས་བྱུང་བ་ཡི། །ན་བཟའི་མཆོག་འདི་རྡོ་རྗེའི་སྐུ་ལ་འབུལ། །བསྒྲེས་པ་མེད་པ་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་བཛྲ་ཝ་ས་སྱ་ཨཱཿཧཱུྃ། གསུམ་པ་རིག་མ་བཅུ་དྲུག་གི་མཆོད་པ་ནི། རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ནས་མཆོད་པར་བསམས་ལ། །དབང་སྔོན་མདོག་མཚུངས་རྡོ་རྗེ་པི་ཝཾ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་པི་ཝཾ་སྒྲ་ཡིས་མཆོད། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཝཱི་ཎི་ཧུཾ་ཧཱུྃ་ཕཊ། །གསེར་བཟང་མདོག་མཚུངས་རྡོ་རྗེ་གླིང་བུ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་གླིང་བུའི་སྒྲ་ཡིས་མཆོད། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཝཾ་སེ་ཧུཾ་ཧཱུྃ་ཕཊ། པདྨ་རཱ་གའི་མདོག་མཚུངས་རྫ་རྔ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་རྫ་རྔའི་སྒྲ་ཡིས་མཆོད། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་མྲྀ་ཏཾ་གེ་ཧུཾ་ཧཱུྃ་ཕཊ། མརྒད་མདོག་མཚུངས་རྡོ་རྗེ་རྔ་ཟླུམ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་རྔ་ཟླུམ་སྒྲ་ཡིས་མཆོད། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་མུ་རྫི་ཧུཾ་ཧཱུྃ་ཕཊ། ལི་ཁྲིའི་མདོག་མཚུངས་རྡོ་རྗེ་བཞད་པ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་བཞད་པའི་བདེ་བས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཧཱ་སྱེ་ཧུཾ་ཧཱུྃ་ཕཊ། །ནམ་མཁའི་མདོག་མཚུངས་རྡོ་རྗེ་སྒེག་མོ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་སྒེག་མཛེས་བདེ་བས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་ལཱ་སྱེ་ཧུཾ་ཧཱུྃ་ཕཊ། གུར་གུམ་མདོག་མཚུངས་རྡོ་རྗེ་གླུ་ལེན་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་སྙན་པའི་གླུ་ཡིས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་གཱི་ཏཱི་ཧུཾ་ཧཱུྃ་ཕཊ། པྲི་ཡང་ཀུ་མཚུངས་རྡོ་རྗེ་གར་མཁན་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་མཛེས་མའི་གར་གྱིས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་ནྲྀ་ཏྱེ་ཧུཾ་ཧཱུྃ་ཕཊ། ཟླ་བའི་མདོག་མཚུངས་རྡོ་རྗེ་མེ་ཏོག་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་མེ་ཏོག་སིལ་མས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་པུཥྤེ་ཧུཾ་ཧཱུྃ་ཕཊ། ཨིནྡྲ་ནཱི་ལིའི་མདོག་མཚུངས་བདུག་སྤོས་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་བདུག་སྤོས་སྤྲིན་གྱིས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་དྷཱུཔྤེ་ཧུཾ་ཧཱུྃ་ཕཊ། །ཉི་མའི་མདོག་མཚུངས་རྡོ་རྗེ་མར་མེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་མར་མེའི་ཕྲེང་བས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་དཱི་པེ་ཧུཾ་ཧཱུྃ་ཕཊ། སིནྡྷུའི་མདོག་མཚུངས་རྡོ་རྗེ་དྲི་ཆབ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་དྲི་བཟང་བྱུགས་པས་མཆོད། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་གནྡྷེ་ཧུཾ་ཧཱུྃ་ཕཊ། ཆུ་ཤེལ་མདོག་མཚུངས་གཟུགས་ཀྱི་རྡོ་རྗེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་གཟུགས་ཀྱི་བདེ་བས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་རཱུ་པ་བཛྲཱི་ཧུཾ་ཧཱུྃ་ཕཊ། བཙོད་ཀྱི་མདོག་མཚུངས་རོ་ཡི་རྡོ་རྗེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་རོ་ཡི་བདེ་བས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་རཱ་ས་བཛྲཱི་ཧུཾ་ཧཱུྃ་ཕཊ། སྣ་ཚོགས་མདོག་མཚུངས་རེག་བྱ་རྡོ་རྗེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་རེག་བྱའི་བདེ་བས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་སྤཪྴེ་བཛྲཱི་ཧུཾ་ཧཱུྃ་ཕཊ། སྟོན་ཟླའི་མདོག་མཚུངས་ཆོས་དབྱིངས་རྡོ་རྗེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་ཆོས་ཁམས་བདེ་བས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་དྷརྨ་དྷཱ་ཏུ་བཛྲཱི་ཧུཾ་ཧཱུྃ་ཕཊ། བཞི་པ་རིན་ཆེན་སྣ་བདུན་གྱི་མཆོད་པ་ནི། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོཿ བླ་མ་རྒྱལ་བ་སྲས་བཅས་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བླ་མ་རྒྱལ་བ་སྲས་བཅས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཅིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་མ་ཎི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། ཐབས་དང་ཤེས་རབ་འབྲེལ་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཝསྟི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་མ་ཧཱ་ཏ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པར་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཧསྟི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ནས། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་སྟེ། །སངས་རྒྱས་ཞིང་དུ་བགྲོད་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨ་ཤྭ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །བསྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཁངྒ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། ལྔ་པ་འདོད་ཡོན་གྱིས་མཆོད་པ་ནི། །ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་རུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཅི་མཆིས་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཤཔྡ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་གར་ནག་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་གནྡྷེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟན་བྱེད་རོ་མཆོག་ཅི་མཆིས་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་རཱ་ས་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ་ཕཊ། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་སྤཪྴེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། དྲུག་པ་མཎྜལ་གྱི་མཆོད་པ་ནི། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་ཛཾ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཐོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་པ་མ། ཕྲེང་བ་མ། གླུ་མ། གར་མ། བདུག་སྤོས་མ། མེ་ཏོག་མ། མར་མེ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དམ་པ་ཆོས་སྐྱོང་བའི་སྲུང་མ། གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་གི་རྒྱུད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐུ་གཉིས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་གཟིགས། །འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །འདྲེན་པ་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་གཟིགས། །འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །ཡི་དམ་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་གཟིགས། །འདི་ཕྱིར་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །སངས་རྒྱས་ཀུན་འདུས་བླ་མ་རིན་པོ་ཆེ། དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་གཟིགས། །འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །དམ་ཆོས་ཀུན་འདུས་བླ་མ༴ དྲིན་ཅན་ཆོས་ཀྱི་རྗེ་ལ༴ མཉམ་མེད་བཀའ་དྲིན་ཅན་གྱི༴ འདི་ཕྱི་བར་དོ་ཀུན་ཏུ༴ དགེ་འདུན་ཀུན་འདུས་བླ་མ༴ དྲིན་ཅན་ཆོས་ཀྱི་རྗེ་ལ༴ མཉམ་མེད་བཀའ་དྲིན་ཅན་གྱི༴ འདི་ཕྱི་བར་དོ་ཀུན་ཏུ༴ བྱང་སེམས་ཀུན་འདུས་བླ་མ༴ དྲིན་ཅན་ཆོས་ཀྱི་རྗེ་ལ༴ མཉམ་མེད་བཀའ་དྲིན་ཅན་གྱི༴ འདི་ཕྱི་བར་དོ་ཀུན་ཏུ༴ ཉན་རང་ཀུན་འདུས་བླ་མ༴ དྲིན་ཅན་ཆོས་ཀྱི་རྗེ་ལ༴ མཉམ་མེད་བཀའ་དྲིན་ཅན་གྱི༴ འདི་ཕྱི་བར་དོ་ཀུན་ཏུ༴ ཆོས་སྐྱོང་ཀུན་འདུས་བླ་མ༴ དྲིན་ཅན་ཆོས་ཀྱི་རྗེ་ལ༴ མཉམ་མེད་བཀའ་དྲིན་ཅན་གྱི༴ འདི་ཕྱི་བར་དོ་ཀུན་ཏུ༴ ནོར་ལྷ་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་གཟིགས། །འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །དེ་ནས་རྩ་བའི་བླ་མའི་གསོལ་འདེབས་བརྒྱ་རྩ་སོགས་ཅི་ནུས་དང་། མཎྜལ་ཚོམ་བུ་བདུན་མ་བརྒྱ་རྩ་དང་། སོ་བདུན་མ་གསོལ་གདབ་བཅས་སྤེལ་མར་ཅི་ནུས་ཕུལ་བའི་མཐར། གང་གི་མཆོད་རྫས་ཞིང་ཁམས་རྒྱ་མཚོ་རྒྱ་མཚོའི་རྡུལ་སྙེད་སྣ་ཚོགས་མཆོད་པའི་སྤྲིན་ཕུང་གིས། །རྣམ་པར་བརྒྱན་པའི་རྒྱན་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་འོད་ཀྱི་རྩེ་མོར་རྒྱ་མཚོ་ཡི། །རྡུལ་གྱི་གྲངས་སྙེད་རིན་ཆེན་པདྨོ་རིན་ཆེན་འོད་འབྱིན་ཀུན་ནས་རྒྱས་པའི་སྙིང་པོ་ལ། །ལྷ་དང་མི་ཡི་འདོད་ཡོན་རྨད་འདི་འདོད་དགུའི་དཔལ་འབྱུང་བྱེ་བ་ཕྲག་བརྒྱར་ལེགས་གནས་པ། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཇི་བཞིན་ཀུན་ནས་དགེ་བའི་སེམས་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདི། །ཆོས་དབྱིངས་ཇི་བཞིན་ནམ་མཁའི་ཁམས་ཀུན་ཀུན་ལ་ཁྱབ་ཅིང་སེམས་ཅན་དབྱིངས་མཐའ་ཇི་སྲིད་པར། །རྣམ་པར་གནས་ནས་ཆོས་ཀྱི་རྒྱལ་པོ་རྒྱལ་བ་རྒྱལ་སྲས་རང་རྒྱལ་དགྲ་ལས་རྣམ་རྒྱལ་བས། །ཀུན་ནས་བསྐོར་བའི་དཀྱིལ་འཁོར་ཀུན་ཏུ་རྣམ་པར་མཆོད་པའི་མཆོད་པ་ཀུན་གྱིས་མཉེས་གྱུར་ཅིག །དེང་ནས་བྱང་ཆུབ་སྙིང་པོའི་བར། །བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །གུས་པས་ཁྱེད་ལ་འབུལ་བར་བགྱི། །ཀུན་ནས་གཟིགས་པའི་སྤྱན་ལྡན་པའི། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་བརྩེ་བར་ཉེར་དགོངས་ཏེ། །བདག་གི་འདི་དག་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་བརྗོད། བདུན་པ་ནང་མཆོད་ནི། ཨོཾ་ཨཱཿཧཱུྃ། བར་མ་དབུགས་དབྱུང་མཆོག་དག་དང་། །དྲི་ཡི་ཆུ་དང་དག་པ་ཡི། །ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེས། །ཧེ་རུ་ཀ་དཔལ་བླ་མ་མཆོད། །ཨོཾ་སརྦ་བཛྲ་ཀ་མི་ནི། སརྦ་བྷཀྵ་ཤོ་དྷཱ་ཡ། གུ་ཧྱ་བཛྲི་ཎཱི་ཧཱུྃ། ཞེས་དང་། སྤྲོ་ན། རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ། །གྲུབ་ཆེན་ནཱ་རོ་ཏ་པ་ཕམ་མཐིང་པ། །ཤེས་རབ་བརྩེགས་དང་མལ་གྱོ་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་ཞལ་དུ་ཨོཾ་ཨཱཿཧཱུྃ། ས་སྐྱ་པཎ་ཆེན་འཕགས་པ་རིན་པོ་ཆེ། །དཀོན་མཆོག་དཔལ་དང་ཆོས་རྗེ་བསོད་ནམས་དཔལ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་དང་། །ཡེ་ཤེས་རྒྱལ་མཚན་ཞལ་དུ་ཨོཾ་ཨཱཿཧཱུྃ། ཀུན་དགའ་བཟང་པོ་དཀོན་མཆོག་རྒྱལ་མཚན་ཞབས། །གཞན་ཡང་དཔལ་ལྡན་བླ་མའི་ཐུགས་ཀྱི་སྲས། །སེང་གེ་རྒྱལ་མཚན་རྒྱལ་བ་མཆོག་དབྱངས་དང་། །ནམ་མཁའ་རྒྱལ་མཚན་ཞལ་དུ་ཨོཾ་ཨཱཿཧཱུྃ། བརྒྱུད་སྲོལ་ཀུན་འདུས་བདག་ཆེན་རྡོ་རྗེ་འཆང་། །ཀུན་སྤང་ཆོས་རྗེ་ཚར་ཆེན་མཁྱེན་བརྩེའི་དབང་། །བསླབ་གསུམ་རྒྱལ་མཚན་དབང་ཕྱུག་རབ་བརྟན་དཔལ། །བསོད་ནམས་མཆོག་ལྡན་ཞལ་དུ་ཨོཾ་ཨཱཿཧཱུྃ། བསོད་ནམས་མཆོག་གྲུབ་མཁྱེན་རབ་བྱམས་པའི་དཔལ། །རྨོར་ཆེན་རྗེ་དང་ཁྱབ་བདག་གནས་གསར་པ། ཀུན་དགའ་བློ་གྲོས་ནམ་མཁའ་འཆི་མེད་དང་། །རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་རྩ་བརྒྱུད་བླ་མ་ཡི་དམ་ལྷ། །སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མ། །རྡོ་རྗེའི་ཆོས་སྲུང་ནོར་ལྷའི་ཚོགས་དང་བཅས། །མཆོད་འོས་རྒྱ་མཚོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་འབུལ། བརྒྱད་པ་ཡིད་བྱུང་གི་མཆོད་པ་ནི། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དཔྲལ་བར་བཅས་ཏེ། ན་མོ། ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་རླབས་དང་། སྔགས་དང་ཕྱག་རྒྱའི་མཐུ་དང་། བདག་གི་མོས་པ་དང་། ཏིང་ངེ་འཛིན་དང་། སྨོན་ལམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་བྱེ་བྲག་ཇི་སྙེད་ཡོད་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་པའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག །བླ་མ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཅེས་བརྗོད་ལ་སེ་གོལ་བརྡབ། ཡང་ཕྱག་རྒྱ་བཅས་ལ། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿ ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་བྷི་སྨ་ར་ཎ་ཨི་མཾ་ག་ག་ན་ཁཾ། དྷརྨ་དྷཱ་ཏུ་ཨཱ་ཀཱ་ཤ་ས་མནྟ་མཱཾ། སརྦ་ཏ་ཐཱ་ག་ཏ་ཨ་པ་རི་ཤོ་དྷ་ཡེ། མཎྜལ་མ་མ་པྲ་ཎི་དྷི། པུཎྱ་ཛྙཱ་ན་བ་ལེ་ན་སརྦ་ཏ་ཐཱ་ག་ཏ་བ་ལེནྡྷ། བནྡུ་སྭཿསྠན་བ་ལེ་ན་ཙཾ་ཡ་སྭ་ཧཱ། ཞེས་བརྗོད་དེ་སེ་གོལ་བརྡབ། ཡང་ཕྱག་རྒྱ་བཅས་ཏེ་སེ་གོལ་བརྡབ་པའི་མཐར་རོལ་མོའི་སྒྲ་དང་བཅས་པས། ལྷ་མིའི་ལོངས་སྤྱོད་ཕུན་ཚོགས་ཐམས་ཅད་དང་། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོ་དང་། །གསང་དང་རབ་གསང་གསང་ཆེན་བླ་མེད་ཀྱི། །མཆོད་པའི་སྤྲིན་ཆེན་རྒྱ་མཚོ་དག་གིས་མཆོད། །ཅེས་བརྗོད་ལ་ཅི་ནུས་པའི་མཆོད་པ་དབུལ་བར་བྱའོ། །བཞི་པ་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་ལྷག་མ་རྣམས་བྱ་བ་ནི། བདག་གི་ལུས་དང་ངག་དང་ཡིད་ཀྱིས་ཀྱང་། །ཆགས་དང་ཞེ་སྡང་རྣམ་པར་རྨོངས་སེམས་ཀྱིས། །སྲིད་པ་ཉམ་ངར་སྡིག་པ་ཅི་བགྱིས་པ། །དེ་རྣམས་བསྡམས་ཏེ་ཐམས་ཅད་སོ་སོར་བཤགས། །རྫོགས་སངས་རྒྱས་མགོན་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་གཞན་གྱི་དགེ་བ་གང་བགྱིས་པ། །དེ་ཡང་བླ་མེད་བྱང་ཆུབ་འབྲས་ཐོབ་པར། །མ་ལུས་པ་ལ་རྟག་ཏུ་རྗེས་ཡི་རང་། །རྫོགས་སངས་རིན་ཆེན་རང་གི་སེམས་གནས་དང་། །རྟོག་པའི་དྲྭ་བ་རབ་དྲལ་དམ་པའི་ཆོས། །ས་དབང་ཚོགས་དང་བརྟུལ་ཞུགས་དབང་དགེ་འདུན། །རབ་ཏུ་དད་པས་རྟག་ཏུ་སྐྱབས་སུ་མཆི། །རྒྱལ་དང་བདག་ཉིད་ལེགས་སྐྱོབ་དེ་དག་ལ། །ཀུན་ནས་ཀུན་ཏུ་བདག་གིས་ལུས་འདི་འབུལ། །སེམས་དཔའ་མཆོག་གིས་བདག་ཉིད་ཡོངས་བཞེས་ཤིག །དད་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །གློ་བུར་ཉོན་མོངས་ཚད་པས་གདུང་བ་ཡི། །སྐྱོབ་པ་སྐྱེ་བོ་མཐའ་དག་གྲོལ་བའི་ཕྱིར། །དམ་ཆོས་བདུད་རྩིའི་ཆོས་རྣམས་བཤད་པ་རུ། །སྨན་མཆོག་མགོན་པོ་ལ་ནི་བདག་བསྐུལ་ལོ། །མཆོག་ཏུ་མི་དགེ་ལ་སོགས་རབ་བཅོམ་པའི། །བདུད་རྩི་སྐྱེ་རྒ་ན་དང་འཆི་བ་ལས། །མྱ་ངན་འདའ་བཞེད་གྱུར་པ་སྤང་བར་ནི། །སྨན་མཆོག་མགོན་པོ་ལ་ནི་བདག་གསོལ་འདེབས། །ལུས་ངག་ཡིད་ཀྱིས་བསོད་ནམས་ནི། །བགྱིས་སམ་བགྱིད་དུ་སྩལ་བའམ། །རྗེས་སུ་ཡི་རང་གང་ཅིའང་རུང་། །དེས་ནི་འཇིག་རྟེན་ཀུན་མཁྱེན་ཤོག །སང༷ས་རྒྱས་འཇིག་རྟེན་གང་བྱུང་ལ། །སྐལ༷་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ལྟར། །དེ་རིང་ཉིད་དུ་སེམས་བསྐྱེད་དོ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །དེ་བཞིན་བརྟན་པོར་བཟུང་བར་བགྱི། །ཇི་ལྟར་ཕྱོགས་བཅུའི་རྒྱལ་བ་ཡིས། །སྔོན་གྱི་བདེ་གཤེགས་གྲངས་མེད་ལ། །ཐུགས་བསྐྱེད་དམ་ཚིག་དཔག་མེད་དག །འཚང་རྒྱའི་བར་མི་བཏང་བ་ལྟར། །བདག་ནི་དེང་ནས་བྱང་ཆུབ་བར། །ལུས་སྲོག་ལྟོས་པ་མེད་པར་ཡང་། །བསླབ་འདི་མིག་བཞིན་བསྲུང་ལ་གནས། །ཡེ་ཤེས་ཐུགས་ཀྱིས་དགོངས་སུ་གསོལ། །རྣམ་དག་ཡེ་ཤེས་ལྔར་གྱུར་ལྔ། །རྟག་ཏུ་བསྟེན་ཅིང་སྤྱད་པར་བགྱི། །རྒྱལ་བ་རིགས་ལྔའི་བརྟུལ་ཞུགས་དག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དག །རྟག་ཏུ་མི་ཕྱེད་བརྟུལ་ཞུགས་བཟུང་། །རྒྱལ་བས་དགོངས་ཏེ་གསུངས་པ་ཡི། །དམ་ཚིག་བཞི་པོ་སྲུང་བར་བགྱི། །རྩ་བའི་ལྟུང་བ་བཅུ་གཅིག་སོགས། །རིགས་སྔགས་འཆང་ཀུན་མི་འདའ་ལྟར། །དེང་ནས་བླ་མེད་བྱང་ཆུབ་བར། །བདག་གིས་ཚུལ་བཞིན་སྲུང་བར་བགྱི། །ཉིན་དང་མཚན་མོ་ལན་གསུམ་བཟླ། །ཟླ་རེ་བཅུ་ཕྲག་གཉིས་པ་དང་། །བཅོ་ལྔ་ལ་ནི་རབ་ཏུ་མཆོད། །ཐེག་པ་དམན་ལ་འདོད་མི་བྱ། །འཁོར་བ་དག་ཀྱང་མི་སྤང་ཞིང་། །མྱ་ངན་འདས་པ་དགར་མི་འགྲོ། །དཔའ་བོ་རྣལ་འབྱོར་མ་ཀུན་ལ། །གུས་པས་བསྙེན་བཀུར་མཆོད་པར་བྱ། །བདག་གིས་སེམས་ཅན་ཐམས་ཅད་ལ། །བརྙས་པ་ཉིད་དུ་མི་བྱའོ། །ཕྱག་རྒྱ་གཞོན་པ་མཚོན་ཆ་དང་། །མཚན་མ་འགོམ་པར་མི་བྱའོ། །ཞེས་དམ་བཅས་པ་ལ་བརྟེན་ནས་ལྔ་པ་གནང་བ་ནོད་པ་ནི། བླ་མ་ལ་སོགས་པའི་ཚོགས་ཞིང་རྣམས་ཐུགས་དགྱེས་པ་ཆེན་པོས་ཞལ་འཛུམ་མདངས་སུ་བཞད་ཅིང་། རིགས་ཀྱི་བུ་ཁྱོད་གནས་པ་འདི་ལ་གནས་ན་ལེགས་པ་ཡིན་གྱི། གནས་པ་འདིས་གནས་ན་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཞེས་གསུང་གིས་དངོས་སུ་གནང་བ་བྱིན་པར་བསམ། དྲུག་པ་སྨོན་ལམ་གདབ་པ་ནི། དེ་ལྟར་བསགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས་སྨོན་པའི་གནས་འདི་དག་མྱུར་དུ་འགྲུབ་པར་གྱུར་ཅིག་སྙམ་དུ་བསམ་པ་རྩེ་གཅིག་པས། སྐྱབས་གནས་ཀུན་འདུས་གདན་གསུམ་ཚང་བའི་སྐུ། །ཉོན་མོངས་གདུང་སེལ་ཆོས་སྒྲ་སྒྲོགས་པའི་གསུང་། །ཡེ་ཤེས་ལྔ་ལྡན་བདེ་གསལ་མི་རྟོག་ཐུགས། །དཔལ་ལྡན་བླ་མ་དྲན་ཅིང་གསོལ་བ་འདེབས། །མཐའ་ཡས་རྒྱལ་བའི་བདེ་སྟོང་ཟློས་གར་ནི། །སོགས་མཁའ་སྤྱོད་ཞལ་བཟང་བལྟ་བའི་སྨོན་ལམ་གདབ། གསུམ་པ་རྗེས་ཀྱི་ཆོ་ག་ལ་དྲུག་ལས། དང་པོ་འདོད་པའི་དོན་ལ་གསོལ་བ་གདབ་པ་ནི། གོང་ལྟར་མཆོད་པ་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་སོགས་ནས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤཔྡ་ཨཱཿཧཱུྃ་གི་བར་གྱིས་བྱིན་བརླབས། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ་ཞེས་སོགས་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། ཐལ་མོ་སྦྱར་བས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་བ། ཆོས་ཀྱི་རྗེ། ཆོས་ཀྱི་རྒྱལ་པོ། ཆོས་ཀྱི་དབང་ཕྱུག །ཆོས་དམ་པའི་འབྱོར་པ་ཐམས་ཅད་ཀྱིས་ཕུན་སུམ་ཚོགས་ཤིང་འཁོར་བ་དང་མྱ་ངན་ལས་འདས་པའི་དཔལ་དམ་པར་གྱུར་པ་བླ་མ་དམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། །བདག་གི་སྔོན་གྱི་ལས་ལས་གྱུར་པ་དང་། གནས་སྐབས་ཀྱི་རྐྱེན་ལས་གྱུར་པའི་མི་དང་མི་མ་ཡིན་པ་དང་། འབྱུང་པོའི་གནོད་པ་དང་། ཉེ་བར་འཚེ་བ་དང་། བྱུར་དང་སྐལ་པ་ངན་པ་དང་། ཕྱི་དང་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །ཚེ་དང་དཔལ་དང་འབྱོར་པ་དང་དབང་ཕྱུག་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །འཇིག་རྟེན་གྱི་ཆོས་བརྒྱད་དང་མཚན་མའི་རྣམ་པར་གཡེང་བ་ལ་སོགས་པ་སྲིད་པར་འཁོར་བར་འགྱུར་བའི་རྣམ་པར་རྟོག་པ་དང་། གཞན་གྱི་དོན་ལ་སྐྱོ་བ་དང་། རང་ཉིད་ཞི་བར་འདུན་པ་ལ་སོགས་པ་མྱ་ངན་ལས་འདའ་བར་གྱུར་པའི་རྣམ་པར་རྟོག་པ་གང་ལགས་པ་ཐམས་ཅད་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། །བདག་གི་སེམས་ལས་སུ་རུང་བ་དང་། བག་ཡོད་པ་དང་། དྲན་པ་དང་ཤེས་བཞིན་ཡང་དག་པ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། །བདག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། དམ་ཚིག་དང་སྡོམ་པའི་ཚོགས་རྣམ་པར་དག་ཅིང་། སྡིག་པ་དང་། སྒྲིབ་པ་དང་། ལྟུང་བ་དང་། ཉེས་པའི་དྲི་མས་མ་གོས་པར་བྱིན་གྱིས་བརླབ་ཏུ་གསོལ། །དད་པ་དང་སྙིང་རྗེ་དང་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་བྱང་ཆུབ་ཀྱི་སེམས་གཉིས་ཟུང་དུ་ཆུད་ནས་ལུང་དང་མངོན་པར་རྟོགས་པས་བསྡུས་པའི་ཆོས་ཀྱི་སྣང་བ་དམ་པ་དང་རྟོགས་པ་དགེ་བར་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །གང་གི་ཚེ་བདག་འཆི་བར་གྱུར་པ་དེའི་ཚེ་ཚེ་འདི་དང་འཇིག་རྟེན་འདི་ལ་མངོན་པར་ཞེན་པ་དང་བྲལ་ཞིང་། ལུས་དང་སེམས་ལ་ཟུག་རྔུ་དང་སྡུག་བསྔལ་ཅུང་ཟད་ཙམ་ཡང་མི་འབྱུང་བར་དགའ་བ་དང་སྤྲོ་བ་དང་ཡིད་གསལ་བ་མཆོག་དང་ལྡན་ཞིང་། ཏིང་ངེ་འཛིན་དམ་པ་རྒྱུད་ལ་སྐྱེས་ནས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཡང་དག་པར་མཐོང་ཞིང་། དེ་དག་གི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པས་མདུན་བསུས་ཏེ། བར་དོའི་འཇིགས་པ་ཐམས་ཅད་དང་བྲལ་ཞིང་། བདུད་དང་གཤིན་རྗེའི་སྤྱོད་ཡུལ་ཐམས་ཅད་ལས་ཤིན་ཏུ་འདས་ནས་རིག་པ་འཛིན་པ་དང་མཁའ་ལ་སྤྱོད་པ་ལ་སོགས་པའི་གོ་འཕང་མཆོག་ཏུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་དང་བྲལ་ཞིང་སྲིད་པ་དང་། ཞི་བའི་འབྱོར་པ་ཕུན་སུམ་ཚོགས་པ་ཐོབ་སྟེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་རྒྱ་མཚོའི་ཚོགས་ཡང་དག་པར་བཟུང་ནས། ཆོས་ཀྱིས་ཕོངས་པའི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་གཏོང་ཞིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱས་ནས། དངོས་པོ་ཐམས་ཅད་ཀྱིས་བླ་མ་དམ་པ་མཉེས་པར་བྱས་ཏེ་ས་དང་ལམ་ཐམས་ཅད་བདེ་བླག་ཏུ་བགྲོད་ནས། སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་མོས་གུས་ཤུགས་དྲག་པོས་གསོལ་བ་གདབ། གཉིས་པ་ཚོགས་ཞིང་བསྡུ་བ་ནི། དེ་ལྟར་གུས་པས་མཆོད་ཅིང་གསོལ་བཏབ་མཐུས། །མཆོད་ཡུལ་མགྲོན་རྣམས་མཐའ་ནས་རིམ་པ་བཞིན། །འོད་དུ་ཞུ་སྟེ་རྩ་བའི་བླ་མར་ཐིམ། །དེ་ཡང་རང་གི་ཚངས་པའི་བུ་ག་ནས། །ཞུགས་ཏེ་སྙིང་དབུས་པད་དཀར་བཞད་པའི་རྩེར། །བདེ་སྟོང་ཉི་ཟླའི་དཀྱིལ་འཁོར་རྒྱས་པའི་དབུས། །དགྱེས་པ་ཆེན་པོའི་ངོ་བོར་རྟག་བཞུགས་ནས། །དབང་དང་དངོས་གྲུབ་ཐམས་ཅད་སྩོལ་བར་གྱུར། །ཞེས་བརྗོད་ཅིང་བསམ་ལ། དད་མོས་རྩེ་གཅིག་པའི་ངང་ནས། བླ་མའི་མཚན་དཔེའི་སྣང་ཆ་གསལ་ལམ་མེ་བ་ལ་སེམས་ཞུགས་པ་བཞིན་ཆེར་གྱིས་གཏད་དེ་ཅུང་ཟད་མཉམ་པར་བཞག་གོ། །གསུམ་པ་ཐུན་ལས་ལྡང་བ་ནི། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་གདན་བཞུགས་ནས། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཐོས་པ་རྒྱ་མཚོའི་མཆོད་ཡོན་ཀུན་ནས་འཁྱིལ། །ཡོན་ཏན་མེ་ཏོག་ཚུལ་ཁྲིམས་བདུག་སྤོས་སྤྲིན། །ཤེས་རབ་སྒྲོན་མེ་དད་པ་སྤོས་ཆུའི་མཚོ། །ཏིང་འཛིན་བདུད་རྩིའི་ཞལ་ཟས་དམ་པ་དང་། །བསྟོད་དབྱངས་སྙན་པའི་སིལ་སྙན་སྒྲ་འབྱིན་ཅིང་། །ཀུན་ནས་སྙིང་བརྩེ་རྣམ་དཔྱོད་སྤོབས་པ་ཡི། །གདུགས་དང་རྒྱལ་མཚན་བ་དན་བསྒྲེང་བ་ཡིས། །བདག་ལུས་གཞལ་མེད་ཁང་བརྩེགས་རབ་བརྒྱན་ནས། །སྙིང་གི་ཆུ་སྐྱེས་ཐིག་ལེ་ཟླ་རྒྱས་ལ། །བརྟན་པར་བཞུགས་པའི་ཆོས་རྗེ་མཆོད་བགྱིད་ཅིང་། །ངེས་པར་འདུན་པའི་ཡིད་ཀྱིས་གསོལ་བཏབ་ནས། །འགྲོ་བའི་བླ་མ་རྟག་ཏུ་མཉེས་གྱུར་ཅིག །བཞི་པ་དགེ་བ་བསྔོ་བ་ནི། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོར་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ལྔ་པ་སྨོན་ལམ་གདབ་པ་ནི། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་དེ། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ནས། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །བདག་སོགས་གདུལ་བྱར་གྱུར་པ་ཐམས་ཅད་ཀྱང་། །ལས་འབྲས་ལྷུར་ལེན་གསུང་རབ་དོན་ལ་མཁས། །ཚུལ་ཁྲིམས་དག་ཅིང་ཐོས་ལ་མངོན་བརྩོན་ཏེ། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པར་མཛད་དུ་གསོལ། །དྲུག་པ་ཤིས་པ་བརྗོད་པ་ནི། སྤྲོ་ན་རྣལ་འབྱོར་མའི་བླ་མ་བརྒྱུད་པའི་བཀྲ་ཤིས་ལོགས་ནས་འབྱུང་བ་ལྟར་རམ། དེ་ཙམ་མི་ནུས་ན། རྒྱལ་མཚན་རྩེ་མོ་དབང་གི་རྒྱལ་པོ་ལྟར་ཞེས་སོགས་ཤིས་པ་བརྗོད་པ་ཇི་ལྟར་རིགས་པས་མཐའ་བརྒྱན་ཅིང་མེ་ཏོག་གི་ཆར་སིལ་མར་དགྲམ་པར་བྱའོ།། །། ༈ }} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 11:38, 20 May 2021
བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བླ་མ་མཆོད་པའི་ཆོ་ག་བསོད་ནམས་སྤྲིན་གྱི་རོལ་མོ།
Wylie title | btsun rdo rje rnal 'byor ma nA ro mkha' spyod kyi bla ma mchod pa'i cho ga bsod nams sprin gyi rol mo | ![]() |
---|---|---|
Location | mkhyen brtse'i bka' 'bum Volume 7, sde tshan 15, Text 20, Pages 470-498 (Folios 84b6 to 98b1) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Associated People | ནཱ་རོ་པ་ (Nāropa) | |
Citation | 'jam dbyangs mkhyen brtse'i dbang po. btsun rdo rje rnal 'byor ma nA ro mkha' spyod kyi bla ma mchod pa'i cho ga bsod nams sprin gyi rol mo. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 7: 470-498. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Guru Offering Texts- bla ma mchod pa | |
Cycle | ནཱ་རོ་མཁའ་སྤྱོད་མ་ (na ro mkha' spyod ma) | |
Deity | rdo rje rnal 'byor ma |
1 Texts in this Section (sde tshan or chos tshan)
20 470-498
|
བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བླ་མ་མཆོད་པའི་ཆོ་ག་བསོད་ནམས་སྤྲིན་གྱི་རོལ་མོ། btsun rdo rje rnal 'byor ma nA ro mkha' spyod kyi bla ma mchod pa'i cho ga bsod nams sprin gyi rol mo
|
Text page View PDF |
[[|འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ()]] |