JKW-KABAB-14-PHA-008: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(5 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=འཕགས་མའི་སྙིང་ཐིག་གི་ཆ་ལག་བི་མའི་བླ་སྒྲུབ་བྱིན་རླབས་སྙིང་པོའི་ལམ་ཡོངས་རྫོགས་ཀྱི་ཁྲིད་ཡིག་བྱིན་རླབས་བདུད་རྩིའི་སྣང་བ། | |fulltitletib=འཕགས་མའི་སྙིང་ཐིག་གི་ཆ་ལག་བི་མའི་བླ་སྒྲུབ་བྱིན་རླབས་སྙིང་པོའི་ལམ་ཡོངས་རྫོགས་ཀྱི་ཁྲིད་ཡིག་བྱིན་རླབས་བདུད་རྩིའི་སྣང་བ། | ||
|fulltitle='phags ma'i snying thig gi cha lag bi ma'i bla sgrub byin rlabs snying po'i lam yongs rdzogs kyi khrid yig byin rlabs bdud rtsi'i snang ba | |fulltitle='phags ma'i snying thig gi cha lag bi ma'i bla sgrub byin rlabs snying po'i lam yongs rdzogs kyi khrid yig byin rlabs bdud rtsi'i snang ba | ||
|citation=[[Khyentse, Dilgo]]. '''phags ma'i snying thig gi cha lag bi ma'i bla sgrub byin rlabs snying po'i lam yongs rdzogs kyi khrid yig byin rlabs bdud rtsi'i snang ba''. In ''Rdzong sar 'jam dbyangs mkhyen brtse'i dbang po'i bka' babs'', Vol. 14: 195-374. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013. | |citation=[[Khyentse, Dilgo]]. '''phags ma'i snying thig gi cha lag bi ma'i bla sgrub byin rlabs snying po'i lam yongs rdzogs kyi khrid yig byin rlabs bdud rtsi'i snang ba''. In ''Rdzong sar 'jam dbyangs mkhyen brtse'i dbang po'i bka' babs'', Vol. 14: 195-374. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013. | ||
|collectiontitletib=མཁྱེན་བརྩེའི་བཀའ་བབས་ | |||
|collectiontitle=mkhyen brtse'i bka' babs | |collectiontitle=mkhyen brtse'i bka' babs | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|sourcerevealer='jam dbyangs mkhyen brtse'i dbang po | |sourcerevealer='jam dbyangs mkhyen brtse'i dbang po | ||
|sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
| | |associatedpeople=Vimalamitra; pad+ma 'byung gnas; Śrīsiṃha | ||
|associatedpeopletib=དྲི་མེད་བཤེས་གཉེན་; པདྨ་འབྱུང་གནས་; དཔལ་གྱི་སེངྒེ་ | |||
|tibgenre=Contemplative Guide Books and Instructional Manuals - khrid yig | |tibgenre=Contemplative Guide Books and Instructional Manuals - khrid yig | ||
|terma=Yes | |terma=Yes | ||
|transmissiontype=dgongs gter - Mind Treasure | |transmissiontype=dgongs gter - Mind Treasure | ||
|cycle=bla sgrub byin rlabs snying po | |cycle=bla sgrub byin rlabs snying po | ||
|cycletib=བླ་སྒྲུབ་བྱིན་རླབས་སྙིང་པོ་ | |cycletib=བླ་སྒྲུབ་བྱིན་རླབས་སྙིང་པོ་ | ||
Line 36: | Line 36: | ||
|colophontib=།ཅེས་ཀུན་གཟིགས་འཇམ་པའི་རྡོ་རྗེའི་དགོངས་གཏེར་རྒྱུད་ལུང་མན་ངག་གི་ཟབ་ལམ་ཡོངས་སུ་རྫོགས་པ་འདི་ལ་ཁྲིད་ཡིག་ཞིག་བྱུང་ན་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་མཆོག་རོང་རྨེ་དཀར་མོ་སྟག་ཚང་གི་སྒྲུབ་སྡེ་སོགས་ཉམས་ལེན་བྱེད་འདོད་ཀུན་ལ་ཉེར་མཁོ་ཤིན་ཏུ་གལ་ཆེ་བ་ཡོད་ཅེས་དྲན་པས་གདུང་སེལ་ཁྱབ་བདག་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་འོག་མིན་བླ་མའི་གདན་ས་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཟིམ་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཐོག་མར་སོན་པའི་སྐབས་སྨིན་གྲོལ་ཞིབ་རྒྱས་སུ་དགྱེས་བཞིན་བསྩལ་བ་དང་ཆབས་ཅིག་སྐུ་གསུང་ཐུགས་རྟེན། འཇམ་མགོན་གོང་མའི་ཕྱག་ཤོག་བྲིས་གཞི། སྣག་བུམ་བཅུད་ལྡན། སྨྱུ་གུ་བཅས་བསྩལ་བ་བཞིན་རང་གིས་ཀྱང་བསྙེན་སྒྲུབ་ཀྱི་འབྲེལ་འཇོག་དང་བཅས་རང་བློས་གང་དཔོག་བླ་མའི་ཞལ་རྒྱུན་ལྟར་བྲིས་ཏེ་སྤྱན་འབེབས་ཞུས་པ་དགྱེས་པ་ཆེན་པོས་དབུགས་དབྱུང་དང་ཆབས་ཅིག་སྤར་དུ་འགོད་པར་གསུངས་ཀྱང༌། དུས་ཀྱི་འགྱུར་བ་མི་བསྲུན་པས་རྩོམ་གཞིའི་དཔེ་ཡང་བརླག །ཚེ་མཇུག་རྒྱ་གར་དུ་རྐང་འཁྱམས་ཏེ་ལྷོ་འབྲུག་ཆོས་ལྡན་གྱི་རྒྱལ་ཁབ་ཏུ་བག་ཕེབས་པའི་སྐབས་དཔལ་མགོན་བླ་མ་རིན་པོ་ཆེའི་བཀའ་རྗེས་སུ་སྒྲུབ་སླད་སླར་ཡང་བློ་གྲོས་ཅུང་ཟད་སྨིན་པས་ཞིབ་རྒྱས་སུ་བྲིས་པ་དང༌། ཉིང་འཁྲུལ་དུ་རྣམ་འདྲེན་དྷརྨ་མ་ཏི་དགྱེས་མཇལ་གྱིས་དད་དང་སྤྲོ་བས་དབུགས་དབྱུང་བཞིན་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་རིན་ཆེན་གཏེར་མཛོད་ཆེན་པོའི་དབང་ཆིངས་དང་གོ་བསྡུར་ཞུས་ཏེ་མཐར་ཆགས་སུ་སྤེལ་བ་པོ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་དབྱར་བསིལ་དགུན་སྤྲོ་བའི་སྨན་ལྗོངས་ཉུལ་བཞིན་བྲིས་པ་ཡི་གེ་གཉིས་པའི་མཐུན་འགྱུར་ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་གི་ལྔ་རིག་སྨྲ་བའི་ཤཱཀྱའི་དགེ་སློང་ངག་དབང་མཆོག་ལེགས་ནས་མཛད་པ་འདིས་ཀྱང་ཐེག་མཆོག་རྡོ་རྗེ་སྙིང་པོའི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། | |colophontib=།ཅེས་ཀུན་གཟིགས་འཇམ་པའི་རྡོ་རྗེའི་དགོངས་གཏེར་རྒྱུད་ལུང་མན་ངག་གི་ཟབ་ལམ་ཡོངས་སུ་རྫོགས་པ་འདི་ལ་ཁྲིད་ཡིག་ཞིག་བྱུང་ན་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་མཆོག་རོང་རྨེ་དཀར་མོ་སྟག་ཚང་གི་སྒྲུབ་སྡེ་སོགས་ཉམས་ལེན་བྱེད་འདོད་ཀུན་ལ་ཉེར་མཁོ་ཤིན་ཏུ་གལ་ཆེ་བ་ཡོད་ཅེས་དྲན་པས་གདུང་སེལ་ཁྱབ་བདག་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་འོག་མིན་བླ་མའི་གདན་ས་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཟིམ་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཐོག་མར་སོན་པའི་སྐབས་སྨིན་གྲོལ་ཞིབ་རྒྱས་སུ་དགྱེས་བཞིན་བསྩལ་བ་དང་ཆབས་ཅིག་སྐུ་གསུང་ཐུགས་རྟེན། འཇམ་མགོན་གོང་མའི་ཕྱག་ཤོག་བྲིས་གཞི། སྣག་བུམ་བཅུད་ལྡན། སྨྱུ་གུ་བཅས་བསྩལ་བ་བཞིན་རང་གིས་ཀྱང་བསྙེན་སྒྲུབ་ཀྱི་འབྲེལ་འཇོག་དང་བཅས་རང་བློས་གང་དཔོག་བླ་མའི་ཞལ་རྒྱུན་ལྟར་བྲིས་ཏེ་སྤྱན་འབེབས་ཞུས་པ་དགྱེས་པ་ཆེན་པོས་དབུགས་དབྱུང་དང་ཆབས་ཅིག་སྤར་དུ་འགོད་པར་གསུངས་ཀྱང༌། དུས་ཀྱི་འགྱུར་བ་མི་བསྲུན་པས་རྩོམ་གཞིའི་དཔེ་ཡང་བརླག །ཚེ་མཇུག་རྒྱ་གར་དུ་རྐང་འཁྱམས་ཏེ་ལྷོ་འབྲུག་ཆོས་ལྡན་གྱི་རྒྱལ་ཁབ་ཏུ་བག་ཕེབས་པའི་སྐབས་དཔལ་མགོན་བླ་མ་རིན་པོ་ཆེའི་བཀའ་རྗེས་སུ་སྒྲུབ་སླད་སླར་ཡང་བློ་གྲོས་ཅུང་ཟད་སྨིན་པས་ཞིབ་རྒྱས་སུ་བྲིས་པ་དང༌། ཉིང་འཁྲུལ་དུ་རྣམ་འདྲེན་དྷརྨ་མ་ཏི་དགྱེས་མཇལ་གྱིས་དད་དང་སྤྲོ་བས་དབུགས་དབྱུང་བཞིན་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་རིན་ཆེན་གཏེར་མཛོད་ཆེན་པོའི་དབང་ཆིངས་དང་གོ་བསྡུར་ཞུས་ཏེ་མཐར་ཆགས་སུ་སྤེལ་བ་པོ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་དབྱར་བསིལ་དགུན་སྤྲོ་བའི་སྨན་ལྗོངས་ཉུལ་བཞིན་བྲིས་པ་ཡི་གེ་གཉིས་པའི་མཐུན་འགྱུར་ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་གི་ལྔ་རིག་སྨྲ་བའི་ཤཱཀྱའི་དགེ་སློང་ངག་དབང་མཆོག་ལེགས་ནས་མཛད་པ་འདིས་ཀྱང་ཐེག་མཆོག་རྡོ་རྗེ་སྙིང་པོའི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། | ||
|colophonwylie=ces kun gzigs 'jam pa'i rdo rje'i dgongs gter rgyud lung man ngag gi zab lam yongs su rdzogs pa 'di la khrid yig zhig byung na bod khams bkra shis 'byung ba'i gnas mchog rong rme dkar mo stag tshang gi sgrub sde sogs nyams len byed 'dod kun la nyer mkho shin tu gal che ba yod ces dran pas gdung sel khyab bdag bla ma 'jam dbyangs chos kyi blo gros rin po ches 'og min bla ma'i gdan sa rdzong sar bkra shis lha rtse'i gzim spyil bkra shis 'chi med grub pa'i dga' tshal du thog mar son pa'i skabs smin grol zhib rgyas su dgyes bzhin bstsal ba dang chabs cig sku gsung thugs rten/__'jam mgon gong ma'i phyag shog bris gzhi/__snag bum bcud ldan/__smyu gu bcas bstsal ba bzhin rang gis kyang bsnyen sgrub kyi 'brel 'jog dang bcas rang blos gang dpog bla ma'i zhal rgyun ltar bris te spyan 'bebs zhus pa dgyes pa chen pos dbugs dbyung dang chabs cig spar du 'god par gsungs kyang*/__dus kyi 'gyur ba mi bsrun pas rtsom gzhi'i dpe yang brlag__/tshe mjug rgya gar du rkang 'khyams te lho 'brug chos ldan gyi rgyal khab tu bag phebs pa'i skabs dpal mgon bla ma rin po che'i bka' rjes su sgrub slad slar yang blo gros cung zad smin pas zhib rgyas su bris pa dang/__nying 'khrul du rnam 'dren d+harma ma ti dgyes mjal gyis dad dang spro bas dbugs dbyung bzhin rgyal dbang mkha' khyab rdo rje'i rin chen gter mdzod chen po'i dbang chings dang go bsdur zhus te mthar chags su spel ba po 'jigs med mkhyen brtse'i 'od zer theg mchog bstan pa'i rgyal mtshan gyis dbyar bsil dgun spro ba'i sman ljongs nyul bzhin bris pa yi ge gnyis pa'i mthun 'gyur lha lung theg mchog rab rgyas gling gi lnga rig smra ba'i shAkya'i dge slong ngag dbang mchog legs nas mdzad pa 'dis kyang theg mchog rdo rje snying po'i bstan pa la bya ba mchog tu byed pa'i rgyur gyur cig__/sarba mang+ga laM// | |colophonwylie=ces kun gzigs 'jam pa'i rdo rje'i dgongs gter rgyud lung man ngag gi zab lam yongs su rdzogs pa 'di la khrid yig zhig byung na bod khams bkra shis 'byung ba'i gnas mchog rong rme dkar mo stag tshang gi sgrub sde sogs nyams len byed 'dod kun la nyer mkho shin tu gal che ba yod ces dran pas gdung sel khyab bdag bla ma 'jam dbyangs chos kyi blo gros rin po ches 'og min bla ma'i gdan sa rdzong sar bkra shis lha rtse'i gzim spyil bkra shis 'chi med grub pa'i dga' tshal du thog mar son pa'i skabs smin grol zhib rgyas su dgyes bzhin bstsal ba dang chabs cig sku gsung thugs rten/__'jam mgon gong ma'i phyag shog bris gzhi/__snag bum bcud ldan/__smyu gu bcas bstsal ba bzhin rang gis kyang bsnyen sgrub kyi 'brel 'jog dang bcas rang blos gang dpog bla ma'i zhal rgyun ltar bris te spyan 'bebs zhus pa dgyes pa chen pos dbugs dbyung dang chabs cig spar du 'god par gsungs kyang*/__dus kyi 'gyur ba mi bsrun pas rtsom gzhi'i dpe yang brlag__/tshe mjug rgya gar du rkang 'khyams te lho 'brug chos ldan gyi rgyal khab tu bag phebs pa'i skabs dpal mgon bla ma rin po che'i bka' rjes su sgrub slad slar yang blo gros cung zad smin pas zhib rgyas su bris pa dang/__nying 'khrul du rnam 'dren d+harma ma ti dgyes mjal gyis dad dang spro bas dbugs dbyung bzhin rgyal dbang mkha' khyab rdo rje'i rin chen gter mdzod chen po'i dbang chings dang go bsdur zhus te mthar chags su spel ba po 'jigs med mkhyen brtse'i 'od zer theg mchog bstan pa'i rgyal mtshan gyis dbyar bsil dgun spro ba'i sman ljongs nyul bzhin bris pa yi ge gnyis pa'i mthun 'gyur lha lung theg mchog rab rgyas gling gi lnga rig smra ba'i shAkya'i dge slong ngag dbang mchog legs nas mdzad pa 'dis kyang theg mchog rdo rje snying po'i bstan pa la bya ba mchog tu byed pa'i rgyur gyur cig__/sarba mang+ga laM// | ||
|recensionlink=DKR-KABUM-14-PHA-001 | |||
|pdflink=File:JKW-KABAB-14-PHA-008.pdf | |pdflink=File:JKW-KABAB-14-PHA-008.pdf | ||
}} | }} | ||
Line 41: | Line 42: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|འཕགས་མའི་སྙིང་ཐིག་གི་ཆ་ལག་བི་མའི་བླ་སྒྲུབ་བྱིན་རླབས་སྙིང་པོའི་ལམ་ཡོངས་རྫོགས་ཀྱི་ཁྲིད་ཡིག་བྱིན་རླབས་བདུད་རྩིའི་སྣང་བ་ཞེས་བྱ་བ་བཞུགས་སོ། །ཀ་དག་ཀུན་བཟང་དགོངས་ཀློང་མངོན་གྱུར་རིག་རྩལ་དབང་ཐོབ་ཤྲཱི་སིངྷ། །འོད་གསལ་ལྷུན་གྲུབ་ཞི་ཁྲོའི་ཁྱབ་བདག་ཕྱག་རྒྱ་རྒྱ་ཆེན་བི་མ་ལ། །ཟུང་འཇུག་རྩ་གསུམ་ཡོངས་ཀྱི་སྤྱི་དཔལ་མཚོ་སྐྱེས་བླ་མ་སངས་རྒྱས་དངོས། །དབྱེར་མེད་འོད་གསལ་སྤྲུལ་པའི་རྡོ་རྗེ་མཁྱེན་བརྩེའི་དབང་པོ་རྒྱལ་གྱུར་ཅིག །དག་ཆེན་ཡེ་ཤེས་རོལ་པའི་གསང་མཛོད་ནས། །ཟབ་རྒྱས་བཀའ་བབས་རིན་ཆེན་བདུན་གྱི་དབྱིག །ཐུབ་བསྟན་ཡོངས་རྫོགས་ཤིང་རྟས་ཉེར་དྲངས་བཞིན། །དད་བརྩོན་རྒྱལ་མཚན་རྩེ་མོར་གུས་པས་མཆོད། །དེ་ལ་འདིར་སྙིགས་མའི་དུས་འདིར་སངས་རྒྱས་དངོས་དང་ཞལ་མི་གཉིས་པའི་འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་འཕགས་བོད་ཀྱི་མཁས་གྲུབ་ཀུན་ལས་ཁྱད་པར་དུ་འཕགས་པའི་རྣམ་ཐར་བཀའ་བབས་ཆེན་པོ་བདུན་དུ་བཞུགས་པའི་བཞི་པ། ཟབ་མོ་དགོངས་པའི་གཏེར་གྱི་ཡང་བཅུད་འཆི་མེད་འཕགས་མའི་སྙིང་ཐིག་ཅེས་རྩ་བ་གསུམ་གྱི་ཆོས་སྐོར་ཟབ་ཅིང་རྒྱ་ཆེར་བཞུགས་པ་ལས། རིག་འཛིན་ཤྲཱི་སིངྷ། པཎ་ཆེན་བི་མ་ལ་མི་ཏྲ། བདེ་བ་ཆེན་པོ་མཚོ་སྐྱེས་རྡོ་རྗེ་གསུམ་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་ཐབས་བླ་སྒྲུབ་བྱིན་རླབས་སྙིང་པོ་ཞེས་བསྐྱེད་རྫོགས་ཆེན་དང་བཅས་པའི་ལམ་རྫོགས་པར་སྟོན་པའི་མན་ངག་ཁྲིད་ཀྱི་རིམ་པ་ཉིད་འཆད་པ་ལ། དང་པོ་མཐུན་རྐྱེན་ཚོགས་པས་གདམས་ངག་གི་སྒྲོམ་དུ་གཞུག་པ་ནི་གཞུང་ཉིད་ལས་ཀྱང༌། བྱིན་རླབས་ཟིལ་ལྡན་གནས་མཆོག་ཏུ༔ བསྙེན་རྫོགས་རྟགས་ལྡན་རྣལ་འབྱོར་པས༔ སྣོད་ལྡན་སློབ་མ་རྗེས་བཟུང་སླད༔ ཞེས་སོགས་དངོས་ཤུགས་ཀྱི་བསྟན་པ་ལྟར་རང་བཞིན་རྫོགས་པ་ཆེན་པོ་ཉམས་སུ་ལེན་པའི་གང་ཟག་ལ་མཐུན་རྐྱེན་མེད་དུ་མི་རུང་བ་བསྟེན་བྱ་སློབ་དཔོན་དང༌། བསྟེན་ཡུལ་སློབ་མ་མཚན་ཉིད་བཟང་པོ་ཚོགས་པས། ཚུལ་དང་མཐུན་པར་བསྟེན་ཏེ་གདམས་ངག་གི་སྣོད་དུ་གྱུར་པ་དེས་ཉམས་སུ་ལེན་པའི་གནས། དུས། ཡོ་བྱད། གྲོགས་རྣམས་གཞུང་དང་མཐུན་པར་བྱ་བའི་ཚུལ་རྒྱུད་ཨ་ཏི་བཀོད་པ་ཆེན་པོ་སོགས་དང༌། སྙིང་ཐིག་མ་བུ་སོགས་མན་ངག་གི་ཡི་གེ་ལས་རྒྱས་པར་འབྱུང་བ་ལྟར་ཚོགས་པར་བྱས་ཏེ་གཞི་བཟུང་ནས། དངོས་གཞིའི་གདམས་ངག་ཁྲིད་ཀྱི་ལུགས་སུ་འཆད་པ་ལ། ལོ་རྒྱུས་བརྗོད་པས་ངེས་ཤེས་བསྐྱེད་པ། དབང་གི་སྒོ་ནས་སྨིན་པར་བྱེད་པ། གདམས་ངག་གི་སྒོ་ནས་གྲོལ་བར་བྱེད་པ་ཁྲིད། སྨིན་གྲོལ་མཐར་ཕྱིན་པ་འབྲས་བུ། ཉམས་ལེན་གྱི་དབྱེ་བསྡུའི་ཁྱད་པར་སྤྱི་གནད་དང་བཅས་པས་མཇུག་བསྡུ་བ་དང་ལྔ་ལས། དང་པོ་ལ་གཉིས། སྔོན་ཇི་ལྟར་བྱུང་བས་བསྟན་པ་སྤྱིའི་བབ་ལུགས། ཕྱིས་གང་ལྟར་བྱུང་བས་ཟབ་ལམ་གྱི་ཁུངས་བཤད་པས་ཡིད་ཆེས་བསྐྱེད་པའོ། །དང་པོ་ནི། གཏེར་གཞུང་རྡོ་རྗེ་ཚིག་རྐང་ལས། དེ་ཡང་འོག་མིན་གནས་མཆོག་ཏུ༔ ཀུན་བཟང་ཆེ་མཆོག་ཧེ་རུ་ཀས༔ ཆོས་ཉིད་རང་སྒྲས་གསང་ཆེན་རྒྱུད༔ བསམ་ཡས་ཆོས་ཆར་འཆད་མེད་པ༔ རྡོ་རྗེ་སེམས་དཔའ་གསང་བའི་བདག༔ ལས་ཀྱི་དབང་མོ་ལ་སོགས་པས༔ ལེགས་པར་བསྡུས་ཤིང་ལུང་གིས་བཀྲོལ༔ འཛམ་གླིང་སྐལ་ལྡན་རྒྱལ་པོ་ཛཿ དགའ་རབ་རྡོ་རྗེ་རིག་འཛིན་བརྒྱད༔ སློབ་དཔོན་པདྨ་སམྦྷ་སོགས༔ སྒྲུབ་པ་རྣམས་ལ་བཀའ་བབ་པ༔ མན་ངག་དགོངས་པས་རྒྱ་ཆེར་བཀྲལ༔ ཀུན་གྱི་མཐར་ཐུག་རྫོགས་པ་ཆེ༔ རིག་རྩལ་དབང་ཐོབ་ཤྲཱི་སིངྷས༔ པད་འབྱུང་བི་མ་བཻ་རོ་ལ༔ བརྡ་དང་ཚིག་གིས་བསྟན་པ་ཉིད༔ གངས་ཅན་ཡུལ་དུ་རྒྱལ་པོའི་རིགས༔ སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན༔ ཞེས་པའི་ལུང་བསྟན་མངོན་གྱུར་ནས༔ མངའ་བདག་ཡབ་སྲས་ལ་སོགས་པའི༔ སྣོད་ལྡན་སྐལ་ལྡན་དབང་རྣོན་ལ༔ སློབ་དཔོན་གསུམ་གྱིས་དུས་གཅིག་བསྟན༔ ཞེས་གསུང་པ་ལྟར་ཆོས་ཉིད་བྱ་རྩོལ་དང་བྲལ་བའི་དབྱིངས་སུ་ཆོས་སྐུ་ཀུན་ཏུ་བཟང་པོ་ཁྱད་པར་དྲུག་གི་སངས་རྒྱས་ནས། ཡེ་ཤེས་རིག་ལྔའི་ཞིང་དང་སྐུ་ཡི་བཀོད་པ། ཞི་ཁྲོ་རབ་འབྱམས་ཆོས་ཀྱི་དབྱིངས་རྒྱས་པར་གང་བ་བཀོད་ནས་ཉིད་ལས་མི་གཞན་པའི་འཁོར་ལ་གསང་ཆེན་རྡོ་རྗེའི་རྒྱུད་ཀྱི་ཆོས་འཁོར་དུས་བཞི་མཉམ་ཉིད་ཆེན་པོར་བསྐོར་བའི་ཐུགས་རྗེའི་རྩལ་གདུལ་བྱའི་ཡུལ་ལ་འཇུག་པའི་དུས་ལ་བབ་པའི་ཚེ། འཛམ་བུའི་གླིང་རྡོ་རྗེའི་ཁམས་དྲུག་གིས་ཁྱད་པར་དུ་བྱས་པའི་གསང་ཆེན་ཟབ་མོའི་ལམ་གྱི་སྣོད་དུུ་རུང་བ་མི་ཡི་ལུས་ལས་དབང་རྣོན་རིན་ཆེན་ལྟ་བུའི་རིགས་སྦྱངས་པ་སྔོན་སོང་གི་སྐལ་ལྡན་རྒྱལ་པོ་ཛཿའམ་ཨིནྡྲ་བྷཱུ་ཏི་ལ་རྡོ་རྗེ་སེམས་དཔའམ་གསང་བའི་བདག་པོའི་ཏནྟྲ་གླེགས་བམ་གྱི་དབང་ཐོབ། སློབ་དཔོན་སངས་རྒྱས་གསང་བ་དང༌། པཎ་ཆེན་བི་མ་ལ་མི་ཏྲ་ལ་དགེ་བའི་བཤེས་གཉེན་གྱི་དབང་ཐོབ། རིག་འཛིན་དགའ་རབ་རྡོ་རྗེ་དང་བཀའ་བབ་རིག་འཛིན་བརྒྱད་ལ་ཡི་དམ་ལྷའི་ཕྱག་རྒྱའི་དབང་ཐོབ། རིག་འཛིན་ཤྲཱི་སིངྷ་དང་གུ་རུ་རིན་པོ་ཆེ་ལ་རིག་པ་རྩལ་གྱི་དབང་ཐོབ་པ་དང༌། བྱིན་རླབས་དབང་གི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། སྙན་བརྒྱུད་གདམས་ངག་གི་ཆུ་བོ་གནད་ཡིག་དམར་ཁྲིད་དང་བཅས་པ། དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊི་ཀ་སྟོང་ཐུན་དང་བཅས་པ། ཕྱག་བཞེས་སྒྲུབ་ཕྲིན་གྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པ་སྟེ། སྔ་འགྱུར་ཆུ་བོ་བཞིའི་དབང་གི་བཀའ་བབས་པས་མཚོན་རྒྱུད་དང་སྒྲུབ་སྡེའི་རྒྱུད་ལུང་མན་ངག་གི་གསང་བ་ཟབ་མོའི་དོན་ཐང་མར་བརྡལ་བས་འཛམ་གླིང་ཡངས་པའི་ཐ་གྲུར་དངོས་གྲུབ་ཀྱི་གསང་མཛོད་བརྡོལ་བས་གྲུབ་པ་དང་རིག་འཛིན་མཐའ་ཀླས་པར་བྱོན་པ་ལས། དེ་དག་ཀུན་ལས་གསུང་རྡོ་རྗེའི་གྲུབ་པ་བརྙེས་པའི་ཁྱུ་མཆོག་གི་ཚུལ་འཛིན་པ་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་ལ་དབང་གི་ཆུ་བོ་བཞིའི་བཀའ་བབ་ཀྱི་རྒྱུན་གཅིག་ཏུ་འདུས་པས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཧེ་རུ་ཀ་དངོས་དང་ཞལ་མི་གཉིས་པའི་དབང་གིས། གངས་རིའི་ཁྲོད་ཀྱི་གདུལ་བྱའི་སྐལ་བར་ཕེབས་པ་དང་དུས་མཚུངས་པར་པཎ་ཆེན་བི་མ་ལ་ཡང་བོད་དུ་ཕེབས་པ་དང༌། ལོ་ཆེན་བཻ་རོ་ཙ་ནས་རིག་འཛིན་ཤྲཱི་སིངྷ། བི་མ། པད་འབྱུང་སྟེ་སློབ་དཔོན་རྣམ་གསུམ་གྱི་གདམས་ངག་ཉམས་འོག་ཏུ་ཆུད་པར་མཛད་པའི་སྨིན་གྲོལ་མན་ངག་གི་གསང་བ་རྣམས། རྗེ་འབངས་སྙིང་གི་བུ་མཆོག་མངའ་བདག་ཆོས་ཀྱི་རྒྱལ་པོ་ཡབ་སྲས་དང༌། རྡོ་རྗེ་ཐུགས་ཀྱི་གཟུངས་མ་མཁར་ཆེན་བཟའ་རྣམས་ལ་གཙོ་བོར་སྤེལ་བས་རྒྱ་གར་འཕགས་ཡུལ་ལས་ཀྱང་ལྷག་པའི་གསང་སྔགས་བླ་མེད་ཀྱི་བསྟན་པ་སྤྱི་དང༌། ཁྱད་པར་མན་ངག་རྫོགས་པ་ཆེན་པོའི་བཀའ་སྲོལ་རྣམ་པ་གསུམ་དུ་གྱུར་ནས་འཇའ་ལུས་རྡོ་རྗེའི་གྲུབ་མཐའ་བརྙེས་པ་བགྲངས་ཡས་པ་བྱོན་དང་འབྱོན་འགྱུར་བྱོན་བཞིན་པའི་སྐལ་བཟང་མཚུངས་ཟླ་མེད་པ་མངོན་དུ་གྱུར་པ་ཡོངས་སུ་གྲགས་བཞིན་པ་ལས་པཎ་ཆེན་བི་མ་ལ་ནི་ཉང་ཏིང་འཛིན་བཟང་པོས་ལུང་བསྟན་པ་བཞིན་རྨ་རིན་ཆེན་མཆོག །ཅོག་རོ་ཀླུའི་རྒྱལ་མཚན། སྐ་བ་དཔལ་བརྩེགས་གསུམ་གྱིས་སྤྱན་དྲངས་ནས་བོད་དུ་ཆོས་རྒྱལ་ཁྲི་སྲོང་དང༌། ལོ་ཆེན་བཻ་རོ། ཉང་ཏིང་འཛིན་བཟང་པོ་སོགས་ལ་རྫོགས་པ་ཆེན་པོ་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་ཆོས་རྒྱ་ཆེར་བསྟན། ལོ་བརྒྱ་རེའི་མཚམས་སྤྲུལ་པ་རེ་འབྱོན་པས་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་སྤེལ་བར་ཞལ་གྱིས་བཞེས། དགེ་བའི་བཤེས་གཉེན་གྱི་དབང་ཐོབ་པས་འཕགས་བོད་ཀྱི་མཁས་གྲུབ་ཀུན་གྱི་བླ་མར་གྱུར། ད་ལྟའང་སྐུ་དངོས་རྒྱ་ནག་རི་བོ་རྩེ་ལྔར་བཞུགས། བསྐལ་པ་མ་སྟོང་གི་བར་དེར་བཞུགས་ནས་ཞིང་འདི་སྡུད་པའི་ཚེ་སླར་རྒྱ་གར་རྡོ་རྗེ་གདན་དུ་སྐུ་འོད་ཕུང་དུ་ཡལ་བར་གསུངས། བོད་དུ་བི་མ་ལ་བདུན་བརྒྱུད་དང༌། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། ལྷ་བཙུན་ཆེན་པོ། འཇིགས་མེད་གླིང་པ་སོགས་དུ་མ་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་དགོངས་ཀློང་ཚད་ལ་ཕེབས་པ་སོགས་ཐུགས་རྗེ་ཚད་མེད། རིག་འཛིན་ཤྲཱི་སིངྷ་ནི་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་བསྟན་པའི་བདག་པོར་བྱོན། རིག་པ་རྩལ་གྱི་དབང་ཐོབ་པས་སྣང་སྲིད་འདོད་དགུར་བསྒྱུར་བའི་འཇིགས་བྲལ་ཧེ་རུ་ཀའི་བརྟུལ་ཞུགས་མཚུངས་པ་མེད། སློབ་དཔོན་སངས་རྒྱས་གཉིས་པ། མཁས་པ་ཛྙཱ་ན་སུ་ཏྲ། པཎ་ཆེན་བི་མ་ལ། ལོ་ཆེན་བཻ་རོ་སོགས་མཁས་གྲུབ་ཆེན་པོ་རྣམས་ལ་ཟབ་གསང་རྫོགས་པ་ཆེན་པོའི་ཆོས་ཀྱིས་འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་པར་མཛད་པས་གསུངས་རྡོ་རྗེའི་རིག་པ་འཛིན་པའི་སྐུར་བཞེངས་པ་རྒྱལ་དབང་པདྨ་སཾ་བྷ་བས་ཀྱང་རིགས་ཀྱི་བདག་པོའི་མཆོག་ཏུ་མཛད། ཨོ་རྒྱན་སངས་རྒྱས་གཉིས་པ་ནི་ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་དང་ཕྲིན་ལས་གཅིག་ཏུ་རྫོགས། རྣམ་ཐར་གྱི་གསང་བ་བསམ་གྱིས་མི་ཁྱབ་པ་མངའ་ཞིང༌། ལྷག་པར་གངས་ཅན་གྱི་སྐྱེ་འགྲོ་ལ་སངས་རྒྱས་ལས་ཀྱང་ལྷག་པའི་བཀའ་དྲིན་གྱིས་རྗེས་སུ་བསྐྱངས། དུས་གསུམ་ཀུན་ཏུ་ཕྲིན་ལས་རྒྱུན་མི་ཆད་པའི་མགོན་པོ་གཅིག་པུ་སྟེ་སློབ་དཔོན་འདི་གསུམ་གྱི་རྣམ་ཐར་སྨོས་པས་འཕགས་བོད་ཀྱི་རྡོ་རྗེ་ཐེག་པའི་གཙོ་བོ་ནང་རྒྱུད་སྡེ་གསུམ་གྱི་བསྟན་པ་འདི་གསུམ་ལས་མ་འཕྲོས་པ་མེད་པས་སྔགས་རྒྱུད་རྒྱ་མཚོའི་བསྟན་པའི་བབ་སོ་མཚོན་པ་སྟེ། དེས་ན་ཆོས་ཚུལ་འདི་ནི་རིག་འཛིན་རྩལ་འཆང་ཆེན་པོ་དེ་གསུམ་གྱི་ཐུགས་ཏིག་འོད་གསལ་རྫོགས་པ་ཆེན་པོའི་གདམས་ངག་ཟབ་དགུའི་ཉིང་ཁུར་དྲིལ་ནས་བསྟན་པའི་ལམ་གྱི་ཡན་ལག་ཏུ་རིག་འཛིན་བླ་མ་སྒྲུབ་པའི་ཐབས་ཀྱི་སྨིན་གྲོལ་བསྐྱེད་རྫོགས་དང་བཅས་པ་བསྟན་པའོ། །གཉིས་པ་ཕྱིས་གང་ལྟར་བྱུང་བ་ནི། གཞུང་ལས། དེ་ཉིད་མ་འོངས་གདུལ་བྱའི་ཆེད༔ རྒྱས་འབྲིང་བསྡུས་དང་སྙིང་པོ་ཡི༔ སྐོར་ཚོ་རྣམ་པ་བཞི་རུ་དྲིལ༔ རྒྱས་པ་ལྷོ་བྲག་དཀྱིལ་དང་ནི༔ འབྲིང་པོ་ལྷོ་མོན་ཕྱོགས་སུ་སྦས༔ བསྡུས་པ་གནམ་ལྕགས་བྲག་ལ་གཏམས༔ བདུད་འཇོམས་བཻ་རོའི་སྤྲུལ་པས་འདོན༔ སྙིང་པོ་ཡོ་ག་གསུམ་གྱི་བཅུད༔ གཞན་ལས་ཟབ་འདྲིལ་རྡོ་རྗེའི་ཚིག༔ ཀློང་ལྔ་དབྱིངས་ཀྱི་སྒྲོམ་བུ་ནས༔ རིག་པ་རང་བྱུང་བརྡས་མཚོན་ཏེ༔ སྐལ་ལྡན་རྒྱུད་ལ་འཕོ་བར་བྱས༔ དེ་ཉིད་ཕྱི་མ་ཕྱི་མའི་དུས༔ རྣལ་འབྱོར་ནང་གི་གསང་བ་ཆེ༔ དར་ལ་མ་སྨིན་འཆལ་ནས་ཀྱང་༔ ཐ་སྙད་སྒྲ་ཕྱིར་འབྲངས་པ་ཡིས༔ དངོས་གྲུབ་བརྙེས་པ་ཆེས་དཀོན་ཚེ༔ པད་འབྱུང་བི་མས་བྱིན་བརླབས་པ༔ མངའ་བདག་ཆེན་པོའི་གསུང་གི་སྤྲུལ༔ འཇམ་དཔལ་ཆོས་ཀྱི་བཤེས་གཉེན་ནམ༔ འོད་གསལ་སྤྲུལ་པའི་རྡོ་རྗེ་ཞེས༔ སྐལ་ལྡན་གཅིག་ཅར་རིགས་ཅན་ཞིག༔ མདོ་ཁམས་བར་གྱི་མཐིལ་དུ་འབྱུང༔ ཆུང་ནས་སྙིང་པོའི་དོན་དང་ནི༔ ལྷག་པར་པད་འབྱུང་བི་མ་ལའི༔ བཀའ་སྲོལ་ཟོལ་མེད་ཁོ་ནར་དད༔ བསྟན་པ་ཡོངས་ལ་ལྷག་བསམ་གྱིས༔ བཤད་སྒྲུབ་དྲི་མེད་འཕེལ་འདོད་པས༔ ཉིན་མཚན་ཆོས་ཀྱི་སྣང་བས་འདའ༔ ཚད་མའི་བསྟན་དང་སྟོན་པ་དག༔ ཡིད་ལ་དྲན་པ་ཙམ་གྱིས་ཀྱང་༔ སྣང་བ་འགྱུར་ཞིང་བ་སྤུ་གཟིངས༔ མཆི་མ་འཁྲུགས་པའི་གདུང་ཤུགས་ཀྱིས༔ སྐལ་བ་བཟང་པོའི་རིགས་སད་མཐུས༔ རིག་འཛིན་ལྷ་དང་མཁའ་འགྲོས་ཀྱང༔ སྐྱེས་བུ་དེ་ལ་མཁྱེན་ཅིང་དགོངས༔ རྒྱ་ཆེན་བཀ༵འ་དང་ཟབ་མོའི་གཏེར༔ ས༵་གཏེར་དངོས་དང་ཡ༵ང་གཏེར་དང༔ ཤིན་ཏུ་ཡང་ཟབ་དགོང༵ས་པའི་གཏེར༔ དག༵་སྣང་སྙན༵་བརྒྱུད་རྗེས༵་དྲན་ཏེ༔ བཀའ་བབས་བདུན་གྱིས་དབུགས་འབྱིན་བྱེད༔ དེ་ཚེ་འཇམ་དཔལ་བཤེས་གཉེན་དང་༔ པདྨ་འབྱུང་གནས་བི་མ་ལས༔ ཡང་ཡང་བྱིན་བརླབས་མཚམས་སྦྱར་ནས༔ རིག་འཛིན་གསུམ་གྱི་སྙིང་ཏིག་འདི༔ དགོངས་པའི་གཏེར་ལས་བརྡོལ་བའི་དུས༔ བདག་ཉིད་ཆེན་པོ་བི་མ་ལར༔ གསོལ་གདབ་ཐུགས་ཡིད་དབྱེར་མེད་བསྲེས༔ གང་ཤར་མ་བཅོས་གཏན་ལ་ཕོབ༔ བྱིན་རླབས་རྩོལ་མེད་ངང་གིས་འབྱུང་༔ དངོས་གྲུབ་དཀའ་བ་མེད་པར་ཐོབ༔ འབྲེལ་ཚད་དོན་ལྡན་ཆེན་པོར་འགྱུར༔ དེ་བས་རང་ཉམས་རྩེ་གཅིག་ལོངས༔ རིང་དུ་གསང་བས་རྒྱས་བཏབ་ནས༔ ནམ་ཞིག་རྟེན་འབྲེལ་དུས་བབ་ན༔ ཡིད་ཆེས་མོས་གུས་བརྩོན་འགྲུས་ཅན༔ སྐལ་ལྡན་དོན་གཉེར་རྣམས་ལ་སྟོན༔ ཁྱད་པར་ད་ལྟའི་རྗེ་འབངས་གྲོགས༔ སྤྲུལ་བསྒྱུར་སྦས་མངོན་ཅི་རིགས་པ༔ མཐའ་དབུས་མ་ངེས་འབྱུང་བ་ལ༔ རང་གི་ཡིད་ཀྱིས་དཔྱོད་པ་དང་༔ མཁའ་འགྲོའི་ལུང་གིས་སྐབས་དབྱེ་ཚེ༔ རིམ་གྱིས་སྤེལ་བས་དོན་ཡོད་འགྱུར༔ ཞེས་གསུངས་པ་ལྟར། འཕགས་བོད་ཀྱི་སློབ་དཔོན་ཆེན་པོ་རྣམ་པ་གསུམ་གྱི་དགོངས་བཅུད། ནང་རྒྱུད་ཡོ་ག་གསུམ་གྱི་ཁུངས་དང་འབྲེལ་བའི་གདམས་པ་ཤིན་ཏུ་ཟབ་པའི་ཉིང་ཁུ། ལུང་ལས་བཤད་པའི་བསྐྱེད་རྫོགས་མན་ངག་སྤྱི་ཡི་ཉམས་ལེན་གཞུང་གཅིག་ཏུ་འདུས་པ་དང༌། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་སྡེ་གསུམ་ཀའི་གནད་ཀྱི་དགོངས་པ་ཐུན་མོང་མ་ཡིན་པ་དམར་ཁྲིད་ལག་ལེན་རྩལ་དུ་སྟོན་པའི་རིག་འཛིན་རྣམ་གསུམ་གྱི་ཐུགས་ཏིག་མཆོག་ལ་གདམས་སྐོར་རྒྱས་འབྲིང་བསྡུས་པ་ཡང་བཅུད་སྙིང་པོར་དྲིལ་བ་བཅས་སྐོར་ཚོ་རྣམ་པ་བཞིར་ཕྱེས་ནས་གཏེར་ཁ་སོ་སོར་སྦས་པ། དང་པོ་རིག་འཛིན་རྒོད་ལྡེམ་གྱི་ཟབ་གཏེར་རྫོགས་ཆེན་དགོངས་པ་ཟང་ཐལ། གཉིས་པ་རྒྱལ་སྲས་རྡོ་རྗེ་གླིང་པའི་རྫོགས་ཆེན་ཧཱུྃ་སྐོར་སྙིང་ཐིག །གསུམ་པ་ཨོ་རྒྱན་གཏེར་བདག་གླིང་པས་ཨ་ཏི་ཟབ་དོན་སྙིང་པོ་རྣམས་རིམ་པར་བཏོན་ནས་འགྲོ་དོན་རྒྱ་ཆེན་མཛད་པས་ད་ལྟའང་སྨིན་གྲོལ་གྱི་རྒྱུན་མ་ཉམས་པར་བཞུགས་བཞིན་པ་ལ་སྙིང་པོ་བཅུད་དྲིལ་འདི་ནི་སྤྱིར་བྱིན་རླབས་ཀྱི་རྩ་བ་རིག་འཛིན་བླ་མའི་ཐུགས་སྒྲུབ་སྟེ། མན་ངག་ངེས་པའི་དབང་གིས་སྒྲུབ་སྡེ་ཆེན་པོ་བརྒྱད་ལས་བདུད་རྩི་ཡོན་ཏན་གྱི་སྒྲུབ་བཀའ་རུ་གཏོགས་ཤིང༌། མཐར་ཐུག་རྫོགས་རིམ་གྱི་གནད་གཟེར་འོད་གསལ་རྫོགས་པ་ཆེན་པོ་མན་ངག་གི་སྡེ་ཟབ་རྒྱས་སུ་བསྟན་པ་གང༌། རྩོད་དུས་ཀྱི་རྒུད་པས་རྡོ་རྗེ་ཐེག་པ་དོན་གྱི་བསྟན་པ་དར་ལ་མ་སྨིན་པས་རིག་པ་འཛིན་པའི་ས་བརྙེས་པས་དངོས་གྲུབ་ལ་དབང་ཐོབ་པ་ཤིན་ཏུ་དཀོན་ཞིང༌། གཏེར་རྙིང་ཕལ་མོ་ཆེའི་འབྲས་བུ་དང་སྒྲུབ་པའི་དུས་ཡོལ་ཏེ་ལྟ་སྒོམ་གྱི་ཐ་སྙད་སྒྲ་ཕྱིར་འབྲང་བ་ལས་དོན་ལ་ངེས་པ་རྙེད་པ་ཉིན་སྐར་ལྟར་གྱུར་པའི་ཚེ་པཎ་གྲུབ་ལྔ་རྒྱའི་གཙུག་རྒྱན་འོད་གསལ་འཕོ་བ་ཆེན་པོ་རྡོ་རྗེའི་སྐུ་བརྙེས་པའི་དྲི་མེད་ཆོས་ཀྱི་བཤེས་གཉེན་གངས་ཅན་མཁས་གྲུབ་རྒྱ་མཚོའི་དབང་ཕྱུག་ཏུ་བྱོན་ནས། ཨོ་རྒྱན་རྗེ་འབངས་འདུས་པའི་ཡེ་ཤེསཀྱི་གསང་བ་དང་གཉིས་མེད་གཉིས་སུ་སྣང་བའི་ཆོ་འཕྲུལ་གྱིས་རྒྱ༵་ཆེ༵ན་བཀའ༵་ཡི༵་རིང་ལུགས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ལམ་སྲོལ་ལས་བྱོན་པའི་སྨིན་གྲོལ་གྱི་རིང་བརྒྱུད་མཐའ་དག་གསན་ཏེ་ཟབ་རྒྱས་ཀྱི་ཆུ་ཀླུང་གཅིག་ཏུ་འདུས་པའི་ཆོས་ཀྱི་རྒྱ་མཚོ་ཆེན་པོར་གྱུར། ཤིང་རྟའི་རིང་ལུགས་དེ་དག་གི་བསྟན་པའི་བདག་པོས་ཉེ་བརྒྱུད་ཁྱད་པར་དུ་བསྩལ་བས་བྱིན་རླབས་ཀྱི་རྒྱུན་གསོས་ནས་བསྟན་པ་མི་ཉམས་པའི་བཙས་སུ་བཞག །ཟ༵བ་མོའི༵་གཏེར༵་གྱི་བཀའ་བབས་ལ་དངོས་གཏེར་རམ། ས་གཏེར་དང་དགོངས་གཏེར་གཉིས་ལས་དངོས་གཏེར་གཏེར་ཁ་བཅུ་གསུམ་གཙོ་བོར་གྱུར་པ་ཟབ་གཏེར་རྒྱ་མཚོའི་གནས་ལ་མངའ་དབང་བསྒྱུར་ཏེ་དེ་དག་གི་ཟབ་རྒྱས་ཀྱི་དགོངས་པ། གབ་སྦས་ཀྱི་མན་ངག །རྒྱུད་ལུང་གི་བཤད་པ་བརྡ་བསྒྱུར་རྒྱས་བསྡུས་སོགས་མཐའ་དག་མཁྱེན་ཅིང་གཟིགས་པས་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོར་རྡོ་རྗེའི་ལུང་གིས་བསྔགས། འགྲོ་འདུལ་སྤྲུལ་པའི་གཏེར་སྟོན་སྟོང་རྩ་ལྷག་པའི་གསང་མཛོད་ཐུགས་སུ་ཆུད་ཅིང་སྔར་བྱོན་གཏེར་ཁ་ཐམས་ཅད་ཀྱི་སྨིན་གྲོལ་ཡ༵ང་གཏེར༵་དུ་བཀའ་བབས་པས་དེ་ཉིད་གསང་བ་ཟབ་མོའི་མངའ་བདག་ཏུ་གྱུར། དགོངས་གཏེར་ལ་སྤྱི་མིང་ཕྱོགས་གཅིག་ཏུ་བཏགས་པའི་དགོངས་གཏེར་དང་རྗེས་དྲན་གཉིས་ལས་དང་པོ། ཟབ་འདྲིལ་རྡོ་རྗེའི་རྒྱུད་ཀྱི་ཁོང་སྙིང་ཕྱུངས་པའི་དགོང༵ས་གཏེར༵་མཐའ་ཀླས་པ་བརྡོལ། དག་སྣང་ལ་ཞལ་གཟིགས་དང་སྙན་བརྒྱུད་གཉིས་ལས། དང་པོ་ཆོས་ཀྱི་རྒྱུན་ཀྱི་ཏིང་ངེ་འཛིན་བརྙེས་པས་དག༵་པའི་སྣང༵་བ་འབྱམས་ཀླས་ཕྱིར་སྐད་ཅིག་རེ་རེར་ཡང་ཆོས་ཀྱི་སྒོ་ངོ་མཚར་བསམ་གྱིས་མི་ཁྱབ་པ་རྙེད། རྗེས་དྲན་གྱི་གཏེར་ནི་སྐུའི་སྐྱེ་བ་ཐམས་ཅད་ཆོས་ཀྱི་སྒོ་མཐའ་དག་འཛིན་སྤེལ་སྡུད་པའི་གསང་བ་རྨད་དུ་བྱུང་བ་རྗེས༵་སུ་དྲན༵་པས་ད་ལྟ་ཟབ་ལམ་རྡོ་རྗེའི་གནས་དུ་མའི་སྙིང་པོ་ངོ་མཚར་ཅན་འགའ་ཞིག་མངོན་སུམ་དུ་སྣང་བར་མཛད། རྟག་ཏུ་སངས་རྒྱས་སྲས་དང་བཅས་པ་མཐོང་བ་དང་མི་འབྲལ་བས་ཟབ་གསང་སྙན༵་བརྒྱུད༵་དུ་གདམས་པའི་མན་ངག་གི་གཏེར་མཛོད་མཐའ་ཀླས་པ་བརྙེས་པའི་བཀའ་བབས་རིན་པོ་ཆེ་སྣ་བདུན་གྱིས་ངེས་པ་དོན་གྱི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱ་བོད་ཀྱི་ཁྱོན་ཀུན་ཏུ་ཡོངས་སུ་གྲགས་ཤིང་ཚད་མ་གསུམ་གྱིས་གྲུབ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའམ་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་འོད་གསལ་སྤྲུལ་པའི་རྡོ་རྗེ་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་གཙོ་བོར་སྟོན་པའི་ཆོས་སྐོར་ཟབ་པ་ལྕེ་བཙུན་སྙིང་ཐིག་དང༌། རྒྱ་ཆེ་བ་བི་མའི་བླ་སྒྲུབ་བྱིན་རླབས་སྙིང་པོ་གཉིས་ལམ་ཁ་ཚང་དོན་དྲིལ་སྨིན་གྲོལ་ཡོངས་སུ་རྫོགས་པའི་བདག་ཉིད་དུ་བཞུགས་པ་ལས། སྐབས་སུ་བབ་པའི་འཆད་བྱ་རྒྱ་ཆེ་བའི་ཆོས་སྐོར་ཏེ། སྤྱིར་རྗེ་འདི་ཉིད་ལ་སྐྱེས་ཐོབ་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་མཚན་དཔེའི་མེ་ཏོག་གཞོན་ནུའི་དུས་ནས་ཡོངས་སུ་རྫོགས་པའི་ཐུགས་རྗེ་ཡས་སྤྲུལ་ཆེན་པོར་གནས་པས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང༌། བི་མ་ལའི་ངང་ཚུལ་རྣམས་ཁར་སང་གི་ཀུན་སྤྱོད་དེ་རིང་ཡིད་ཡུལ་དུ་གསལ་བ་ལྟ་བུ་ལས་ཀྱི་སྒྲིབ་པས་མ་གོས་པར་ཡོངས་སུ་གྲགས་ཤིང༌། སྐུ་ཚེ་འདིའི་སྦྱངས་སྟོབས་ཀྱི་ཡོན་ཏན་གྱིས་ཀྱང་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གི་སྡེ་སྨིན་གྲོལ་རྒྱུད་ཀྱི་གསང་བ་བཀའ་གཏེར་གྱི་རྒྱུན་གངས་ཅན་དུ་བཞུགས་སོ་ཅོག་གསན་བཞེས་གནང༌། ཐུགས་དམ་ཉམས་བཞེས་ཀྱིས་རང་སྣང་རིས་མེད་ཀྱི་དགོངས་པ་ཚད་དུ་ཕྱིན་པའི་ཚུལ་བསྟན། སེམས་སྡེའི་མཁས་པ་ཉེར་གཅིག །བཻ་རོ། སྤང་མི་ཕམ། འཇམ་དཔལ་བཤེས་གཉེན། པད་འབྱུང་ཡེ་ཤེས་མཚོ་རྒྱལ། ཀུན་མཁྱེན་ཀློང་ཆེན་ཡབ་སྲས་སོགས་ལས་ཉེ་བརྒྱུད་བྱིན་རླབས་ཀྱི་མཚན་མ་ཐུན་མོང་མ་ཡིན་པ་དུ་མ་བརྙེས་པས་དེ་ཐམས་ཅད་ཀྱི་དབང་དང་བྱིན་རླབས་ཀྱི་རྒྱུན་གཅིག་ཏུ་འདུས། ཁྱད་པར་སློབ་དཔོན་བི་མ་ལས་འཕགས་མའི་སྙིང་ཐིག་གི་ཆོས་སྐོར་རྣམས་དགོངས་གཏེར་དུ་གཏན་ལ་ཕབ་པའི་ཚེ་ཞལ་ཡང་ཡང་བསྟན། ཕབ་ཟིན་རྣམས་ཞུས་དག་གི་ཚུལ་དུ་མཛད་པ་སོགས་ངོ་མཚར་ཁྱད་དུ་འཕགས་པའི་ལོ་རྒྱུས་དུ་མ་གསུངས་པའི་ལམ་ཟབ་བླ་མ་སྒྲུབ་པ་ཉིད་ཐོག་མར་ལོ་ཆེན་བཻ་རོ་དངོས་བྱོན་རྒྱལ་བས་ལུང་བསྟན་པའི་འཇམ་མགོན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ཁོ་ན་ལ་སྨིན་གྲོལ་ཆིག་རྫོགས་སུ་སྩལ་བས། བཀའ་གཏེར་ཆོས་ཀྱི་གན་མཛོད་ཙཱ་འདྲ་རིན་ཆེན་བྲག་ཏུ་རིག་འཛིན་སྒྲུབ་པའི་སྡེའི་ཉམས་བཞེས་ཀྱི་རྒྱུན་བཙུགས་པར་མཛད། བདག་ཉིད་ཆེན་པོ་དེ་ལས་པཎ་ཆེན་བི་མ་ལའི་རྣམ་འཕྲུལ་རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་ཆོས་བདག་ཏུ་བསྔགས་པ་གྲུབ་དབང་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་གསན། དེ་ལས་འཇམ་པའི་རྡོ་རྗེ་བདག་ཅག་གི་འདྲེན་པར་བྱོན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པདྨ་ཡེ་ཤེས་རྡོ་རྗེས་གསན་པ་བྱིན་རླབས་ཁྱད་པར་དང་ལྡན་པའི་རྩ་བའི་བརྒྱུད་པ་དང༌། ཡང་ན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་ལས་ཀཿཐོག་སི་ཏུ་པཎྜི་ཏ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོས་གསན། དེ་ལས་རྗེ་བླ་མའམ། ཡང་ན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་ལས་དཔལ་ཡུལ་མཆོག་སྤྲུལ་ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ། ཡབ་རྗེ་རིག་འཛིན་ཆེན་པོ་འགྱུར་མེད་ཚེ་དབང་རྒྱ་མཚོ་ལས་དཔལ་མགོན་བླ་མ་རིན་པོ་ཆེས་གསན་ནས་འོག་མིན་གཉིས་པ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཁོ་བོ་ཅག་ལ་སྨིན་གྲོལ་ཞིབ་རྒྱས་སུ་དགྱེས་པས་ཆེད་དུ་བསྩལ་ཏེ་དབུགས་དབྱུང་བའོ། །བརྒྱུད་པའི་ཁྱད་པར་གཞན་ཡང༌། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་ལས། གདོད་མའི་མགོན་པོ་འགྱུར་མེད་པདྨ་རྣམ་རྒྱལ། བི་མའི་རྣམ་སྤྲུལ་ཞེ་ཆེན་རབ་འབྱམས་ལྔ་པ་འགྱུར་མེད་ཀུན་བཟང་བསྟན་པའི་ཉི་མ་ལས་སྨིན་གྲོལ་གྱི་བདུད་རྩི་བཀའ་དྲིན་དུ་ཐོབ་པའོ། །གཉིས་པ་སྨིན་པར་བྱེད་པ་དབང་གི་རིམ་པ་ལ། དབང་དངོས་དང༌། དམ་ཚིག་གི་རིམ་པ་བསྟན་པའོ། །དང་པོ་ནི། དེ་ལྟ་བུ་ཡི་ཟབ་རྒྱས་དོན༔ ཉམས་སུ་ལེན་པའི་གང་ཟག་གིས༔ སོགས་ནས། སྙིང་གི་བུ་ལ་གཏད་དོ་རྒྱ༔ ཞེས་པ་སྟེ་སྤྱིར་འབྲས་བུ་སྐུ་བཞིའི་ས་བོན་རང་གི་གཉུག་མའི་སྒོ་གསུམ་ལ་གདོད་ནས་གནས་པའི་ནུས་པ་མངོན་གྱུར་དུ་སད་བྱེད་ནི་དབང་སྟེ། དེ་ལའང་རྒྱུད་དང་སྒྲུབ་སྡེའི་རྣམ་བཞག་གིས་རྒྱས་བསྡུས་སྙིང་པོ་དུ་མ་ཞིག་འབྱུང་ཡང་ཀུན་གྱི་སྤྱི་སྡོམ་ངེས་པ་ནི་དབང་བཞི་སྟེ། འདིར་ཡང་དེ་དང་མཚུངས་པ་ལ། བྱེ་བྲག་ཏུ་དབང་བཞིའི་ངེས་འབྱེད་ཐུན་མིན་དུ་གསུངས་ཏེ་འདི་ལྟར། དེ་ལྟར་བུམ་པ་ལ་བསྟེན་པའི༔ དབང་བཞི་རྫོགས་པར་ཐོབ་པ་ཡིས༔ ལུས་ཀྱི་ཕྱི་དབྱིབས་ཀྱི་ལུས་ནང་རྩ་གསང་བ་རྩ་མདུད་ཡི་གེའི་གཟུགས་དང་༔ དེ་ཁོ་ན་ཉིད་དེ་དང་དེར་རྟོག་པའི་སྒྲིབ་པ་བཞི་དག༔ ཅིང་བསྐྱེད་རིམ་ཚུལ་ཕྱི་དཀྱིལ། ལུས་དཀྱིལ། རྩ་དཀྱིལ། སེམས་དཀྱིལ་བཞི་སྒོམ་པ་ལ་དབང་༔ འབྲས་བུ་ཐུགས་རྗེ་སྤྲུལ་པའི་སྐུ༔ དག་པའི་ལུས་རྩ་ཡི་གེ་ཡེ་ཤེས་ཏེ་རྣམ་བཞིའི་གོ་འཕང་འཐོབ་པའོ༔ ཞེས་སོགས་ཀྱི་གསུངས་པ་ལྟར་ཐོག་མར་བུམ་དབང་གིས་སྦྱང་བྱ་ཕྱི་དབྱིབས་ཀྱི་ལུས་ཞེས་ཁམས་གསུམ་གྱི་ཡིད་ཅན་རྣམས་གདོས་བཅས་ཀྱི་ལུས། ཡིད་ཀྱི་ལུས། མྱོང་རིག་སྡུག་བསྔལ་གྱི་ལུས། འོད་ཀྱི་ལུས། རྟོག་རིག་ཏིང་ངེ་འཛིན་གྱི་ལུས་རྣམས་དབང་ཤེས་ཀྱི་རྟེན་བྱེད་ཅིང་ཡན་ལག་ཉིང་ལག་སོགས་དབྱིབས་ཀྱི་རྣམ་པ་ཡོད་པ་དང༌། ནང་རྩ་ཡི་ལུས་རགས་པའི་ལུས་དེའི་འཆར་གཞི་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོགས་རྩ་ཡི་རྟེན་དབུ་རྐྱང་རོ་གསུམ་དུ་གནས་པ་དང༌། གསང་བ་ལུས་གནས་རྩའི་ཡི་གེ་ཞེས་འཁོར་ལོ་ལྔ་ལས་གྱེས་པའི་རྩ་འདབ་རྣམས་སུ་རྩ་འདབ་ཡི་གེའི་རྣམ་པས་དེར་རླུང་སེམས་འདུས་ཚུལ་གྱིས་འཁོར་འདས་ཀྱི་བག་ཆགས་སྣ་ཚོགས་འཆར་བའི་རྟེན་བྱེད་པ་དང༌། དེ་ཁོ་ན་ཉིད་ལུས་གསུམ་པོ་དེ་དང་དེར་གཟུང་འཛིན་འཁྲུལ་པའི་བག་ཆགས་ཀྱི་རྟོག་པའི་རྒྱུན་ཏེ། མདོར་ན་དེ་དག་རགས་ཕྲའི་དབང་གིས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དུ་དབྱེ་བ་ལས་དོན་ལ་ཀུན་གྱི་ལས་ཉོན་འཁྲུལ་པའི་བག་ཆགས་ཀྱིས་བསྡུས་པས་འབྲས་བུ་སྐུ་རྡོ་རྗེ་ལ་སྒྲིབ་པར་བྱེད་པ་ཉིད། སྦྱོང་བྱེད་ལ་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་སློབ་དཔོན་གྱིས་སྣང་སྲིད་གཞིར་བཞེངས་ཀྱི་བསྐྱེད་བཟླས་དང་ལྡན་པས་ཕྱི་ནང་གི་འཇུག་པའི་ཆོས་སྔོན་དུ་འགྲོ་བས་ཕྱི་བུམ་པའི་དབང་ཕན་ནུས་གཉིས་དང་བཅས་པ་བསྐུར་ཏེ་བུམ་ཆུས་ལུས་གང་ཞིང་བཀྲུས་པས་ཕུང་ཁམས་ཐ་མལ་གྱི་སྣང་ཞེན་དག །ནང་དུ་བུམ་བཅུད་མགྲིན་པའི་གནས་ནས་ལུས་གནས་ཐམས་ཅད་ཁྱབ་དབྱངས་གསལ་ཡི་གེའི་སྤྲིན་གྱིས་འཁོར་ལོ་བཞི་གང་རྩ་ཁམས་ཐམས་ཅད་དྭངས་མའི་བཅུད་ཀྱིས་ཡེ་ཤེས་ཀྱི་ནུས་པ་གསོས། གསང་བ་བདུད་རྩི་གྱེན་དུ་འཕྱུར་ཏེ་ཟེགས་མ་སྤྱི་བོར་ལུད་པས་བདེ་ཆེན་གྱི་ཡེ་ཤེས་ཉམས་སུ་མྱོང་ཞིང་བརྟན་པར་བྱས། དེ་ཁོ་ན་ཉིད་རིགས་བདག་གིས་རྒྱས་གདབ་པས་གཞི་འབྲས་དབྱེར་མེད་དུ་བྱིན་རླབས་འཕོས་བརྟན་དུ་བྱས་པས་བུམ་དབང་ལ་ནང་གསེས་བཞིར་ཕྱེ་བའི་དབང་བཞི་ཡོངས་སུ་རྫོགས་པས་སྨིན་པ་དང༌། བུམ་དབང་གི་ལམ་ཉམས་སུ་ལེན་བྱ་ཡང་ཀུན་རྫོབ་ལམ་བྱེད་བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་ལ་སྣང་གྲགས་རིག་གསུམ་རིག་འཛིན་བླ་མའི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་དུ་འཆར་བས་ཕྱི་སྣང་སྲིད་གཞིར་བཞེངས་ཀྱི་བསྐྱེད་རིམ། ནང་རྡོ་རྗེའི་ལུས་ཀྱི་ཕུང་ཁམས་རིག་འཛིན་བླ་མའི་གདན་གསུམ་རྡོ་རྗེའི་གྲོང་ཁྱེར་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྒོམ། གསང་བ་རྩ་ཡིག་གནས་གྱུར་འབར་བ་ཁྲག་འཐུང་གི་དཀྱིལ་འཁོར། དེ་ཁོ་ན་ཉིད་དེ་ཐམས་ཅད་ཀྱང་ལྷག་པའི་བདེན་པ་དབྱེར་མེད་དབྱིངས་རིག་ཟུང་འཇུག་དོན་དམ་དཀོར་བདུན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཉིད་དུ་བསྒོམས་པའི་མཐུས། སྦྱང་འབྲས་ཐུགས་རྗེའི་རིག་རྩལ་སྤྲུལ་སྐུའི་བདག་ཉིད་གདུལ་བྱ་གང་འདུལ་གྱི་རོལ་པའི་སྐུ་དག་པ་ཡེ་ཤེས་ཀྱི་ངོ་བོ་ཅན། ནང་ཡེ་ཤེས་ཀྱི་རྩ་ཨ་ཝ་དྷཱུ་ཏིའི་འཁོར་ལོར་ལྔར་བཞུགས་པའི་གདན་གསུམ་གྱི་ལྷ། གསང་བ་རྩ་གནས་སུ་དྭངས་མ་ཡི་གེའི་སྤྲིན་གྱི་བདག་ཉིད་དུ་བཞུགས་པ། དེ་ཁོ་ན་ཉིད་ཡེ་ཤེས་རྣམ་པ་ཐམས་ཅད་པའི་མཁའ་ཁྱབ་རྡོ་རྗེའི་དཀྱིལ་འཁོར་གྱི་འཁོར་ལོར་འབྱམས་ཀླས་པའི་སྐུའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་མངོན་དུ་བྱེད་ནུས་པ་དང༌། ཡང༌། དེ་ལྟར་བྱང་སེམས་ལ་བརྟེན་ནས༔ གསང་བའི་དབང་བཞི་རྫོགས་པར་ཐོབ༔ ངག་གི་སྒྲིབ་པ་ཕྱི་སྒྲ། ནང་རླུང༌། གསང་བ་རྩ་གནས་ཡི་གེ །དེ་ཁོ་ན་ཉིད་རྟོག་པ་བཞི་དག་ཅིང་༔ གསང་ལམ་རྩ་རླུང་གཏུམ་མོ་རྣམ་པར་མི་རྟོག་པ་རྣམ་བཞི་སྒོམ་ལ་དབང་༔ འབྲས་བུ་རང་བཞིན་ལོངས་སྤྱོད་རྫོགས༔ ཕྱི་སྐུ། ནང་གསུང༌། གསང་བ་ཐུགས། དེ་ཉིད་དབྱེར་མེད་ཡེ་ཤེས་ཏེ་རྣམ་བཞིའི་གོ་འཕང་ཐོབ་པའོ༔ ཞེས་པ་ལྟར་གསང་དབང་གིས་སྦྱང་བྱ་ཕྱི་རགས་པ་སྒྲ་ཚིག་གི་སྨྲ་བརྗོད། ནང་སེམས་གཡོ་བྱེད་རླུང་ལྔའམ་བཅུ། གསང་བ་རྩ་གནས་ཀྱི་ཡི་གེ་རླུང་གིས་བསྐུལ་བ་ལས་འཁོར་འདས་ཀྱི་བརྗོད་པ་སྣ་ཚོགས་འཆར་བ། དེ་ཁོ་ན་ཉིད་རིག་རྩལ་རླུང་གིས་གཡོས་པས་གཟུང་འཛིན་དུ་ཤར་བའི་རྟོག་པས་འབྲས་བུ་གསུང་རྡོ་རྗེ་ལ་སྒྲིབ་བྱེད་དུ་གྱུར་པ་གང༌། སྦྱོང་བྱེད་ནང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བླ་མ་ཡབ་ཡུམ་མཉམ་པར་སྦྱོར་བའི་བདེ་སྟོང་དྭངས་མའི་བྱང་སེམས་ཀྱི་རྒྱུན་སློབ་མའི་ལྕེ་ལ་བཞག་སྟེ་རོལ་པ་གསང་བའི་དབང་སྟེ། ནང་གསེས་སུ་ལྷག་པའི་བྱང་སེམས་བདུད་རྩི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོས་གཏམས་པའི་བྷནྡྷ་སྤྱི་བོར་བཞག་པ་བུམ་དབང༌། བདུད་རྩི་ལྕེ་ལ་བཞག་སྟེ་རོལ་པ་གསང་དབང༌། རོལ་པས་བདུད་རྩི་མགྲིན་པ་ནས་འཕེལ་ཏེ་རྩ་ཐམས་ཅད་གང་ནས་བདེ་བས་མི་རྟོག་པ་མངོན་དུ་གྱུར་པ་ཤེར་དབང༌། བདེ་བའི་ངོ་བོ་གསལ་སྟོང་གསུམ་རྡོ་རྗེའི་ཡེ་ཤེས་སུ་ངོ་འཕྲོད་པ་བཞི་པའི་དབང་རྣམས་ཐོབ་སྟེ། གསང་དབང་གི་ལམ་དོན་དམ་ལམ་བྱེད་རྫོགས་རིམ་མཚན་བཅས་རང་ལུས་ཐབས་ལྡན་གྱི་ཕྱི་རྩ་ཡི་སྟོང་ར། ནང་རླུང་གི་འགྲོ་ལྡོག །གསང་བ་གཏུམ་མོའི་འབར་འཛག །དེ་ཁོ་ན་ཉིད་རྣམ་པར་མི་རྟོག་པའི་ཏིང་འཛིན་འབྱོང་བའི་ནུས་པས། སྦྱངས་འབྲས་རང་བཞིན་ལོངས་སྐུ་གསུང་རྡོ་རྗེའི་ཕྱི་རྣམ་པ་ཉི་ཤུས་བྱང་ཆུབ་པའི་བདེ་ཆེན་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་རིགས་ལྔ་ཞི་ཁྲོའི་སྐུ། ནང་བརྗོད་བྲལ་རྡོ་རྗེ་ནཱ་དའི་གསུང༌། གསང་བ་ཡེ་ཤེས་ལྔ་ལྡན་གྱི་ཐུགས། དེ་ཁོ་ན་ཉིད་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་དབྱེར་མེད་ཡེ་ཤེས་རྡོ་རྗེའི་བདག་ཉིད་མངོན་དུ་བྱེད་པ་དང༌། ཡང༌། དེ་ལྟར་ཕྱག་རྒྱ་ལ་བརྟེན་ནས༔ ཤེས་རབ་ཡེ་ཤེས་དབང་བཞི་ཐོབ༔ ཡིད་ཀྱི་ཕྱི་ཡུལ། ནང་ཡུལ་ཅན། གསང་བ་སྙོམས་འཇུག །དེ་ཉིད་རྟོག་པ་ཐམས་ཅད་ཀྱི་སྒྲིབ་པ་བཞི་དག་ཅིང་༔ གསུམ་པའི་ལམ་བཞི་ཕྱི་སྙོམས་འཇུག །ནང་ཡས་བབ། གསང་བ་མས་བརྟན། དེ་ཉིད་དཔེའི་ཡེ་ཤེས་སྒོམ་ལ་དབང༌། འབྲས་བུ་ངོ་བོ་ཆོས་ཀྱི་སྐུ༔ ཕྱི་རྩལ། ནང་རོལ་པ། གསང་བ་དབྱིངས། དེ་ཉིད་རིག་པ་རྣམ་བཞིའི་གོ་འཕང་ཐོབ་པའོ༔ ཞེས་པ་ལྟར་ཤེར་དབང་གིས་སྦྱང་བྱ་སྤྱིར་ཀུན་རྟོག་སེམས་ཀྱི་འཆིང་བ་སྟེ་དེ་ལ་ཕྱི་གཟུང་བའི་ཡུལ་གྱི་རྟོག་པ། ནང་འཛིན་པའི་སེམས་ཀྱི་རྟོག་པ། གསང་བ་སྙོམས་འཇུག་འཛག་བདེའི་རྟོག་པ། དེ་ཁོ་ན་ཉིད་གཉིས་སྣང་གི་རྟོག་སྒྲིབ་ཤིན་ཏུ་ཕྲ་བ་བཞིས་འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུའི་ཡེ་ཤེས་ལ་སྒྲིབ་པ་གང༌། སྦྱོང་བྱེད་གསང་བ་མཚན་ལྡན་མའི་ཆུ་སྐྱེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རྡོ་རྗེའི་རིགས་ཅན་གྱི་སྨིན་སློབ་ལ་དངོས་རིག་དང་སྦྱོར་བའི་བདེ་སྟོང་གི་སྒྱུ་རྩལ་ལ་བརྟེན་ན་དགའ་བཞི་ལུགས་འབྱུང་ལྡོག་ངོ་སྤྲོད་པ་དང༌། མོས་སློབ་ལ་ཆོས་འབྱུང་སིན་དྷཱུ་རའི་མཎྜལ་ལས་ཡིད་རིག་སྤྲོས་པ་གསུམ་པའི་དབང་གིས་སྨིན་པར་བྱས་པ་སྟེ། གདན་གསུམ་རྡོ་རྗེའི་ལང་ཚོ་རྫོགས་པའི་ཕྱག་རྒྱའི་ལུས་ལ་ཡབ་ཡུམ་ལྷའི་འདུ་ཤེས་ཀྱིས་རེག་ཅིང་འཁྱུད་པས་ཆགས་པ་བསྐུལ་བ་བུམ་དབང༌། མཁའ་གསང་རྡོ་རྗེ་དང་པདྨ་འདུ་ཤེས་ཀྱི་ཕྱག་རྒྱ་བཞིས་སྦྱོར་ཞིང་སྙོམས་པར་ཞུགས་པས་བདེ་བ་གཡོ་ལྡང་གསང་དབང༌། ཐབས་འདིས་བདེ་ཆེན་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་བཅས་ཐིག་ལེ་སྤྱི་བོ་ནས་གནས་བཞིར་སོན་པས་རྡོ་རྗེའི་རྩ་བར་འཛག་མེད་དུ་འཆིང་བ་ཤེར་དབང༌། དཀར་དམར་དངོས་ཞལ་མཇལ་ཏེ་རླུང་གི་ནུས་པས་གྱེན་དུ་ལྡོག་པས་སྤྱི་བོའི་ཧཾ་ཡིག་ལ་སིམ་པས་དྭངས་མ་རང་གནས་སུ་འཆིང་སྟེ་དཔེའི་ཡེ་ཤེས་ཐབས་ཤེས་བདེ་སྟོང་དབྱེར་མེད་ངོ་སྤྲོད་པ་བཞི་པའི་དབང་བཞིའི་ནུས་པས་སྨིན་པར་བྱས་ཏེ། ཤེར་དབང་གི་ལམ་འོག་སྒོ་བདེ་བ་ཆེན་པོ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ། ཕྱི་དངོས་ཡིད་ཀྱི་ཕྱག་རྒྱ་མ་དང་འདུ་ཤེས་གསུམ་གྱི་སྦྱོར་བ། ནང་ཡས་བབ་རྒྱུ་ཡི་དགའ་བ་བཞི་དང༌། གསང་བ་མས་བརྟན་འབྲས་བུའི་དགའ་བཞི་གཉིས་ལུགས་འབྱུང་ལྡོག་གི་བྱང་ཆུབ་སེམས་གཡོ་ལྡང་འཛིན་འཇུག་གི་དབྱེ་བས་ཉམས་སུ་མྱོང་བའི་ནུས་པས། ལྷན་སྐྱེས་དཔེའི་ཡེ་ཤེས་ཀྱི་མྱོང་བ་རྒྱུད་ལ་བསྐྱེད་པའི་ལམ་གྱིས་རྩལ་སྦྱངས་ནས། སྦྱངས་འབྲས་ངོ་བོ་ཆོས་སྐུ་རྣམ་ཀུན་མཆོག་ལྡན་ཐུགས་རྡོ་རྗེའི་དེ་ཉིད་གཅིག་ལ། ཕྱི་རྩལ་གྱི་ཡེ་ཤེས་མེ་ལོང་ཡེ་ཤེས་སོགས་བཞི། ནང་རོལ་པའི་ཡེ་ཤེས་ཆོས་དབྱིངས་ཡེ་ཤེས་དང་ལྔ་ཆོས་ཅན་ཆོས་ཉིད། གསང་བ་དེ་ཐམས་ཅད་དང་དབྱིངས་རྣམ་ཀུན་མཆོག་ལྡན་དང༌། དེ་ཁོ་ན་ཉིད་རིག་པ་འོད་གསལ་བའི་དགོངས་པ་ཐ་མི་དད་པས་རྣམ་པ་ཐམས་ཅད་པའི་བདག་ཉིད་ཀྱི་འབྲས་བུའི་གོ་འཕང་མངོན་དུ་གྱུར་པ་དང༌། ཡང༌། དེ་ལྟར་བརྡ་དོན་ལ་བརྟེན་ནས༔ མཐར་ཐུག་མཆོག་གི་དབང་བཞི་ཐོབ༔ སྒོ་གསུམ་ཆ་མཉམ་སྒྲིབ་བཞི་དག༔ དོན་གྱི་ལམ་བཞི་སེམས་སྡེའི་ལྟ་བ། ཀློང་གི་སྒོམ་པ། དབྱིངས་ཀྱི་སྤྱོད་པ། རིག་པའི་འབྲས་བུ། སྒོམ་ལ་དབང་༔ འབྲས་བུ་དབྱེར་མེད་བདེ་ཆེན་སྐུ༔ རྣམ་བཞིའི་གོ་འཕང་ཐོབ་པའོ༔ ཞེས་པ་ལྟར་དབང་བཞི་པས་སྦྱང་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བ་སྣང་གསུམ་འཕོ་བའི་སྒྲིབ་པ་སྟེ་དེ་ནི་གཉུག་མའི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་ཁམས་ལ་སྒྲིབ་པའི་མ་དག་པའི་རླུང་སེམས་ཀྱི་ཆ་ཕྲ་བས་མཐར་ཐུག་ངོ་བོ་ཉིད་ཀྱི་སྐུ་ལ་སྒྲིབ་པ་སྟེ། སྦྱོང་བྱེད་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་དགོངས་བརྒྱུད་བྱིན་རླབས་ལྡན་པའི་བླ་མས། མེ་ལོང་དང་ཤེལ་རྡོའི་བརྡ། རྡོ་རྗེའི་ཚིག་གིས་ངོ་སྤྲོད། ལྟ་སྟངས་དང་བཅས་དགོངས་པས་དྲོད་གཏད་པའི་བྱིན་རླབས་ནུས་པའི་མཐུས། དཔེ་ལས་འདས་པའི་དོན་གྱི་ཡེ་ཤེས་མཐར་ཐུག་ངོ་འཕྲོད་དེ་ཉམས་སུ་མྱོང་བས། ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་སྣང་བ་སེམས་ཀྱི་ཆོས་ཉིད་ཡེ་ཤེས་རིག་པའི་རང་བཞིན་དུ་ངོ་སྤྲད་པ་བུམ་དབང༌། ཡེ་ཤེས་འོད་གསལ་གྱི་ཀློང་ཆེན་པོས་འཁོར་འདས་ཀུན་ལ་ཁྱབ་པའི་དེ་ཉིད་སྒོམ་པ་གསང་དབང༌། རིག་སྟོང་སྐད་ཅིག་མའི་ཆོས་ཉིད་འཁོར་འདས་ཀྱི་མཚན་རྟོག་གང་གིས་ཀྱང་མ་བསླད་པའི་དབྱིངས་ཀ་དག་ཏུ་ལ་བཟླ་བ་ཤེར་དབང༌། དེ་ཉིད་མཐར་ཐུག་གི་དབྱིངས་སུ་བཙན་ས་ཟིན་པས་རིག་གདངས་ཡེ་ཤེས་སུ་ཤར་བས་འཁྲུལ་རྒྱུ་འཁོར་བའི་ས་བོན་མ་རིག་པ་གཞི་ལ་སངས། འོད་གསལ་ཡེ་ཤེས་ཀྱི་རྩལ་རྒྱས་པར་བྱས་པ་ནི་དབང་བཞི་པ་སྟེ་ཚིག་དབང་ཉིད་ལ་ནང་གསེས་བཞིར་དབྱེ་བས་སྨིན་པར་བྱ་བ་སྔོན་དུ་འགྲོ་བས། ཚིག་དབང་གི་ལམ་རྩོལ་མེད་རྫོགས་པའི་རིམ་པ་གྲོལ་ལམ་མཐར་ཐུག་རྫོགས་པ་ཆེན་པོ་ལ། ཕྱི་སྐོར་ལུས་ལྟ་བུ་སེམས་སྡེའི་དགོངས་པ་བཞིན། ཕྱི་གཟུང་བའི་ཡུལ་སེམས་ཀྱི་རྩལ། ནང་འཛིན་པའི་སེམས་སེམས་ཉིད་ཀྱི་རོལ་པ། གསང་བ་ཀུན་གཞི་སེམས་ཀྱི་གཤིས་ལུགས་གསལ་ལ་མི་རྟོག་པའི་ཆོས་ཉིད་ཀྱི་ངང་དུ་ཆོས་ཅན་ཐམས་ཅད་རྫོགས་པ་ལྟ་བ་འཁོར་འདས་ཀུན་བྱེད་རྒྱལ་པོ་གཉུག་མ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཐག་བཅད། ནང་སྐོར་སྙིང་ལྟ་བུ་ཀློང་སྡེའི་དགོངས་པ། ཆོས་ཅན་མཚན་མའི་ཆོས་ཐམས་ཅད་སྣང་ངོ་ཇི་ལྟར་མཐོང་ཡང་སྟོང་ངོ་ནས་ཡེ་གྲོལ་རང་དག་ཡིན་པས་ཆོས་ཉིད་ཀུན་ཏུ་བཟང་མོའི་ངོ་བོའི་མཁའ། རང་བཞིན་གྱི་ཀློང༌། ཐུགས་རྗེའི་དབྱིངས་ལས་རྡུལ་ཙམ་མ་གཡོས་པས་དབྱིངས་ལས་གཞན་དུ་འགྲོ་ས་མེད་པའི་རང་སྣང་བཀོད་པའི་རྒྱན་མངོན་དུ་བྱེད་ཕྱིར་བརྡ་བཞི་གནད་ཀྱི་མན་ངག་གིས་དབང་དོན་འབྲས་བུ་དང་བཅས་པ་རྫོགས་པར་བྱེད་པའི་མན་ངག་སྒོམ་པས་ཉམས་སུ་ལེན་པར་བྱས་ཏེ། གསང་བ་སྙིང་ཁྲག་དང་འདྲ་བ་མན་ངག་སྡེའི་སྣང་སྟོང་སོགས་གཉིས་ཆོས་ཀྱི་མཚན་རྟོག་ཀུན་བྲལ་དབྱིངས་ཀ་དག་གི་ལྟ་བ་རྒྱ་ཡན་ཕྱོགས་བྲལ་ཆེན་པོའི་གཤིས་སུ་འཁོར་འདས་མ་ལུས་པ་ལམ་དུ་ཁྱེར་བའི་སྤྱོད་པས། འབྲས་བུ་རིག་པའི་ཡེ་ཤེས་འོད་གསལ་ལྷུན་གྲུབ་ཆེན་པོ་སྐུ་དང་ཡེ་ཤེས་རྒྱུན་མི་ཆད་པའི་བཞུགས་ཚུལ་མངོན་དུ་བྱེད་པའི་གསེང་ལམ་གྱིས་མཐར་འབྲས་དབྱེར་མེད་བདེ་ཆེན་རྡོ་རྗེའི་སྐུ་རྡོ་རྗེ་བཞི་ཡི་དེ་ཁོ་ན་ཉིད་ཚེ་འདིའམ། བར་དོ། སྐྱེ་བ་གཅིག་གིས་ཐོབ་པར་བྱེད་པ་ཡིན་ལ། དེས་ན་དབང་བཞི་རེ་རེ་ལ་ནང་གསེས་བཞི་བཞིར་དབྱེ་བའི་དག་བྱ་དག་འབྲས་ཀྱི་རྫོགས་པ་ཆེན་པོ་ས་མཆོག་བཅུ་དྲུག་གི་བགྲོད་པ་མཐར་ཕྱིན་ཡེ་ཤེས་བླ་མའི་ས་མཆོག་མངོན་དུ་བྱེད་པའི་གསང་ལམ་རྨད་དུ་བྱུང་བ་སྟེ། མཐའ་རྟེན་གཏད་རྒྱས་རྡོ་རྗེ་གསུམ་གྱི་ཡེ་ཤེས་འཕོ་བ་ཆེན་པོའི་དབང་བསྐུར་དང༌། ཡན་ལག་བདུད་རྩི་སྨན་དང༌། རྡོ་རྗེ་ཚེའི་དབང་བསྐུར་བཅས་གཞུང་ལྟར་སྒྲུབ་པས་སྨིན་པ་ནི་མེད་དུ་མི་རུང་བ་སྟེ་གཞུང་ལས། དེས་ནི་རྩ་བ་ཡན་ལག་གི༔ དབང་བསྐུར་དམ་པ་ཡོངས་སུ་རྫོགས༔ རྒྱལ་བུ་རྒྱལ་སར་ཕྱུངས་ནས་ཀྱང་༔ འབངས་འཁོར་ཀུན་ལ་དབང་བསྒྱུར་འདྲ༔ ཞེས་གསུངས་པ་ལྟར་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་དབང་ལ་རྫོགས་པས་ན། དབང་ཐོབ་པས་གང་ཟག་རབ་ལ་སྨིན་གྲོལ་དུས་གཅིག་ཏུ་འགྱུར། འབྲིང་རྣམས་སྨིན་རྗེས་གྲོལ་བའི་སྐལ་ལྡན་བྱེད། ཐ་མས་ཀྱང་དབང་ཐོབ་ནས་ལམ་གྱི་སྣོད་ལྡན་དུ་འགྱུར་ཞིང༌། ལྷག་པར་རྗེ་བླ་མའི་ཟབ་གཏེར་ཕལ་ཆེར་སྨིན་གྲོལ་ཆིག་རྫོགས་སུ་མཛད་པ་ནི་སྨིན་སློབ་ཀྱི་ཁྲིད་ཚུལ་དང༌། སྨིན་གྲོལ་གཉིས་ཀའི་རྒྱུན་མི་ཉམས་པ་སོགས་དགོས་པ་ཁྱད་པར་དང་ལྡན་པའི་ཕྱག་བཞེས་ཡིན་པས་དེ་ལྟར་མ་ཉམས་པ་ཤིན་ཏུ་གལ་ཆེ་ཞིང༌། ཁྱད་པར་རྫོགས་པ་ཆེན་པོའི་ལམ་ནས་གདམས་ངག་དབང་གི་ལུགས་སུ་གདབ་པ་ཞེས་བླ་མ་ལྟ་དགོངས་ཅན་དང༌། སློབ་མ་དད་དམ་སྦྱངས་པ་ཅན་ནང་འཛོམ་ན་དབང་གཅིག་པུས་གྲོལ་བར་ནུས་པའོ། །གཉིས་པ་ནི། དབང་སྲོག་དམ་ཚིག་སྡོམ་པ་ནི༔ རྒྱས་པར་བསྒྲག་ཅིང་མདོར་བསྡུས་གཟུང་༔ རྩ་བ་སྐུ་གསུང་ཐུགས་དང་ནི༔ ཡན་ལག་དམ་ཚིག་ཚུལ་བཞིན་བསྲུང་༔ མེད་ཕྱལ་གཅིག་པུ་ལྷུན་གྲུབ་རྣམས༔ དགོངས་པའི་སྲོག་ཏུ་གཟུང་བར་བགྱི༔ ཞེས་པ་སྟེ་གསང་བ་སྔགས་ཀྱི་སྡོམ་པ་ཡང་དག་པ་ཐོབ་པ་དབང་གིས་ཐོབ་ཀྱང༌། དབང་གི་ཡེ་ཤེས་སྐྱེས་བརྟན་གོང་འཕེལ་དུ་བྱེད་པའི་སྲོག་འཛིན་པ་དམ་ཚིག་མ་ཉམས་པ་འབའ་ཞིག་ལ་རག་ལས་པས་དབང་ཐོབ་ནས་དམ་ཚིག་བསྲུང་དགོས་ལ། བསྲུང་བྱའི་དམ་ཚིག་གི་རྣམ་གྲངས་མ་ཤེས་ན་ཚུལ་བཞིན་དུ་སྲུང་མི་ནུས་པའི་ཕྱིར་དབང་གི་མཐར་དམ་ཚིག་གི་རྣམ་བཞག་རྒྱས་པར་བསྒྲག་དགོས་ལ། དམ་ཚིག་གི་རྣམ་གྲངས་ཀྱང་རྒྱུད་སྡེ་གོང་འོག་གི་དགོངས་པའི་ཁྱད་པར་གྱིས་དབྱེ་བསྡུ་མང་དུ་བསྟན་པ་ཐམས་ཅད་ཀྱང་བསྲུང་བྱའི་གནད་གཅིག་ཏུ་འགག་བསྡམས་པས་བསྡུ་ན། སྦྱང་གཞི་སེམས་ཅན་རྣམས་ཀྱི་འཁོར་བའི་བྱ་བྱེད། སྦྱོང་བྱེད་དབང་དང་བསྐྱེད་རྫོགས། སྦྱངས་འབྲས་སངས་རྒྱས་ཀྱི་རྡོ་རྗེ་གསུམ་ཐམས་ཅད་སྐུ་གསུང་ཐུགས་ལས་གཞན་དུ་མི་འདའ་བས་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉིད་ཡིན་ཏེ། དེ་རེ་རེ་ལའང་ཕྱིའི་ཕྱི། ཕྱིའི་ནང༌། ཕྱིའི་གསང་བས་མཚོན། ནང་དང་གསང་བ་ལའང་དབྱེ་བས་ཉི་ཤུ་རྩ་བདུན་རྩ་བ། གཞན་ཡང་གསང་བར་འོས་པ། གཉེར་གཏད། གསང་བ་ཁས་བླང་གི་རིམ་པ་རྣམས་ཀུན་རྫོབ་ཏུ་ཇི་ལྟར་བསྲུང་ཚུལ། བསྲུངས་བའི་ཕན་ཡོན། མ་བསྲུང་བའི་ཉེས་དམིགས། ཉམས་ན་གསོ་ཐབས་རྣམས་གཞུང་གཞན་ལས་བྱུང་བ་ལྟར་ཤེས་པས་སྲོག་ལྟར་བསྲུང་བ་དང༌། དོན་དམ་མཐར་ཐུག་ཡེ་སྲུང་རྒྱལ་པོའི་མེད་པ་དང༌། ཕྱལ་བ་ཀ་དག་གི་དམ་ཚིག །གཅིག་པུ་དང༌། ལྷུན་གྲུབ་ཀྱི་དམ་ཚིག་བཞིས་ཀློང་དུ་ལ་བཟླ་བས་སྲུང་མཚམས་དང་འདའ་ཉམས་མེད་པའི་ཚུལ་གྱིས་བདེན་གཉིས་རང་ཚོད་དང་སྦྱར་ནས་བསྲུང་བས་ས་ལམ་གྱི་ཡོན་ཏན་འབད་མེད་དུ་རྫོགས་པའི་ཕྱིར་ཤིན་ཏུ་གཅེས་པའི་མན་ངག་གོ །གསུམ་པ་གདམས་ངག་གི་སྒོ་ནས་སྨིན་རྗེས་གྲོལ་བར་བྱེད་པ་ཟབ་མོ་ཁྲིད་ཀྱི་རིམ་པ་ལ། དེ་ལྟར་དབང་གིས་རྒྱུད་སྨིན་ནས༔ གདམས་ངག་སྒོ་ནས་གྲོལ་བའི་ཕྱིར༔ ཟབ་མོ་ཁྲིད་ཀྱི་རིམ་པ་གདབ༔ ཅེས་པ་སྟེ། གསང་སྔགས་དབང་གི་མཐའ་ཅན། དབང་ཁྲིད་ཀྱི་མཐའ་ཅན་ཞེས་གྲགས་པ་ལྟར་སྤྱིར་དབང་གིས་སྨིན་རྗེས་ཁྲིད་ཀྱི་གདམས་པ་ཉམས་སུ་ལེན་པས་རྒྱུད་གྲོལ་བ་དགོས་ལ། ལྷག་པར་རྫོགས་པ་ཆེན་པོ་ནི་གདམས་ངག་ཁྲིད་ཀྱི་ལུགས་སུ་གདབ་པ་ཞེས་གང་ཟག་རིམ་གྱིས་པའི་དོན་དུ་རྒྱས་པར་བསྟན་ལ། ལྷག་པར་གཞུང་འདི་ཉིད། ཅི་ཕྱིར་ཞེ་ན་གསང་ཆེན་འདི༔ ཡོ་ག་གསུམ་གྱི་སྙིང་པོའི་བཅུད༔ རྒྱུད་ཀྱི་གདམས་པ་ཟབ་ལ་འདྲིལ༔ ལུང་གི་རྫོགས་རིམ་སྙིང་པོ་ཕྱུང་༔ ཁྱད་པར་མན་ངག་སྡེ་གསུམ་གྱི༔ དམར་ཁྲིད་ལག་ལེན་ཁོ་ནར་གདམས༔ ཞེས་པ་ལྟར་ནང་རྒྱུད་ཡོ་ག་གསུམ་གྱི་སྙིང་བཅུད་མན་ངག་གི་སྲོག་ཏུ་དྲིལ་བས་ན་ལམ་སྟེགས་འཇུག་སྒོའི་ཚུལ་དུ་རྒྱུད་མ་ཧཱ་ཡོ་གའི་གདམས་པ། ལམ་གྱི་གཞུང་ཤིང་ལུང་ཨ་ནུ་ཡོ་གའི་རྫོགས་རིམ། ལམ་གྱི་སྐྱེལ་སོ་མན་ངག་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་དམར་ཁྲིད་དུ་བཤད་པ་གསུམ། དང་པོ་ལ་ཡང་ཐུན་མོང་གི་སྔོན་འགྲོ་ངེས་འབྱུང་གི་བློ་བསྐྱེད་པ། ཁྱད་པར་གྱི་སྔོན་འགྲོ་ལམ་གྱི་གཞི་བཏིང་བ། བླ་མེད་ཀྱི་སྔོན་འགྲོ་འཇུག་སྒོའི་ལམ་དངོས་ཉིད་རྒྱས་པར་བཤད་པའོ། །དང་པོ་ལའང་ཐུན་གྱི་སྔོན་འགྲོ་དང༌། ཐུན་མོང་གི་སྔོན་འགྲོ་དངོས་སོ། །དང་པོ་ནི། དབེན་པར་ཕྱི་ནང་སྤྲོས་པ་བཅད༔ ཚེ་འདིའི་བྱ་བ་ལིང་གིས་གཏང་༔ སྒོ་གསུམ་གནད་གཅུན་རྣལ་དུ་དབབ༔ ཅེས་པ་ལྟར་དབེན་པའི་གནས་སུ་བདེ་བའི་མལ་དུ་ལུས་དྲང་པོར་བསྲངས། སེམས་ལྷོད་ཀྱིས་ཀློད་ལ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དགོད་པར་བྱ། དེའི་ཆེད་དུ་སྒོ་གསུམ་རྣམ་གཡེང་གི་དབང་དུ་མི་གཏོང་བར་རྡོ་རྗེ་ཐེག་པའི་ལམ་ཟབ་མོའི་ཉམས་ལེན་ལ་འཇུག་པར་བགྱིའོ་སྙམ་པའི་ཀུན་སློང་བཟང་པོ་དང་བཅས་རླུང་རོ་ལན་གསུམ་བསལ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་སོགས་བརྗོད་པས་སྣོད་བཅུད་རྣམ་དག་འོག་མིན་ཡེ་ཤེས་རང་སྣང་གི་ཞིང་ཁམས་ལྷུན་གྱིས་རྫོགས་པའི་རང་གི་མདུན་གྱི་ནམ་མཁར་ཀུན་བཟང་མཆོད་སྤྲིན་རྒྱ་མཚོའི་དབུས་སྐུ་གསུམ་རྒྱལ་བ་རབ་འབྱམས་གཅིག་ཏུ་འདུས་པའི་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་བི་མ་ལ་མི་ཏྲ་དཀར་གསལ་ཤངས་རྩེར་ཨ་དཀར་པོས་མཚན་པ། དར་སྔོན་པོའི་སྟོད་གཡོགས་དང་དམར་པོའི་ཆོས་གོས་གསོལ་ཞིང་ཕྱག་མཉམ་བཞག་བདུད་རྩིའི་བུམ་པས་མཚན་པ། དབུ་ལ་པཎ་ཞྭ་གསོལ་བ། འོད་དང་གཟི་བརྗིད་རབ་ཏུ་འབར་ཞིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་བཅས་པའི་ཐུགས་ཀར་གུ་རུ་རིན་པོ་ཆེ་མཚོ་སྐྱེས་རྡོ་རྗེ། སྨིན་མཚམས་སུ་རིག་འཛིན་ཤྲཱི་སིདྷ་བཅས་གསལ་བ་རང་ལ་དགྱེས་པས་དགོངས་པར་བསམ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་རིམ་པ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིན་ནས་འོད་གསལ་ཡེ་ཤེས་ཆེན་པོ་རྡོ་རྗེ་གསུམ་གྱི་གོ་འཕང་མངོན་དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ་པས། རིག་འཛིན་བླ་མ་རྣམ་གསུམ་གྱི་སྐུ་ལས་འོད་ཟེར་མཐའ་ཡས་པ་བྱུང༌། རང་ལ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་བསལ། མཐར་བླ་མ་ཉིད་ཀྱང་འོད་ཕུང་དུ་གྱུར་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ་རིག་པ་འཛིན་མེད་དུ་འཇོག་གོ །འདི་ནི་འོག་གི་ལམ་གང་བསྒོམ་ཡང་ཐམས་ཅད་ཀྱི་ཐོག་མར་སྔོན་དུ་འགྲོ་དགོས་པ་སྟེ་འདི་ལྟར་ཉམས་སུ་བླངས་བས་བླ་མའི་བྱིན་རླབས་མྱུར་དུ་འཇུག་ཅིང༌། དངོས་གཞིའི་ཉམས་རྟོགས་རྒྱུད་ལ་སྐྱེ་སླ་བ་དང༌། བར་ཆད་མེད་པ་དང་གེགས་སེལ་བོགས་འདོན་གྱི་ཐབས་རྨད་དུ་བྱུང་བ་རུ་གསུངས་པའོ། །གཉིས་པ་ཐུན་མོང་གི་སྔོན་འགྲོ་ནི། དལ་འབྱོར་རྙེད་དཀའ་འཇིག་སླའི་ཚུལ༔ བསམས་ནས་ཚེ་འདིའི་སྣང་ཤས་ལྡོག༔ ལས་འབྲས་འཁོར་བའི་ཉེས་དམིགས་ལ༔ བློ་སྦྱངས་ཕྱི་མའི་སྣང་ཤས་ལྡོག༔ ཅེས་པ་ལྟར་རང་རེ་ནང་པ་སངས་རྒྱས་པའི་ཆོས་གང་ཉམས་སུ་བླངས་ཀྱང་འཁོར་བ་ལས་ངེས་འབྱུང་གི་བསམ་པས་ཟིན་པ་ཞིག་ཏུ་ནི་ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་ལ་མེད་དུ་མི་རུང་ལ། ངེས་འབྱུང་དེ་རྒྱུད་ལ་བསྐྱེད་པའི་ཐབས་ཀྱི་མཆོག་ནི་ཐུན་མོང་གི་བློ་ལྡོག་རྣམ་པ་བཞི་ཉམས་སུ་ལེན་དགོས་པ་སྟེ། རྒྱུ་མཚན། སྤྱིར་འཁོར་བ་ཞེས་པ་ངེས་པར་འབྱུང་བའི་གནས་ནི་སྐྱེ་འཆི་བར་དོ་གསུམ་སྟེ། དེས་ན་སྐྱེ་བ་ཚེ་འདིའི་བདེ་སྐྱིད་དཔལ་འབྱོར་ལ་ཞེན་པས་འདོད་ཡོན་གྱི་སྣང་བ་འབའ་ཞིག་ལ་ཆགས་ནས་འདིར་སྣང་གི་འཁྲུལ་པའི་རྒྱུ་འབྲས་ལ་སྤྱོད་པ་ལས་བློ་ལྡོག་པའི་ཐབས་དལ་འབྱོར་རྙེད་དཀའ་དང༌། འཆི་བ་མི་རྟག་གཉིས། འཆི་བས་གཏུགས་ཏེ་ཕྱི་མ་འཁོར་བ་ངན་སོང་གི་སྡུག་བསྔལ་ལ་འཇིགས་ཤིང་ཐར་པའི་ཐབས་མི་ཤེས་པའི་བློ་ལྡོག་ཕྱིར་ལས་རྒྱུ་འབྲས་དང༌། འཁོར་བའི་ཉེས་དམིགས་བསམས་པས་འཁོར་བ་ལས་ཡིད་འབྱུང་ངེས་ཤིང་སྐྱེ་ཤི་གཉིས་ཀྱི་འཕྲང་ལས་བརྒལ་ན་བར་སྲིད་ཀྱི་འཁྲུལ་པ་རང་དག་ཏུ་འགྱུར་བའི་ཕྱིར། བསྒོམ་བྱ་བློ་ལྡོག་བཞི་ཡིན་ལ་དེ་རེ་རེ་ལའང་ལྡོག་བྱ། ལྡོག་བྱེད། ལྡོག་ཚུལ། ལྡོག་ཚད་བཞི་རེས་ཤེས་དགོས་པ་ལས་དང་པོ་དལ་འབྱོར་རྙེད་དཀའི་བློ། ལྡོག་བྱ་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་རྙེད་པར་དཀའ་བ་ཐོབ་པ་ངོ་མི་ཤེས་པར་ཚེ་འདིའི་འཁྲུལ་པ་འབའ་ཞིག་གིས་གཡེངས་པའི་ཡིད། ལྡོག་བྱེད་རྒྱུ་དཔེ་གྲངས་གསུམ་ཚུལ་གང་ནས་བསམས་ཀྱང་ལྷ་བས་ལྷག་པའི་ལུས་རྟེན་ཁྱད་པར་ཅན་ཐོབ་པའི་རིན་ཐང་ངོ་ཤེས་པས། ལྡོག་ཚུལ་ལག་པ་བརྐྱང་བསྐུམ་གྱི་སྤྱོད་ལམ་ཙམ་ཡང་དོན་མེད་དུ་མ་སོང་བ་དམ་པའི་ཆོས་ཉག་གཅིག་ལ་འབད་པས་གྲུབ་འབྲས་ཐོན་པར་བྱས་ཏེ། ལྡོག་ཚད་ཆོས་ལས་གཞན་ལ་བློ་མི་འཇུག་པ་འབྱུང་བ་དང༌། གཉིས་པ་འཆི་བ་མི་རྟག་པའི་བློ་ལྡོག་བྱ་དལ་འབྱོར་དོན་ཡོད་པའི་ཕྱིར་ཆོས་ལ་བརྩོན་པ་དེ་ཡང་མྱུར་དུ་མ་འབད་ན་འཁྲུལ་པའི་རྒྱུ་རྐྱེན་གྱིས་སྣང་བའི་ཕྱི་ནང་སྣོད་བཅུད། སྐྱེ་འགྲོ་མཆོག་དམན། བདེ་སྡུག་སྣང་ཚུལ་ངེས་ངེས་ཡིན་ཡིན་ལྟར་བདེན་པར་བཟུང་བའི་རྟག་འཛིན་གྱི་བློ་ངན་གྱིས་བསླུས་པ་ལས། ལྡོག་བྱེད་ངེས་པར་བསམ་གཞིག་གིས་འདི་རྣམས་གང་ལ་དཔྱད་ཀྱང་ཡུན་རིང་མི་གནས་པ་སྟོན་ཀའི་སྤྲིན་དང་བར་སྣང་གི་རླུང་བཞིན་གཡོ་ཞིང་འགྱུར་བས་མི་རྟག་པར་ངོ་ཤེས་ཏེ། ལྡོག་ཚུལ་འདིར་སྣང་གི་བྱ་བ་གང་གིས་ཀྱང་བློ་འབྲིད་མི་ནུས་པ་འཆི་བ་འབའ་ཞིག་དྲན་པས། ལྡོག་ཚད་དེ་ལ་ཕན་པ་ཆོས་ཁོ་ན་ལས་གང་གིས་ཀྱང་དགོས་མེད་དུ་ཤེས་པའི་བསམ་སྦྱོར་གྱིས་ཉིན་མཚན་འདའ་བ་མ་བྱུང་གི་བར་དུ་བསམ། གསུམ་པ་ལས་འབྲས་བསླུ་མེད་ཀྱི་བློ་ལྡོག་བྱ་དོན་གྱི་གནས་ལུགས་འཁོར་འདས་ཐམས་ཅད་དཀར་ནག་གི་ལས་འབྲས་བསླུ་བ་མེད་པའི་ལམ་ལས་སྣང་བ་མི་ཤེས་པར་དགེ་སྡིག་འཇོག་ཉོག་ཏུ་སྤྱོད་པས་བླང་དོར་གྱི་གནས་ལ་རྨོངས་པས་འཁྲུལ་པ་ལུ་གུ་རྒྱུད་དུ་ཁ་འབྱམས་པ་ལས། ལྡོག་བྱེད་དཀར་ནག་གི་ལས་ཇི་ལྟར་བསགས་པ་ཉིད་རྣམ་སྨིན་མྱོང་སྟོབས་དང་གཉེན་པོའི་སྦྱངས་སྟོབས་ཀྱིས་སྨིན་པ་ལས་ནམ་ཡང་དོན་མེད་དུ་ཆུད་མི་ཟ་བ་འཕགས་པའི་ས་ཐོབ་ཀྱང་ལས་བདག་གིར་བཞེས་དགོས་པས་རྒྱུ་འབྲས་བསླུ་མེད་ལ་ངེས་པ་རྙེད་པས། ལྡོག་ཚུལ་འཇིག་རྟེན་ཡང་དག་ལྟ་བས་དགེ་སྡིག་བླང་དོར་ཚུལ་བཞིན་བྱ་བས་སྔོན་ལས་སྡིག་པའི་ཚོགས་ལ་འགྱོད་སྡོམ་བཤགས་པ་རྣམ་དཀར་ཅི་ནུས་སུ་འབད་ནས། ལྡོག་ཚད་རྒྱུ་འབྲས་ནམ་ཡང་ཁྱད་དུ་མི་གསོད་པར་དྲན་ཤེས་ཀྱི་གཉེན་པོ་དང་མ་བྲལ་བས་སེམས་རྒྱུད་བཏུལ་དགོས་ཤིང༌། བཞི་པ་འཁོར་བའི་ཉེས་དམིགས་ཀྱི་བློ་ལྡོག་བྱ་ཚེ་རབས་ཐོག་མེད་ནས་ད་ལྟའི་བར་འཁོར་བའི་སྡུག་བསྔལ་གྱི་རྒྱུ་འབྲས་ཁོ་ན་ལ་སྤྱོད་ཀྱང་སྡུག་བསྔལ་ཡིན་པ་ཙམ་དུ་ཡང་མ་ཤེས་པ་གང༌། ལྡོག་བྱེད་སྲིད་པའི་རྒྱུ་འབྲས་ཐམས་ཅད་སྡུག་བསྔལ་གསུམ་གྱིས་མེ་དང་ཚ་བ་བཞིན་མ་ཁྱབ་པ་མེད་པའི་མཚངས་ལ་བསམ་གཞིག་གིས། ལྡོག་ཚུལ་ཉེས་ཅན་བཙོན་དོང་དུ་ཆུད་པ་བཞིན་བདག་འཁོར་བ་འདི་ལས་ཐར་པ་ཞིག་གི་ཐབས་གང་ལ་བརྩོན་སྙམ་པས། ལྡོག་ཚད་སྒོ་གསུམ་གྱི་ཆོས་སྤྱོད་ཐམས་ཅད་འཁོར་བ་ལས་ཡིད་འབྱུང་ཞིང་ཐར་པའི་ཐབས་ཁོ་ནར་དམིགས་པའི་ཀུན་སློང་གིས་ཟིན་པས་རྣམ་གྲོལ་ལམ་གྱི་གཞི་རྩ་བཏིང་བ་ནི་ཅིས་ཀྱང་གལ་ཆེ་བའོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོའི་ལམ་གྱི་གཞི་བཏིང་བ་ལ། རང་གཞན་འཁོར་བར་ངེས་འབྱུང་སླད༔ དཀོན་མཆོག་གསུམ་ལ་སྐྱབས་སུ་བཟུང་༔ ཞི་བའི་མཐའ་སྤང་བྱང་ཆུབ་ཕྱིར༔ སེམས་གཉིས་བསྐྱེད་ལ་ནན་ཏན་བྱ༔ སྟོབས་བཞིའི་གནད་ཀྱིས་སྡིག་ལྟུང་སྦྱང་༔ ཚོགས་བསགས་སྐུ་གསུམ་མཎྜལ་ཕུལ༔ ཟབ་མོ་ནང་གི་ཚོགས་གསོག་ནི༔ ཕུང་པོ་མཆོད་སྦྱིན་ཚོགས་སུ་སྤེལ༔ ཁྱད་པར་བླ་མའི་རྣལ་འབྱོར་གྱིས༔ རྡོ་རྗེའི་ཡེ་ཤེས་སྙིང་ལ་དབབ༔ ཅེས་པ་ལྟར། བདག་གཞན་འཁོར་བའི་སྡུག་བསྔལ་གྱི་ལམ་ལོག་པ་ལས་ངེས་པར་འབྱུང་བའི་ཐབས་སྐྱབས་འགྲོ། ཉན་རང་ཞི་བ་ཕྱོགས་གཅིག་གི་ལམ་དམན་པ་ལས་དབུགས་དབྱུང་ཕྱིར་སེམས་བསྐྱེད། ལམ་ཁྱད་པར་འཕགས་པའི་གེགས་གཉིས་འཛིན་འཁྲུལ་རྟོག་གི་བག་ཆགས་སྦྱོང་བྱེད་རྡོར་སེམས་སྒོམ་བཟླས་དང༌། ཟག་མེད་འཕགས་པའི་ལམ་ལ་སྦྱོར་བའི་བོགས་འབྱིན་ཕྱིར་ཕྱི་དང་ནང་གི་ཚོགས་བསགས། ལམ་དངོས་ཀྱི་ཡོན་ཏན་མཆོག་ཐུན་དངོས་གྲུབ་ཀྱི་དཔལ་ལ་སྦྱོར་བྱེད་བླ་མའི་རྣལ་འབྱོར་གྱིས་རྡོ་རྗེའི་ཡེ་ཤེས་སྙིང་ལ་འབེབས་པའོ། །དང་པོ་ནི། ཁམས་གསུམ་ལས་ཐར་འདོད་ཀྱི་བློ་སྐྱེས་ཀྱང་རང་སྟོབས་ཀྱིས་དེ་ལས་སྒྲོལ་མི་ནུས་པས། སྐྱབས་ཁྱད་པར་ཅན་འཇིགས་དང་སྡུག་བསྔལ་དེ་ལས་སྐྱོབ་ནུས་པ་ཞིག་ལ་སྐྱབས་ཞུ་དགོས་པས། ཐུན་མོང་དཀོན་མཆོག་གསུམ། ཁྱད་པར་རྩ་བ་གསུམ། ཀུན་འདུས་རྡོ་རྗེ་སློབ་དཔོན་ནི་རྒྱུ་ཡི་སྐྱབས་ཡུལ་ཡིན་ལ། དེ་ཐམས་ཅད་ནང་དུ་ངེས་དོན་རང་སེམས་སྟོང་གསལ་ཟུང་འཇུག་དཀོན་མཆོག་གསུམ་ཀུན་འདུས་སུ་ཤེས་པ་འབྲས་བུའི་སྐྱབས་ཡུལ་ཏེ། དེ་གཉིས་འགལ་མེད་ཟུང་འཇུག་ཏུ་ཉམས་སུ་ལེན་པ་ལ། གང་ཟག་རང་གིས་ཐོག་དྲངས་མཁའ་ཁྱབ་ཀྱི་འགྲོ་བས་དུས་བྱང་ཆུབ་མ་ཐོབ་ཀྱི་བར་དུ། ཚུལ་ཅི་མཛད་ཁྱེད་ཤེས་ཀྱི་གུས་པ་ཆེན་པོས། དམིགས་འདོན། ས་ཕྱོགས་དག་པའི་ཞིང་ཁམས་ཆེན་པོར་གྱུར་པའི་དབུས་སུ་རང་གི་མདུན་དུ་དཔག་བསམ་གྱི་ལྗོན་ཤིང་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པའི་ལྟེ་བར་སེང་ཁྲི་པདྨ་ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་བི་མ་ལ་མི་ཏྲ་དཀར་གསལ་ཤངས་རྩེར་ཨ་དཀར་པོས་མཚན་པ། དར་སྔོན་པོའི་སྟོད་གཡོག་དང་དམར་པོའི་ཆོས་གོས་གསོལ་བ། ཕྱག་མཉམ་བཞག་འཆི་མེད་ཚེ་ཡི་བུམ་པ་འཛིན་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དབུ་ལ་པཎ་ཞྭ་དམར་པོ་གསོལ་བ། ཐུགས་ཀར་ཡེ་ཤེས་སེམས་དཔའ་གུ་རུ་མཚོ་སྐྱེས་རྡོ་རྗེ་དང༌། སྨིན་མཚམས་སུ་རིག་འཛིན་ཤྲཱི་སིདྷ་བཅས་མཚན་དཔེའི་གཟི་བྱིན་འབར་བའི་སྤྱི་བོར་བརྒྱུད་པའི་བླ་མ་རྣམས་དང༌། མདུན་གྱི་ཡལ་གར་དཔལ་རྡོ་རྗེ་སེམས་དཔའ་ལ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌། གཡས་སུ་སྟོན་པ་ཐུབ་པའི་དབང་པོར་དུས་གསུམ་གྱི་སངས་རྒྱས་སྤྲུལ་སྐུའི་རྣམ་པ་ཅན་རྣམས་ཀྱིས་བསྐོར་བ། རྒྱབ་ཏུ་ཆོས་དཀོན་མཆོག་གླེགས་བམ་བྲག་རི་བརྩེགས་པ་ལྟ་བུ། གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན། བར་མཚམས་རྣམས་སུ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པའི་མདུན་དུ་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་ཏེ་སྐྱབས་སུ་འགྲོ་བའི་མོས་པས། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ དཀོན་མཆོག་རྩ་གསུམ་རབ་འབྱམས་ལ༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཐུགས་རྗེའི་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་དད་མོས་གདུང་ཤུགས་དྲག་ཏུ་བསྐྱེད་པས་སྐྱབས་ཡུལ་འབྲས་བུའི་ཡོན་ཏན་མངོན་གྱུར་དང་སྐྱབས་ཞུ་བ་པོ་རང་འཇིགས་དང་སྡུག་བསྔལ་གྱིས་མནར་བའི་མཆོག་དམན་གཉིས་སུ་འཛིན་པས་སྐྱབས་ཡུལ་དད་མོས་ཡིད་ཆེས་དང་གསོལ་བ་འདེབས་པ་ཀུན་རྫོབ་རྒྱུ་ཡི་སྐྱབས་འགྲོ། མཐར་ཚོགས་ཞིང་གི་སྐུ་ཡི་འོད་ཀྱིས་སྒྲིབ་པ་བསལ་ཏེ་རང་གཞན་སེམས་ཅན་ཐམས་ཅད་ལ་ཐིམ། རང་གི་སེམས་ཉིད་གདོད་ནས་རྣམ་དག་གི་ངང་དུ་རོ་གཅིག་འདྲེས་པས་བསྐྱབ་བྱ་སྐྱོབ་བྱེད་བཟང་ངན་གཉིས་མེད་གཉུག་མ་དོན་གྱི་མཆོག་གསུམ་གདོད་ནས་རང་ལ་བཞུགས་པའི་རང་ཞལ་མཇལ་བ་དོན་དམ་འབྲས་བུའི་སྐྱབས་འགྲོ་ཟུང་འཇུག་ཏུ་ཉམས་སུ་ལེན། སྤྲོ་ན་དགག་སྒྲུབ་ཀྱི་བསླབ་བྱ་ཆ་མཐུན་དང་བཅས་པ་དང༌། ཕན་ཡོན་བཅས་འཆད་པར་བྱ་དགོས་སོ། །གཉིས་པ་ནི། རང་ཉིད་ཇི་ལྟར་འདོད་པའི་ཉམས་མྱོང་ལས་རྗེས་སུ་དཔགས་ཏེ་མར་གྱུར་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱང་འདོད་པ་དེ་དང་མཚུངས་པས་ན། དེ་དག་ལུས་སེམས་བདེ་བ་དང་བདེ་བའི་རྒྱུ་བསོད་ནམས་དང་ལྡན། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་ཉོན་དང་བྲལ་བ་ཞིག་བདག་ཁོ་ནས་བྱ་སྙམ་པའི་གཞན་ཕན་གྱི་ཀུན་སློང་བརྟན་པོ་རྒྱུད་ལ་བསྐྱེད་པའི་ཕྱིར། མར་ཤེས་པས་དང་དུ་ལེན་འདོད་གྱི་བྱམས་པ། སྤང་དུ་མི་བཟོད་པའི་སྙིང་རྗེ། བདེ་དགའ་ལ་འགོད་འདོད་ཀྱི་སྤྲོ་བའི་དགའ་བ། ཉེ་རིང་མེད་པའི་བཏང་སྙོམས་བཞིས། དམིགས་ཡུལ་མཁའ་ཁྱབ་ཀྱི་འགྲོ་བ་ལ་བྱེད་པས་སྡུག་བསྔལ་དང་བྲལ་བདེ་བའི་གནས་ལ་འགོད་འདོད་ཀྱི་བསམ་པ་སྨོན་སེམས། དེའི་ཆེད་དུ་སྦྱིན་སོགས་ཕར་ཕྱིན་དྲུག་གི་བསགས་སྦྱངས་ལ་བརྩོན་པ་ཐམས་ཅད་རྟེན་སྙིང་རྗེ་ཆེན་པོ་དང༌། བརྟེན་པ་བྱང་ཆུབ་སེམས་ཀྱིས་ཟིན་པ་ལ་བསླབ་པ་ནི་འཇུག་པ་སེམས་བསྐྱེད་གཉིས་ཀུན་རྫོབ་སེམས་བསྐྱེད་དང༌། དོན་དམ་འོད་གསལ་གྱི་དབྱིངས་བདག་གཞན་འཁོར་འདས་མཉམ་པ་ཉིད་ཀྱི་ངང་དུ་མཉམ་པར་བཞག་པ་དོན་དམ་སེམས་བསྐྱེད་ཀྱི་དམིགས་སྒོམ་ཟུང་དུ་འཇུག་པས་ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བཏབ་པའི་སྤྱན་སྔར་དམ་འཆའ་བའི་ཡིད་ཀྱི་ངག་ཏུ། ཧོཿ མཁའ་མཉམ་ཕ་མ་སེམས་ཅན་ཀུན༔ རྣམ་གྲོལ་མཆོག་ལ་འགོད་པའི་ཕྱིར༔ བྱམས་དང་སྙིང་རྗེ་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ཞེས་པ་ལ་འབུམ་ཕྲག་སོགས་དངོས་གཞིའི་གྲངས་བཟུང༌། མཇུག་ཏུ་འབྲས་བུ་སྔགས་ཀྱི་སེམས་བསྐྱེད་ཁྱད་པར་བའི་ཚུལ་གྱིས་དོན་དམ་སེམས་བསྐྱེད་གསལ་འདེབས་ཀྱི་ངག་འདོན། ཨ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ ཡེ་ནས་སངས་རྒྱས་ཡིན་པ་ལ༔ ཡིན་པར་ཤེས་པའི་བདག་ཉིད་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཞེས་མང་དུ་བརྗོད། ཞིབ་ཁྲིད་དུ་བྱེད་ན་ཚད་མེད་བཞི་དང་བདེ་སྡུག་གཏོང་ལེན་གྱི་དམིགས་རྣམ་སོགས་ལ་ཡང་ཡང་རྩལ་སྦྱང་བ་ཤིན་ཏུ་གལ་ཆེ་ཞིང༌། སྨོན་འཇུག་གི་བསླབ་བྱ། སེམས་བསྐྱེད་ཀྱི་རྣམ་བཞག །ཕན་ཡོན་སོགས་ཀྱང་སྤྲོ་ན་འཆད་དོ། །གསུམ་པ་ནི། གང་ཞིག་བསྒྲུབ་བྱའི་ལམ་ལ་འགལ་རྐྱེན་བསལ་བ་དང༌། མཐུན་རྐྱེན་སྒྲུབ་པའི་ཐབས་ཀྱི་མན་ངག་གཉིས་དང་ལྡན་ན་འབྲས་བུའི་མཆོག་ལ་བདེ་བླག་ཏུ་སྦྱོར་ནུས་པས་དེ་ཉིད་གནད་དུ་ཟབ་པ་ཤེས་པས་དོན་དུ་གཉེར་ན་གེགས་སེལ་བོགས་འདོན་ཐམས་ཅད་ཀྱང་དེར་འདུ་བས་ཉམས་ལེན་གྱིས་དུས་ཀུན་ཏུ་འབད་དགོས་ལ། ཕྱི་ནང་གསང་བའི་འགལ་རྐྱེན་ཐམས་ཅད་ཀྱི་རྩ་བ་ནི་སྔར་བསགས་ཀྱི་སྡིག་པའི་སྟེང་དུ་བཅས་འགལ་གྱི་ལྟུང་བ་རྣམས་ཡིན་ལ། དེ་དག་གནོང་འགྱོད་ཆེན་པོས་སྦྱོང་བྱེད་གྱི་གཉེན་པོ་ཁྱད་པར་དུ་འཕགས་པ་བླ་མ་རྡོ་རྗེ་སེམས་དཔའ་ལ་སྐྱབས་སུ་རྩེ་གཅིག་ཏུ་བཟུང་བས། སྟོབས་བཞི་ཚང་བའི་བཤགས་པ་ཚད་ལྡན་ལན་གཅིག་གིས་ཀྱང་སྡིག་པའི་ཕུང་པོ་རི་རབ་ཙམ་བྱང་བར་གསུངས་པས་དེའི་ཚུལ་ནི། རྟེན་གྱི་སྟོབས་ལ་ཐོག་མར་བཤགས་ཡུལ་གྱི་རྟེན་ནི། ཨཿ རང་གི་སྤྱི་བོར་པད་ཟླའི་སྟེང་༔ དཔལ་ལྡ་བླ་མ་ཀུན་ཏུ་འཆང༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ དཀར་གསལ་རྡོ་རྗེ་དྲིལ་བུ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ རང་འོད་ཡུམ་འཁྱུད་མཚན་དཔེ་འབར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ འགྲོ་ཀུན་སྒྲིབ་སྦྱངས་སྣོད་དང་བཅུད༔ བདེ་ཆེན་རྡོ་རྗེའི་གོ་འཕང་བཀོད༔ ཚུར་འདུས་སྔགས་ལས་བདུད་རྩིའི་རྒྱུན༔ བྱང་ཆུབ་སེམས་ཀྱི་སྤྲིན་དུ་འཕྲོས༔ རང་གི་ཚངས་པའི་སྒོ་ནས་ཞུགས༔ ལུས་གང་ནད་གདོན་སྡིག་སྒྲིབ་དག༔ དབང་དང་དངོས་གྲུབ་ཐོབ་པར་གྱུར༔ ཅེས་པས་གསལ་གདབ། རང་རྒྱུད་ཀྱི་རྟེན་དེ་ལ་རྩེ་གཅིག་གུས་པས་བདག་གཞན་གྱི་སྡིག་སྒྲིབ་སྦྱང་བར་མཛད་དུ་གསོལ་སྙམ་པས་ཐུགས་རྒྱུད་བསྐུལ་བའི་ཚིག་ཡི་གེ་བརྒྱ་པ་བཟླས་ཏེ་ལྷ་སྔགས་བདུད་རྩི་འབེབས་སྦྱོང་གིས་སྡིག་སྒྲིབ་བཀྲུ་བའི་དམིགས་གནད་རྣམས་ཡ་མ་བྲལ་བས་ཅི་ཙམ་ནུས་པ་བཟླ། ཐུན་མཐར་སུན་འབྱིན་པའི་སྟོབས་སྡིག་ལྟུང་གི་ལས་ལ་གནོང་འགྱོད་ཀྱི་བསམ་པ་ཤུགས་དྲག་པོས་བཤགས་རྒྱུད་ལས་བྱུང་བའི་རུ་ཏྲའི་སྨྲེ་བཤགས་སམ། བསྡུ་ན། མགོན་པོ་བདག་ནི་མི་ཤེས་རྨོངས་པ་སོགས་ཚིགས་བཅད་ལྷུག་གི་བཤགས་པས་མཐོལ་ལ། བླ་མ་རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས་སྡིག་ལྟུང་དག་པའི་གནང་བ་བྱིན་ནས་རང་ལ་ཐིམ་པས་དམིགས་བསམ་བརྗོད་པ་དང་བྲལ་བའི་ངང་ཐུགས་ཡིད་དབྱེར་མེད་དུ་འདྲེས་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། སོར་ཆུད་དེ་སླར་ལྡོག་པའི་སྟོབས་སྡོམ་སེམས་བརྟན་པོ་བཟུང་བར་བྱ། སྤྱིར་ལྷ་སྔགས་འདིའི་རྣལ་འབྱོར་ལ་བརྩོན་པས་ཕན་ཡོན་ཚད་མེད་པར་རྒྱུད་དང་གྲུབ་ཐོབ་རྣམས་ཀྱིས་ཡང་ཡང་བསྔགས་ཤིང་ཁྱད་པར་བདུད་རྩི་འབེབས་སྦྱོང་གི་དམིགས་པ་འདི་གསང་སྔགས་བླ་མེད་ནང་གི་ཁྲུས་ཞེས་ཤིན་ཏུ་གཅེས་པས་ན་ཉམས་ལེན་གྱི་ཐོག་མཐའ་བར་གསུམ་ཀུན་ཏུ་བཟླས་བསྒོམ་མ་ཆག་པ་གལ་ཆེའོ། །བཞི་པ་ནི། མཐུན་རྐྱེན་ཚོགས་པས་རང་འབྲས་འབད་མེད་དུ་འབྱུང་བ་ཆོས་ཀུན་རྒྱུ་འབྲས་འབྲེལ་བ་ཅན་དུ་གྲུབ་པས་ཏེ། དོན་དམ་ཡེ་ཤེས་ཀྱི་ཚོགས་ཀྱང་ལས་དང་པོ་བས་ཀུན་རྫོབ་བསོད་ནམས་ཀྱི་ཚོགས་ལ་མ་བརྟེན་པར་རྟོགས་པའི་ཐབས་མེད་ལ། ཚོགས་བསགས་ཀྱི་ཐབས་ཀུན་གྱི་རྒྱལ་པོ་བྱ་སླ་ལ་དོན་ཆེ་བ་མཎྜལ་འབུལ་བ་ལས་ལྷག་མེད་པས། དེའང་གང་ལ་འབུལ་བའི་ཡུལ་འབྱོར་ན་སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་པ་བཀོད་ལ་མཆོད་པས་བསྐོར་ནས་སྐྱབས་འགྲོའི་ཚོགས་རྟེན་བཞིན་གསལ་གདབ། འབུལ་བྱའི་དངོས་པོ་མཆོད་པའི་མཎྜལ་རབ་གསེར་དངུལ། འབྲིང་ཟངས་རག་ལི། ཐ་མ་ཤིང་དང་རྡོའི་མཎྜལ་འབྲུ་སྨན་རིན་པོ་ཆེ་སྣ་ཚོགས་ཀྱི་ཚོམ་བུ་གཙང་ཞིང་དག་པ་གསར་པ་ཁོ་ནའམ་ཐུན་རེ་རེ་བཞིན་ཁ་གསོས་ཏེ་བཀོད། མཎྜལ་གྱི་གཞི་མ་དྲི་བཟང་དང་བ་བྱུང་གིས་བྱུག་པ་དང་ཚོམ་བུ་མཐོང་བརྒྱུད་ལྟར་བཀོད་ལ། ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་རབ་འབྱམས་མཎྜ་ལར༔ མཆོད་སྤྲིན་རྒྱ་མཚོའི་ཚོམ་བུ་བཀོད༔ བླ་མ་སྤྲུལ་པའི་སྐུ་ལ་འབུལ༔ བསོད་ནམས་དམ་པའི་ཚོགས་རྫོགས་ཤོག༔ འོག་མིན་ཞིང་གི་མཎྜ་ལར༔ བདེ་ཆེན་འདོད་ཡོན་ཚོམ་བུ་བཀོད༔ བླ་མ་ལོངས་སྤྱོད་རྫོགས་ལ་འབུལ༔ ཡེ་ཤེས་ཚོགས་ཆེན་རྫོགས་པར་ཤོག༔ ཆོས་དབྱིངས་སྤྲོས་བྲལ་མཎྜ་ལར༔ རིག་པ་རང་ཤར་ཚོམ་བུ་བཀོད༔ བླ་མ་ཆོས་ཀྱི་སྐུ་ལ་འབུལ༔ ཚོགས་གཉིས་ཟུང་འཇུག་མཐར་ཕྱིན་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་མཎྜ་ལ་ཛྙཱ་ན་པཱུ་ཛ་ཧོཿ ཞེས་འབུལ། འབུམ་ཕྲག་སོགས་བསགས་པའི་སྐབས་རྗེ་བླ་མ་རིན་པོ་ཆེའི་སྙན་བརྒྱུད་ཡང་དག་ཟབ་ཏིག་གི་མཎྜལ་ངག་འདོན། ཨོཾ་ཨཱཿཧཱུྃ༔ འཁོར་འདས་སྣོད་བཅུད་དཔལ་འབྱོར་དང་༔ བདག་ལུས་ཕུང་ཁམས་སྐྱེ་མཆེད་བཅས༔ གཟུང་འཛིན་རྣམ་དག་མཎྜ་ལས༔ བླ་མ་རྒྱལ་བ་སྲས་བཅས་མཆོད༔ ཨོཾ་སརྦ་རཏྣ་མཎྜ་ལ་པཱུ་ཛ་ཨཱཿཧཱུྃ༔ ཞེས་པ་ལ་གྲངས་བཟུང་ན་འཇུག་པ་བདེ་བས་ལེགས་སྙམ། སྐུ་གསུམ་མཎྜལ་རྒྱས་པ་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་ལས་འབྱུང་བ་དང་ཚོམ་བུ་སོ་བདུན་སོགས་ཀྱང་སྦྱར་ན་ལེགས་ཤིང༌། གང་ལྟར་ཡང་ཡུལ་ཆོས་དབྱིངས་ཀ་དག་མེ་ལོང་ལྟ་བུའི་ངོས་ལ། རིག་རྩལ་བདེ་ཆེན་གྱི་རོལ་པ་ཅིར་ཡང་མ་འགག་པའི་རྩལ་མཁའ་ཁྱབ་མཆོད་སྤྲིན་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ལྟ་བུའི་གཟུགས་བརྙན་འཆར་བ་ཉིད་སྣང་སྟོང་དབྱེར་མེད་ཡེ་ཤེས་ཀྱིས་རྒྱས་ཐེབས་པར་ཕུལ་བས། མཎྜལ་ཉིད་དངོས་པོ་ཆུང་ཡང་དམིགས་བསམ་གྱི་ཐབས་ཁྱད་པར་ཅན་གྱིས་བསོད་ནམས་མཐའ་ཡས་པ་ཐོབ་པར་གསུངས་སོ། །སྐབས་འདིར་ཟབ་མོ་ནང་གི་ཚོགས་བསགས་ཕུང་པོ་མཆོད་སྦྱིན་སྦྱར་དགོས་པས་དེའི་དམིགས་ཁྲིད་ནི་དབང་གསུམ་པའི་མཐའ་རྟེན་དུ་འབྱུང་བ་ལྟར་འདིར་ཡང་སྦྱོར་ཞིང་ཉམས་སུ་བླང་བས་ལུས་སོགས་གཅེས་འཛིན་གྱི་ཞེན་པ་བཅད་དེ་ཕུལ་བས་ཚོགས་རྫོགས་སྟོབས་ཆེ་བ་དང་སྦྱིན་པའི་མཆོག་ཏུ་འགྱུར་བ་སོགས་དགོས་པ་ཁྱད་པར་ཅན་དང་འབྲེལ་བས་ཉམས་སུ་བླང་བར་བྱའོ། །ལྔ་པ་ནི། སྤྱིར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་ཡོན་ཏན་ཐམས་ཅད་སློབ་དཔོན་ཁོ་ན་ལ་རག་ལས་ཤིང༌། ཁྱད་པར་རྡོ་རྗེ་ཐེག་པའི་དངོས་གྲུབ། འོད་གསལ་རྫོགས་པ་ཆེན་པོའི་ཉམས་མྱོང་རྒྱུད་ལ་སྐྱེ་བ་ནི་བླ་མའི་བྱིན་རླབས་འབའ་ཞིག་ལ་རག་ལས་ཤིང༌། བྱིན་རླབས་རྒྱུད་ལ་འདྲེན་པའི་ཕོ་ཉ་ནི་མོས་གུས་ཁོ་ན་ཡིན་པས་རང་ལ་བཀའ་དྲིན་གསུམ་ལྡན་གྱི་བླ་མ་དེ་ཉིད་ཕྱོགས་དུས་དཀོན་མཆོག་ཀུན་འདུས་སུ་ཤེས་པའི་ངེས་པ་བརྟན་པོས་མཆོག་གི་བྱིན་རླབས་ཆེན་པོའི་ཏིང་ངེ་འཛིན་བླ་མ་རྡོ་རྗེ་འཆང་ཆེན་པོར་མོས་གུས་རྩལ་དུ་བཏོན་པའི་རྣལ་འབྱོར་དུ་བྱེད་པ་གལ་ཆེ་བའི་ཕྱིར་དེ་ནི། རང་གི་སྤྱི་བོར་པད་ཟླའི་སྟེང་༔ རྩ་བའི་བླ་མ་རྡོ་རྗེ་འཆང་༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ མཐིང་གསལ་ནམ་མཁའ་དྭངས་པའི་མདོག༔ རྡོ་རྗེ་དྲིལ་འཛིན་ཡུམ་དང་སྦྱོར༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཁྲོ་འཛུམ་མཚན་དཔེའི་འོད་ཕུང་འབར༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ རང་བྱུང་འོད་ལྔའི་ཀློང་ན་བཞུགས༔ ཕུང་ཁམས་སྐྱེ་མཆེད་གདོད་མ་ནས༔ རྩ་གསུམ་ལྷ་ཚོགས་ཕྱག་རྒྱར་སད༔ དམ་ཚིག་ཡེ་ཤེས་དབྱེར་མེད་པ༔ སྐྱབས་ཀུན་འདུས་པའི་ངོ་བོར་བསམ༔ ཞེས་ཚོགས་རྟེན་ལེགས་པར་གསལ་གདབ། གཞུང་ལས། ཡན་ལག་བདུན་དང་མཎྜལ་འབུལ༔ ཞེས་གསུངས་པས་ན་སྐབས་འདིར་བསགས་སྦྱང་གི་སྙིང་པོ་ཡན་ལག་བདུན་པ་འབུལ་དགོས་པས་གྲུབ་ན་ལུས་ཀྱིས་ཕྱག་དངོས་སུ་འཚལ་ཏེ་གྲངས་འབུམ་ཕྲག་བསགས་པ་དང་བཅས། བླ་མ་དཀོན་མཆོག་ཡི་དམ་ལྷར༔ སྒོ་གསུམ་དད་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་ཚོགས་འབུལ༔ སྡིག་ལྟུང་འགྱོད་པས་སྙིང་ནས་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ བསོད་ནམས་ཆོས་དབྱིངས་ཆེན་པོར་བསྔོ༔ འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག༔ ལན་ཇི་ལྟར་རིགས་པ་དང༌། མཎྜལ་གྱི་རྣམ་བཞག་སོགས་གོང་དུ་སྨོས་པ་ལས་མཎྜལ་འབུལ་བ་དངོས་བླ་མའི་རྣལ་འབྱོར་དང་སྦྲེལ་ནས་དགོས་པས་ན༔ ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་རབ་འབྱམས་མཎྜ་ལར་སོགས་ངག་འདོན་རྒྱས་བསྡུས་ལ་བརྟེན་ནས་འབུམ་ཕྲག་བསགས། དངོས་གཞིའི་གོ་དོན་གསོལ་བ་གང་ལ་འདེབས་པའི་ཡུལ་སྐུ་གསུམ་ཕྱོགས་དུས་དཀོན་མཆོག་རྩ་གསུམ་མ་ལུས་པའི་ངོ་བོ་བླ་མ་རྡོ་རྗེ་འཆང་ཆེན་པོ་ལ། གང་གིས་གསོལ་བ་འདེབས་པ་པོ་མཁའ་མཉམ་འགྲོ་བ་ཀུན་གྱི་བྱང་རང་གིས་དྲངས་ཏེ། ཇི་ལྟར་འདེབས་ན་བླ་མ་དེ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་དགོས་འདོད་ཀུན་འབྱུང་དུ་བློ་ཐག་ཆོད་པའི་རེ་ལྟོས་ལིང་སྐྱུར་གྱི་གདུང་ཤུགས་དྲག་པོས། དགོས་པ་གང་གི་ཕྱིར་ན་ས་ལམ་གྱི་བར་ཆད་ཞི་ཞིང་མཆོག་ཐུན་དངོས་གྲུབ་སྤྱི་དང་ཁྱད་པར་ཡེ་ཤེས་ཆེན་པོའི་བྱིན་རླབས་མཆོག་གི་དངོས་གྲུབ་ཐོབ་པའི་སླད་དུ་ཉིན་མཚན་རྟག་པར་མི་བརྗེད་པས། གསོལ་འདེབས་ཀྱི་ཚིག་བརྒྱུད་པའི་གསོལ་འདེབས་དང༌། བྱང་གཏེར་བླ་མ་སྐུ་གསུམ་ལ་སོགས་པའི་མཐར། སྐྱབས་གནས་ཀུན་འདུས་རྡོ་རྗེ་འཆང་༔ དཔལ་ལྡན་བླ་མ་རིན་པོ་ཆེར༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་གྲངས་འབུམ་ཕྲག་ལ་སོགས་པ་བསགས། སྐབས་ཇི་ལྟར་རིག་པར། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་འབུམ་ཕྲག་བཞིའམ་བཅུ་གསུམ་ལ་སོགས་པ་བཟླས་ཤིང་ཐུགས་རྒྱུད་བསྐུལ་བས། བླ་མའི་སྐུ་ལས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབ། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་གནས་ཐམས་ཅད་གང༌། སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག །ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་ཏེ་སྐུ་གསུང་ཐུགས་ཀྱི་གསང་བར་གཉིས་སུ་མེད་པར་བྱིན་གྱིས་བརླབས་པར་བསམ། ཐུན་མཐར་སླར་ཡང་གསོལ་འདེབས་ཀྱི་ཚིག་ལན་གསུམ་བརྗོད་པས། རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་༔ སྙོམས་ཞུགས་བྱང་ཆུབ་སེམས་ཀྱི་རྒྱུན༔ སྤྱི་བོ་ནས་བརྒྱུད་གནས་བཞིར་བབ༔ དབང་བཞིའི་ཡེ་ཤེས་འབེབས་པའི་མཐུས༔ སྒྲིབ་བཞི་བྱང་ཞིང་ཟབ་ལམ་བཞི༔ སྒོམ་པའི་སྣོད་གྱུར་མཐར་ཐུག་གི༔ འབྲས་བུ་སྐུ་བཞིའི་སྐལ་ལྡན་གྱུར༔ མཐར་ནི་རང་ཐིམ་དབྱེར་མེད་ངང་༔ བླ་མ་ཆོས་སྐུའི་རང་ཞལ་བལྟ། ཞེས་མཉམ་པར་བཞག །སྣང་གྲགས་རྟོག་གསུམ་གྱི་ཆོས་ཐམས་ཅད་བླ་མའི་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཀྱི་འཁོར་ལོར་ལམ་དུ་ཁྱེར། བླ་མ་སྐད་ཅིག་ཀྱང་མ་བརྗེད་པའི་ངང་ནས་གསོལ་བ་བཏབ་པའི་ཕན་ཡོན་ཀྱང༌། འདི་ནི་མཆོག་གི་དངོས་གྲུབ་ཀྱང་༔ མྱུར་བ་ཉིད་དུ་མངོན་འགྱུར་ན༔ ཐུན་མོང་ཕྲིན་ལས་སྨོས་ཅི་དགོས༔ ཡིད་བཞིན་ནོར་བུའི་མན་ངག་གོ༔ ཞེས་གསུངས་པས་མཚོན་མཐའ་ཡས་པར་གསུངས་སོ། །གསུམ་པ་བླ་མེད་ཀྱི་སྔོན་འགྲོ་རྒྱུད་མ་ཧཱ་ཡོ་གའི་ལམ་དངོས་ཉིད་བཤད་པ་ལ། དེ་ལྟར་ཐུན་མོང་ཐུན་མིན་གྱི༔ སྔོན་འགྲོའི་རིམ་པས་རྒྱུད་འབྱོངས་ནས༔ དངོས་གཞི་དབང་བཞིའི་ལམ་བཞི་ལས༔ དང་པོ་བུམ་པའི་དབང་གི་ལམ༔ ཕྱི་དབྱིབས་ནང་ལུས་གསང་བ་རྩ༔ དེ་ཉིད་སེམས་ཀྱི་དཀྱིལ་འཁོར་བསྒྲུབ༔ ཅེས་གསུངས་པ་ལྟར། ཕྱི་དབྱིབས་ཀྱི་དཀྱིལ་འཁོར། ནང་ལུས་ཀྱི་དཀྱིལ་འཁོར། གསང་བ་རྩ་ཡི་དཀྱིལ་འཁོར། དེ་ཁོ་ན་ཉིད་སེམསཀྱི་དཀྱིལ་འཁོར་གྱི་བསྐྱེད་རིམ་བཞི་ལས། དང་པོ་ལའང་བསྐྱེད་པ་ལྷའི་རྣལ་འབྱོར་དང༌། བཟླས་པ་སྔགས་ཀྱི་རྣལ་འབྱོར་གཉིས། དང་པོ་ལའང་དམ་ཡེ་གཉིས་མེད་ཀྱི་ལྷ་བསྒོམ་པ་དང༌། གསལ་བརྟན་དག་པ་དྲན་པས་བོགས་དབྱུང་བ་གཉིས་ལས། དང་པོ་ནི། དེ་ལྟར་དབྱིབས་ཀྱི་ལྷ་བསྒོམས་ནས༔ ཞེས་པ་སྟེ། སྤྱིར་སྔོན་འགྲོའི་བསགས་སྦྱང་གནད་དུ་བསྣུན་པས་རྒྱུད་ལས་རུང་དུ་བྱེད་པ་ཞིང་ས་ཐ་རྒོད་བཏུལ་བ་ལྟར་གྱུར་པ་དང༌། སྨིན་གྲོལ་གྱི་ནུས་པས་ས་བོན་འབྲུ་སྐྱོན་མེད་ས་ལ་བཏབ་པ་བཞིན་སྨིན་རུང་དུ་བྱས་པ་ལྷན་ཅིག་ཏུ་ཚོགས་པ་གང༌། དེ་ཉིད་བསྐྱེདབསྲིང་བའི་ཕྱིར་ཆུ་ལུད་སོགས་སོ་ནམ་སྲུང་སྤེལ་གྱི་ཐབས་ལ་འབད་པ་ལྟར། བུམ་དབང་དང་རྗེས་སུ་འབྲེལ་བའི་བསྐྱེད་རིམ་སྣང་སྟོང་ཟུང་འཇུག་བསྒོམ་པ། གསང་དབང་དང་རྗེས་སུ་འབྲེལ་བའི་ཟབ་ལམ་གསལ་སྟོང་ཟུང་འཇུག་བསྒོམ་པ། དབང་གསུམ་པ་དང་རྗེས་སུ་འབྲེལ་བའི་ཕོ་ཉའི་ལམ་བདེ་སྟོང་ཟུང་འཇུག་བསྒོམ་པ། དབང་བཞི་པ་དང་རྗེས་སུ་འབྲེལ་བའི་རྫོགས་ཆེན་རིག་སྟོང་ཟུང་འཇུག་བསྒོམ་པ་བཞི་ལས། དང་པོ་བུམ་དབང་གི་ལམ་བསྐྱེད་རིམ་ཀྱི་ངོ་བོ་ནི་རྗེས་དཔག་གི་ལྷའི་རྣལ་འབྱོར་སྟེ་མཚན་ཉིད་ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པ་བཅོས་ཤིང་བརྟགས་པ་ལས་བྱུང་བའི་ལྷ་སྐུ་སྣང་སྟོང༌། དེ་ཡང་ཁྱད་གཞི་རྣམ་རྟོག་གིས་བརྟགས་པའི་ལྷ་སྐུ་ལ། ཁྱད་ཆོས་ཆོ་གའི་ཁྱད་པར་རྒྱུད་ལས་གསུངས་པའི་བསྐྱེད་ཆོག་གི་རིམ་པ་ཚང་བ། རང་འབྲས་ཀྱི་ཁྱད་པར་སྔགས་ཀྱི་མཐུ་བསྐྱེད་ནུས་པ། ངོ་བོའི་ཁྱད་པར་ཐུན་མོང་མ་ཡིན་པའི་ཞུ་བདེའི་ཆ་ཤས་སྟོང་ཉིད་ཀྱིས་རྒྱས་བཏབ་པ། བྱེད་ལས་ཀྱི་ཁྱད་པར་དག་རྫོགས་སྨིན་གསུམ་ཚང་བ་སྟེ་ཁྱད་ཆོས་བཞི་ལྡན་ཞེས་ཀུན་རྫོབ་འཇིག་རྟེན་སྐྱེ་བའི་རིམ་པ་དང་སྦྱར་ཏེ་བསྐྱེད་རིམ་ལྷའི་རྣལ་འབྱོར་འཁོར་དང་བཅས་པ་ལ་ཀུན་རྫོབ་བདེན་པའི་རྣལ་འབྱོར་ལམ་གྱི་གཞི་ཡིན་པས་སྔོན་དུ་འགྲོ་དགོས་པ་ལ་འདིས་བསྒྲུབ་བྱ་ཆོས་དབྱིངས་རང་བཞིན་རྣམ་དག་གི་ལྷ་གདོད་ནས་བཞུགས་པའི་དམ་ཚིག་སེམས་དཔའ་དང༌། འཁོར་འདས་ཀུན་ཁྱབ་སངས་རྒྱས་ཆོས་ཀྱི་སྐུ་ཡེ་ཤེས་སེམས་དཔའི་བདག་ཉིད་ཀྱི་ལྷ་གཉིས་ཐོག་མ་ཉིད་ནས་དམ་ཡེ་གཉིས་མེད་དུ་གྱུར་པའི་བྱིན་རླབས་སམ་རྩལ་ལས་ཤར་བའི་མཚན་མའི་ལྷ་རྩ་གསུམ་ཀུན་འདུས་རིག་འཛིན་བླ་མའི་ཡེ་ཤེས་ཀྱི་འཁོར་ལོར་སྣང་བ་ཉིད་སྒྲུབ་བྱེདཀྱི་ཐབས་ཕྱི་དབྱིབས་ཀྱི་དཀྱིལ་འཁོར། ནང་ལུས་ཀྱི་དཀྱིལ་འཁོར། གསང་བ་རྩ་ཡི་དཀྱིལ་འཁོར། དེ་ཁོ་ན་ཉིད་སེམས་ཀྱི་དཀྱིལ་འཁོར་བཞི། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པས་བསྡུས་པའི་ཆོ་གས། ཇི་ལྟར་སྒྲུབ་ཚུལ་བསྙེན་སྒྲུབ་ཡན་ལག་བཞིའི་ཚུལ་དུ་བསྒྲུབས་པས། གྲུབ་འབྲས་རིག་འཛིན་བཞི་གྲུབ་པའི་ཚུལ་དང་བཅས་ཕན་ཚུན་ལྟོས་ནས་འབྲེལ་བའི་རིམ་ཅན་དུ་བསྟན་པའི་གོ་དོན་སྤྱིར་ངེས་པར་བྱས་ནས་ཇི་ལྟར་བསྒོམ་ཚུལ་དངོས་ལ། དབེན་པའི་གནས་སུ་ཡར་ངོའི་ཚེས་བཅུ་སོགས་དུས་དང་གཟའ་སྐར་དགེ་བར་སྤྲོས་པ་དང་འབྲེལ་ན་གཞུང་མཐུན་སྐུ་རྟེན་བཀྲམ་པའི་མདུན་སྨན་རཀ་གཏོར་མ་ཉེར་སྤྱོད་བཅས་བཤམ། ནང་གི་རྣལ་འབྱོར་གཙོ་བོར་བཏོན་ན་དགོངས་པ་གསལ་འདེབས་ཙམ་གྱིས་རུང༌། གང་ལྟར་ཡང་མཚམས་དམ་དུ་བཅད། ཕྱི་ནང་གི་རྒྱུ་འགྲུལ་རྣམ་གཡེང་སྤངས་ལ་སྔོན་འགྲོ་བསགས་སྦྱང་འགལ་སྤོང་མཐུན་སྒྲུབ་ཀྱི་རིམ་པ་ལས་བྱང་བྱིན་རླབས་བཅུད་འདྲེན་ལྟར་དང༌། དངོས་གཞི་རྩ་བའི་རྣལ་འབྱོར་ལ། དེ་བཞིན་ཉིད་དབྱིངས་གདོད་མའི་མགོན་སོགས་ནས། ཀློང་ནས་ཤར༔ ཞེས་པའི་བར་གྱིས་དང་པོ་རྒྱུ་ཏིང་འཛིན་གསུམ་གྱིས་ཁོག་ཕུབ་དགོས་པས་ཐོག་མར། སྦྱང་བྱ་འཆི་སྲིད་ཆོས་སྐུའི་འོད་གསལ་ངོ་མ་ཤེས་ནས་ལྡོག་པ་ཅན་གྱི་རྣམ་པར་མི་རྟོག་པའི་སྟོང་ཉིད་ལ། སྦྱོང་བྱེད་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་གདོད་མའི་མགོན་པོ་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་དེ་ཉིད་ལ་མཉམ་པར་བཞག་པས་སྣོད་བཅུད་ཀྱི་དངོས་འཛིན་དབྱིངས་སུ་སྦྱངས་ཏེ་འཆི་སྲིད་དག །ཆོས་སྐུའི་ཡེ་ཤེས་གཞི་ལ་རྫོགས། དོན་གྱི་འོད་གསལ་གྱི་སྨིན་བྱེད་དུ་འགྲོ། སྦྱང་བྱ་འཆི་སྲིད་ཀྱི་སྐད་ཅིག་བཞི་པའི་རྗེས་ལྷུན་གྲུབ་འོད་གསལ་གྱི་སྣང་བ་ངོ་མ་ཤེས་པ་སྣང་གསུམ་ལུགས་ལྡོག་གི་བར་དོའི་ཡིད་ལུས་ཉིད། སྦྱོང་བྱེད་རྣམ་པ་བདེ་བ་ཆེན་པོའི་ཡེ་ཤེས་སུ་གསལ་ལ་ངོ་བོ་འཛིན་མེད་ཆུ་ཟླ་ལྟ་བུའི་སྙིང་རྗེ། རོལ་པ་ལོངས་སྐུ་རྡོ་རྗེ་སེམས་དཔའི་བདག་ཉིད་མཁའ་ཁྱབ་ཏུ་སྤྲོས་པས་བར་སྲིད་དག །ལོངས་སྐུའི་ཡོན་ཏན་ཡོངས་སུ་རྫོགས། འོད་གསལ་ཡེ་ཤེས་ཀྱི་སྐུར་ལྡང་བའི་རྒྱུ་སྙིང་རྗེའི་སྨིན་བྱེད་དུ་འགྲོ། སྦྱང་བྱ་ཕྱི་མའི་སྲིད་པ་ལ་སྲེད་ལེན་གྱིས་འཇུག་ལ་ཁད་ཀྱི་བར་དོའི་རླུང་སེམས། སྦྱོང་བྱེད་དཀྱིལ་འཁོར་བསྐྱེད་སྤྲུལ་གྱི་སྤྲུལ་སྐུ་རྒྱུའི་ས་བོན་ཨ་ཡིག་དཀར་གསལ་འོད་འབར་བ་གཟུང་འཛིན་གཉིས་སྟོང་གི་ནམ་མཁའི་ཀློང་དུ་ཤར་བ་བསྒོམས་པས་སྐྱེ་སྲིད་དག །སྤྲུལ་སྐུའི་ཕྲིན་ལས་འཆར་རུང་དུ་རྫོགས། བདེ་བ་དང་རླུང་སེམས་ལས་བྱུང་བའི་ཡེ་ཤེས་ཀྱི་ལྷ་སྐུར་ལྡང་ནུས་པའི་སྨིན་བྱེད་དུ་འགྲོ་བ་སྟེ་ཏིང་འཛིན་རྣམ་གསུམ་གྱིས་དག་རྫོགས་སྨིན་པའི་ཚུལ་འདི་བསྐྱེད་རིམ་གྱི་ཟབ་གནད་ཐུན་མིན་ཡིན་པས་མདོ་ཙམ་སྨོས་པའོ། །གཉིས་པ་འབྲས་བུ་རྟེན་བརྟེན་པའི་དཀྱིལ་འཁོར་ཇི་ལྟར་བསྒོམ་ཚུལ་ནི། གཞི་སྣང་སྒྱུ་འཕྲུལ་དྲྭ་བའི་སྤྲིན་སོགས་ནས། ཆོས་ཟད་འཕོ་ཆེན་ཕྱག་རྒྱར་བཞེངས༔ ཞེས་པ་སྟེ། འོད་གསལ་ལྷུན་གྲུབ་ཀྱི་གཞི་སྣང་ཡིད་ཆོས་གདོད་ནས་ལྷའི་འཁོར་ལོ་ཡེ་ཤེས་སྒྱུ་མའི་ཕྱག་རྒྱར་གནས་པའི་ཡིན་ལུགས་ཉིད་སྐད་ཅིག་དྲན་རྫོགས་སུ་གསལ་འདེབས་པ་སྤྲོས་མེད་ཨ་ཏི་ཡོ་གའི་བསྐྱེད་རིམ་སྟེ་སྣོད་བཅུད་རྣམ་དག་རྡོ་རྗེའི་འོག་མིན་སྐུ་དང་ཡེ་ཤེས་འཇའ་ཟེར་ཐིག་ལེའི་སྤྲིན་ཕུང་འཁྲིགས་པའི་དབུས་སུ་སེང་ཁྲི་པད་ཟླའི་སྟེང་དུ་རང་ཉིད་འཆི་མེད་འཕོ་ཆེན་ཡེ་ཤེས་རྡོ་རྗེའི་སྐུ་ཅན་པཎ་ཆེན་བི་མ་ལ་མི་ཏྲ་སྐུ་མདོག་དཀར་ལྗང་པཎྜི་ཏའི་ཆས། ཕྱག་གཉིས་མཉམ་བཞག་གི་སྟེང་ཚེ་བུམ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། ཤངས་རྩེར་ཡི་གེ་ཨ་ཡིག་དཀར་གསལ་གྱིས་མཚན་པ། བི་མ་ལའི་སྨིན་མཚམས་དབུ་མའི་ཡར་སྣར་བདེ་ཆེན་དྭངས་མའི་བྱང་ཆུབ་སེམས་དཔྱིད་ཀྱི་ཐིག་ལེའི་ངོ་བོ་འོད་གསལ་ཡེ་ཤེས་ཀྱི་སྐུ་བརྙེས་པ་རིག་འཛིན་ཆེན་པོ་ཤྲཱི་སིདྷ་དམར་སྨུག་ཁྲོ་འཛུམ་ཧེ་རུ་ཀའི་ཆས་ཅན། ཕྱག་གཡས་སྡིགས་འཛུབ་ནམ་མཁར་གཏོད་ཅིང་གཡོན་པས་ཐོད་པ་བདུད་རྩིས་གང་བ་དཀུར་བསྟེན་པ། ཞབས་རྒྱལ་པོ་རོལ་སྟབས་ཀྱིས་པད་ཉི་ཟླ་གདན་ལ་འགྱིང་བ། ཐུགས་ཀར་ཡེ་ཤེས་སེམས་དཔའ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་གཞོན་ཚུལ་དཀར་དམར་གྱི་མདངས་ལྡན་ཞི་མ་ཁྲོའི་ཉམས་ཅན། གཅེར་བུ་རུས་པའི་རྒྱན་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང་གཡོན་པ་མཉམ་བཞག་གིས་ཐོད་བུམ་བསྣམས་པ། ཞབས་ཕྱེད་སྐྱིལ་གྱིས་པད་ཟླ་ལ་བཞུགས་པ། དེ་དག་གི་སྐུ་ལས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་སྤྲིན་ཕུང་འཕྲོ་བས་སྣང་སྲིད་ཡེ་ཤེས་རོལ་པའི་རང་སྣང་རྣམ་དག་གི་འཁོར་ལོ་ཆེན་པོར་གཟོད་ནས་ལྷུན་གྱིས་རྫོགས་པ་ཉིད་དགོངས་པ་མངོན་གྱུར་གྱིས་གསལ་གདབ་པའོ། །དེ་ལྟར་གསལ་བཏབ་པ་ལ་དབང་བསྐུར་རྒྱས་གདབ་ཡེ་ཤེས་པ་དྲངས་བསྟིམས་ཕྱག་མཆོད་བསྟོད་པའི་རིམ་པ་བཅས་ལས་རིམ་བདུན་གྱིས་རྫོགས་པར་བྱའོ། །གཉིས་པ་གསལ་བརྟན་དག་པ་དྲན་པས་བོགས་དབྱུང་བ་ནི། གསལ་བརྟན་དག་པ་དྲན་པ་ཡིས༔ ཐ་མལ་སྣང་ཞེན་སྦྱངས་ནས་ཀྱང་༔ ཞེས་པ་ལྟར་གསུམ་ལས་དང་པོ་ཐ་མལ་པའི་སྣང་ཞེན་རགས་པ་ལྡོག་ཕྱིར་ལྷ་སྐུའི་སྣང་ཞེན་ལ་བསླབ་པའི་ཚུལ་ནི། རྫིང་བུ་དྭངས་གསལ་གཡོ་བ་མེད་པའི་ནང་དུ་གཟུགས་བརྙན་ཤར་བ་ལྟར་སྐུ་ཡོངས་རྫོགས་ལམ་ཙམ་གསལ་བ་དམིགས་ཡུལ་དུ་བྱིང་རྒོད་ཀྱི་རྐྱེན་མེད་པར་རྩེ་གཅིག་ཏུ་བསྒོམས་པས་སྤྱི་རྣམ་རགས་པའི་གསལ་སྣང་བྱུང་ན་སྤྱིའི་གསལ་སྣང་མ་ཤོར་བའི་ངང་ནས་སྤྱན་ནས་ཞབས་ཀྱི་བར་སྐུའི་ཆ་ཤས། དབུ་ཞྭ་ན་བཟའ་ནས་གདན་སེང་ཁྲིའི་བར་རྒྱན་དང་རྣམ་འགྱུར་ཆ་ཤས་རེ་རེ་བཞིན་གསལ་ལ་རྟོག་པ་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། སྣང་ལ་རང་བཞིན་མེད་པ་བར་སྣང་གི་འཇའ་ཚོན་ལྟ་བུ། ཐོགས་མེད་ཀུན་ལ་ཁྱབ་པ་ཆུ་ཟླའི་རྣམ་འགྱུར་ལྟ་བུར་ངེས་ཤེས་སྐྱེས་ནས་སྣང་སྟོང་གཉིས་མེད་ཀྱི་ངང་དུ་མཉམ་པར་བཞག་པས་གསལ་བ་གསུམ་གྱི་ཏིང་འཛིན་ལ་གོམས་པ་བརྟན་པས་ཕྱིའི་གཟུགས་ཕུང་དུ་སྣང་བ་རྣམས་སྦྱོང་བར་བྱེད་དོ། །གཉིས་པ་ཐ་མལ་གྱི་ཞེན་རྟོག་ལྡོག་ཕྱིར་ང་རྒྱལ་བརྟན་པ་ནི། རང་ལྷ་དེར་ཤེས་པ་ཙམ་གྱི་ང་རྒྱལ་ཉི་ཚེ་བ་མ་ཡིན་པ་སྟོང་པའི་འོད་གསལ་ཀ་དག་ཁྲེགས་ཆོད་དང༌། སྣང་བའི་འོད་གསལ་ལྷུན་གྲུབ་ཐོད་རྒལ་གྱི་ལམ་སྣང་བཞི་མཐར་སོན་དག་པ་གཉིས་ལྡན་ཆོས་ཟད་གཞིར་གནས་ཀྱི་དགོངས་པ་ཉིད་གདུལ་བྱའི་དཔལ་དུ་སྐུ་དང་ཞིང་ཁམས་རྒྱ་མཚོའི་ཁྱབ་བདག་འཕོ་ཆེན་རྡོ་རྗེ་མི་ཤིགས་དྭངས་མའི་རང་གཟུགས་ནམ་མཁའ་ཇི་སྲིད་སྐྱེ་འཆི་བགྲེས་རྒུད་བྲལ་བའི་རིག་འཛིན་བླ་མ་རྣམ་གསུམ་གྱི་རྡོ་རྗེའི་གསང་བ་གསུམ་གྱི་རྣམ་པར་ཤར་བ་དེ་ཉིད་ངའོ་སྙམ་པའི་ང་རྒྱལ་བརྟན་པོ་བཟུང་ཞིང་འཛིན་མེད་ཀྱི་རྩིས་བཏབ་ནས་གཉུག་མར་ལམ་དུ་ཁྱེར་ཤེས་ན་ཡང་དག་པའི་ལམ་དུ་འགྲོ་ཞིང༌། དེ་ལྟར་གོམས་པས་སེམས་ཐ་མལ་གྱི་འཛིན་ཞེན་སྦྱང་བ་ཡིན་ནོ། །གསུམ་པ་དག་དྲན་ལ་བསླབ་པ་ནི། ཀ་དག་དབྱིངས་ཀྱི་ངོ་བོ་སྤྲོས་མཚན་ལས་གདོད་ནས་གྲོལ་ཀྱང་ལྷུན་གྲུབ་ཡེ་ཤེས་ཀྱི་བདག་ཉིད་འབྲས་བུ་རྣམ་བྱང་གི་ཡོན་ཏན་འདུ་འབྲལ་མེད་པའི་ཚུལ་དུ་ལྷུན་གྱིས་རྫོགས་པ་ཉིད་རིག་འཛིན་བླ་མ་མཆོག་གི་སྐུ་དང་ཞིང་ཁམས་གཙོ་འཁོར་གྱི་ཚུལ་དུ་གཉིས་མེད་དག་པ་ཆེན་པོར་བཞུགས་པ་ལ་ད་ལྟ་ཏིང་འཛིན་གྱིས་བསྒོམས་པའི་ལྷ་དེ་ཡང་དེ་ཉིད་གསལ་འདེབས་པ་ལས་གཞན་ཐ་མལ་རིས་ཆད་དུ་མ་གྱུར་པ་རྣམ་པར་དག་པར་མོས་པས་སྣང་ཞེན་ཐམས་ཅད་ཀྱང་ཡང་དག་པའི་ཡེ་ཤེས་སུ་བསྒྱུར་བའོ། །སྐབས་འདིར་བསྐྱེད་རིམ་གཙོ་བོར་བྱས་ན་ཏིང་ངེ་འཛིན་ལ་རྩལ་འདོན་པའི་ཕྱིར་ཕྲ་བའི་གསལ་སྣང་རྟེན་བརྟེན་པ་སྟོང་གསུམ་ཡུངས་འབྲུའི་ཚུལ་དུ་གསལ་བ་དང༌། ཏིང་འཛིན་གེགས་སེལ་བོགས་འདོན་གྱི་རིམ་པ་ཉང་གཏེར་བླ་མ་དམར་ཁྲིད། བཀའ་བརྒྱད་རང་ཤར་གྱི་སྒོམ་ཁྲིད། བླ་མ་དགོངས་འདུས་སོགས་ལས་འབྱུང་བ་ལྟར་སྦྱར་ཀྱང་རུང་མོད་གཏེར་གཞུང་དངོས་ཀྱིས་ཇི་ལྟར་བསྟན་པ་ཙམ་ལས་དེང་སང་མོས་སྒོམ་ཤས་ཆེ་བའི་ཕྱིར་ཞིབ་པར་མ་བཤད་དོ། །གཉིས་པ་བཟླས་པ་སྔགས་ཀྱི་རྣལ་འབྱོར་ལ། ཡན་ལག་བཟླས་པས་ཐུགས་དམ་བསྐུལ༔ ཞེས་དང༌། ངག་རླུང་ཡིད་ཀྱི་བཟླས་པས་བསྙེན༔ ཞེས་པ་ལྟར་གསུམ་ལས་དང་པོ་ཐུན་མོང་ངག་གི་བཟླས་པ་ནི། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སོགས་དང༌། རླུང་རིག་དབྱེར་མེད་ངང་ནས་བཟླ༔ ཞེས་པ་སྟེ། བསྐྱེད་རིམ་གྱི་ཏིང་འཛིན་གྱིས་དུབ་ན་ངལ་གསོའི་གེགས་སེལ་དང༌། བཟླས་པ་དངོས་གྲུབ་ཀྱི་གནས་ལ་ཐུགས་དམ་བསྐུལ་བའི་ཕྱིར་བསྙེན་པས་ཐུགས་རྒྱུད་བསྐུལ་དགོས་པས་བཟླས་པའི་གཞི་བི་མ་ལའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་པད་འབྱུང་དེའི་ཐུགས་ཀར་ཟླ་བའི་སྟེང་དུ་དྭངས་མའི་སྲོག་གི་ས་བོན་ཨ་ཡིག་གི་མཐར་རིག་འཛིན་བླ་མའི་སྲོག་སྔགས་ཀྱིས་གཡས་སུ་བསྐོར་བ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བསྒྲུབ་པའི་དམིགས་གནད་སྤྱི་ལྟར་སྦྱར་ལ་སྔགས་ཀྱི་བཟླས་པའོ། །གཏེར་གཞུང་རྩ་བ་ལས་དུས་བསྙེན་བདུན་ཕྲག་གསུམ་དུ་གསུངས་ཤིང༌། གྲངས་བསྙེན་འབུམ་ཕྲག་བཞིའམ་འབྲུ་འབུམ་སོགས་བཟླ་བར་བྱའོ། །གཉིས་པ་རགས་པ་ཡིད་བཟླས་ནི། ལུས་གནད་རྐང་པ་རྡོར་སྐྱིལ་ལམ་ཕྱེད་སྐྱིལ། ལག་པ་མཉམ་བཞག་དང་བཅས་རླུང་སྔགས་སེམས་གསུམ་དབྱེར་མེད་ཀྱི་ངེས་པས་སེམས་དཔའ་སུམ་བརྩེགས་སྔགས་ཕྲེང་དང་བཅས་པ་སྔར་ལྟར་དམིགས་ལ་རླུང་རོ་བསལ་ཞིང་དལ་བུའི་འབྱིན་འཇུག་གིས་འཇམ་རླུང་བུམ་པ་ཅན་བཟུང་ལ་སྙིང་གའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་རིག་པ་གཡོ་མེད་དུ་གཏད་ལ་རྩ་སྔགས་ཡིད་ཀྱི་དམིགས་པས་བཟླ། ཅུང་ཟད་མི་བདེ་སྙམ་ན་སྣ་སྒོ་གཉིས་ནས་ཐོག་མར་སྤུ་མི་འགུལ་བའི་ཚོད་ཙམ་ལས་བར་དུ་ཤུགས་བསྐྱེད་ཅིང་མཐར་སང་གིས་འཕང་ངོ༌། །གསུམ་པ་ཕྲ་བ་རླུང་དང་སྦྱར་བའི་རྡོར་བཟླས་ནི། སེམས་དཔའ་སུམ་བརྩེགས་ཀྱི་གསལ་སྣང་སྔར་ལྟར་དང་ལུས་གནད་ཆོས་བདུན་ནམ་ཡིད་བཟླས་ཀྱི་སྐབས་ལྟར་བྱ་བས་རླུང་རོ་བསལ་རྗེས་རང་བབ་ཀྱི་རླུང་འབྱུང་གནས་ལྡང་གསུམ་ལ་སེམས་མ་གཡེངས་པར་གཏད་དེ་ནང་དུ་འཇུག་པའི་ཚེ་ཨོཾ། གནས་པ་ཨཱཿ ཕྱིར་ལྡང་བ་ཧཱུྃ་གི་སྒྲ་གདངས་སུ་ཤེས་པས་རླུང་སྔགས་སྟོང་པ་གསུམ་གྱི་གནད་གཅིག་ཏུ་དྲིལ་ཏེ་སྐད་ཅིག་ཀྱང་མ་ཡེངས་པར་བཟླ། རླུང་ནང་དུ་འདུས་ནས་འགག་པ་ལ་ཕྱོགས་ན་སྤོས་དྲི་ཞིམ་པོས་སློང་བ་སོགས་ཐབས་ཀྱིས་བསལ། དེ་ལ་མྱོང་བ་ཐོན་ནས་རྡོར་བཟླས་སྦྱོར་བ་བཞི་ལྡན་གྱི་བུམ་ཅན་དང་སྦྲགས་ནས་བུམ་ཅན་ཆེ་འབྲིང་ཆུང་གསུམ་གང་རུང་མ་འགྲུབ་ཀྱི་བར་འབད་དོ། །གཉིས་པ་ནང་ལུས་ཀྱི་དཀྱིལ་འཁོར་གྱི་བསྐྱེད་བཟླས་ནི། སྔར་བསྐྱེད་རིམ་གསལ་བཏབ་པ་དེ་ཉིད་རང་གི་ཕུང་ཁམས་མ་དག་པ་ཞིག་སྣམ་བུ་ཚོས་ཀྱིས་བསྒྱུར་བ་ལྟར་དག་པ་རིག་འཛིན་བླ་མའི་སྐུ་རུ་བློས་བཏགས་ནས་གསར་དུ་བསྒྱུར་བ་མ་ཡིན། ཀུན་རྫོབ་འཁྲུལ་སྣང་སྡུག་ཀུན་གྱི་བདེན་པའི་སྣང་ཆ་འདི་དག་ནི་རྡོ་རྗེའི་ལུས་ཀྱི་གནས་ལུགས་གདོད་ནས་གདན་གསུམ་ལྷ་ཡི་སྐུ་དང་ཡེ་ཤེས་ཀྱི་རྣམ་རོལ་ཉག་གཅིག་ཏུ་འགོག་ལམ་གྱི་ངོ་བོར་དག་པ་ལ་འཁོར་འདས་སྤང་བླང་གཉིས་མེད་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ་པའི་དོན་གྱི་ཡིན་ལུགས་མངོན་སུམ་དུ་གསལ་འདེབས་པས་འབྲས་བུ་ལམ་བྱེད་སྔགས་ཀྱི་ཐེག་པའི་ཁྱད་ཆོས་སུ་གྲགས་པ་སྟེ་ཁྱད་པར་དུ་འཁོར་ལོའི་དབང་ཕྱུག་རིག་འཛིན་བླ་མའི་ཕུང་ཁམས་གདན་གསུམ་ཡོངས་རྫོགས་ཀྱི་འཁོར་ལོར་ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་དུ་ཤེས་པའི་ཡོངས་གྲུབ་ཆེན་པོའི་དག་སྣང་དང་མོས་གུས་ཀྱིས་བླ་མ་དང་ཡི་དམ་དབྱེར་མེད་དུ་བསྒྲུབ་པའི་ཐབས་བྱིན་རླབས་དངོས་གྲུབ་མྱུར་དུ་འཐོབ་བྱེད་གནད་དུ་བསྣུན་པས་གསང་ཆེན་རིགས་གཅིག་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཚུལ་ཟབ་མོར་ཤེས་པས་བླ་སྒྲུབ་དཀྱུས་ཀྱི་ཀུན་བཟང་དོན་ཕྲིན་གྱི་གཞུང་ལྟར། པད་ཉི་ཟླ་བའི་གདན་ལ་འགྱིང་༔ ཞེས་པའི་མཚམས་སུ། ནང་དུ་ལུས་ཀྱི་གནས་རྣམས་སུ༔ ཕུང་ཁམས་དག་པའི་རིགས་མཆོག་ལྔ༔ སྤྱི་བོར་རྣམ་སྣང་སྐུ་རྡོ་རྗེ༔ དཀར། མགྲིན་པར་སྣང་མཐའ་གསུང་རྡོ་རྗེ༔ དམར། སྙིང་གར་མི་བསྐྱོད་ཐུགས་རྡོ་རྗེ༔ མཐིང༌། ལྟེ་བར་རིན་འབྱུང་ཡོན་ཏན་དང༔ སེར། གསང་བར་དོན་གྲུབ་ཕྲིན་ལས་ཀྱི༔ ལྗང༌། རྡོ་རྗེ་སོ་སོའི་རིགས་ཀྱི་ཡུམ༔ དབྱིངས་ཕྱུག་་་་དཀར། གོས་དཀར་་་་དམར། མཱ་མ་ཀི༔་་་མཐིང༌། སྤྱན་མ་་་་སེར། དམ་ཚིག་སྒྲོལ་མ་བཅས༔་་་་ལྗང༌། ཡབ་རྣམས་གཡས་རང་རྟགས། གཡོན་དྲིལ་བུ། འཁོར་ལོ་པདྨ་རྡོ་རྗེ་དང༔ རིན་ཆེན་རལ་གྲི་དྲིལ་བུ་བསྣམས༔ ཡུམ་རྣམས་གཡས་རང་རྟགས། གཡོན་དྲིལ་བུ། མཆན། མི་བསྐྱོད་ཐུགས་ཀར་ཀུན་ཏུ་བཟང་༔་་་མཐིང༌། ཡབ་ཡུམ་ཕྱག་རྒྱ་མཉམ་བཞག་ཅན༔ ཡེ་ཤེས་སེམས་དཔའ་པདྨ་འབྱུང་༔ དཀར་དམར་མདངས་ལྡན་ཞི་མ་ཁྲོ༔ གཅེར་བུ་རིན་ཆེན་རུས་པས་བརྒྱན༔ སྣ་ཚོགས་དར་གྱི་ཅོད་པན་འཆང་༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པས་མཉམ་བཞག་ཐོད་བུམ་བསྣམས༔ ཞབས་ཟུང་ཕྱེད་སྐྱིལ་པད་ཟླར་རོལ༔ གཡས་ཕྱོགས་དབང་པོའི་རྩ་བཞི་ལ༔ རྣམ་ཤེས་དག་པའི་ནང་སེམས་བཞི༔ ཡུལ་བཞི་དག་པའི་སེམས་མས་འཁྲིལ༔ མིག་ལ་ས་སྙིང་་་་རིན་པོ་ཆེའི་སྙེ་མ། སྒེག་མོ་མ༔ མེ་ལོང་ཡབ་ཡུམ་གཉིས་ཀ་དཀར། རྣ་བར་ཕྱག་རྡོར་རྡོ་རྗེ་ གླུ་མ་པི་ཝང་ལྗང༌། གཉིས༔ སྣ་ལ་ནམ་སྙིང་ རལ་གྲི། ཕྲེང་བ་མོ༔ དོ་ཤལ་སེར། ལྕེ་ལ་སྤྱན་རས་གཟིགས་ པདྨ། གར་མ༔ རྡོ་རྗེ་དམར། གཡོན་ཕྱོགས་དབང་པོའི་རྩ་བཞི་ལ༔ དབང་པོ་དག་པའི་ཕྱི་སེམས་བཞི༔ དུས་བཞི་དག་པའི་སེམས་མས་འཁྲིལ༔ མིག་ལ་བྱམས་པ་ ཀླུ་ཤིང༌། བདུག་སྤོས་མ༔ སྤོས་ཁང་དཀར་སེར། རྣ་བར་སྒྲིབ་སེལ་ རིན་པོ་ཆེའི་སྒྲོམ། མེ་ཏོག་ཅན༔ མེ་ཏོག་དམར་སེར། སྣ་ལ་ཀུན་བཟང་རིན་པོ་ཆེའི་སྙེ་མ། ཨཱ་ལོ་ཀེ༔ མར་མེ་དམར་ལྗང༌། ལྕེ་ལ་འཇམ་དཔལ་ ཨུཏྤལ། དྲི་ཆབ་མ༔ དུང་ཆོས་དཀར་ལྗང༌། དཔྲལ་བ་ལྷ་ཡི་ཐུབ་པ་བརྒྱ་བྱིན་པི་ཝང་དཀར། ལྕེ་ཐག་བཟང་རིས་གོ་ཆ་སྔོ། དང་ སྙིང་ག་ཤཱཀྱ་ཐུབ་པ་གསེག་ཤང་སྤར་བུ།དང་༔ ལྟེ་བ་སེང་གེ་རབ་བརྟན་པོ་ཏི་ལྗང༌། གསང་གནས་ཁ་འབར་རིན་པོ་ཆེའི་སྒྲོམ་དམར། རྐང་མཐིལ་གཡོན༔ ཨ་ཝ་གླང་མགོ་མེ་ཆུ་དུད་ཁ། འཇིག་རྟེན་དྲུག་དང་ཉོན་མོངས་ལྔ༔ སེར་སྣར་ལྟ་བ་གནས་དག་པའི༔ རིག་པའི་སྐྱེས་བུ་ཐུབ་པ་དྲུག༔ ཡན་ལག་བཞི་ལ་སེམས་ཅན་གྱི༔ ལུས་ཀྱི་རྣམ་པར་ཤེས་པ་དང་༔ དབང་པོ་རེག་བྱ་རེག་ཤེས་བཞི༔ རྟག་ཆད་བདག་དང་མཚན་མར་ལྟ༔ གནས་དག་སྒོ་བ་གཤིན་རྗེ་གཤེད༔ ཐོད་དབྱུག་སྨུག་ནག །སྟོབས་ཆེན་རྡོ་རྗེ་སེར་ནག རྟ་མགྲིན་ཐོད་སྦྲུལ་དམར་ནག །བདུད་རྩི་འཁྱིལ༔ རྒྱ་གྲམ་ལྗང་ནག ཕོ་ཉ་བཞི་ལྕགས་ཀྱུ་སོགས་བཞི་ཡབ་ལྟར། བཅས་ཡབ་ཡུམ་དང་༔ རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ སྣང་བ་མངོན་སུམ་ཐིག་ལེའི་སྦུབས༔ ཞེས་སོགས་ལས་བྱང་དཀྱུས་ལ་འཇུག །དེ་ཡང་རང་གི་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་རྣམ་ཤེས་ཚོགས་བརྒྱད་དང་བཅས་པ་ཀུན་གཞི་ཉོན་ཡིད་ཀྱི་འཁྲུལ་པས་བསླད་ནས་གཟུང་འཛིན་དུག་ལྔ་རང་རྒྱུད་དུ་སྣང་བ་རྣམས་རང་བཞིན་ཡོངས་གྲུབ་ཆེན་པོའི་གནས་ལུགས་གདན་གསུམ་དག་པ་རབ་འབྱམས་ལྷའི་འཁོར་ལོར་ལྷུན་གྱིས་རྫོགས་པའི་དོན་ཤེས་པས། གནས་ཚུལ་དང་མཐུན་པའི་ཏིང་འཛིན་བསྒོམས་ཤིང་ལམ་དུུ་བྱས་པས་འཁྲུལ་པའི་མུན་སྤྲུལ་སངས་ནས་ཡིན་ལུགས་མངོན་གྱུར་གྱིས་དངོས་གྲུབ་མཆོག་གི་སར་སྦྱོར་བ་ལ་གདན་གསུམ་ལུས་དཀྱིལ་ཉིད་ལྷག་པར་ཟབ་པའི་དོན་ཤེས་པས་གསལ་གདབ་ལ། བླ་སྒྲུབ་རྩ་བའི་བཟླས་པ་ཁྱུག་ཙམ་སྔོན་དུ་འགྲོ་བ་དང་བཅས། ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཨ༔ སྔགས་ཀྱི་ཕྲེང་བས་མཚན་པ་ལས༔ འོད་འཕྲོས་ལུས་ཀྱི་ལྷ་ཚོགས་རྣམས༔ ཐུགས་དམ་བསྐུལ་ཞིང་དགྱེས་པ་བསྐྱེད༔ ཐུགས་རྗེའི་འོད་ཟེར་མཁའ་ཁྱབ་འཕྲོས༔ འཕགས་པ་མཆོད་ཅིང་འགྲོ་སྒྲིབ་སྦྱང་༔ ཚུར་འདུས་བྱིན་རླབས་དངོས་གྲུབ་ཐོབ༔ སླར་འཕྲོས་སྣོད་བཅུད་ཐམས་ཅད་ཀུན༔ འཆི་མེད་རིག་འཛིན་བླ་མ་དང་༔ རྡོ་རྗེ་དབྱིངས་ཀྱི་ཕྱག་རྒྱར་སད༔ སྔགས་ཀྱི་རང་སྒྲ་སྒྲོགས་པར་བསམ༔ སྟོང་གསལ་ངང་ནས་སྔགས་འདི་བཟླ༔ ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་ས་ཏྭ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཿ ཞེས་གྲངས་བསྙེན་འབུམ་ཕྲག་གཅིག་བཟླ་གསུངས། གསུམ་པ་གསང་བ་རྩ་ཡི་དཀྱིལ་འཁོར་བསྒོམ་པ་ནི། ལུས་གདན་གསུམ་གྱི་འཁོར་ལོར་བསྒོམ་པ་དེ་ཡི་འཆར་གཞི་རྩ་བ་གནས་པ་རྩ་ཡི་དཀྱིལ་འཁོར་ཏེ། དེ་ལ་རླུང་དང་ཐིག་ལེ་སེམས་ཐམས་ཅད་བརྟེན་པས་དེ་ཉིད་རྣམ་པར་དག་པ་ལྷའི་འཁོར་ལོ་ཡེ་ཤེས་ཀྱི་རོལ་པར་བསྒོམས་ན་སངས་རྒྱས་ཀྱི་སྐུ་རྡོ་རྗེ་མཁའ་ཁྱབ་ཡེ་ཤེས་ཀྱི་ཕུང་པོ་ཡིན་ལུགས་མངོན་དུ་འགྱུར་ནུས་པས་ན་སྔ་མ་ལུས་དཀྱིལ་ལས་ཀྱང་འདི་ཉིད་ཟབ་པས་གསང་སྒྲུབ་ཏུ་གསུངས་ཏེ། སྒོམ་དོན་གསལ་འདེབས་ནི། རྩ་བའི་ལས་བྱང་གི །པད་ཉི་ཟླ་བའི་གདན་ལ་འགྱིང་༔ རང་ཉིད་འཆི་མེད་རིག་འཛིན་གྱི༔ སྣང་སྟོང་ཟུང་འཇུག་སྐུ་ཡི་དབྱིངས༔ རྩ་གསུམ་འཁོར་ལོ་འོད་ཀྱི་སྦུབས༔ སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས༔ བུདྡྷ་ཁྲག་འཐུང་གཤིན་རྗེ་གཤེད༔ སེར་ནག་བེ་ཅོན་ཐོད་ཁྲག་བསྣམས༔ མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས༔ པདྨ་ཁྲག་འཐུང་རྟ་མཆོག་རོལ༔ དམར་སྨུག་པདྨ་བྷནྡྷ་འཛིན༔ ཐུགས་ཀར་ཆོས་ཀྱི་འཁོར་ལོའི་དབུས༔ བཛྲ་ཁྲག་འཐུང་ཡང་དག་དཔལ༔ མཐིང་ནག་རྡོ་རྗེ་དུང་ཁྲག་རོལ༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས༔ རཏྣ་ཁྲག་འཐུང་ཆེ་བའི་མཆོག༔ སྨུག་ནག་རྡོ་རྗེ་བྷན་ཁྲག་བསྣམས༔ གསང་བ་བདེ་སྐྱོང་འཁོར་ལོའི་དབུས༔ ཀརྨ་ཁྲག་འཐུང་ཀཱི་ལ་ཡ༔ ལྗང་ནག་ཕྱག་གཉིས་ཕུར་བུ་འདྲིལ༔ ནོར་བུ་མི་ཕྱེད་འཁོར་ལོའི་དབུས༔ དབྱིངས་ཀྱི་ཁྲག་འཐུང་བླ་མེད་ཆེ༔ མཐིང་དམར་བྱ་ཁྱུང་ཞིང་དབྱུག་འཕྱར༔ བརླ་གཡས་ཐབས་ཀྱི་འཁོར་ལོའི་དབུས༔ ཡེ་ཤེས་ཁྲག་འཐུང་དྲེགས་པ་འདུལ༔ མཐིང་ནག་ཐོ་བ་མདུང་ཐུང་གསོར༔ བརླ་གཡོན་ཤེས་རབ་འཁོར་ལོའི་དབུས༔ རིག་རྩལ་ཁྲག་འཐུང་སྟོབས་ལྡན་ནག༔ དུད་ཀ་ལྕགས་ཀྱུ་སྤྲུལ་ཞགས་འཆིང་༔ གཙུག་ཏོར་ནོར་བུའི་འཁོར་ལོའི་དབུས༔ ཁྱབ་བདག་ཁྲག་འཐུང་ཐོད་པ་རྩལ༔ འདི་དྲང་སྲོང་ལྟར་ཁྲོས་པ་དར་དང་རིན་ཆེན་རུས་པའི་རྒྱན་ཅན། གཞན་རྣམས་སྲིན་པོ་ལྟར་ཁྲོས་པ་དུར་ཁྲོད་དཔལ་ཆས་ཅན། དམར་སྨུག་རྡོ་རྗེ་དྲིལ་བུ་བསྣོལ༔ ཀུན་ཀྱང་རང་རང་ཡུམ་དང་འཁྲིལ༔ རིགས་ཀྱི་ཚོམ་བུ་ཅིར་ཡང་སྤྲོ༔ རིག་འཛིན་ལ་དར་གྱི་ཕོ་ལོང༌། པད་ཉི་དྲེགས་པའི་གདན་སྟེང་དུ༔ ཡེ་ཤེས་མེ་དཔུང་ཀློང་ན་རོལ༔ གཞན་ཡང་བ་སྤུའི་བུ་ག་ཚུན༔ རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ རྩེ་གཅིག་སེམས་བཟུང་གསལ་སྣང་བསྒྲུབ༔ སྣང་བ་མངོན་སུམ་ཐིག་ལེའི་སྦུབས༔ སོགས་དཀྱུས་ལ་འཇུག་ཅིང་ལས་རིམ་རྫོགས་པར་བྱ། དེ་ཡང་གདོན་ནས་མི་ཤིགས་པ་རྡོ་རྗེའི་གསང་བ་གསུམ་གྱི་ལྷ། ས་ཆུའི་དྭངས་མ་སྐུ། མེ་རླུང་གི་དྭངས་མ་གསུང༌། མཁའ་སེམས་ཀྱི་དྭངས་མ་ཐུགས། དེ་ཐམས་ཅད་ལྡོག་ཆས་ཕྱེ་བ་ཙམ་ལས་དོན་ལ་རྡོ་རྗེ་གསུམ་མཉམ་པ་ཉིད་ཡེ་ཤེས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་དབྱེར་མི་ཕྱེད་པའི་ཁྱབ་བདག་ཧེ་རུ་ཀ་བདེ་གཤེགས་འདུས་པའི་སྤྱི་དཔལ་ཆེན་པོ་ཉིད། རྣམ་པ་རིག་འཛིན་བླ་མའི་འཆི་མེད་ཡེ་ཤེས་ཀྱི་སྐུའི་རྩ་གསུམ་འཁོར་ལོ་བརྒྱད་རྣམ་པ་ཐམས་ཅད་པའི་རང་བཞིན་དུ་ཤར་བའི་རྟེན་ལ། བརྟེན་པ་ཟླ་ཉི་སྒྲ་གཅན་གྱི་དྭངས་མའི་ཁམས་རྣམས་ཡེ་ཤེས་ཀློང་དགུའི་ཁྲག་འཐུང་གི་ངོ་བོར་དག་པ་རྣམས་གཙོ་བོ་ཕྱག་རྒྱ་གཅིག་པའི་རྣམ་པ་རུ་ཞལ་ཕྱག་གསལ་ལ་མ་འདྲེས། སྣང་ཆས་གདོས་བཅས་སུ་མ་གྲུབ། བལྟར་ཡོད་གཟུང་དུ་མེད་པ། སྐུ་ཆུང་ལ་ཡན་ལག་དོད་པ། རྒྱན་དང་ཕྱག་མཚན་ཡོངས་སུ་རྫོགས་པ། རྣམ་པ་གསལ་བ། རང་བཞིན་བདེ་བ། ངོ་བོ་སྟོང་པ་དང་ཟུང་དུ་འཇུག་པ། གཟོད་ནས་ཤིན་ཏུ་རྣམ་པར་དག་པའི་གཉུག་མའི་སྒོ་གསུམ་ལྷ་སྔགས་ཆོས་སྐུའི་རྣམ་པ་དབྱིངས་རིག་ཟུང་འཇུག་གི་སྒྱུ་འཕྲུལ་སྒྲ་ཇི་བཞིན་པར་གསལ་བཏབ་ལ། རྩ་བའི་བཟླས་པའི་རྗེས། ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧཱུྃ༔ འབར་བའི་སྔགས་ཕྲེང་སྒྲར་བཅས་འཁོར༔ འོད་ཀྱིས་ལུས་དཀྱིལ་ལྷ་རྣམས་བསྐུལ༔ དེ་རྣམས་སྙོམས་འཇུག་དགྱེས་འོད་ཀྱིས༔ རྩ་གསུམ་མཆོད་ཅིང་བྱིན་རླབས་བསྡུས༔ རིགས་དྲུག་ཉོན་མོངས་དུག་ཆེན་སྦྱང་༔ གཉིས་སྣང་དྲེགས་པ་ཟིལ་གྱིས་མནན༔ གཟུང་འཛིན་དགྲ་བགེགས་ཚར་ཐག་བཅད༔ གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ སྣང་སྲིད་གཞིར་བཞེངས་ལྷ་སྔགས་དབྱིངས༔ ཁྲག་འཐུང་རོལ་པའི་ཕྱག་རྒྱར་ཤར༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བསམ༔ ཨོཾ་བཛྲ་མ་ཧཱ་གུ་རུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བཟླ། གྲངས་དམིགས་བསལ་མ་གསུངས་ཀྱང་སྔ་མའི་འགྲོས་སྦྱར་བས་ཞི་ཁྲོ་གཉིས་ཀ་འབུམ་ཕྲག་བཞི་བཟླ་བ་ལེགས་པར་སེམས་སོ། །བཞི་པ་དེ་ཁོ་ན་ཉིད་སེམས་ཀྱི་དཀྱིལ་འཁོར་ནི། དེ་ཉིད་སེམས་ཀྱི་དཀྱིལ་འཁོར་ནི༔ ལྷ་ཉིད་རང་གི་སེམས་ཡིན་ལ༔ སེམས་ཉིད་རང་རྩལ་ལྷ་སྐུར་ཤར༔ ལྷ་དང་བདག་ཉིད་དབྱེར་མེད་པར༔ དག་མཉམ་རྟོགས་པའི་གདེང་བསྐྱེད་ལ༔ དུས་གསུམ་སྤྲོས་པས་མ་བསླད་པའི༔ རིག་སྟོང་རྗེན་པའི་ངང་དུ་བཞག༔ རྟོག་ཚོགས་ཤར་གྲོལ་དུས་མཉམ་བསྐྱང་༔ དོན་གྱི་ཡེ་ཤེས་ལྷ་སྐུ་འགྲུབ༔ དེ་ནི་བུམ་དབང་གདམས་ངག་སྟེ༔ རྣལ་འབྱོར་ཆེན་པོའི་བསྙེན་པའོ༔ ཞེས་པ་སྟེ་བསྒྲུབ་བྱ་མཐར་ཐུག་ཡེ་ཤེས་ཀྱི་ལྷའི་དཀྱིལ་འཁོར་གང་རང་གི་སེམས་ཀྱིས་ཞི་ཁྲོ་ཕྱི་ནང་གི་དཀྱིལ་འཁོར་ཤེལ་ལས་འཇའ་ཚོན་ལྟར་གསལ་བ་ཙམ་ལས་གཞན་དུ་མ་གྲུབ་ལ། སེམས་ཀྱི་གནས་ལུགས་ནི་གསལ་རིག་ཀུན་ཁྱབ་ཆེན་པོའི་ཡེ་ཤེས་སུ་དག་པའི་རོ་མཉམ་ཆེན་པོར་སྡོམ་པ་དུ་མ་རོ་གཅིག་གི་གནད་དུ་འདུས་པར་ཤེས་པས་ཀ་དག་གཏིང་གསལ་གྱི་དགོངས་པ་ལས་མ་གཡོས་བཞིན་དུ། ལྷུན་གྲུབ་རང་བྱུང་ཆེན་པོའི་རོལ་པ་བསྐྱེད་བཟླས་རྫོགས་གསུམ་དབྱེར་མེད་གཅིག་དྲིལ་བུ་བརྩོན་པས་དགོངས་པ་མི་འགྱུར་བའི་གཟེར་ཞེས་འཁོར་འདས་ཀྱི་སྟོང་སྲོག་དུས་གཅིག་ལ་འཕྲོག་ནས་དཔལ་ཧེ་རུ་ཀའི་ཐུགས་ཀྱི་ཐིག་ལེར་འཚང་རྒྱ་བའི་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུའི་ཏིང་ངེ་འཛིན་གྱིས་ཕྱི་ནང་གསང་བའི་བསྐྱེད་རིམ་ཐམས་ཅད་ལ་རྒྱས་ཐེབས་པ་ནི་མེད་དུ་མི་རུང་བའི་ཟབ་གནད་དེ། དེས་ན་ལམ་གོང་མ་ཐམས་ཅད་ཀྱི་སྟེགས་སུ་གྱུར་པས་རྣལ་འབྱོར་ཆེན་པོ་བསྙེན་པའི་ཡན་ལག་བུམ་དབང་གི་ལམ་ཞེས་གཙོ་བོར་སྨོས་པ་ཙམ་ལས་དོན་ལ་བསྐྱེད་རྫོགས་ཟུང་འཇུག་གི་ལམ་ཁྱེར་ཐམས་ཅད་ཆུན་དྲིལ་བའི་ཟབ་གནད་དུ་མས་འཕགས་པ་འོག་མ་གསུམ་ལའང་ཤེས་པར་བྱ་དགོས་སོ། །དེ་ལྟར་ཕྱི་ནང་གསང་བའི་བསྙེན་སྒྲུབ་ལེགས་པར་མཐར་ཕྱིན་པས་དབང་དང་དངོས་གྲུབ་ལེན་ཕྱིར་རྒྱས་པ་བཤགས་སྐོང་གི་ཆོ་ག་དང་འབྲེལ་བའི་སྒྲུབ་པའི་ཚུལ་དུ་ཞག་ཉེར་གཅིག་གམ་བདུན་སོགས་སུ་ཚོགས་མཆོད་རྒྱ་ཆེར་བྱས་ལ་བདག་འཇུག་གི་ཆོ་གས་དབང་ལེན་དང༌། མཐའ་རྟེན་ཚེ་སྒྲུབ། མཆོག་གི་ལས་སྦྱོར་བདུད་རྩིའི་སྒྲུབ་པ། སྦྱིན་སྲེག་སོགས་སྤྱི་དང་བྱེ་བྲག་གི་ལས་སྦྱོར་གཏེར་གཞུང་ལྟར་ཇི་ལྟར་འདོད་པ་ཉམས་སུ་ལེན། སྤྲོས་པ་བསྡུ་ན་བཤགས་སྐོང་གྲུབ་རྗེས་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ལ་བརྟེན་ནས་དངོས་གྲུབ་བླང་བ་དང༌། ཚེ་སྒྲུབ་ཙམ་གྲུབ་ན་ཤིན་ཏུ་ལེགས་པས་ཞར་ལ་འཕྲོས་པའོ། །གཉིས་པ་ལམ་གྱི་གཞུང་ཤིང་ལུང་ཨ་ནུ་ཡོ་གའི་རྫོགས་རིམ་གྱི་ཁྲིད་ལ། རང་བྱིན་བརླབ་པ་རྩ་རླུང་ཐིག་ལེའི་རྣལ་འབྱོར་དང༌། གཞན་ལུས་བརྟེན་པ་དཀྱིལ་འཁོར་གྱི་འཁོར་ལོ་གཉིས་ལས། དང་པོ་ནི། གཉིས་པ་གསང་བའི་དབང་གི་ལམ༔ ཕྱི་ལྟར་ལུས་རྩའི་སྟོང་ར་གསལ༔ ནང་དུ་རླུང་གི་སྦྱོར་བས་གཅུན༔ གསང་བ་གཏུམ་མོའི་དྲོད་སྦར་བས༔ བདེ་བ་དབབ་ཅིང་དེ་ཁོ་ན༔ གསལ་སྟོང་མི་རྟོག་ཡེ་ཤེས་འཆར༔ གསང་དབང་གདམས་ངག་ཨ་ནུའི་ལམ༔ འཇུག་པའི་སྦྱོར་བ་ཉེ་བསྙེན་ནོ༔ ཞེས་པ་ལྟར་བཀོད་པ་ལུས་དང་རྩ་ཡི་སྟོང་ར། གཡོ་བ་རླུང་གི་སྦྱོར་བ། ཐིག་ལེ་བྱང་ཆུབ་སེམས་ཀྱི་འབར་འཛག་གི་བདེ་བའི་རྣལ་འབྱོར་དང༌། མཐར་ཐུག་གསལ་སྟོང་མི་རྟོག་པའི་ཡེ་ཤེས་བསྐྱེད་པའི་རྣལ་འབྱོར་དང་བཞིའོ། །དང་པོ་ནི། བདེ་དང་གསལ་དང་མི་རྟོག་པའི༔ རང་བྱུང་ཡེ་ཤེས་རྒྱས་བྱའི་ཕྱིར༔ བདག་བྱིན་རློབ་པའི་ཏིང་འཛིན་ནི༔ རང་ཉིད་རིགས་འདུས་བླ་མ་ཡི༔ ཕྱག་རྒྱ་འཇའ་ཚོན་ཤར་བ་ལྟར༔ དྭངས་གསལ་རྙོགས་མེད་དབུས་དྲང་པོར༔ རྩ་གསུམ་འཁོར་ལོ་ཨ་ཧཾ་བཅས༔ སྣང་ལ་ཞེན་པ་མེད་པར་བསྒོམ༔ ཞེས་པ་སྟེ། སྤྱིར་དབང་གཉིས་པ་གསང་བའི་དབང་གི་ལམ་རྫོགས་རིམ་གྱི་ངོ་བོ་ནི། མངོན་སུམ་པའི་ལྷའི་རྣལ་འབྱོར་ཏེ་མཚན་ཉིད་ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པའི་བཅོས་མིན་གྱི་ལྷ་སྐུ་སྣང་སྟོང་མི་བརྟན་པ་རྒྱུའི་རྫོགས་རིམ་དང༌། དེ་བརྟན་པ་འབྲས་བུའི་རྫོགས་རིམ་གྱི་མཚན་ཉིད། དེ་ཡང་ཁྱད་གཞི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ། ཁྱད་ཆོས་རྒྱུའི་ཁྱད་པར་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་བྱེད་ལས་ཀྱི་ཁྱད་པར་རྩ་རླུང་ཐིག་ལེ་དབུ་མར་དག་བྱེད། རྣམ་པའི་ཁྱད་པར་བདེ་བ་ཆེན་པོ་དང་སྟོང་གཟུགས་ལྷན་ཅིག་པ་སྟེ་ཁྱད་པར་གསུམ་ལྡན་ཞེས་དོན་དམ་འཇིག་རྟེན་འགག་པའི་རིམ་པ་དང་སྦྱར་ཏེ་རྫོགས་རིམ་དོན་དམ་བདེན་པའི་རྣལ་འབྱོར་ལམ་གྱི་དངོས་གཞི་ཡིན་པས་རང་བྱིན་བརླབ་པ་རྩ་རླུང་ཐིག་ལེའི་རྣལ་འབྱོར་དང༌། གཞན་ལུས་བརྟེན་པ་དཀྱིལ་འཁོར་འཁོར་ལོ། དེ་རྣམས་ཀྱི་རྒྱས་འདེབས་དོན་དམ་ལྷན་སྐྱེས་ཀྱི་རིམ་པ་རྣམས་རྟེན་རྡོ་རྗེའི་ལུས་ལ། བརྟེན་པ་རྩ་རླུང་ཐིག་ལེའི་གནད་འཆིང་བའི་ཕྱིར་བཀོད་པ་རྩ། གཡོ་བ་རླུང༌། ཐིག་ལེ་བྱང་ཆུབ་ཀྱི་སེམས། དོན་དམ་འོད་གསལ་ཆེན་པོའི་རྣལ་འབྱོར་གནད་དུ་བསྣུན་པས་མ་དག་རྣམ་སྨིན་གྱི་སྒོ་གསུམ་དག་པ་རྡོ་རྗེ་གསུམ་དུ་གནས་འགྱུར། སྐྱེ་འཆི་བར་དོའི་སྲིད་པ་སྐུ་གསུམ་ལྷུན་གྱིས་གྲུབ་ནས་མངོན་པར་བྱང་ཆུབ་ཀྱི་གོ་འཕང་ངང་གིས་འཆར་བའི་སྤྱི་གནད་ཤེས་པར་བྱ་བས་ཉམས་ལེན་གྱི་རྣལ་འབྱོར་དངོས་ལ། ལམ་གྱི་སྔོན་འགྲོ་ཚང་བའམ་ཐུན་གྱི་རྣལ་འབྱོར་ཙམ་གྱིས་བླ་མ་ལ་གསོལ་བ་གདབ་པ་སྔོན་དུ་འགྲོ་བ་དང་བཅས། དྲི་མ་དང་བཅས་པའི་སེམས་ཀྱིས་འདུ་བྱས་ཤིང༌། ལས་མངོན་པར་འགྲུབ་པ་རྒྱུ། ཕ་མའི་འདུ་འཕྲོད་ཀྱི་རྐྱེན་གསུམ་ཚོགས་པས་ཕ་མའི་ཁུ་ཁྲག་བར་དོའི་རྣམ་ཤེས་དང་བཅས་འདུས་པ་ལས་ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཀྱི་ཁམས་དྲུག་ལྡན་པའི་ལུས་ཀྱི་རྩ་རླུང་ཐིག་སེམས་ཐམས་ཅད་ཀྱི་རྟེན་ལུས་ཡིན་པས་དེ་གནད་ཀྱིས་བཅིངས་ན་རླུང་ཐིག་སེམས་གསུམ་དབང་མེད་དུ་འཆིང་བས་ཐོག་མར་བདེ་བའི་མལ་དུ་ལུས་གནད་རྣམ་སྣང་ཆོས་བདུན་དུ་འཆའ། སེམས་གནད་ཕྱི་དབྱིབས་ཀྱི་ལུས་ཐ་མལ་གྱི་སྣང་བ་དབྱིངས་སུ་ཡལ་ཏེ་རྣམ་པར་མི་རྟོག་པའི་ངང་ལས། ངོ་བོ་བདེ་སྟོང་གི་རང་བཞིན། རྣམ་པ་རིག་ཀུན་ཁྱབ་བདག་དཔལ་མགོན་བླ་མ་བི་མ་ལ་མི་ཏྲ་སྙིང་དབུས་དང་སྨིན་མཚམས་སུ་པདྨ་འབྱུང་གནས་དང་ཤྲཱི་སིདྷ་བཅས་རྣམ་འགྱུར་དྭངས་གསལ་རྙོགས་མེད་ཆུ་ཟླའི་རོལ་གར། སྒྲིབ་ཐོགས་མེད་པ་འཇའ་ཚོན་ལྟར་གསལ་ལ་སེམས་བཟུང༌། ཟིན་པ་ན་འོག་རླུང་ཅུང་ཟད་བསྐུམ། སྟེང་རླུང་དལ་བར་མནན་ལྟེ་འོག་ཏུ་ཁ་སྦྱར་ལ་བཟུང༌། མི་ཐུབ་པ་དང་དལ་བར་བཏང་ཞིང་སྒོམ། གསལ་སྣང་ལ་སེམས་ཟིན་པ་དང་རིག་འཛིན་བླ་མའི་སྐུ་ཡི་དབུས་ཨ་ཝ་དྷཱུ་ཏི་སྔོན་པོ་ཚངས་བུག་ནས་གསང་གནས་བར་ཀ་བ་ལྟར་ཡོད་པ་མཚན་ཉིད་བཞི་ལྡན་དེའི་གཡས་གཡོན་གཉིས་སུ་རོ་རྐྱང་དམར་དཀར་དྷཱུ་ཏི་ལས་ཉིས་འགྱུར་གྱིས་ཕྲ་བ། ཡར་སྣ་སྤྱི་བོ་ནས་ཐུར་དུ་གུག་པ་སྣ་བུག་གཉིས་སུ་ཟུག་ཅིང་མར་སྣ་ལྟེ་འོག་སོར་བཞིའི་ཐད་ནས་དྷཱུ་ཏིར་ཚུད་པ། དེ་གསུམ་ལ་བརྟེན་པའི་སྤྱི་བོར་རྩ་འདབ་སོ་གཉིས། མགྲིན་པར་བཅུ་དྲུག །སྙིང་གར་བརྒྱད། ལྟེ་བར་དྲུག་ཅུ་རྩ་བཞི་རྣམས་དྭངས་གསལ་སྦུབས་སྟོང་གི་རྣམ་པར་ལེགས་པར་གསལ་བཏབ་ནས་གོམས་པ་ན་རླུང་གི་རྣལ་འབྱོར་ལ་འཇུག་པར་བྱའོ། །གཉིས་པ་གཡོ་བ་རླུང་གི་སྦྱོར་བ་ནི། རླུང་རོ་ལན་གསུམ་བསལ་བ་ཡིས༔ འབྱུང་བའི་རླུང་དུག་སངས་པར་བསམ༔ ཞེས་ཁོང་པར་ཉོན་མོངས་ཀྱི་དུག་དབྱུང་བའི་ཕྱིར་རླུང་རོ་དགུ་ཕྲུག་གམ་སུམ་ཕྲུག་ཏུ་བསལ། མཉམ་རྒྱུའི་མེ་རླུང་སོགས་རླུང་གི་དུས་གནད་ལ་མཁས་པས་སྐྱོན་མེད་འབྱུང་ལྔ་དྭངས་མའི་རླུང་སྣ་སྒོ་ནས་ལྕགས་ཀྱུ་ལྟར་དགུག་པས་རྔུབ། སྟེང་རླུང་དང་ཐུར་སེལ་བསྐུམས་ཏེ་རླུང་གཉིས་ལྟེ་བར་ནར་གྱིས་དྲངས་ལ་དབུ་མར་ཁ་སྦྱོར་དུ་བསྐྱིལ་བ་བུམ་པ་ལྟར་དགང༌། མི་ནོན་པའི་ཚེ་གཡས་གཡོན་འཐེན་གནོན་དང་ཕྱི་ནང་དུ་གཞིལ། མི་ཐུབ་ཙ་ན་མདའ་ལྟར་འཕང་བའི་སྦྱོར་བ་བཞི་ལྡན་གྱི་རླུང་སྦྱོར་ལ་རྩོལ་བ་རིམ་གྱིས་ཇེ་དྲག་ཏུ་བསྐྱེད། ལུས་སེམས་དུབ་ཀྱང་རྟག་ཏུ་རྒྱུན་མི་ཆད་པར་བསྒོམ་པས་བུམ་ཅན་རབ་འབྲིང་ཐ་མ་གང་རུང་འགྲུབ་ཀྱི་བར་བརྩོན་པ་ནི་ཤིན་ཏུ་གལ་ཆེ་སྟེ། རྫོགས་རིམ་གྱི་ཉམས་ལེན་དངོས་གཞི་ཞུ་བདེ་མི་རྟོག་པའི་ཡེ་ཤེས་ཡིན་ལ། ཡེ་ཤེས་དེ་འདྲེན་པ་ལ་སེམས་ཐིག་གཉིས་ཀའི་བྱེད་རྩོལ་རླུང་འབའ་ཞིག་ལ་རག་ལས་ཤིང༌། དེས་ན་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་འཁོར་འདས་ཀྱི་སྣང་བ་ཐམས་ཅད་སྐྱེད་སྡུད་ཀྱི་བདག་པོ་རླུང་ཡིན་པས་དེ་གནད་དུ་ཆུན་ན་ཀུན་གོ་གཅིག་ཆོད་དུ་ངེས་པས་རླུང་གི་ཉམས་ལེན་གཙོ་བོར་བཏོན་ན་ཐིག་སེམས་གཉིས་ཞར་བྱུང་གིས་གནད་དུ་ཆུན་པ་ཤེས་དགོས་ཤིང༌། ཇི་ལྟར་ཉམས་སུ་ལེན་ཚུལ་དངོས་འབར་འཛག་གི་མཐར་འབྱུང་ལ་དེ་ལྟར་ཉམས་ལེན་གྱི་བར་སྐབས་རྣམས་སུ་རྡོ་རྗེའི་བཟླས་པའང་ཅི་རིགས་བྱས་པས་བོགས་འབྱིན་ཞིང་སེམས་གནས་འགྲུབ་པར་བྱེད་དོ། །གསུམ་པ་ཐིག་ལེ་བྱང་ཆུབ་སེམས་ཀྱི་འབར་འཛག་གི་བདེ་བའི་རྣལ་འབྱོར་ནི། ལུས་གནད་བསྲང་ཞིང་རྩེ་གཅིག་པའི༔ ཡིད་ནི་ལྟེ་འོག་སོར་བཞིའི་ཐད༔ ཨ་ཤད་མར་མེའི་རྩེ་མོ་ལྟར༔ ཕྲ་ཞིང་འབར་བ་ཉིད་ལ་གཏད༔ འཇམ་རླུང་བཟུང་ཞིང་ཡུན་རིང་བསྐྱང་༔ དེ་ལས་དྲོད་ཀྱི་ཉམས་སྐྱེས་ན༔ སྟེང་འོག་རླུང་གཉིས་ཁ་སྦྱར་ནས༔ ལྟེ་བའི་གཏུམ་མོར་བསྟིམས་པ་ཡིས༔ མེ་ལྕེ་གློག་གི་ཟེགས་མ་བཞིན༔ ཕྲ་ཞིང་རྣོ་མྱུར་རབ་ཚ་བ༔ འཁོར་ལོ་བཞི་རུ་རིམ་གྱིས་འབར༔ སྤྱི་བོའི་ཧཾ་ལ་རེག་པའི་མོད༔ དྲན་པས་བདེ་ཆེན་སྐྱེད་ནུས་པའི༔ བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན༔ དངུལ་ཆུ་དྭངས་མ་ལྟ་བུར་བབས༔ སྤྱི་བོ་ལ་སོགས་རྩ་འཁོར་དབུས༔ དགའ་བཞིའི་ཡེ་ཤེས་རིམ་གྱིས་སྐྱེས༔ གཏུམ་མོའི་མེ་ལ་རེག་པ་ལས༔ ཡེ་ཤེས་མེ་ལྕེ་ཤུགས་དྲག་པོས༔ དྭངས་མ་གྱེན་དུ་བཟློག་པ་དང་༔ ཧཾ་ལ་བསྟིམས་མཐར་མི་དམིགས་བཞག༔ སླར་ཡང་བདུད་རྩི་སྔར་བཞིན་དབབ༔ དེ་ལྟར་འབར་འཛག་སྦྱོར་བ་ལ༔ གོམས་པ་བརྟན་པོར་གྱུར་པ་ན༔ སྙིང་གི་དབུས་སུ་མི་ཤིགས་པའི༔ ཐིག་ལེ་དཀར་དམར་ཡུངས་འབྲུ་ཙམ༔ གསལ་ཞིང་འབར་བ་ལ་དམིགས་ནས༔ རླུང་སེམས་བསྡུས་ཏེ་དྭངས་མར་བསྟིམ༔ རླུང་གིས་གཏུམ་མོའི་དྲོད་འབར་ནས༔ བདེ་བའི་ཡེ་ཤེས་རྩོལ་མེད་འབྱུང་༔ ཞེས་པ་སྟེ་རྩ་རླུང་གི་རྣལ་འབྱོར་ལ་གོམས་ནས་ལུས་གནད་སྔར་ལྟར་ཆོས་བདུན་དང༌། རླུང་རོ་བསལ་ཏེ་ལུས་དང་རྩ་ཡི་སྟོང་ར་སྔར་བཞིན་ལ་ལྟེ་བའི་འོག་སོར་བཞིའི་ཐད་ཙམ་དུ་ཤེས་རབ་ཕར་ཕྱིན་རྣལ་འབྱོར་མ་སྦས་པའི་རང་གཟུགས་དཔྱིད་དམ་ཙཎྜ་ལཱི། དབྱིབས་ཨ་ཤད་ཀྱི་རྣམ་པ། ཁ་དོག་དམར་ལ་རེག་བྱ་ཚ་བ། ངོ་བོ་སྟོང་པ། ཉམས་བདེ་བའི་རང་བཞིན་ཅན་ཤིན་ཏུ་ཕྲ་ཞིང་གསལ་བ་ལ་སེམས་གཏད། འཇམ་རླུང་བུམ་པ་ཅན་བཟུང་ཞིང་བརྩོན་པས་ལྟེ་འོག་ཏུ་དྲོད་སྐྱེས་པ་དང༌། སྦྱོར་བ་བཞི་ལྡན་བུམ་ཅན་གྱི་རླུང་གིས་བསྐུལ་བས་མེ་ལྕེ་ཕྲ་ཞིང་རྣོ་ལ་འཁྱུག་པ་གློག་གི་ཟེགས་མ་ལྟ་བུ་ལྟེ་འོག་སོར་བཞི་ཙམ་ནས་རིམ་པར་ཇེ་རིང་ལ་འབར། དབུ་མའི་སྦུབས་ལམ་ཞུགས་ཏེ་ལྟེ་བ་སོགས་འཁོར་ལོ་བཞིར་མས་རིམ་གྱིས་འབར་ནས་གནས་སོ་སོར་ཆེས་ཆེར་དྲོད་སྐྱེས་པས་ཁམས་སྙིགས་མ་སྐམས། དྭངས་མ་འཕེལ། སླར་ཆེར་འབར་བས་རྩ་ཁམས་ཐམས་ཅད་དང༌། བ་སྤུའི་བུ་ག་ཚུན་ཁྱབ། དྲོད་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས་པར་བསམ་ལ་རླུང་བཟུང༌། མཐར་སྤྱི་བོར་དབུ་མའི་ཡར་སྣར་ཧཾ་ཡིག་ཡབ་ཧེ་རུ་ཀ་བདེ་བ་ཆེན་པོའི་ངོ་བོ་གསལ་འཚེར་སྣུམ་འདྲིལ་མཚན་ཉིད་བཞི་ལྡན་མགོ་ཐུར་བསྟན་དུ་བཞུགས་པ་ལ་རེག་པའི་མོད་ནས། དྲན་པ་ཙམ་གྱི་ལྷན་སྐྱེས་ཀྱི་བདེ་བ་བསྐྱེད་ནུས་པའི་བྱང་ཆུབ་སེམས་དཀར་ཆའི་རྒྱུན་ཆར་ཟིམ་མམ་བ་ཐག་ལྟར་ཕྲོམ་ཕྲོམ་བྱུང་སྟེ་ལྟེ་བའི་གཏུམ་མོར་རེག་པས་སྡོང་རྩ་མར་ཁུས་བརླན་པ་ལྟར་མེ་དྲོད་གསོས་བཏབ། སླར་ཆེར་འབར་བས་བྱང་སེམས་བསྐུལ་ཏེ་འཁོར་ལོ་བཞིར་མས་རིམ་དུ་མཆེད་པས་ལུས་རྩ་ཕྲ་མོའི་བར་ཐམས་ཅད་ཁམས་ཀྱིས་ཁྱབ། དགའ་བཞིའི་ཡེ་ཤེས་ཀྱི་ཉམས་རིམ་ཅན་དུ་སྐྱེས་པས་ཞུ་བདེ་བཟོད་མེད་དུ་རྒྱས་པར་བསམ། མཐར་དྭངས་མས་གཞིར་གནས་ཀྱི་གཏུམ་མོ་ལ་ཁྲིག་གིས་རེག་པ་དང་མེ་ལྕེ་ཤུགས་དྲག་ཏུ་མཆེད་པས་ཐིག་ལེའི་རྒྱུན་ལུགས་ལྡོག་ཏུ་གྱེན་ལ་དྲངས་ནས་དྭངས་མའི་སྙིང་བཅུད་ཐམས་ཅད་སྤྱི་བོའི་ཧཾ་ལ་སིབ་ཀྱིས་ཐིམ་པར་བསམ། དྲོད་དང་བདེ་བའི་རྒྱུན་དྭངས་མའི་དཀར་དམར་གྱི་ཐིག་ལེ་ལ་འདྲེས་པས་བདེ་སྟོང་རོ་མཉམ་གྱི་ཡེ་ཤེས་ཆེན་པོའི་ངང་བསྐྱང༌། སླར་ཡང་སྔར་བཞིན་རླུང་གིས་གཏུམ་མོ་འབར་ཞིང་བདེ་བའི་རྒྱུན་འཛག་པའི་ལོངས་སྐུ་བདེ་བ་ཆེན་པོའི་ཏིང་འཛིན་ལ་རྩལ་སྦྱངས་ནས་གོམས་པ་བརྟན་པོ་བྱུང་བ་དང༌། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་དྭངས་མ་མི་ཤིགས་པའི་ཐིག་ལེ་ཆེས་ཕྲ་བ་ཡུངས་འབྲུ་ཙམ་པ་དཀར་དམར་ཤིན་ཏུ་བཀྲག་འཚེར་བའི་དཔྱིད་ཐིག་འབར་ཞིང་གསལ་བ་ལ་སྣོད་བཅུད་འཁོར་འདས་ཀྱི་དྭངས་མ་ཐམས་ཅད་འུབ་ཀྱིས་འདུས་ནས་རླུང་སེམས་ཀྱི་རང་གཟུགས་ནམ་མཁའི་རླུང་སྔོ་སངས་ཀྱི་རྣམ་པ་སྣ་བུག་གཉིས་ནས་ཞུགས་སྙིང་གའི་ཐིག་ལེར་སིབ་ཀྱིས་ཐིམ་པར་བསམ་ལ་རླུང་རིག་སེམས་གསུམ་རོ་གཅིག་ཏུ་འདྲེས་པའི་ངང་ལ་མཉམ་པར་བཞག །ཞུ་བདེ་སྟོབས་སུ་གྱུར་པའི་ཉམས་གསུམ་ཀར་ཡང་ཆེད་འཛིན་མེད་པར་ཀ་དག་རང་བཞིན་འོད་གསལ་ཆོས་ཉིད་ཀྱི་དབྱིངས་སུ་བསྐྱལ་བ་ནི་རླུང་གི་ཉམས་ལེན་ཏེ་སྤེལ་མར་གནད་དུ་བསྣུན་དགོས་སོ། །བཞི་པ་མཐར་ཐུག་གསལ་སྟོང་མི་རྟོག་པའི་ཡེ་ཤེས་བསྐྱེད་པའི་རྣལ་འབྱོར་ལ། གསལ་སྟོང་གི་ཏིང་འཛིན་དང༌། མི་རྟོག་སྤྲོས་བྲལ་གྱི་ཡེ་ཤེས་བསྐྱེད་པ། གེགས་སེལ་བོགས་འབྱིན་ཕན་ཡོན་བཅས་བསྟན་པ་ལས། དང་པོ་ནི། སྐབས་སུ་སྙིང་དབུས་ཨ་ཡིག་ལས༔ འོད་འཕྲོས་དབུ་མའི་ནང་ཀུན་ཁྱབ༔ ཤེལ་ལྟར་དྭངས་པའི་འོད་སྣང་གིས༔ ཕུང་ཁམས་བརྟན་གཡོར་བཅས་པ་ཀུན༔ སྣང་སྟོང་ཆུ་ཟླའི་གཟུགས་སུ་བསམ༔ དེ་ལ་ཉམས་མྱོང་སྐྱེས་པ་ན༔ ལུས་བསྲང་རླུང་རོ་ཕྱིར་བསལ་ལ༔ སྲོག་རྩོལ་འགྲོ་འོང་དལ་བུའི་ངང་༔ མིག་གནད་བར་སྣང་ཧ་རེར་བཞག༔ སེམས་གནད་གང་ཤར་རྟོག་པ་ལ༔ རྩིས་གདབ་མི་བྱ་རང་ངོ་བསྐྱང་༔ གསལ་སྟོང་ཏིང་འཛིན་ངང་གིས་འཆར༔ ཞེས་པ་སྟེ། འབར་འཛག་གི་རྣལ་འབྱོར་བསྒོམས་པའི་བར་སྐབས་སུ་སྙིང་གར་དྭངས་མ་མི་ཤིགས་པའི་འོད་ལྔའི་ཐིག་ལེའི་སྦུབས་སུ་ཨ་ཡིག་དཀར་གསལ་ཆུ་ཤེལ་ལྟར་འཚེར་བ་ལས་འོད་འཕྲོས། དབུ་མའི་ནང་ཀུན་ཏུ་ཁྱབ། ཤེལ་སྦུག་ཏུ་མེ་ཟེར་ཞུགས་པ་བཞིན་དྭངས་གསལ་རྙོགས་པ་མེད་པའི་འོད་སྣང་གིས་ཕུང་ཁམས་ཐམས་ཅད་ལ་ཁྱབ། སྙིགས་མའི་ཟག་པ་ཐམས་ཅད་སྦྱང༌། རང་ལུས་སྣང་སྟོང་འཇའ་ཚོན་ལྟ་བུར་གྱུར། དེ་ལས་ཆེར་འབར་བའི་འོད་ཀྱིས་བརྟན་གཡོ་ཀུན་གསལ་བར་བྱས། སྣོད་བཅུད་ཐམས་ཅད་སྣང་སྟོང་དབྱེར་མེད་སྐུ་རྡོ་རྗེའི་དཀྱིལ་འཁོར་དུ་རྫོགས་ཤིང་གསལ་ལ་མ་འདྲེས་པའི་སྟོང་གཟུགས་ཆུ་ཟླ་ལྟ་བུས་ཀུན་ལ་ཁྱབ་པའི་ཚུལ་སྒྱུ་མའི་དཔེ་བརྒྱད་ཀྱི་རང་བཞིན་དུ་བསམ་ལ་སེམས་གཏད་པ་སྒྱུ་མ་ལྟ་བུའི་ཏིང་འཛིན་ལ་བསླབས་ཏེ་རླུང་ཡིད་སེམས་གསུམ་གཅིག་ཏུ་དྲིལ། མཐར་སྣོད་བཅུད་གཞི་ལུས་དང་བཅས་པ་ཐམས་ཅད་འོད་གསལ་གྱི་དབྱིངས་སུ་བསྡུ། སླར་ཡང་སྒྱུ་མའི་སྐུར་ལྡང༌། དགྲ་གཉེན་བར་མ་ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་གང་ཤར་སྒྱུ་མའི་ངོ་བོར་སྣང་སྟོང་དབྱེར་མེད་དུ་རྩལ་སྦྱང༌། དེ་ལ་གོམས་ནས་སྣང་བའི་བདེན་འཛིན་ཞིག་པའི་ཉམས་སྐྱེས་པ་དང༌། ལུས་གནད་དྲང་པོར་བསྲང༌། མིག་བར་སྣང་དུ་བལྟ། ཁ་ནས་རླུང་འབྱིན་འཇུག་ཤིན་ཏུ་དལ་བར་བྱས་ལ་འདི་ལྟར་ཚོགས་དྲུག་གི་སྣང་བ་ཐམས་ཅད་བཟང་ངན་གཉིས་སུ་མ་གྲུབ་པ་སེམས་ཀྱིས་སྒྲོ་བཏགས་ཤིང་འཁྲུལ་པ་ཙམ་དུ་བས། སེམས་ནི་གདོད་ནས་རང་བྱུང་སྣང་སྟོང་གཉིས་མེད་ཀྱི་ཡེ་ཤེས་སུ་ལ་བཟླ་བས་སྣང་རིག་ངོས་བཟུང་དང་བྲལ་བའི་གཤིས་ལ་བཞག །བཟང་ངན་ཐམས་ཅད་རེ་དོགས་ཀྱི་རྩིས་གདབ་མི་བྱ་བར་སྟོང་ཉིད་ཀྱི་དབྱིངས་སུ་ལམ་དུ་འཁྱེར་བ་ལ་བསླབས་པས་སྤྲུལ་སྐུ་གསལ་སྟོང་གི་ཏིང་འཛིན་བསྐྱེད་པ་སྟེ། དེ་ལྟར་གོམས་པས་ཉིན་སྣང་རྗེས་ཐོབ་ཀྱི་འཁྲུལ་སྣང་ལམ་བྱེད་སྒྱུ་ལུས་ཀྱི་ལམ་གནད་ཀྱང་ཚང་བའོ། །གཉིས་པ་མི་རྟོག་སྤྲོས་བྲལ་གྱི་ཡེ་ཤེས་བསྐྱེད་པ་ནི། སྐབས་སུ་སྙིང་གའི་ཨ་ཡིག་ལས༔ ཨ་ཡིག་གཉིས་པར་རིམ་བཞིན་ཆད༔ སྨིན་མཚམས་ནམ་མཁར་གཅིག་ཏུ་འདུས༔ གསལ་ཞིང་འོད་ཟེར་འཕྲོ་བ་ལ༔ ཧྲིལ་གྱིས་སེམས་བཟུང་ལྷོད་ཀྱིས་ཀློད༔ ཡུལ་དང་ཡུལ་ཅན་དབྱེར་མེད་པ༔ ཁྱབ་བརྡལ་གཉུག་མའི་ངང་དུ་བཞག༔ མི་རྟོག་སྤྲོས་བྲལ་ཡེ་ཤེས་སྐྱེ༔ ཞེས་པ་སྟེ། སྤྱིར་རྫོགས་རིམ་གྱིས་རྒྱུད་ལ་བསྐྱེད་བྱའི་གཙོ་བོ་བདེ་སྟོང་གི་ཡེ་ཤེས་ཏེ། བདེ་བ་མེད་ན་སྟོང་པའི་ཉམས་མྱོང་རྒྱུད་ལ་གསལ་བར་འདྲེན་མི་ནུས། སྟོང་པ་མེད་ན་བདེ་བ་དངོས་ཞེན་དུ་འགྱུར་བས་ན་དེ་གཉིས་ཟུང་འཇུག་གི་ཡེ་ཤེས་རྒྱུད་ལ་བསྐྱེད་དགོས་པས་སྔར་སྙིང་དབུས་སུ་བསྒོམས་པའི་ཨ་ཡིག་ལས་ཨ་ཡི་ཕྲེང་བ་བར་མ་ཆད་དུ་བརྡོལ་ཏེ་བྱུང་བ་རང་གི་སྨིན་མཚམས་ཀྱི་ནམ་མཁར་ཨ་ཐམས་ཅད་གཅིག་ཏུ་འདུས་ཏེ་ཨ་ཡིག་དཀར་གསལ་འོད་ཟེར་འབར་བ་ཞིག་ནམ་མཁའ་ལ་ཟླ་བ་ཤར་བ་ལྟར་ལྷང་ངེར་གནས་པར་བསམ། སྣོད་བཅུད་གཞི་ལུས་དང་བཅས་པ་འུབ་ཀྱིས་འདུས་ནས་ཨ་ལ་ཐིམ། ཨ་ཡང་སྟོང་ཉིད་ཀྱི་དབྱིངས་སུ་ཡལ་བར་བསམ་ལ་དེ་ཉིད་ཀྱི་ངང་དུ་བཞག །ཡང་མ་འགག་སྒྱུ་མའི་རོལ་པ་སྣོད་བཅུད་གཞི་ལུས་བཅས་གསལ་ལ་སྔར་ལྟར་ཨ་ཡིག་སྤྲོ་བསྡུ་ལ་སེམས་ཧྲིལ་གྱིས་གཏད་དེ་མི་རྟོག་པའི་ངང་བསྐྱང༌། ཨ་ཞེས་པའི་ཡི་གེའི་དོན་ཆོས་ཉིད་སྐྱེ་བ་མེད་པའི་སྟོང་པ་རྗེས་སུ་མཚོན་པ་དང༌། རང་སེམས་ཀྱི་གཤིས་སྟོང་ཉིད་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པ་དབྱེར་མེད་དུ་བསྲེས་ཏེ་མཉམ་པར་བཞག་པས། ཕྱི་ཡུལ་གྱི་སྣང་ཆ་ཐམས་ཅད་ཀྱང་རང་བཞིན་སྐྱེ་མེད་ལས་མ་འདས། ནང་སེམས་ཀྱི་རྟོག་ཚོགས་ཀྱང་རོལ་པ་འགག་མེད་དུ་འཆར་འཆར་འདྲ་ཡང་དོན་ལ་སྐྱེ་འགག་གནས་པ་ཀུན་བྲལ། དོན་ལ་སྟོང་ཉིད་གཅིག་ལས་གཟུང་འཛིན་གྱི་མཚན་མའི་སྤྱོད་ཡུལ་དུ་མ་གྲུབ་པར་རིས་མེད་ཀུན་ཁྱབ་ཆེན་པོར་ངོ་ཤེས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་མངོན་དུ་བྱེད་ནུས་ལ་ལྟ་བ་དེས་འབར་འཛག་གི་རྐྱེན་ལས་སྐྱེས་པའི་ཞུ་བདེའི་ཉམས་ལ་རྒྱས་ཐེབས་པ་གལ་ཆེའོ། །གསུམ་པ་དེའི་གེགས་སེལ་བོགས་འབྱིན་ཕན་ཡོན་བཅས་བསྟན་པ་ནི། དེ་ལྟར་རྩེ་གཅིག་བརྩོན་པ་ལས༔ ཉམས་མྱོང་གང་སྐྱེས་ངོས་བཟུང་ལ༔ རེ་དོགས་དགག་སྒྲུབ་མེད་པར་བཞག༔ གེགས་སེལ་བོགས་འདོན་ཤུགས་ཀྱིས་འཆར༔ ཁམས་གསུམ་འཛིན་པའི་ཞེན་པ་དག༔ བདེ་དང་གསལ་དང་མི་རྟོག་པའི༔ ཡེ་ཤེས་ནམ་མཁའ་གང་བར་འཕེལ༔ རྒྱས་པ་མཆོག་གི་ཏིང་འཛིན་ནོ༔ ཞེས་པ་སྟེ། སྤྱིར་རྫོགས་རིམ་གྱི་ལམ་ཐམས་ཅད་ཀྱི་རྩ་བ་གཏུམ་མོ་ཡིན་ཞིང་ཉམས་ལེན་གྱི་གཞུང་ཤིང་དེ་ལ་གོམས་པར་བསླབ་ཅིང༌། ཡན་ལག་གི་ལམ་ཉིན་སྣང་འཁྲུལ་པའི་གནས་སྐབས་སྦྱོང་བྱེད་སྒྱུ་ལུས། མཚན་སྣང་གཉིད་འཐུག་གི་གནས་སྐབས་སྦྱོང་བྱེད་འོད་གསལ། དེའི་རྗེས་ཐོབ་རྨི་ལམ་གྱི་གནས་སྐབས་སྦྱོང་བྱེད་རྨི་ལམ། བར་དོའི་འཁྲུལ་སྣང་ལམ་བྱེད་བསྲེ་འཕོའི་གདམས་པ་བཅས་རྫོགས་རིམ་གྱི་སྤྱི་ཆིངས་ཆོས་དྲུག་ཏུ་གྲགས་པ་ལས་དངོས་བསྟན་འབར་འཛག་གིས་གཏུམ་མོ། །མི་རྟོག་པའི་ཏིང་འཛིན་གྱིས་སྒྱུ་ལུས་ཀྱི་ལམ་གནད་བསྟན་ཅིང༌། དེ་དག་གིས་རླུང་དབུ་མར་ཐིམ་སྟེ་སྟོང་བཞི་འདྲེན་ནུས་དགོས་ཀྱང་འོད་གསལ་གྱི་རྣལ་འབྱོར་བསྒོམས་ན་ཉམས་མྱོང་སྐྱེ་སླ་བས་དུས་གནད་ཐོ་རངས་གཉིད་སྲབ་དུས། ལུས་གནད་ཙོག་པུ། འདུན་པ་གཉིད་ཁའི་དྲན་པ། ཡུལ་གནད་སྙིང་གའི་ཨ་ལ་སེམས་གཏད་པ་སྔར་གྱི་ཉམས་མྱོང་གིས་རྒྱུ་བྱས་ནས་དབུ་མར་རླུང་སེམས་འདུས་པས་དུ་བ་ལ་སོགས་པའི་རྟགས་བཅུ། དེ་ནས་སྣང་བ་སྟོང་པའི་སེམས། མཆེད་པ་ཤིན་ཏུ་སྟོང་པ། ཉེར་ཐོབ་སྟོང་པ་ཆེན་པོ། འོད་གསལ་ཐམས་ཅད་སྟོང་པ་བཞི་འཆར་བས་སོ་སོ་ངོས་ཟིན་པར་བྱ་ཞིང་ཁྱད་པར་འོད་གསལ་གྱི་ངང་ལ་ཅི་གནས་སུ་བསྐྱང༌། ཉམས་མྱོང་དེའི་རྒྱུན་ཉིན་མཚན་ཁ་སྦྱོར་དུ་དྲངས་པས་སྲབ་མཐུག་གི་ཉམས་རྟོགས་ཀྱིས་ཕྱེ་བའི་དཔེའི་འོད་གསལ་རང་དབང་ཐོབ་ནས། དོན་གྱི་འོད་གསལ་རྩོལ་མེད་དུ་འཆར་བ་བྱུང་ན། འཆི་ཚེ་འོད་གསལ་མ་བུ་འདྲེས་ནས་གཞི་ཐོག་ཏུ་སྐད་ཅིག་གིས་བྱེ་བྲག་ཕྱེད་ནུས་པ་རྣམ་བཞག་རྒྱས་པ་ཨ་ཏིའི་ཁྲིད་ཀྱི་སྐབས་འཆད་འགྱུར་ལྟར་དང༌། གཉིད་ཀྱི་འོད་གསལ་ལ་མཉམ་པར་བཞག་པའི་རྗེས་ཐོབ་ཏུ་རྨི་ལམ་འཆར་བར་བརྩམ་པ་ན་སྐད་ཅིག་གིས་སྒྱུ་ལུས་ལྷ་སྐུར་ལྡང་བ་ཡིན་ཀྱང་དང་པོའི་དུས་སུ་དེ་ལྟར་མི་ནུས་པས། གཉིད་འཐུག་འོད་གསལ་དུ་འཆར་མ་ནུས་པ་རླུང་རོ་རྐྱང་དུ་ཤོར་ནས་མགྲིན་པའི་རྩར་ཞུགས་ཏེ་བག་ཆགས་ཀྱི་ལུས་ལ་ཉིང་འཁྲུལ་གྱི་སྣང་བ་ཤར་མ་ཐག་རྨི་ལམ་དུ་ངོ་ཤེས་པས་བཟུང་སྤྲུལ་བསྒྱུར་སྦྱང༌། རྩལ་རྫོགས་ནས་སྟོང་ཆེན་དུ་བསྡུས་པའི་ངང་ལས་སྙིང་རྗེ་སྒྱུ་མས་རླུང་སེམས་ཀྱི་ལྷ་སྐུ་ཕྱག་རྒྱ་གཅིག་སྤྲོས་སོགས་བྱེད་ནུས་པའི་བར་བརྩོན་པ་དང༌། ལམ་མཐར་མ་ཕྱིན་པར་གློ་བུར་དུ་འཆི་བས་བར་ཆད་ན་འཕོ་བས་ལམ་དུ་བྱེད་དགོས་པས་དེའི་རྣམ་བཞག་ལ། རབ་འཆི་བ་དོན་དམ་བདེན་པ་འོད་གསལ་གྱི་ངང་དུ་འཕོ་བ། འབྲིང་བར་དོ་དག་པའི་ཀུན་རྫོབ་སྒྱུ་ལུས་ཀྱི་ལྷ་སྐུར་འཕོ་བ། ཐ་མ་བསྐྱེད་རིམ་གྱི་འཕོ་བས་དག་པའི་རྟེན་ལས་ལམ་གྱི་འཕྲོ་མཐུད་པ་རྣམས་ཀྱང་སྐབས་འདིར་དབང་བཞི་པའི་ལམ་ལས་རྒྱས་པར་སྟོན་ཅིང་དོན་ལ་དངོས་ཤུགས་ཀྱིས་ཉིན་དུས་ཀྱི་འཁྲུལ་སྣང་གཏུམ་མོའི་མཉམ་བཞག །སྒྱུ་ལུས་ཀྱི་རྗེས་ཐོབ། མཚན་སྣང་འོད་གསལ་གྱི་མཉམ་བཞག །རྨི་ལམ་གྱི་རྗེས་ཐོབ། ལམ་གྱི་ཆད་མཐུད་བར་དོ་དང༌། འཕོ་བ་བཅས་པས་ཡེ་ཤེས་ཀྱི་དབྱིངས་སུ་དག་པར་བྱེད་པའི་རྡོ་རྗེའི་ཆོས་དྲུག་གི་གནད་དོན་ཐམས་ཅད་འདུས་པའི་ཚུལ་ཞར་ལ་འཕྲོས་ཤིང༌། དེ་དག་གི་ཚེ་ལམ་རྟགས་ཀྱི་ཡོན་ཏན་བདེ་གསལ་མི་རྟོག་པའི་ཉམས་སོགས་གང་སྐྱེས་ཀྱང་ཆེད་འཛིན་དང་མངོན་རློམ་མི་བྱ། རེ་དོགས་དགག་སྒྲུབ་སྤངས་ཏེ་བརྩོན་པ་ལྷུར་བསྐྱེད་པས་ཆེད་འཛིན་མེད་པར་ལམ་དུ་ཁྱེར་བ་བདེ་ཆེན་ལོངས་སྐུ། འོད་གསལ་སྤྲུལ་སྐུ། མི་རྟོག་པ་ཆོས་སྐུའི་ཡེ་ཤེས་ངོ་འཕྲོད། བདེ་སྟོང་ནམ་མཁའ་ལྟ་བུའི་ཆོས་ཉིད་རིག་པའི་རྩལ་རྫོགས་པས་དེ་དག་རང་རྒྱུད་དུ་ཞེན་པ་ཁམས་གསུམ་འཁོར་བའི་འཁྲུལ་རྟོག་གཟུང་འཛིན་ལས་རླུང་གི་བག་ཆགས་རྒྱུན་ཆད་ནས་སྒོ་གསུམ་སྐུ་གསུང་ཐུགས་རྡོ་རྗེར་གོ་འཕོས་ཤིང་སྐྱེ་འཆི་བར་དོ་སྐུ་གསུམ་ལྷུན་གྲུབ་མངོན་པར་བྱང་ཆུབ་མཆོག་གི་དངོས་གྲུབ་འབད་རྩོལ་མེད་པར་ཐོབ་པས་རང་བྱིན་བརླབ་པའི་རྫོགས་རིམ་གྱི་བཅུད་དྲིལ་རྒྱས་པ་མཆོག་གི་ལས་སྦྱོར་གྱི་ཚུལ་དུ་བསྟན་པའོ། །གཉིས་པ་གཞན་ལུས་ལ་བསྟེན་པ་དཀྱིལ་འཁོར་འཁོར་ལོ་ལ། ལམ་དངོས་དང༌། རྗེས་བོགས་འབྱིན་ནོ། །དང་པོ་ནི། གསུམ་པ་ཤེས་རབ་དབང་གི་ལམ༔ ཕྱི་རུ་མཚན་ལྡན་གཟུངས་མ་ལ༔ འདུ་ཤེས་གསུམ་གྱིས་སྙོམས་ཞུགས་པས༔ ནང་དུ་ཡས་བབ་རྒྱུ་དང་ནི༔ གསང་བ་མས་བརྟན་དགའ་བཞི་ལས༔ དེ་ཉིད་དཔེ་ཡི་ཡེ་ཤེས་འཆར༔ དེ་ནི་གསུམ་པའི་དབང་གི་ལམ༔ རྗེས་སུ་རྣལ་འབྱོར་སྒྲུབ་པའོ༔ ཞེས་པ་ལྟར་དབང་གསུམ་པའི་ལམ་ལ། ཕྱི་སྙོམས་འཇུག་གིས་བདེ་བ་བསྐུལ། ནང་ཡས་བབ་རྒྱུ་ཡི་དགའ་བཞི་སྒྲུབ། གསང་བ་མས་བརྟན་འབྲས་བུའི་དགའ་བཞི་ངོས་བཟུང༌། དེ་ཉིད་དཔེའི་ཡེ་ཤེས་རྒྱུད་ལ་བསྐྱེད་པ་དང་བཞི་ལས། དང་པོ་ནི། རྩ་དང་རླུང་དང་ཐིག་ལེ་ཡི༔ རྟོག་པ་དབང་དུ་བསྡུ་བའི་ཕྱིར༔ མྱུར་ལམ་ཟབ་མོའི་ཏིང་འཛིན་ནི༔ རླུང་དང་གཏུམ་མོའི་རྣལ་འབྱོར་ལ༔ གོམས་པ་བརྟན་པོར་གྱུར་པ་ན༔ རང་ཉིད་རིགས་འདུས་བླ་མ་ནི༔ མཐིང་གསལ་ལོངས་སྤྱོད་རྫོགས་སྐུའི་ཆས༔ རྡོ་རྗེ་དྲིལ་བུ་བསྒོམ་པའི་པང་༔ རྣལ་འབྱོར་དམར་མོ་གྲི་ཐོད་ཅན༔ བདེ་བའི་ཉམས་ཀྱིས་འཁྱུད་པར་བསྒོམ༔ རྩ་གསུམ་འཁོར་ལོ་ལྔ་ཡི་དབུས༔ རིགས་ལྔ་ཡབ་ཡུམ་མཉམ་སྦྱོར་བ༔ འོད་དང་འོད་ཟེར་འཕྲོ་བར་གསལ༔ མཁའ་གསང་རྡོ་རྗེ་པདྨའི་རྩེར༔ ཧཱུྃ་དང་ཕཊ྄་ཀྱི་ཡི་གེས་དགག༔ ཞེས་པ་སྟེ། རང་ལུས་ཀྱི་ཉམས་ལེན་གྱིས་སྲོག་རྩོལ་སྒྲ་ཇི་བཞིན་གྲུབ་ཅིང་འཕོ་མེད་གདེང་དུ་གྱུར་པ་སོགས་མཉམ་རྗེས་ཀྱི་རྣལ་འབྱོར་གང་ཡང་རྟོགས་གོམས་ཀྱིས་ཉམས་རྟོགས་རྩལ་ཁ་ཆེས་ཆེར་མཆེད་ཅིང་རྒྱས་པར་གྱུར་པ་ན། ཤེར་དབང་གི་ཉམས་ལེན་ལ་འཇུག་པའི་དུས་ཡིན་ཞིང༌། དེ་ནི་མཆོག་ཏུ་མི་འགྱུར་བདེ་ཆེན་གྱི་ལམ་མྱུར་དུ་སྒྲུབ་པའི་ཐབས་རྒྱུད་སྡེ་ཀུན་ལས་ཡང་ཡང་བསྔགས་པ་སྟེ། གསེར་དང་དངུལ་ཆུ་བསྲེས་པ་ཟངས་སོགས་དངོས་པོ་ལ་བྱུགས་ནས་མེར་བསྲེགས་པས་དངུལ་ཆུ་ཡལ་ཞིང་གསེར་གྱི་རང་མདོག་མངོན་ནས་ཟངས་སོགས་དངོས་པོ་དམན་པ་ཡང་རིན་ཐང་ཅན་སྒྲུབ་ནུས་པ་བཞིན་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེའི་ཁམས་ལ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ཁྱབ་པ་རང་བྱིན་བརླབ་པའི་ལམ་གྱིས་ལས་རུང་དུ་བྱས་པ་ཉིད་བདེ་ཆེན་ཡེ་ཤེས་ཀྱི་རྟེན་ཕྱག་རྒྱ་དང་སྦྱོར་བའི་མཚོན་བྱེད་ཐབས་ལམ་ཟབ་མོས་མཚོན་བྱ་བདེ་སྟོང་ཕྱག་རྒྱ་ཆེན་པོ་ནམ་མཁའ་དང་མཉམ་པའི་ཡེ་ཤེས་འཁོར་འདས་བརྟན་གཡོ་སྣོད་བཅུད་ཀུན་གྱི་སྲོག་གམ་སྙིང་པོ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཉམས་སུ་མྱོང་བྱར་ཡོད་ཀྱང་སྨྲར་མི་བཏུབ། ཡིད་ཆེས་ཀྱི་ངེས་ཤེས་དང་ལྡན་ཀྱང་དཔེས་མི་མཚོན། མངོན་སུམ་ཉམས་སུ་མྱོང་ཡང་ཡུལ་ཤེས་ཀྱི་རྟོག་པས་མ་བསླད། སོ་སོར་རང་རིག་པའི་སྤྱོད་ཡུལ་རྒྱུ་རྐྱེན་གྱིས་འདུས་མ་བྱས་ཤིང་སྐྱེ་འགག་གནས་གསུམ་དང་བྲལ་བ་ཉིད་ཆུ་ཟླ་བཞིན་དུ་ཐབས་ལས་ཐབས་བྱུང་གི་ཚུལ་དུ་གསལ་བ་རྣམ་པ་ཐམས་ཅད་པའི་རང་བཞིན། ངེས་པའི་དོན་དུ་ཤེས་བརྗོད་འཇུག་གསུམ་གྱི་ཡུལ་ལས་འདས་པ། རྣམ་པ་བདེ་སྟོང་ཟུང་འཇུག་དཔེ་ཡི་ཚུལ་དུ་འཆར་བས་དོན་གྱི་ཡེ་ཤེས་དངོས་ལ་སྦྱོར་བས་རྗེས་སུ་རྣལ་འབྱོར་སྒྲུབ་པའི་ཡན་ལག་ཅེས་གསུངས་པའི་དོན་གྱི་སྙོམས་འཇུག །ནང་ཡས་བབ། གསང་བ་མས་བརྟན། དེ་ཉིད་དཔེ་ཡི་ཡེ་ཤེས་ཀྱི་རྣལ་འབྱོར་ལ་གོམས་པས་མི་སློབ་ཟུང་འཇུག་སྐུ་བཞིའི་ཁྱབ་བདག་བདེ་བ་ཆེན་པོ་ཧེ་རུ་ཀའི་གསང་བ་གསུམ་གྱི་ཡུལ་དང་རོ་གཅིག་ཏུ་བྱེད་པའི་གནད་ཁོང་དུ་ཆུབ་པར་བྱས་ནས་ཉམས་ལེན་དངོས་ལ། གང་བསྟེན་བྱའི་ཡུལ། ནམ་བསྟེན་པའི་དུས། ཇི་ལྟར་བསྟེན་པའི་ཐབས། དེའི་མཚོན་བྱ་བཞིས་དཔྱིས་ཕྱིན་པར་འགྲུབ་པའི་ཕྱིར་དེ་དག་རྒྱས་པར་བཤད་པ་ལ་སྔོན་དུ་ཡིད་རིག་ཡེ་ཤེས་ཕྱག་རྒྱ་ལ་བསྟེན་ནས་ལས་རྒྱའི་ཚུལ་ལྟར་ཉམས་སུ་བླངས་བས་ཀུན་རྫོབ་བྱང་སེམས་དབབ་བཟུང་ལྡོག་དགྲམ་གྱི་བྱ་བ་ལ་རང་དབང་ཐོབ་པར་ངེས་པ་ན་རང་ཉིད་སེམས་ཀྱི་ངོ་བོ། བདེ་བའི་རང་བཞིན། དྭངས་མ་རླུང་གི་རང་རྩལ་རིགས་ཀུན་འདུས་ཞལ་དཔལ་མགོན་བླ་མ་རྣམ་པ་སྤྱི་དཔལ་ཧེ་རུ་ཀ་མཐིང་ནག་ཞི་འཛུམ་རྗེས་སུ་ཆགས་པའི་ཉམས་ཅན་ལོངས་སྤྱོད་རྫོགས་སྐུའི་ཆས་ཅན་ཕྱག་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཐུགས་ཀར་བསྣོལ་བའི་པང་དུ་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ་དམར་མོ་སྔར་འདྲིས་པ་ལྟ་བུའི་ཡིད་དུ་འོང་བ། དྲན་པ་ཙམ་གྱིས་བདེ་བ་གཡོ་ནུས་པའི་བདེ་ཆགས་ལང་ཚོ་རྒྱས་པ་གཅེར་བུ་རུས་པའི་ཕྱག་རྒྱ་ལྔས་སྤྲས་པ་གྲི་ཐོད་ཅན་རང་གི་མདུན་དུ་བཞུགས་པའི་ཡབ་ཀྱི་སྐུ་ཡི་དབུས་རྩ་གསུམ་འཁོར་ལོ་ལྔ་ལྡན་གཏུམ་མོའི་སྐབས་ལྟར་ལས། ཁྱད་པར་གསང་བ་བདེ་སྐྱོང་འཁོར་ལོ་རྩ་འདབ་བདུན་ཅུ་རྩ་གཉིས་ཅན་གྱི་འོག་ཏུ་རྩ་གསུམ་སྦུབས་གཅིག་ཏུ་གྱུར་ཏེ་དབུ་མའི་མར་སྣེ་རྡོ་རྗེའི་བུ་གར་ཟུག་པའི་སྤྱི་བོར་རྣམ་སྣང༌། མགྲིན་པར་སྣང་མཐའ། སྙིང་གར་མི་བསྐྱོད་པ། ལྟེ་བར་རིན་འབྱུང༌། གསང་གནས་དོན་གྲུབ་སྟེ་རིགས་ཀྱི་ཡབ་ལྔ་ལ། དབྱིངས་ཕྱུག །གོས་དཀར། མཱ་ཀཱི །སྤྱན་མ། དམ་ཚིག་སྒྲོལ་མ་སྟེ་ཡུམ་ལྔ་དང་སྦྱོར་བ་ལོངས་སྐུའི་ཆས་ཅན་ཡབ་རྣམས་གཡས་རང་རྟགས་དང༌། གཡོན་དེའི་ཡུ་བ་བྱས་པའི་དྲིལ་བུ། ཡུམ་རྣམས་གཡས་རང་རྟགས་ཀྱི་གྲི་གུག །གཡོན་ཐོད་ཁྲག་བསྣམས་པ་དབུ་མའི་ཡར་སྣེ་སྤྱི་བོའི་རྩ་འཁོར་གྱི་སྟེང་དུ་ཧཾ་སྣང་སྟོང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གཟི་བྱིན་རྒྱས་པའི་སྐུ་ཅན་དུ་གསལ་བ་ཡབ་ཡུམ་ལྷའི་འདུ་ཤེས། ཡབ་ཀྱི་རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་བུ་ག་ཧཱུྃ་མཐིང་གས་བཀག་པ། ཡུམ་གྱི་མཁའ་པདྨ་དམར་པོ་འདབ་མ་བཞི་པ་ཟེའུ་འབྲུར་ཕཊ྄་དམར་པོས་བཀག་པར་བསམ་པས་བྱིན་གྱིས་བརླབས་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་མཁའ་ཁྱབ་ཀྱི་སེམས་ཅན་ཀུན་གྱི་དོན་དུ་བདེ་བ་ཆེན་པོའི་རྡོ་རྗེ་སེམས་དཔའ་བསྒྲུབ་པའི་འདོད་པ་ཆོས་ཀྱི་འདུ་ཤེས་ཏེ་དེ་གསུམ་དང་ལྡན་པས་ཟུར་མིག་གིས་བལྟས། ཧ་སིད་ཀྱི་སྒྲ་འབྱིན། ཁ་དང་ལུས་ལས་དྲི་ཞིམ་པོས་གྱུར་པ་ཁྱབ། ཡན་ལག་དང་ཉིང་ལག་རེག །མཆུ་དང་ལྕེ་འཛིན་པ་སོགས་ཀྱིས་སྒོ་གསུམ་རྡོ་རྗེ་ཆགས་པའི་རོལ་རྩེད་ལ་བསླབ་པ་གསུམ་གྱིས་ཐ་མལ་གྱི་སྣང་ཞེན་ལྡོག་པར་བྱའོ། །གཉིས་པ་ནང་ཡས་བབ་རྒྱུ་ཡི་དགའ་བཞི་སྒྲུབ་པ་ནི། དལ་བུས་བསྲུབ་པའི་སྦྱོར་བ་ཡིས༔ སྤྱི་བོའི་ཧཾ་ལས་བདུད་རྩིའི་རྒྱུན༔ དཀར་དམར་བདེ་བའི་རང་བཞིན་བབ༔ བདེ་ཆེན་འཁོར་ལོའི་དབུས་བཞུགས་པའི༔ བླ་མ་རྣམ་སྣང་ཡབ་ཡུམ་མཆོད༔ རྩ་འཁོར་ཐམས་ཅད་དྭངས་མས་གང་༔ བདེ་སྟོང་ཡེ་ཤེས་སྐྱེས་པར་བསམ༔ བུམ་ཅན་བཟུང་ཞིང་དབྱིངས་རིག་བསྲེ༔ དེ་ལྟར་རིམ་གྱིས་ཕབ་པའི་མཐར༔ ཞེས་པ་སྟེ། ཆགས་པའི་སྒྱུ་རྩལ་གྱིས་བསྐུལ་བས་ཡུམ་གྱི་གསང་རྩ་ངོམས་ཤིང་བདུད་རྩིའི་ཟིལ་པ་དང་བཅས་ཏེ་པང་དུ་སླེབས་པ་དང་མཁའ་གསང་སྤྲད་ནས་ཡབ་ཡུམ་རྩ་བསྐུལ་བའི་ཐབས་དང་ལྡན་པས་འཁྱུད་པ་དང༌། མཁའ་གསང་སྤྲད་པས་དྲོད་ནས་དྲག་ཏུ་མི་ཤོར་བ་རྡོ་རྗེ་པདྨར་དལ་བུས་བསྲུབ་པའི་སྦྱོར་ཐབས་གསུམ་གྱིས་བསྐུལ་བས་སྤྱི་བོའི་ཧཾ་ལས་བདེ་བ་ཆེར་གཡོས་ཏེ་བྱང་སེམས་ཀྱི་རྒྱུན་བབ། རྩ་ཁམས་གཞན་གྱི་དྭངས་མའང་ལྷན་ཅིག་ཏུ་འདུས། སྨིན་མཚམས་ཡན་ཆད་ཀྱི་དབུ་མའི་ནང་གང་བས་དགའ་བའི་ཡེ་ཤེས་སྐྱེས། དེ་ལས་ཆེར་འཕེལ་ཏེ་སྨིན་མཚམས་ཡན་ཆད་ཀྱི་རྩ་འཁོར་ཐམས་ཅད་ལ་ཁྱབ། སྐུ་རྡོ་རྗེ་རྣམ་སྣང་ཡབ་ཡུམ་ཀྱང་བདེ་སྟོང་གི་མཆོད་པས་མཉེས། སྐུ་ཡི་ཉམས་ཆག་སྦྱངས། དྭངས་མ་ཞུ་བའི་ཡེ་ཤེས་མཐར་ཐུག་སྐུ་རྡོ་རྗེ་མངོན་དུ་གྱུར་པས་དགའ་བ་མཐར་ཕྱིན་པར་བསམ། སེམས་སྤྱི་བོར་གཏད་དེ་བུམ་ཅན་དྲག་ཏུ་གཅུན། རྣམ་པར་མི་རྟོག་པ་དབྱིངས་རིག་གཅིག་པའི་ངང་དུ་བདེ་རླུང་སེམས་གསུམ་བསྲེས་ལ་བཞག །ཡང་སྙོམས་འཇུག་ཇེ་དྲག་ཏུ་བཏང་བའི་སྦྱོར་ཐབས་ཀྱིས་རིལ་བ་ཞབས་ཚགས་ཅན་གྱི་རླུང་སོགས་ཀྱིས་བསྐུལ་བས་མགྲིན་པར་བབ་པས་མཆོག་དགའ། སྙིང་གར་བབ་པས་ཁྱད་པར་གྱི་དགའ་བ། ལྟེ་བར་བབ་པས་དགའ་བྲལ་གྱི་དགའ་བ། གསང་བར་བབ་པས་ལྷན་སྐྱེས་ཀྱི་དགའ་བ་སྐྱེས་ཤིང་མཐར་ཕྱིན་པ་དང་མི་རྟོག་པའི་ངང་དུ་བཞག་པས་རིགས་ལྔ་ཡབ་ཡུམ་མཉེས། གསུང༌། ཐུགས། ཡེ་ཤེས་རྡོ་རྗེའི་ཉམས་ཆག་བསྐང༌། བདེ་བ་གསུང༌། མི་རྟོག་པ་ཐུགས། དབྱེར་མེད་ཡེ་ཤེས་རྡོ་རྗེའི་གོ་འཕང་མངོན་དུ་གྱུར་པའི་ཚུལ་རྣམས་སྔར་ལྟར་བྱ། དེ་ནས་དབབ་པ་ལ་མཁས་པ་རུས་སྦལ་གྱི་འགྲོས་ལྟ་བུ་སྟེ་མཐར་རྩ་གནས་ཐིག་ལེས་གང་བའི་ཟིལ་པ་ནོར་བུའི་རྩེར་སོན་པས། ཡུམ་གྱི་འཁོར་ལོ་ལྔར་ཡང་དེ་བཞིན་བྱུང་སྟེ་དགའ་བཞི་སྐྱེས་བརྟན་གྱིས་པདྨའི་སྦུབས་སུ་འཕེལ་བའི་དྭངས་མ་གཉིས་འཕྲད་པས་ཡབ་ཡུམ་གྱི་རྩ་དབུ་མ། རླུང་ལྡང་འཇུག །ཐིག་ལེ་དཀར་དམར། དབྱིངས་དང་ཡེ་ཤེས་ཞལ་སྦྱོར་བ་སྟེ་ཁ་སྦྱོར་བཞིའི་བདེ་སྟོང་གི་ཡེ་ཤེས་མངོན་དུ་བྱས་པར་བསམ་མོ། །གསུམ་པ་གསང་བ་མས་བརྟན་དགའ་བཞིའི་འབྲས་བུ་ངོས་བཟུང་བ་ནི། རྡོ་རྗེ་ནོར་བུའི་རྩེར་སོན་ཚེ༔ རྒྱ་མཚོ་རི་རབ་ལོགས་སུ་སྦྱར༔ དབང་པོའི་མཆོག་ནི་དབྱིངས་ལ་གཟིར༔ ཧཱུྃ་གི་གདངས་ཀྱིས་གྱེན་ལ་དྲངས༔ སྔར་བཞིན་སེམས་བཟུང་རླུང་རིག་བསྲེ༔ རྣམ་རོལ་རྒྱ་ཡིས་ལུས་ལ་དགྲམ༔ འཛིན་འགྲེམ་འཁྲུལ་འཁོར་དབང་ཐོབ་ནས༔ བླ་མ་ལྷ་ཡིས་གནང་བའམ༔ མཚན་ལྡན་རྒྱུད་དག་ཕྱག་རྒྱ་དང་༔ མཉམ་པར་སྦྱོར་བའི་རྣལ་འབྱོར་གྱིས༔ རྩ་རླུང་ཐིག་ལེ་རང་དབང་འགྱུར༔ ཞེས་པ་སྟེ་མས་བརྟན་གྱི་དགའ་བཞི་སྒྲུབ་པའི་སླད་དུ་ཧཱུྃ་ཞེས་སྟོད་འདྲེན་བྱས་སྟེ་ལྟེ་བར་སྒལ་པར་སྦྱར། རྐང་ལག་གི་ཉྭ་བཞི་བསྒྲིམ། སོར་ཚིག་བསྐུམ། ལྕེ་རྩེ་རྐན་ལ་སྦྱར། མིག་གྱེན་དུ་ཕྱོགས། ཧཱུྃ་གི་གདངས་ཀྱིས་སྟོང་འདྲེན་གསང་རླུང་གྱེན་དུ་དྲངས་པ་དང་ཆབས་ཅིག །ཡིད་དམིགས་སོག་སྦུབས་ནས་ཆུ་དྲངས་པ་ལྟར་ཐིག་ལེ་གྱེན་དུ་དྲང་བར་མོས་པའི་སྒོ་ཡི་གནད་གསུམ་གྱིས་དྲངས་པ་ནི་བཟུང་བ་ལ་མཁས་པ་རྫ་སྣོད་ཐེམ་བུས་བཀག་པ་ལྟར་བཟུང་བས་ལྟེ་བ་མན་ཆོད་དུ་བརྟན་པ་དགའ་བ། སྙིང་གར་མཆོག་དགའ། མགྲིན་པར་ཁྱད་པར་གྱི་དགའ་བ། སྤྱི་བོར་དགའ་བྲལ། ཧཾ་ཡིག་ལ་དྭངས་མ་ཐམས་ཅད་སིབ་ཀྱིས་ཐིམ་པ་ལྷན་སྐྱེས་ཀྱི་དགའ་བ་ཉམས་སུ་མྱང་བར་བསམ། འཁོར་ལོ་སོ་སོར་བུམ་ཅན་དྲག་ཏུ་གཅུན་པས་དགའ་བཞིའི་ཡེ་ཤེས་ཁྱབ་ཅིང་བརྟན་པར་བསམ། ཡིད་དམིགས་ཧཾ་ལ་རྩེ་གཅིག་ཏུ་གཏད། དུད་འགྲོའི་འགྱུར་བ་བཞི་སོགས་འཁྲུལ་འཁོར་བཅས་བཙན་ཐབས་ཀྱི་སྦྱོར་བ་གསུམ་ཐིག་ལེ་རང་གནས་སུ་ལྡོག་པ་ལ་མཁས་པ་སྐྱེན་པོའི་མདའ་འཕང་བ་ལྟ་བུ་དང༌། རྩ་གནས་ཐམས་ཅད་དུུ་ཁྱབ་པར་དགྲམ། བདེ་བའི་རང་ངོ་ལ་སེམས་བཟུང༌། འཛིན་མེད་ཀྱི་ངང་དུ་སེམས་རྒྱ་ཡན་དུ་ཀློད་དེ་ནམ་མཁའ་ལྟར་དག་པའི་ངང་དུ་བཞག་པའི་རྒྱས་འདེབས་གསུམ་གྱིས་སྣང་བ་ཐམས་ཅད་བདེ་བ་ཤར་ནས་རྩོལ་མེད་ཀྱི་བདེ་བ། འཛག་མེད་ཀྱི་ཚུལ་ཁྲིམས། ཟག་མེད་ཀྱི་ཉམས་མྱོང་བདེ་སྟོང་ཟུང་འཇུག་ལ་བསླབ་པ་ནི་འགྲེམ་པ་ལ་མཁས་པ་ཡུར་བ་ལ་ཆུ་དྲངས་པ་ལྟ་བུ་སྟེ་ཚུལ་དེ་དག་ལ་གོམས་པ་བརྟན་པོ་བྱུང་ན་རིགས་ཅན་ལྔ་ལས། ཕྱི་ལུས། ནང་རྩ། གསང་བ་སེམས་ཀྱི་རྟགས་གསུམ་ཚང་བའི་མཆོག་པདྨ་ཅན་གྱི་མཚན་དང་ལྡན་པ་ལོ་བཅུ་གཉིས་ནས་ཉེར་ལྔ་མན་གྱི་བསྟེན་དུ་རུང་བ། བླ་མ་དང་ལྷ་ཡིས་ལུང་བསྟན་པ་གཙོ་བོར་གྱུར་པ་ལ་རྒྱུད་སྦྱངས་ཏེ་ནང་གི་རྣལ་འབྱོར་རང་དང་མཉམ་པའམ་ཅུང་ཟད་དམན་ཡང་རུང་བར་ཡིད་རིག་གི་སྐབས་ལྟར་དངོས་རིག་ལ་སྦྱོར་བས་བདག་བྱིན་བརླབས་པས་བདེ་བའི་རྩལ་སྦྱོང༌། གཞན་ལུས་ཀྱི་ཉེས་རྒྱུས་མཚོན་བྱེད་དཔེའི་ཡེ་ཤེས་བདེ་བས་སེམས་རྒྱུད་མཉམ་རྗེས་ཀུན་ཏུ་གང༌། ཡུལ་ཐམས་ཅད་སྟོང་པའི་འོད་གསལ་ཏུ་ཤར། ཟུང་འཇུག་གི་ཡེ་ཤེས་མཚོན་བརྗོད་ལས་འདས་པ་འཆར་བར་གསུངས་སོ། །བཞི་པ་དེ་ཉིད་དཔེའི་ཡེ་ཤེས་རྒྱུད་ལ་བསྐྱེད་པ་ནི། ཞུ་བདེ་ལྷན་སྐྱེས་ཡེ་ཤེས་འཆར༔ སྣང་སེམས་དབྱེར་མེད་རོ་གཅིག་ཕྱིར༔ དབང་སྡུད་མཆོག་གི་ཕྲིན་ལས་སོ༔ ཞེས་པ་སྟེ་དེ་ལྟར་བདེ་བའི་ཐབས་ཀྱིས་དྲངས་པའི་ཟག་མེད་དྭངས་མའི་ཐིག་ལེ་སྙིང་ག་མི་ཤིགས་པའི་མཛོད་དུ་སྦས་ཏེ་བརྗོད་བྲལ་ཀ་དག་གི་ངང་དུ་ཡུན་རིང་མཉམ་པར་བཞག་པས་བདེ་བའི་རང་བཞིན་གྲོལ་བ་ལ་མཁས་པ་ན་བུན་ནམ་མཁའ་ལ་ཡལ་བ་ལྟར་གཤིས་ལུགས་སུ་ལ་ཟློ་དགོས་པས། ཟག་བཅས་ཐིག་ལེ་ཞུ་བའི་འཛག་བདེའི་བདེ་བ་རྟོགས་པའི་རོ་མྱོང་བས་ཟག་ཏུ་མི་འཇུག་པར་ཟག་མེད་མི་ཤིགས་པའི་ཐིག་ལེ་ཆེན་པོའི་ཀློང་དུ་སྦ། ཐིག་ལེ་དེའང་གདོད་ནས་ལྷུན་གྲུབ་འོད་གསལ་འཕོ་འགྱུར་མེད་པའི་དབྱིངས་སུ་སྦ། དེའང་ཀ་དག་རྣམ་པར་མི་རྟོག་པའི་ངང་དུ་སྦ་བ་སྟེ། དེ་ལྟ་བུའི་ཚུལ་ལ་གོམས་པས་ཉམས་མྱོང་སྔ་མའི་འཛིན་སྟང་ཕྱི་མས་བཤིག་སྟེ་ཆོས་དབྱིངས་རྗེན་པ་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་ཕྱག་རྒྱ་ཆེན་པོ་དོན་གྱི་ཡེཤེས་སོ་སོར་རང་རིག་པའི་སྤྱོད་ཡུལ་ཅན་མངོན་དུ་གྱུར་པ་ལ་སྦྱོར་དགོས་པས་ལམ་འདིའི་ཐོག་མཐའ་ཀུན་ཏུ་ལྟ་བ་འདིས་རྒྱས་ཐེབས་ན་སྔགས་ལམ་རྣལ་མར་ངེས་པས་གནད་དུ་ཆེས་ཟབ་ལ། ཕོ་ཉའི་མྱུར་ལམ་སྒྲ་ཇི་བཞིན་དུ་བསྙགས་ན་བདེ་སྟོང་ཏིང་འཛིན་གྱི་རོལ་མོས་སྣང་སྤྱོད་བདེ་བ་ཆེན་པོ་དཔལ་ཧེ་རུ་ཀའི་སྐུ་དང་རོལ་པར་ཤར་འཕོ་མེད་བདེ་ཆེན་གྱི་བཅུད་ལེན་གྲུབ་པས་རྡོ་རྗེའི་ཚེ་དང་ལང་ཚོ་གཟི་བྱིན་རྒྱས། སྤྱན་དང་མངོན་ཤེས་བདེན་ཚིག་གྲུབ་པ་སོགས་གྲུབ་པའི་རྟགས་མཚན་ཆེས་ཆེར་གསལ། ནང་གི་རླུང་སེམས་དབང་དུ་འདུས་པའི་རྟེན་འབྲེལ་ཕྱིར་ཤར་བས་སྣོད་བཅུད་ཀྱི་རྒུད་པ་ཞི་ཞིང་ལེགས་ཚོགས་འཕེལ་ཞིང་སྔགས་ལྷན་སྐྱེས་ཀྱི་ཕོ་ཉ་གསུམ་གྱི་འདུ་བ་ལ་སྤྱོད་པས་རྡོ་རྗེའི་ས་ལམ་མིག་འཕྲུལ་ལྟར་བགྲོད་པའི་ཕོ་ཉའི་མྱུར་ལམ་ཟབ་མོ་རླུང་སེམས་དྷཱུ་ཏིར་སྡུད་པ་མཆོག་གི་ཡེ་ཤེས་དང་འབྲེལ་བའི་དབང་གིས་ཕྲིན་ལས་ཟབ་པའི་ཏི་ལ་ཀ་རྨད་དུ་བྱུང་བའོ། །གཉིས་པ་རྗེས་བོགས་འབྱིན་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའི་རྣལ་འབྱོར་ནི། གཟུང་དང་འཛིན་པའི་སྣང་ཞེན་ཀུན༔ གང་ཤར་ཐད་ཀར་གཅད་པའི་ཕྱིར༔ བརྟུལ་ཞུགས་མཆོག་གི་ཏིང་འཛིན་ནི༔ ནང་གི་རྣལ་འབྱོར་དྲོད་ཐོབ་པས༔ གནས་ཡུལ་དུར་ཁྲོད་རྩུབ་འགྱུར་ཚལ༔ སོགས་ནས་རིམ་ཀྱིས་བསྟན་པ་ལྟར་ཉམས་སུ་ལེན་པ་ལ། ཐོག་མར་སྔོན་འགྲོས་རྒྱུད་སྦྱངས་པ་དང་ཁྱད་པར་བླ་མའི་རྣལ་འབྱོར་ལ་འབད་པ་རྩལ་དུ་བཏོན་པས་གསོལ་བ་གདབ། དབང་ལེན། ཐུགས་ཡིད་བསྲེས་ལ་ནང་རང་གི་རིག་པ་ཕུང་པོའི་གཟེབ་ལ་བཏུམ་ནས་ཡེ་ཤེས་ཟང་ཐལ་རྗེན་པར་བུད་མི་ནུས་པ་དེ། དམིགས་པས་རྟེན་དང་ཕྲལ་ནས་གཅེར་བུར་བཏོན་ཏེ་དབྱིངས་ལ་བསྲེ་བ་ནི་ཉམས་མྱོང་རྩལ་རྫོགས་པར་བྱེད་པས་གཅོད་ཅེས་ནང་གི་བོགས་འབྱིན་ཁྱད་པར་ཅན་ཏེ། འདི་ལའང་ཐོག་མར་ཡུམ་དོན་སྟོང་ཉིད་ཀྱི་ལྟ་བའི་གདེང་དང་མ་ལྡན་ན་གཉན་ས་དང་ལུས་མཆོད་སྦྱིན་ཙམ་གྱིས་ལམ་རྣལ་མར་མི་འགྱུར་བས་སྔར་རྫོགས་རིམ་གྱི་ཆོས་ཉིད་རྣམ་པར་མི་རྟོག་པ་ཆོས་དབྱིངས་རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མངོན་སུམ་གྱུར་པས་ཡུལ་རྐྱེན་དང་བསྲེས་ཏེ་གདེང་ཐོབ་པར་བྱས་སྟེ་མ་གོམས་ན་འཇིགས་སར་སྐྱེལ་མས་བོར་བ་ལྟ་བུར་འགྱུར་བས། ངན་རྐྱེན་ན་ཚ་གནོད་པ་སོགས་ཐམས་ཅད་སློང་བའི་རྒྱུ་དུར་ཁྲོད་སོགས་འཇིགས་ཤིང་ཡ་ང་བའི་གནས་སུ་ནད་གདོན་བར་ཆད་སོགས་བྱུང་བའི་དུས་སམ། མཚན་མོ་སོགས་ཉམ་ང་བག་ཚ་བའི་སྐབས་སུ་ཕོ་ཚོད་དང་ཆོས་བརྒྱད་ཀྱི་བསམ་པས་མ་ཡིན་པར་འཁྲུལ་རྟོག་བདུད་བཞིའི་བག་ཆགས་ཀྱི་རྒྱུན་གཅོད་པའི་ཕྱིར། ཟླ་གྲོགས་དང་ལག་ཆ་སྲུང་བ་སོགས་ཀྱི་སྙེམས་མེད་པར་ཕྱིན་ཏེ་སྙེམས་བྱེད་བདུད་རྒྱུ་བའི་ཡུལ་དང་ཉེར་བཅུག་ནས་དེ་ལ་བཙན་འགེལ་བྱས་པས་དེའི་ཐོག་ཏུ་སྙེམས་ཐག་ཆོད་ནས་འཁྲུལ་སྣང་སེམས། སེམས་ཉིད་སྟོང་པར་ཤེས་ཏེ། སྣང་སེམས་མཐའ་དག་དམིགས་མེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་ཆེན་མོ་ཆོས་སྐུའི་དབྱིངས་སུ་ཉེ་བར་ཞི་བའི་འཇིགས་མེད་ཀྱི་གདེང་ཐོབ་པ་སྨིག་རྒྱུ་ཆུར་འཁྲུལ་དུས་སྨིག་རྒྱུ་ཉེ་བར་ཕྱིན་ན་ཆུ་མེད་པ་ཐག་ཆོད་པ་ལྟ་བུའི་གནད་དོན་ཤེས་པས། ཕྱི་ལྷ་འདྲེ། དེ་ལས་བྱུང་བའི་ནད་གདོན། ནང་རང་སེམས། དེ་ལས་བྱུང་བའི་རྣམ་རྟོག །བར་ལུས་ངག །དེ་ལས་བྱུང་བའི་བྱ་བྱེད་ཐམས་ཅད་འཁྲུལ་པས་སྒྲོ་བཏགས་པ་ཙམ་ལས་གནས་ལུགས་གཏན་ལ་ཕབ་ན་ཆོས་ཉིད་དབྱིངས་ཀྱི་གཤིས་ནམ་མཁའ་ལྟ་བུ་བྱ་རྩོལ་དང་བྲལ་བར་ལ་བཟླ་བའི་ལྟ་བས་ཉམས་ལེན་གྱི་སྟངས་མ་ཤོར་བར་འཇིགས་དང་ཡ་ང་མེད་པ་སེང་གེ་བཞིན་དུ་རྒྱུ་སྟེ་ཕྱོགས་མཚམས་ཐམས་ཅད་དུ་ལྷ་འདྲེ་ལ་བལྟ་སྟངས་ཀྱིས་གཟིར། རྡོ་རྗེའི་གར་དང་ཧཱུྃ་གི་གླུ་བཅས་ཕྱིན་ནས་མཚོ་ཡི་སྟོད། ཕ་ཝང་གི་སྟེང༌། ཆུ་མིག་གི་འགོ །ཤིང་གི་དྲུང་དུ་ལུས་ཉྭ་བཞི་གློད་པས་ཉལ་ཏེ། སྒོམ་པས་ཉམས་སུ་ལེན་པ་ལ། རང་ལུས་ཆེ་བརྗིད་ལུང་པ་ཁེབས་པས་དེར་གནས་ཀྱི་ལྷ་འདྲེ་ཐམས་ཅད་ནོན་པར་བསམ། འཁོར་བ་མ་སྟོང་གི་བར་འདུག་ས་འདི་ལས་མི་གཡོ་སྙམ་པས་ལྟ་བའི་ངང་བསྐྱང༌། ཁྱད་པར་སྣོད་རྣམ་པར་དག་པ་ཨོ་རྒྱན་དྷཱུ་མ་ཐ་ལའི་གྲོང་ཁྱེར། བཅུད་རྣམ་པར་དག་པ་འབུམ་ཕྲག་ཡངས་པའི་དཔའ་བོ་དང་ཌཱ་ཀི་གནམ་ས་བར་སྣང་གི་ཁྱོན་ཐམས་ཅད་ཁེངས་ནས་སྐུ་རྡོ་རྗེའི་གར། གསུང་ཧཱུྃ་གི་གླུ། ཐུགས་བདེ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྩལ་གྱིས་སྣང་སྤྱོད་བདེ་བ་ཆེན་པོར་ཤར་བའི་རྡོ་རྗེ་གསང་བའི་བརྟུལ་ཞུགས་ཀྱི་སྤྱོད་པ་ཆབས་ཅིག་ཏུ་བསྐྱངས་པའི་ཟིལ་གྱིས་ལྷ་འདྲེ་གདོན་བགེགས་ན་ཚ་རྐྱེན་ངན། བར་ཆད་འཚུབས་སློང་སོགས་མ་དག་འཁྲུལ་པའི་མཚན་མ་བཙལ་ཀྱང་མི་རྙེད་པ་སྣང་སྲིད་ཆོས་སྐུའི་དབྱིངས་སུ་སད་པར་བསམ་ལ། ཕཊ༔ གཞི་གྲོལ་རིག་པ་འདུས་མ་བྱས་སོགས་ངག་ནས་བརྗོད་དེ་དབྱིངས་རིག་བསྲེས་ལ་མཉམ་བཞག་གི་ལྟ་བས་གཟིར། དེའི་ངང་དུ་མཉམ་པར་བཞག་པའི་ཚེ་ཚོགས་དྲུག་གི་ཡུལ་ལ་བརྟེན་ནས་རྣམ་རྟོག་ལྷོངས་པ་ཐོག་བཅས་ཀྱི་བདུད། ཕྱིའི་ཡུལ་རྐྱེན་ལ་མ་ལྟོས་པར་སྐྱོ་འཇིགས་སོགས་མྱོང་ཚོར་གྱི་རྟོག་པའི་འཕྲོ་འདུ་རང་སེམས་ལ་ལྷོངས་པ་ཐོགས་མེད་བདུད། བཟང་རྐྱེན་ལ་བཟང་འཛིན་གྱི་སྙེམས་ཤོར་བ་དགའ་བྲོད་ཀྱི་བདུད། བག་ཆགས་ཀྱི་འཛིན་ཞེན་ལ་སྙེམས་བྱེད་ཀྱི་བདུད་དེ་དེ་བཞིའི་རྟོག་པ་གང་སྐྱེས་ཀྱང་དེའི་རྗེས་སུ་འབྲང་བའི་འཛིན་ཞེན་སྐྱེས་ན་བདུད་ཀྱི་དབང་དུ་སོང་བ་ཡིན་པས། དཔེར་ན་འདྲེ་སྣང་བྱུང་ན་དབྱིངས་རིག་གི་ཉམས་མྱོང་གིས་མ་སླེབས་པར་འཇིགས་སྣང་སྐྱེས་ན་སྙེམས་ཤོར་བས་གནོད་པ་འབྱུང་བའི་ཕྱིར་དེ་མ་ཐག་རྟོག་པ་དེ་ངོས་ཟིན་པར་བྱས་ལ། ཕཊ༔ ཅེས་སྒྲ་དྲག་པོས་བརྗོད་ནས་གང་ཤར་འཛིན་མེད་སྤྲོས་བྲལ་གྱི་དབྱིངས་སུ་བཅད་དེ། སྙེམས་མེད་ཀྱི་རིག་པ་ཧུར་ཕྱུངས་ལ་མཉམ་པར་བཞག །དེས་མཚོན་ནས་བཟང་ངན་གྱི་རྟོག་པ་ཐམས་ཅད་དབྱིངས་རིག་གི་ཀློང་དུ་བསྐྱལ་བའི་གདེང་འཆོས་པས་བདག་གཅེས་འཛིན་གྱི་འཁྲི་བ་བཙན་ཐབས་སུ་ཆོད་པ་ནི་མཉམ་བཞག་གི་ཉམས་ལེན་ནོ། །རྗེས་ཐོབ་ཀྱི་སྐབས་སུ་ལུས་ཀྱི་མཆོད་སྦྱིན་བྱ་བ་ནི། གཞུང་ལྟར་སྐྱབས་སེམས་ལན་གསུམ་སྔོན་དུ་འགྲོ་བས། རང་རིག་རླུང་སེམས་དྭངས་མའི་ཐིག་ལེ་དཀར་ལ་དམར་མདངས་ཆགས་པ་སྤྱི་གཙུག་ནས་རྒྱང་གིས་ཐོན། སྟེང་གི་ནམ་མཁར་རྡོ་རྗེ་ཁྲོས་མ་ནག་མོའི་སྐུར་གྱུར་པའི་ཕྱག་གཡས་ཀྱི་གྲི་གུག་གིས་གཞི་ལུས་ཀྱི་ཕུང་པོའི་དཔྲལ་བར་རེག་ཙམ་གྱིས་ཐོད་པ་ལིངས་ཀྱིས་འཕར་བ་མདུན་དུ་སྐུ་གསུམ་མཚོན་པའི་ཐོད་སྐམ་གྱི་སྒྱེད་བུ་རི་རབ་ཙམ་གསུམ་གྱི་སྟེང་དུ་བཞག །ནང་དུ་རང་ལུས་ཆེ་ཚོ་སྣུམ་བག་ཅན་གྲི་གུག་གི་རྩེ་མོས་བླངས་ཏེ་སིལ་བུར་གཏུབ་ནས་བླུགས་པས་ཐོད་པ་ཕྱུར་བུར་གང༌། ཐོད་སྒྱེད་ཀྱི་བར་དུ་ཨ་ཐུང་རླུང་གིས་བསྐུལ་བས་མེ་ཆེར་འབར་ཐོད་པ་དྲོས། ནང་བཅུད་ཞུ་བའི་མ་དག་པ་ཐམས་ཅད་རླངས་པའི་རྣམ་པས་ཕྱིར་ཐོན། དྭངས་མ་བཅུད་དུ་འཁྱིལ་བ་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ནམ་མཁའ་དང་མཉམ་པར་འཕེལ་བའི་སྟེང་དུ་གནས་པའི་ཧཾ་ཡིག་དྲོས་ཏེ་བདུད་རྩིའི་རྒྱུན་བབ་པ་འདྲེས་པས་ངོ་བོ་ཡེ་ཤེས་ཀྱི་རང་བཞིན་ལ་རྣམ་པ་བདུད་རྩི་དཀར་ལ་དམར་མདངས་ཆགས་པ་དྲི་ཚོར་བ་དང༌། ཁར་མྱོང་བ་ཙམ་གྱིས་བདེ་བླག་ཏུ་ཡིད་ཚིམ་པའི་རྣམ་པ་ཅན་དུ་བསམ་ལ། འབྲུ་གསུམ། ཧ་ཧོ་ཧྲཱིཿམང་དུ་བརྗོད་པས་སྤེལ། ཁྲོས་མའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་མགྲོན་གྱི་གྲངས་དང་མཉམ་པར་སྤྲོས་ཏེ་མཆོད་སྦྱིན་གྱི་ཡུལ་ཐམས་ཅད་ལ་བྷནྡྷའི་སྐྱོགས་ཀྱིས་བདུད་རྩི་བཅུས་ནས་ཕུལ་བས་ཐམས་ཅད་མཉེས་ཤིང་ཚིམ། དགྱེས་པས་དོན་གཉིས་ལྷུན་གྱིས་གྲུབ་པར་བསམ་པ་དཀར་འགྱེད། ཡང་ན་ཐོད་པའི་བདུད་རྩི་ཉིད་ངོ་བོ་རང་ལུས་ཡིན་པ་ལ་རྣམ་པ་དཀོན་མཆོག་སྲི་ཞུའི་མགྲོན་ལ་སྲིད་ཞིའི་དཔལ་འབྱོར་འདོད་དགུའི་རོལ་པ་ཅན་ཕུལ་བས་སྐུ་གསུང་ཐུགས་དགྱེས་པ་བསྐྱེད། ཚོགས་རྫོགས། སྒྲིབ་པ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐོབ་པར་བསམ། མགོན་པོ་ཡོན་ཏན་མགྲོན་ལ་མཐུན་རྫས་སྐོང་རྫས་རྟེན་རྫས་སྒྲུབ་རྫས་སུ་ཕུལ་བས་ས་ལམ་གྱི་བར་ཆད་བསལ་ཞིང་ཕྲིན་ལས་སྒྲུབ་པར་མོས། རིགས་དྲུག་སྙིང་རྗེའི་མགྲོན་ལ་སོ་སོའི་སྡུག་བསྔལ་ཞི་བྱེད་ཡིད་དང་མཐུན་པའི་འདོད་ཡོན་གྱིས་དགའ་མགུར་ཚིམ། སྡུག་བསྔལ་ཐམས་ཅད་དང་བྲལ། བགེགས་རིགས་ལན་ཆགས་མགྲོན་ལ་ཤ་ཁྲག་རུས་པ་ནང་རོལ་དབང་ལྔ་སོགས་དྲི་སྣུམ་རོ་ནུས་ཅན་སོ་སོའི་ཡིད་མཐུན་ཟད་མེད་དུ་སྤྱོད་པས་ལན་ཆགས་སོད། བུ་ལོན་བྱང༌། ཤ་འཁོན་སྡིག་སྒྲིབ་ཞི་བར་བསམ་པ་ཁྲ་འགྱེད། ཡང་རང་ལུས་ཀྱི་པགས་པ་བཤུས་པ་བརྡལ་བས་སྟོང་གསུམ་དང་མཉམ་པའི་སྟེང༌། ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད། རྐང་མར་གྱི་འདམ་རྫབ། ནང་རོལ་གྱི་ནགས་ཚལ་སོགས་ཁ་དོག་དྲི་རོ་མ་ཉམས་པ་སྤུངས་ཤིང་བརྡལ་བ། ལས་བྱེད་ཀྱི་ཁྲོས་མ་བྱེ་བ་ས་ཡས་ཕྱོགས་མཚམས་ཀུན་ཏུ་བཀྲམ་ཤིང་གཏོར་བས་ཚེ་རབས་ཐོག་མེད་ནས་ལན་ཆགས། བུ་ལོན་གྱི་དབང་གིས་ལུས་སྲོག་དཔལ་འབྱོར་ཡོན་ཏན་ལ་རློམས་པའི་གནོད་བྱེད་གདོན་བགེགས་སྡེ་དཔུང༌། རྗེས་འབྲང་ཐམས་ཅད་དང༌། ཁས་ཞན། དབང་ཆུང༌། བརྐམ་ཆགས་ཀྱི་གདུང་བས་གཟིར་བ་ཐམས་ཅད་བག་ཕེབས་དགའ་མགུ་ལྷོད་པར་རོལ་པས་ཡིད་ཚིམ། ཤ་འཁོན་བྱང་བུ་ལོན་སོད། གནོད་སེམས་ཞི། ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེས་པར་བསམ་པ་ནི་དམར་འགྱེད། བདག་གཞན་སེམས་ཅན་ཀུན་གྱི་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་ཐམས་ཅད་ནག་བུན་གྱིས་བསྡུས་ཏེ་རང་ལུས་ལ་ཐིམ་པ་གནོད་བྱེད་ལྷ་འདྲེ་ཐམས་ཅད་ལ་བྱིན་པ་ཟོས་པས་ཐམས་ཅད་ཀྱི་ལུས་སོལ་བ་ལྟར་གྱུར་པར་བསམ་པ་ནག་འགྱེད་དེ་སོ་སོ་དམིགས་པ་རྩེ་གཅིག་ཏུ་བསྒྱུར་ནས་བྱ། དེ་ཡང་ཉིན་ཞག་གཅིག་ལ་མཚོན་ན་ཐོ་རངས་དཀར་འགྱེད། ཉིན་གུང་ཁྲ་འགྱེད། ནུབ་མོ་དམར་འགྱེད་སྲོད་ལ་ནག་འགྱེད་བྱས་པས་དགོས་པ་ཆེ་བར་གསུངས། མཐར་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན་རྫོབ་སྒྱུ་མ་སེམས་ཀྱི་ཆོ་འཕྲུལ་དུ་བརྡར་བཏགས་པ་ཙམ་ལས་དོན་དམ་ངེས་པའི་གཤིས་སུ་ཆོས་དབྱིངས་རྣམ་ཐར་སྒོ་གསུམ་ལས་གཞན་དུ་མ་འདས་པར་ཤེས་པའི་གདེང་བསྐྱེད་དེ་མཉམ་པར་བཞག་པས་ལ་བཟླ། མཉམ་རྗེས་ཀྱི་ཉམས་ལེན་དེ་དག་གིས་ལྟ་སྒོམ་ལ་གོམས་པ་བརྟན་ན་སྤྱོད་པས་བོགས་དབྱུང་བའི་ཕྱིར་འཇིགས་དང་ཡ་ང་འཁུ་འཕྲིགས་སྐྱེས་པའི་གནས་སུ་ཕྱིན་ལ་ཉམས་ལེན་ཡང་ཡང་བྱས་པས་ཕྱི་ལྷ་འདྲེ་ལྷོངས་རྟགས་འཇིགས་པའི་ཆོ་འཕྲུལ་དངོས་ཉམས་རྨི་ལམ་དུ་འབྱུང༌། བར་ན་ཚ་ལྷོངས་རྟགས་གློ་བུར་གྱི་ནད་སྣ་ཚོགས་འབྱུང༌། ནང་རྣམ་རྟོག་ལྷོངས་རྟགས་སེམས་ཐོག་ཏུ་རེ་དོགས་སྣ་ཚོགས་འཆར་བ་དང་འཛིན་མེད་སྤྲོས་བྲལ་གྱི་དབྱིངས་སུ་སྦྱང་བ་གཏད་མེད། ཆོ་འཕྲུལ་ལ་ཅེ་རེ་བལྟས་པས་རང་གྲོལ་དུ་འཆར་བ་གཏད་སྒོམ། དེ་དག་རང་སེམས་ཀྱི་ཆོ་འཕྲུལ། སེམས་གཞི་རྩ་བྲལ་བར་ཐག་བཅད་པ་དཔྱད་སྒོམ་གསུམ་གྱིས་ཕཊ྄ཿཅེས་བརྗོད་རིག་པ་གཏད་མེད་བཏང་༔ ཞེས་པའི་དོན་དང༌། གཞན་ལྷ་མིས་ཕྱག་མཆོད་འབུལ་བ་སོགས་དངོས་གྲུབ་ཀྱི་ལྟས། ལུས་ལས་སྲོག་ཆགས་ཐོན་པ་གདོན་ཐོན་པའི་ལྟས། བཤལ་སྐྱུགས་སྣ་ཁྲག་འཛག་པ་སོགས་ནད་ཐོན་པའི་ལྟས་རྣམས་ཐུན་མོང་གི་ཚར་ཚད། རང་ཉིད་ཁྲུས་བྱེད། གོས་དཀར་གྱོན། གྱེན་ལ་འཛེགས། ནམ་མཁར་འཕུར་བ་དང༌། ཉི་ཟླ་ཤར་བ། ལྷ་འདྲེའི་སྲོག་སྙིང་འབུལ་བ་སོགས་ཐུན་མིན་གྱི་ཚར་ཚད། ཆོ་འཕྲུལ་གྱིས་མཚོན་པའི་ཆོས་ཐམས་ཅད་རང་སེམས་སྤྲོས་བྲལ་དུ་ཤེས་པ་མཆོག་གི་ཚར་ཚད་རྫོགས་པས་ཆོས་བརྒྱད་དབྱིངས་སུ་སྙོམས། དབྱིངས་རིག་བཙན་ས་ཟིན་པ་སོགས་དགོས་པ་དུ་མ་དང་ལྡན་པ་ཡང༌། དེ་ལྟར་མཉམ་རྗེས་ཐམས་ཅད་དུ༔ ཉམས་ལེན་ཆུ་བོའི་རྒྱུན་བཞིན་བསྐྱང་༔ འཇིགས་དང་ཆོ་འཕྲུལ་ཅི་བྱུང་ཡང་༔ མི་ཕོད་པ་ལ་ཐོག་བརྫིས་བྱ༔ ཟས་ནོར་གཏམ་གྱི་འཁྲི་བ་བཅད༔ གནས་གྲོགས་གཉེན་འདུན་སྲེད་ཞེན་སྤང་༔ རེ་དོགས་སྦྲུལ་གྱི་མདུད་པ་བཤིག༔ ངར་འཛིན་སྙེམས་འཕྲིགས་གང་དགར་བོར༔ སྟོང་ཉིད་སྙིང་རྗེའི་སྲོག་ལྡན་པའི༔ ཟབ་མོའི་སྤྱོད་པ་སྤྱད་པ་ལས༔ ཉམས་རྟོགས་ཤན་འབྱེད་བོགས་དབྱུང་ཞིང་༔ གཟུང་འཛིན་འབྱུང་པོ་ཚར་བཅད་པས༔ མངོན་སྤྱོད་མཆོག་གི་ཕྲིན་ལས་སོ༔ ཞེས་གསུངས་པ་དེ་དག་གིས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ནམ་མཁའི་གཟུགས་ཅན་སྒྲུབ་པའི་བརྟུལ་ཞུགས་ལ་བསླབ་པ་དྲག་པོ་མཆོག་གི་ལས་སྒྲུབ་པའི་ཡན་ལག་གོ །གསུམ་པ་ལམ་གྱི་སྐྱེལ་སོ་མན་ངག་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་དམར་ཁྲིད་བཤད་པ་ལ། སྡེ་གསུམ་གྱི་ལམ་དངོས་དང༌། ཡན་ལག་རྗེས་ཀྱི་ཁྲིད་རིམ་མོ། དང་པོ་ལའང༌། བཞི་པ་དོན་གྱི་དབང་གི་ལམ༔ ཞེས་པ་སྔར་བསྟན་པའི་ལམ་ཐམས་ཅད་སེམས་ལམ་བྱེད་དེ། འདིས་སེམས་རིག་ཤན་ཕྱེས་ནས་བློ་ལས་འདས་པའི་ཡེ་ཤེས་རྗེན་པ་ལམ་དུ་བྱེད་པ་ཤིན་ཏུ་རྣལ་འབྱོར་གྱི་ལམ་ཞེས་པ་སངས་རྒྱས་འཕགས་པའི་མཉམ་བཞག་གི་དགོངས་པ་སྒྲ་ཇི་བཞིན་དུ་སྟོན་པ་སྟེ་དེ་ལའང་ཁྱད་པར་གྱི་སྔོན་འགྲོས་སེམས་རིག་ཤན་འབྱེད། དངོས་གཞི་འཁྲུལ་པ་རང་གྲོལ་གྱིས་ཡེ་ཤེས་ངོ་སྤྲོད། རྗེས་འཁྲུལ་པ་ཡེ་ཤེས་སུ་འཆར་བའི་ཁྲིད་ཀྱིས་སྣང་བཞི་མཐར་བསྐྱལ་བའོ། །དང་པོ་ལའང༌། ཕྱི་ནང་གི་འཁོར་འདས་རུ་ཤན་དབྱེ་བ་དང༌། སྒོ་གསུམ་སྦྱང་བའི་ཚུལ་ལོ། །དང་པོ་ལའང༌། ཁྱད་པར་སྔོན་དུ་འགྲོ་བ་ནི༔ རྒྱས་པར་ཕྱི་ནང་འཁོར་འདས་ཀྱི༔ སྤྱོད་པ་སྤྱད་ནས་རུ་ཤན་དབྱེ༔ ནང་དུ་ཚོགས་བརྒྱད་ཉོན་མོངས་དང༔ འཁྲུལ་པའི་བག་ཆགས་དག་པར་བྱ༔ ཞེས་སོགས་རྒྱས་པར་གསུངས་པ་ལྟར་རུ་ཤན་འབྱེད་པ་ལའང་ཕྱི་ནང་གི་རུ་ཤན་གཉིས་ལས། དང་པོ་ཕྱི་ལྟར་རུ་ཤན་འབྱེད་པ་ནི། སྤྱིར་ལམ་གྱི་ཐེག་རིམ་མཐར་ཐུག་གི་སྐྱེལ་སོ། །དོན་གྱི་ཡེ་ཤེས་རྗེན་ཅེར་དུ་སྟོན་པ། བཞི་པ་རིག་པ་རྩལ་གྱི་དབང་གིས་ཡེ་ཤེས་ལམ་དུ་བྱེད་པ་རྣལ་འབྱོར་ཀུན་གྱི་མཆོག་གམ་རྩེ་མོ་བྱ་བྲལ་འབྲས་བུའི་ཐེག་པ་ཨ་ཏི་ཡོ་གའི་ལམ་སྟེ་འདི་ནི་སེམས་ཀྱི་སྤྱོད་ཡུལ་ལས་འདས་པའི་ཡེ་ཤེས་ཆེན་པོའི་གཤིས་ལུགས་རྗེན་པ་ཉིད་ལམ་དུ་བྱེད་པས་མཐར་ཐུག་བར་ཆད་མེད་ལམ་གྱིས་བསྡུས་པ། རྡོ་རྗེའི་ཆོས་བདུན་དང་ལྡན་པའི་རྒྱུན་མཐའ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ། འདི་ཁོ་ན་ལའང་དབང་པོའི་ཁྱད་པར་གྱིས་ནང་གསེས་སུ་ཕྱི་སྐོར་ལུས་ལྟ་བུ་སེམས་སྡེ། ནང་སྐོར་སྙིང་ལྟ་བུ་ཀློང་སྡེ། གསང་སྐོར་སྙིང་ཁྲག་གམ་སྲོག་གི་དྭངས་མ་ལྟ་བུ་མན་ངག་གི་སྡེ། ཕྱི་མ་ལའང་ནང་གསེས་ཀ་དག་རྩ་བྲལ་དུ་ངོ་སྤྲད་ནས་རིག་པ་རྗེན་པ་ལྷང་ལ་ཕུད་དེ་འབད་མེད་དུ་གྲོལ་བའི་ལམ་ཁྲེགས་ཆོད་དང༌། སྒོ་ཡུལ་རླུང་རིག་གི་གནད་བཅུན་ནས་འོད་གསལ་གྱི་སྣང་བ་ལ་བརྟེན་ནས་རང་བཞིན་ལྷུན་གྲུབ་དུ་ངོ་སྤྲད་ནས་མངོན་སུམ་ལ་གཟིར་བས་གདོས་བཅས་འོད་ལུས་སུ་གྲོལ་བ་ཐོད་རྒལ་གྱི་ལམ་གཉིས་ཀྱིས་རབ་ཚེ་འདི། འབྲིང་བར་དོ་གསུམ། ཐ་མ་རང་བཞིན་སྤྲུལ་པའི་ཞིང་དུ་སྐུ་གསུམ་གདོད་མའི་ས་ལ་གྲོལ་བར་བྱེད་པའི་གསེང་ལམ་ཐུན་མོང་མ་ཡིན་པ་མན་ངག་མཐར་ཐུག་གི་སྐྱེལ་སོར་གྱུར་པ་ཉིད་སྐབས་འདིར་ཡང་རྒྱས་པར་སྟོན་པ་ལས། ཐོག་མར་རུ་ཤན་འབྱེད་པ་ལ་རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེས། འཁོར་འདས་ཞེས་པ་གཏན་གྱི་བདེ་སྡུག་གཉིས། །རུ་ཤན་ཞེས་པ་འཛིན་པ་ཡོད་མེད་དོ། །ཞེས་པ་ལྟར་འཁོར་འདས་སྤང་བླངགཉིས་སུ་ཞེན་པ་ཐབས་རུ་ཤན་འདིས་ཕྱེ་སྟེ། སྤྱིར་རྡོ་རྗེ་ཐེག་པའི་ལྟ་བ་མཐར་ཐུག་དག་མཉམ་བདེན་པ་དབྱེར་མེད་ཏེ་དེ་ཚིག་གི་བསྟན་པ་ཙམ་མ་ཡིན་པར་ཆོས་ཉིད་གཤིས་ཀྱི་གནས་ལུགས་བཞིན་ཉམས་སུ་བླངས་ན་སངས་རྒྱས་ཆོས་ཀྱི་སྐུའི་གཤིས་སུ་གྲོལ་བའི་དགོས་པའོ། །གནས་ལུགས་མངོན་སུམ་རྟོགས་མ་རྟོགས་ཀྱི་ཁྱད་པར་ལས་འཁྲུལ་གྲོལ་གྱི་གཞི་བྱེད་པས་རང་རྩལ་གྱི་ཕུག་མ་ཆོད་པར་གཏན་གྱི་བདེ་སྡུག་རང་མཚན་ལ་སྤྱོད་པ་ཡང་དོན་གཏན་ལ་ཕབ་ན་འཁོར་བ་ནི་མེད་སྣང་སྒྱུ་མའི་ཆོས་མྱང་འདས་རིག་པའི་རང་རྩལ་ལས་རང་མཚན་དུ་དོན་ལ་གྲུབ་པ་མེད་པས་གཞི་གཅིག་གི་ངོ་བོར་གཤིས་ལུགས་སུ་བསལ་བཞག་བྲལ་བས་གཟུང་འཛིན་གྱི་ཞེན་པའི་ཕྲེང་ཐག་བཅད་པ་སྟེ། དེ་ལྟར་ཉམས་སུ་ལེན་པ་ལའང་ཕྱི་ནང་གཉིས་སུ་གསུངས་པའི་སྔ་མ་ནི། རི་རྩེའམ་ལུང་སྟོང་དུ་ཕྱིན། ནང་དུ་གདེང་ཅུང་ཟད་ཐོབ་ན་དུར་ཁྲོད་དང་གཉན་ཟིལ་ཆེ་བའི་གནས་སུ་བཟང་གསུངས། ལས་དང་པོ་པས་དཀར་ཕྱོགས་ལ་གནས་པའི་གཞི་བདག་ལ་གཏོར་མ་དང་གསེར་སྐྱེམས་ཕུལ་ལ་ཀོ་ལོང་མེད་པའི་ཕྲིན་ལས་བཅོལ། ཐུན་མོང་གི་སྔོན་འགྲོ་སྤྱི་དང་ཁྱད་པར་བླ་མའི་རྣལ་འབྱོར་གྱིས་གསོལ་བ་རྩེ་གཅིག་ཏུ་གདབ་ལ། སྒོ་གསུམ་ཕྲུགས་གཅིག་ཏུ་རུ་ཤན་འབྱེད་དགོས་པས། ལུས་གཅེར་བུ་ཕྱུང་ལ་ལག་ན་ཌཱ་མ་རུ་དང་ཁ་ཊྭཱཾ་ཐོགས་པ་རུས་རྒྱན་གྱིས་བརྒྱན་པར་མོས་ལ་འགྲོ་དྲུག་སོ་སོའི་ལུས་ཀྱི་རྣམ་འགྱུར། ངག་གི་སྨྲ་བརྗོད། སེམས་ཀྱི་བདེ་སྡུག་བཅས་ཡིད་ལ་ཅི་ཤར་མངོན་སུམ་ལྟ་བུས་བླང་དོར་མེད་པར་བྱ། གཞན་ཡང་རྒྱུག་མཆོངས། ལུས་གསིག་པ་སྤྱིའུ་ཚུགས། རྒྱབ་འགྲོས་ཉལ་འཕྲས་སོགས་དང༌། ངག་གི་ཀུ་ཅོ། ངུ་རྒོད་སོགས་ཐང་ཆད་ཆད་ཀྱི་བར་བྱས་མཐར་ཕྱག་བསྐོར། ལྷ་ཡི་སྟང་སྟབས། ཕཊ྄ཿདྲག་པོ། ཧ་དང་ཧཱུྃ་ཨོཾ་སོགས་སྔགས་དང༌། ཆོས་ཀྱི་སྒྲ་དང༌། སེམས་ནམ་མཁའ་དང༌། རྒྱ་མཚོའི་དཀྱིལ། རི་བྲག་གི་ནང་ཟང་ཐལ་དུ་འཕངས། སངས་རྒྱས་བྱང་སེམས་ཉན་རང་མཇལ་བ་དང༌། དག་པའི་ཞིང་དུ་ཕྱིན་ནས་ཆོས་ཉན་པ་དང༌། ཡང་ལྟ་སྒོམ་གྱི་དོན་ཡིད་ལ་བྱེད་པ་སོགས་ཀྱིས་འཕྲོ་བཅད་ནས་བདེ་བའི་མལ་དུ་འགུལ་འཕྲིགས་མེད་པར་ཉལ་སྨྲ་བརྗོད་སྤང༌། སེམས་རྗེས་མེད་དུ་རྩལ་སྦྱངས་ཏེ་མཉམ་པར་བཞག །དེ་ལྟར་བགྱིས་པས་རུ་ཤན་ཕྱེད་པའི་རྟགས་སུ་ལུས་ཆགས་ཞེན་མེད་པ་དང༌། ལུས་མེད་སྙམ་པ། ནམ་མཁར་འཕུར་བ། བདེ་དྲོད་འབར་བ། ངག་སཾ་སྐྲྀ་ཏའི་སྐད་རྡོལ། སྔར་མ་བསླབས་པའི་ཆོས་ཤེས་པ་སོགས་དང༌། སེམས་བདེ་གསལ་མི་རྟོག་པའི་ཉམས་དང༌། རྟོག་པ་སྐྱེས་པ་སོགས་འབྱུང་བར་གསུངས། དགོས་པ་སྒོ་གསུམ་གྱི་བར་ཆད་ཞི། སྡིག་སྒྲིབ་དག །སྐུ་གསུམ་དུ་གྲོལ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་འགྱུར་རོ། །གཉིས་པ་ནང་ལྟར་དབྱེ་བ་ནི། ཐོག་མར་རིགས་དྲུག་བག་ཆགས་ཀུན༔ དབྱིངས་སུ་ཞི་བའི་ཏིང་འཛིན་བསྒོམ༔ ཞེས་པ་ལྟར་ཞི་བ་མཆོག་གི་ཏིང་འཛིན་ཇི་ལྟར་བསྒོམ་པ་ཡང༌། ཁྱད་པར་མཆོག་གི་ལས་སྦྱོར་ལ༔ ཉོན་མོངས་ཤེས་བྱ་སྙོམས་འཇུག་གི༔ སྒྲིབ་གཉིས་བག་ཆགས་ཀུན་སྦྱང་ཕྱིར༔ འཁོར་བ་དོང་སྤྲུགས་ཏིང་འཛིན་ནི༔ རླུང་རོ་བསལ། ལུས་གནད་ཆོས་བདུན་དང་ལྡན་པས། རང་ཉིད་ཐ་མལ་གནས་པ་ཡི༔ ལུས་ཀྱི་སྟོང་ར་འོད་འབར་དབུས༔ ཡེ་ཤེས་སྙིང་པོ་འོད་ཀྱི་རྩ༔ སྙིང་དཀྱིལ་ཨ་ཝ་དྷཱུ་ཏིའི་སྦུབས༔ ཤེས་བྱའི་སྒྲིབ་པ་ཐིག་ལེ་ནག༔ དེ་སྟེང་སྦྱོང་བྱེད་སྤྲོས་བྲལ་དབྱིངས༔ སྐྱེ་མེད་རང་བྱུང་ཡི་གེ་ཨ༔ དྭངས་གསལ་རྙོགས་བྲལ་འོད་ཟེར་འབར༔ སྙིང་གར་དབུ་མ་ལས་གྱེས་པའི༔ ཕྱི་རོལ་ཚོགས་བརྒྱད་རྟེན་གྱི་རྩལ༔ མདུན་དུ་འོད་རྩ་ཟླུམ་སེར་དབུས༔ སྦྱང་བྱ་ཕྲག་དོག་གཏི་མུག་གི༔ ས་བོན་ ལྷ་མིན སུ་ལྗང་ དུད་འགྲོ་ ཏྲི་དུད་ཀ༔ དེ་སྟེང་སྦྱོང་བྱེད་སྐུ་རྡོ་རྗེའི༔ ངོ་བོ་ཨོཾ་ཡིག་དཀར་ཞིང་འཚེར༔ གཡས་སུ་མཐིང་ག་གྲུ་བཞིའི་རྩར༔ སྦྱང་བྱ་ང་རྒྱལ་འདོད་ཆགས་ཀྱི༔ ས་བོན་ལྷ་ཡི་ཨ་དཀར་མི་ཡི་ཎྲྀ་སྔོ་སྐྱ༔ དེ་སྟེང་སྦྱོང་བྱེད་ཐུགས་རྡོ་རྗེའི༔ ངོ་བོ་ཧཱུྃ་མཐིང་འོད་དུ་འབར༔ གཡོན་དུ་དམར་པོ་ཟླ་གམ་རྩར༔ སྦྱང་བྱ་སེར་སྣ་ཞེ་སྡང་གི༔ ས་བོན་ ཡི་དྭགས་ པྲེ་དམར་ དམྱལ་བ་དུཿནག་པོ༔ དེ་སྟེང་སྦྱོང་བྱེད་གསུང་རྡོ་རྗེའི༔ ངོ་བོ་ཨཱཿདམར་གསལ་ལ་དྭངས༔ རྒྱབ་ཏུ་ཟླུམ་འཁྱིལ་འོད་ལྔའི་རྩར༔ སྙོམས་འཇུག་སྒྲིབ་པའི་ས་བོན་ཧཾ༔ དེ་སྟེང་སྦྱོང་བྱེད་ཧོཿལྗང་གུ༔ ཡེ་ཤེས་རྡོ་རྗེའི་བདག་ཉིད་ཅན༔ ཀུན་ཀྱང་རང་སྒྲ་སྒྲོགས་པར་བསྒོམ༔ ལུས་གནད་བསྲང་ཞིང་རླུང་རོ་བསལ༔ སྙིང་གའི་ཨ་ལ་སེམས་གཏད་པས༔ འབར་བའི་འོད་ཟེར་ཀུན་ཏུ་ཁྱབ༔ སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི༔ ཨོཾ་ཨཱཿཧཱུྃ་ཧོཿ ས་བོན་ཐམས་ཅད་གསལ་བར་བྱས༔ དེ་ལས་ལྔ་ལྡན་འོད་ཀྱི་སྤྲིན༔ མཁའ་ཁྱབ་དག་པའི་ཞིང་དུ་འཕྲོས༔ རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི༔ གསང་གསུམ་བྱིན་རླབས་རོ་གཅིག་ཐིམ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔ རྡོ་རྗེ་སྔགས་ཀྱི་ཡི་གེ་ལས༔ བདེ་སྟོང་རོལ་པའི་འོད་ཟེར་གྱིས༔ སྦྱང་བྱའི་ས་བོན་ཨ་ཎྲྀ་སུ་ཏྲི་པྲེ་དུ་ཧཾ་མཐའ་དག་བསྲེགས༔ འདབ་བརྒྱད་རྩ་གནས་ཀུན་གང་བས༔ ཉོན་མོངས་ཤེས་བྱ་སྙོམས་འཇུག་གི༔ སྒྲིབ་གཉིས་བག་ཆགས་ཡོངས་སྦྱངས་ཤིང་༔ ཚོགས་བརྒྱད་གཉིད་དང་བཅས་པ་ཡི༔ འཁྲུལ་པའི་དྲི་མ་ཀུན་དག་པས༔ དྲི་མེད་གཉུག་མ་བྱང་ཆུབ་སེམས༔ རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུའི༔ འོད་གསལ་ཆེན་པོར་རོ་གཅིག་བསམ༔ བུམ་པ་ཅན་གྱི་སྦྱོར་བ་དང་༔ ཨ་ཡིག་ཡིད་ཀྱི་བཟླས་པའི་མཐར༔ རྡོ་རྗེའི་བཟླས་པ་གནད་དུ་བསྣུན༔ སྐབས་སུ་རྩ་བའི་སྔགས་ཤམ་དུ༔ ཨོཾ་ཨཱཿཧཱུྃ་ཧོཿ ཨ་ཎྲྀ་སུ་ཏྲི་པྲེ་དུཿསརྦ་པཱ་པཾ་ཀླེ་ཤ་བི་ཤོ་དྷ་ནི་ཨ་ཨ་ཨ༔ ཞེས་བཟླས་བླཽ་བྲལ་ངང་དུ་ཀློད༔ འདི་ལྟར་རྒྱུན་དུ་ཉམས་བླངས་པས༔ ལུས་བདེ་རླུང་གི་རྒྱུ་བ་དལ༔ ཉོན་མོངས་རྟོག་པ་ངང་གིས་ཞི༔ གསལ་ལ་མི་རྟོག་ཡེ་ཤེས་འཆར༔ རིགས་དྲུག་འཁྲུལ་པའི་བག་ཆགས་ཟད༔ འཁོར་འདས་རུ་ཤན་འབྱེད་པའི་ཕྱིར༔ ཞི་བ་མཆོག་གི་ཕྲིན་ལས་སོ༔ ཞེས་སྒོམ་དོན་ཕན་ཡོན་བཅས་རྒྱས་པར་གསུངས་པ་ལྟར་ལ། འདི་དམིགས་པ་གཙོ་ཆེ་བའི་ཕྱིར་ཏིང་འཛིན་གསལ་ཞིང་རླུང་སྦྱོར་གཙོ་བོར་བྱ་ཞིང༌། བདག་ཉིད་ལ་སྒོམ་པ་ཇི་ལྟ་བ་བཞིན་སེམས་ཅན་གཞན་གྱི་ལས་དང་ཉོན་མོངས་སྦྱང་པར་བསམ་དགོས། སྔགས་ཀྱང་འབུམ་ཕྲག་བདུན་སོགས་ཅི་རིགས་རྟགས་ཐོན་པར་ཉམས་སུ་ལེན་པ་གལ་ཆེའོ། །བསྡུ་ན་ཕྱི་ཡི་རུ་ཤན་མ་གྲུབ་ཀྱང་ནང་གི་རུ་ཤན་འབའ་ཞིག་ལ་འབད་ཀྱང་རུང་བར་གསུངས་ཤིང༌། ཁྲིད་ཚུལ་གཞན་དུ་སྤྱི་བོ་ལ་སོགས་པའི་གནས་དྲུག་ཏུ་སྒོམ་པར་གསུངས་ཀྱང་འདིར་སྙིང་གའི་རྩ་འདབ་བརྒྱད་དུ་གསུངས་པའི་གནད་གྲོལ་འཁྲུལ་གྱི་གཞི་སེམས་རིག་རླུང་རྣམས་སྙིང་གར་གནས་ཤིང༌། དྭངས་མའི་རླུང་ཐིག་སེམས་གསུམ་སྙིང་གའི་འཁོར་ལོ་དྲན་པ་རྣམ་བཀོད་དུ་དག་པས་རིག་རྩལ་ཡེ་ཤེས། ཀྱི་སྟོབས་རྒྱས་པས་ཉམས་རྟོགས་ཀྱི་ཡོན་ཏན་རྩོལ་མེད་ཤར་བར་ངེས་པས་ན་དེ་ཉིད་སྦྱང་བྱ་སྦྱོང་བྱེད་རྣམས་རྩ་རླུང་སྔགས་དམིགས་ཀྱི་གནད་ཟབ་མོ་དུ་མས་རྒྱས་བཏབ་པ་འདི་ཐུན་མིན་གྱི་གསང་བ་ཟབ་ཁྱད་ཅན་སྔར་མ་གྲགས་པ་ཡིན་པས། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་དགོངས་པའི་ཟབ་གནད་དང་བླ་མའི་མན་ངག་ཟབ་མོའི་གནད་གཅིག་དྲིལ་དུ་བསྟན་པ་ཤེས་པས་རྩེ་གཅིག་ཉམས་ལེན་དུ་བརྩོན་པ་གལ་ཆེ་ཞིང་རྫོགས་ཆེན་གྱི་ཁྲིད་ཚུལ་གཞན་དུ་སྤྱོད་པའི་ཁྲིད་ཐོག་མར་འདེབས་པར་གསུངས་པའི་གནད་ཀྱང་ཕལ་ཆེར་རུ་ཤན་འདི་ལེགས་པར་སྦྱང་བ་ལ་དོན་འདུས་ཤིང་དགོས་པ་ཡང་གནས་སྐབས་སུ་འབྱུང་བ་འཁྲུགས་པའི་ནད་གདོན་ཞི་ཞིང༌། རྩ་རླུང་ཐིག་ལེའི་དྭངས་མའི་སྟོབས་འཕེལ་བས་ལུས་བདེ། རླུང་གི་རྒྱུ་བ་དལ་བས་ཏིང་འཛིན་སྐྱེ་སླ། མཐར་ཐུག་གཟུང་འཛིན་ཚོགས་བརྒྱད་དང་བཅས་པའི་རྒྱུ་རྐྱེན་དག་པས་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་ཞི། བདེ་གསལ་མི་རྟོག་པའི་ཡེ་ཤེས་རྒྱས་ཤིང༌། མདོར་ན་རིགས་དྲུག་འཁྲུལ་པའི་རྒྱུ་འབྲས་དག་པས་ན་ཁྱད་པར་གྱི་སྔོན་འགྲོ་འདི་ལྟ་བུ་དུས་དང༌། རྒྱུན་གྱི་རྣལ་འབྱོར་ལ་འབད་པ་རྩལ་དུ་བཏོན་པས་ཉམས་རྟོགས་ཀྱི་འགལ་རྐྱེན་ཞི་ཞིང༌། ཡེ་ཤེས་ཀྱི་རྩལ་རྫོགས་པའི་ཐབས་ཞི་བ་མཆོག་གི་ཕྲིན་ལས་རྨད་དུ་བྱུང་བའོ། །གཉིས་པ་ལ། ལུས་ངག་ཡིད་གསུམ་སྦྱང་བ་དང་༔ རྣལ་དུ་དབབ་ཅིང་སོར་ཡང་གཞུག༔ ཅེས་པ་ལྟར་སྒོ་གསུམ་སྦྱང་བ། རྣལ་དབབ། སོར་གཞུག་གོ །དང་པོ་ལའང་གསུམ་ལས། ཐོག་མར་ལུས་སྦྱང་ནི། ཡེ་ཤེས་རིག་རྩལ་རྒྱས་པའི་ཕྱིར༔ སྒོ་གསུམ་ཤིན་སྦྱངས་རྣལ་དུ་དབབ༔ ལུས་ནི་རྡོ་རྗེའི་འདུག་སྟངས་ལ༔ ཞེས་སེམས་ཀྱི་སྣ་ཁྲིད་པ་སྒོ་གསུམ་སྦྱང་པ་ཞེས་གསུངས་པ་ཡང་རགས་པའི་སྒོ་གསུམ་འདིའི་ལུས་ནི་སྐྱེ་ཤིའི་འཕོ་འགྱུར་ཅན་ཏེ་སྣང་ཙམ་མ་འགག་པ་ལས་དོན་ལ་ལུས་ཞེས་མ་གྲུབ། སྣང་ཙམ་འཁྲུལ་པའི་བག་ཆགས་ཀྱི་རྟེན་འདི་དང་སེམས་གཉིས་ཚོགས་པ་ལས་ངག་ཞེས་གྲུབ་པ་སྟེ་འདི་དག་ནི་གཞི་ཕྲ་བའི་རྩ་རླུང་ཐིག་ལེ་ལས་བྱུང་དེ་ཡི་གནས་ལུགས་སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་ཀྱི་ངོ་བོ་ཐབས་ཀྱིས་སྦྱངས་པས་རླུང་སེམས་རྣལ་དུ་ཕེབས་ནས་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བས་དྲངས་པའི་དོན་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་ཐོག་མར་ལུས་སྦྱང་ནི། མཐར་ཐུག་སངས་རྒྱས་ཀྱི་ས་ལ་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པའི་ཡེ་ཤེས་གཅིག་ལས་ལུས་ངག་ཡིད་གསུམ་རྫས་ཐ་དད་དུ་མ་དམིགས་ལ། ཀུན་ཀྱང་ཡེ་ཤེས་གཅིག་གི་ངོ་བོར་གྱུར་པས་འཁྲུལ་པའི་སྒོ་གསུམ་ཐམས་ཅད་ཐུགས་ཀྱི་ཡེ་ཤེས་ཆོས་སྐུ་གཅིག་ཏུ་དག་པའི་ཕྱིར་ལུས་ཡེ་ཤེས་རྡོ་རྗེའི་འདུག་སྟངས་དང་རྡོ་རྗེ་རྩེ་གསུམ་པ་བསྒོམས་པས་སྦྱང་བའི་ཕྱིར། གདན་འབོལ་ཞིང་རྒྱ་ཆེ་བ་བཏིང་བའི་སྟེང་དུ་གཅེར་བུ་ཨང་རག་ཙམ་དཀྲིས་པའི་ལུས་བསྲང༌། རྐང་མཐིལ་གཉིས་སྤྲད་པའི་སོར་རྩེ་སར་བཙུགས། པུས་མོ་ཕྱིར་བསྐྱེད། ལག་གཉིས་གྲུ་མོ་བརྒྱང༌། ཐལ་མོ་མགོ་ལ་མ་རེག་པ་སྤྱི་བོར་སྦྱར། མིག་བར་སྣང་དུ་ཧ་རེ་བལྟ། ལུས་རྡོ་རྗེ་སྔོན་པོ་མེ་འབར་བ་ཞིག་ཏུ་བསྒོམས་ལ་རྣམ་རྟོག་གི་འཕྲོ་འདུ་སྤངས་ཏེ་རང་ཤུགས་ཀྱིས་མ་འགྱེལ་བར་འདུག་སྟངས་དེ་ཀ་བྱ། ཧལ་གྱིས་གང་དུ་འགྱེལ་བ་དེར་བཟོ་བཅོས་མེད་པར་རྟོག་མེད་ཀྱི་ངང་དུ་རྒྱང་ཙམ་བཞག །སླར་བསྐྱར་ཏེ་ངལ་བས་ཐང་མ་ཆད་བར་འབད་པས་ཐོག་མར་ཟུག་རྔུ་སྐྱེ་ཡང་གོམས་ནས་བདེ་དྲོད་འཆར་བར་གསུང༌། ཤིན་ཏུ་ངལ་ན་མི་འགྱུར་རྡོ་རྗེའི་འདུག་སྟངས་ཞེས་བསྡད་དེ་རྐང་པ་བརྐྱང་པའི་རྐང་མཐིལ་ཁ་སྦྱར་ཐལ་མོ་སྔར་ལྟར་བྱ་བ་ཡང་གསུངས། གཉིས་པ་ངག་སྦྱོང་ནི། ངག་ནི་ཧཱུྃ་གི་ཕྱག་རྒྱས་གདབ༔ ཅེས་པ་སྟེ། ངག་ནི་རླུང་གི་རང་བཞིན་ཏེ་རླུང་ནི་སེམས་ཀྱི་བཞོན་པ་རྟ་ཡིན་པས་དེ་ཉིད་སངས་རྒྱས་ཀྱི་ཡེ་ཤེས་ཐུགས་ཀྱི་ས་བོན་ཧཱུྃ་གི་ཕྱག་རྒྱས་བཏབ་སྟེ་གཟུང་འཛིན་ལས་ཀྱི་རླུང་དབུ་མ་ཡེ་ཤེས་ཀྱི་ཀློང་དུ་དག་བྱེད་ཀྱི་ཐབས་ཟབ་མོ་བསྒོམ་པ་ལ། ལུས་རྣམ་སྣང་ཆོས་བདུན་ལ་ལྟ་སྟངས་སྣ་རྩེར་གཏད། ངག་སྨྲ་བ་བཅད། སེམས་ཀྱིས་སྙིང་གར་རླུང་རིག་སེམས་གསུམ་གཅིག་ཏུ་འདུས་པའི་ཡི་གེ་ཧཱུྃ་སྔོན་པོ་བསམ། ཧཱུྃ་གི་གླུ་ཆེ་ཆུང་སྙོམས་པར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་མང་པོ་འཕྲོས། སྣ་བུག་གཡས་ནས་བྱུང༌། ཉེ་སྐོར་དང་རིམ་ཀྱིས་སྣོད་བཅུད་ཐམས་ཅད་ཁྱབ་སྟེ་ཐམས་ཅད་ཧཱུྃ་གི་རང་བཞིན་མེར་མེར་ཤིག་ཤིག་གང་བས་ཧཱུྃ་སྒྲ་དི་རི་རི་སྒྲོགས་པར་བསམ་པ་ཕྱི་སྣང་བ་ལ་རྒྱས་འདེབས་པ་འདི་ལ་གོམས་པས་ཕྱི་སྣང་བའི་དབང་དུ་ནང་གི་རིག་པ་མི་འགྲོ་བའི་གནད་ཡོད་ཅིང༌། སྣང་བའི་བདེན་འཛིན་བཤིག་སྟེ་ཐམས་ཅད་བན་བུན་དུ་ཤར་བ་དང༌། ཧཱུྃ་གིས་གང་བ་སྙམ་དུ་འཆར་བ་འབྱོངས་ཚད་དུ་གསུང༌། ཕྱིའི་ཧཱུྃ་རྣམས་ཚུར་བྱུང་སྣ་བུག་གཡོན་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་མེ་རེ་རེ་གང་བ་ལ་སེམས་གཏད་པ་ནི་ནང་ཕུང་པོ་ལ་རྒྱས་འདེབས་ཏེ་གདོས་བཅས་ཀྱིས་རིག་པ་བཅིངས་པ་ལས་གྲོལ་བའི་གནད་དུ་གསུང༌། ལྟོ་བ་མི་བདེ་བ་དང་ཧཱུྃ་གིས་གང་བ་སྙམ་པ་འབྱོངས་ཚད་དུ་གསུང༌། ཡང་ལྟ་སྟངས་མཐོ་བར་བྱས་ལ་ཧཱུྃ་དྲག་ཏུ་བརྗོད་པས། སྙིང་གའི་ཧཱུྃ་ལས་ཧཱུྃ་ཡིག་ཚ་ཞིང་མྱུར་ལ་རྣོ་ཞིང་ཤུགས་དྲག་པོ་མང་པོ་འཕྲོས། ཕྱི་རོལ་སྣོད་བཅུད་ཀྱི་དངོས་པོ་དང་རང་ལུས་ཐམས་ཅད་ཁྲལ་ཁྲོལ་ཕུག་ནས་སྟོང་པར་སྦྱངས་ཏེ་ཕྱི་ནང་ཐམས་ཅད་ཧཱུྃ་འབའ་ཞིག་གི་རང་བཞིན་དུ་འཆར་བར་བསམ་པ་ཕྱི་སྣང་བ་དང༌། ནང་ཕུང་པོ་ལ་རྩལ་སྦྱང་བ་སྟེ་སྣང་བ་སང་སིང་ཁྲལ་ཁྲོལ་དུ་སོང་སྙམ་པ་དང༌། ཤ་འཕར་བ་དང་ལུས་ཁྲལ་ཁྲོལ་དུ་ཤར་བ་འབྱོངས་ཚད་དེ་སྣོད་བཅུད་དང་ཕུང་པོའི་བདེན་ཞེན་འཇིག་པའི་དགོས་པ་ཡོད་གསུང༌། མདུན་དུ་ཤིང་བུ་སོགས་དམིགས་རྟེན་ཞིག་བཙུགས་ལ་ངག་ནས་ཧཱུྃ་བརྗོད་པས། སྙིང་གའི་ཧཱུྃ་ལས་ཧཱུྃ་གི་ཕྲེང་བ་བྱུང་དམིགས་རྟེན་དེའི་རྩ་བ་ནས་སྦྲུལ་འཁྲིལ་བ་ལྟར་སོང་སྟེ་རྩེ་མོར་ཧཱུྃ་ཐོག་མ་དེ་སྔོ་མེ་རེ་གནས་པ་ལ་སེམས་གཏད། ཡང་ཧཱུྃ་གཅིག་ལ་གཅིག་བསྡུས་ནས་སྙིང་གའི་ཧཱུྃ་ལ་བསྡུ་ཞིང་སེམས་བཟུང་བ་ནི་ཤིང་གི་ལྕུག་མ་ལྟ་བུ་མཉེན་ལྕུག་དང་ལྡན་པས་འཆིང་སྡོམ་ཀྱི་ལས་བྱེད་པ་ལྟར་སེམས་ཀྱི་དམིགས་པ་གང་ཡང་བསྒྱུར་ཐུབ་པའི་མཉེན་བཙལ་བ་སྟེ་སེམས་གར་གཏད་དུ་ཟིན་པ་འབྱོངས་ཚད་དང༌། དམིགས་པ་གང་ཡང་བསྒྱུར་གཏུབ་པའི་དགོས་པ་ཡོད་གསུང༌། ཧཱུྃ་སྙན་ལ་རིང་བ་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་གཅིག་རྒྱང་གིས་ཆད་སྲིན་བུའི་འགྲོས་ཀྱིས་ལམ་ལ་ཞུགས་ཏེ་སོང་བས་རི་ལུང་མང་དུ་བརྒལ་མཚམས་ཧཱུྃ་ཞེས་བརྗོད་པས་གསལ་སྣང་བསྐྱེད་དེ་རེས་དལ་བུ། རེས་མྱུར་པོར་སོང་བར་བསམ་ལ་འགྲོ་ལུགས་དང་མཐུན་པའི་ཧཱུྃ་བརྗོད། རིགས་དྲུག་གི་གནས་སུ་ཧཱུྃ་སོང་བས་འཁྲུལ་སྣང་སྦྱངས། དག་པའི་ཞིང་རྣམས་སུ་ཧཱུྃ་སོང་བས་སངས་རྒྱས་ཀྱི་ཞལ་མཇལ་བ་སོགས་བསམ། ཡང་ཧཱུྃ་ཚུར་བསྡུས་ཏེ་སྙིང་གར་ཐིམ་པར་བསམ་པ་ནི་ལམ་དུ་ཞུགས་པ་སྟེ་ཤེས་པ་བདེ་འབོལ་བར་བྱུང་ན་འབྱོངས་ཚད་དེ་རིག་པ་ཚད་ལ་ཕེབས་པའི་དགོས་པ་ཡོད་དོ། །གསུམ་པ་སེམས་སྦྱོང་ནི། ཡིད་ནི་སེམས་བྱུང་མདུད་གྲོལ་ཕྱིར༔ བྱུང་གནས་འགྲོ་གསུམ་རྩ་གདར་བཅད༔ བཞི་པ་སྐུ་གསུམ་དོན་དང་འཕྲད༔ ཅེས་པ་སྟེ། འདི་ལྟར་འཁོར་འདས་བདེ་སྡུག་སྣ་ཚོགས་ལ་ལོངས་སྤྱོད་པ་པོ་ནི་ལུས་ངག་ཡིད་གསུམ་སྟེ། ལུས་ནི་སྐྱེ་འཆི་མང་པོས་འགྱུར་བས་མི་རྟག །ངག་ལུས་སེམས་གཉིས་ལ་ལྟོས་པས་རང་དབང་མེད། སེམས་ཞེས་བྱ་བ་འདི་ཡི་གཤིས་ལ་བལྟས་པས་སེམས་ཉིད་གདོད་ནས་ཀ་དག་གི་ངང་དུ་གནས་ཀྱང༌། རིག་རྩལ་སེམས་བྱུང་གི་རྟོག་པ་སྐད་ཅིག་མ་ཝལ་གྱིས་ཤར་ནས་ཡལ་གྱིས་སོང་བ་འདི་ཆགས་སྡང་དགག་སྒྲུབ་ཀྱི་རྟོག་པ་མང་པོར་ཨ་འཐས་ཏེ་འདུ་བྱེད་ཀྱི་ལས་བསགས་པའི་ཕྱིར་གཟུང་འཛིན་གྱི་འཁྲུལ་གཞི་ཡིན་པས་དེ་ཉིད་དང་པོ་ཕྱི་ནང་གི་དངོས་དངོས་མེད་གང་ལས་བྱུང༌། ད་ལྟ་གང་དུ་གནས། མཐར་གང་དུ་འགག་བལྟ་བྱའི་ཤེས་པ་ལ་ཕར་བལྟ། རྟོག་བྱེད་ཀྱི་སེམས་ལ་ཚུར་བལྟ། དེ་གཉིས་ཀྱང་ཅིག་གམ་ཐ་དད་སོགས་རྩད་ཞིབ་ཏུ་བཅད་དེ་དཔྱད་མཐར་ཀློད། ཅིར་ཡང་མ་གྲུབ་པའི་ཆོས་ཉིད་དུས་གསུམ་གྱི་རྟོག་པས་མ་བསླད་པ་གསལ་སྟོང་ནམ་མཁའ་ལྟ་བུའི་ངང་དུ་བཞག །ཡང་རྟོག་པ་ཞིག་ཐོལ་གྱིས་འཕྲོ་བ་དང་དེ་མ་ཐག་དྲན་པས་བཟུང་སྟེ་སྔར་ལྟར་དཔྱད་པས་རིག་པ་རྐྱང་འདེད་ཀྱིས་དོན་ལ་སྐྱེ་འགག་གནས་གསུམ་མེད་ཀྱང་སྐྱེ་འགག་གནས་པ་ལྟར་སྣང་བས་ཆོས་ཐམས་ཅད་དོན་ལ་མ་གྲུབ་ཀྱང་ཀུན་རྫོབ་རྟེན་འབྲེལ་གྱི་རོལ་པ་ཅིར་ཡང་ཤར་བའི་གནད་ཀྱི་ཕུ་ཐག་ཆོད་པར་བྱས་པས་སེམས་སྐྱེ་བ་མེད་པ་ཆོས་སྐུ། གནས་པ་མེད་པ་ལོངས་སྐུ། འགག་པ་མེད་པ་སྤྲུལ་སྐུར་ངོ་འཕྲོད་པས་སེམས་ཀྱི་གནས་ལུགས་གཏན་ལ་ཕབ་པའོ། །དེ་ལྟར་སྒོ་གསུམ་གྱི་སྦྱང་བ་གནད་དུ་ཆུན་པས་ཐུན་མོང་དུ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་ཅིང་བར་ཆད་ཞི། ཁྱད་པར་སྒོ་གསུམ་གྱི་མངོན་ཞེན་ལྡོག་ཅིང་འཁོར་བར་མི་ལྷུང༌། མཐར་ཐུག་སྒོ་གསུམ་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་སྐུ་གསུམ་དུ་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་ལ། རྣལ་དུ་དབབ་ཅིང་སོར་ཡང་གཞུག༔ ཅེས་པ་ལྟར་གཉིས་ལས་དང་པོ་རྣལ་དུ་དབབ་པ་ནི། རྣལ་དུ་དབབ་པས་རྒོད་པ་སྙོམས༔ ཞེས་པ་སྟེ། རྣལ་ནི་མ་བཅོས་པ་དང་དབབ་པ་དེའི་སྟེང་དུ་རང་བབ་དུ་འཇོག་པའི་དོན་ཡིན་པས་ལུས་བདེ་ལུགས་སུ་བཞག །ངག་ཅི་ཡང་མི་སྨྲ། ཡིད་རྟོག་དཔྱོད་ཀྱི་ཚོལ་འཕྲོ་མི་བྱ་བར་སྒོ་གསུམ་རང་བབས་སུ་བཞག་པས་སྔར་སྒོ་གསུམ་ངལ་དུབ་ཀྱིས་བཅུན་པས་ཐང་ཆད་ནས་རྣམ་རྟོག་གི་སྤྲོས་པ་ཞི་བ་ལན་ཚྭ་ཆུར་ཐིམ་པ་ལྟར་སོང་རྗེས། གསལ་སྟོང་ལྷན་སྐྱེས་ཀྱི་གནས་ལུགས་ངང་དུ་འཇོག་པས་རྟོག་དཔྱོད་ཀྱི་རྒོད་པའི་སྐྱོན་ཞི་བར་བྱེད་པ་སྟེ། དེའི་ཚེ་བློ་ལ་ཡུལ་སྣང་ངམ་ཡུལ་ལ་བློ་གང་ཡང་ཕར་སྣང་ཆ་མ་འགག་ས་ལེ། ཚུར་དེར་འཛིན་གྱི་དྲི་མ་མེད་པ་སང་ངེ༌། ཡུལ་ཡུལ་ཅན་ངོ་བོ་ངོས་བཟུང་བྲལ་བའི་གསལ་ཧྲིག་རྗེན་ནེ་བའི་སྟེང་སྣང་སེམས་དབྱེར་མེད་དུ་བཞག་པ་སྟེ་དམིགས་པས་སེམས་ཚོལ་གང་ཡང་མི་བྱ་བར་དེ་ལྟར་རྒྱུན་བསྐྱངས་པས་གང་སྣང་སྒོམ་གྱི་གྲོགས་སུ་འཆར་བའི་ཐབས་ཟབ་མོའོ། །གཉིས་པ་ནི། སོར་གཞུག་བྱིང་བའི་མལ་ནས་བསླང་༔ ཞེས་པ་ལྟར། ལས་དང་པོ་པའི་དུས་སུ་སྒོ་གསུམ་ཧ་ཅང་གློད་ཆེས་ན་བྱིང་རྨུག་ལུང་མ་བསྟན་ཀུན་གཞིའི་རྒྱ་མཚོར་གོལ་བས་ལུས་རྣམ་སྣང་ཆོས་བདུན། མིག་སྣ་རྩེར་གཏད་དེ་རིག་པ་མ་བཅོས་པའི་ངང་བསྐྱངས་པ་ཉན་ཐོས། འདུག་སྟངས་དེ་ཉིད་ལ་མིག་གཉའ་ཤིང་གང་ཙམ་དུ་བལྟ་བ་བྱང་སེམས། ལངས་ཏེ་རྐང་པ་གྱད་ཀྱི་དོར་སྟབས་སུ་བགྲད་པས་རིག་པ་མིག་ལ་གཏད། སྡང་མིག་གཡས་སུ་བལྟ། ཧ་ཧ་ཞེས་ཁྲོ་བོ། གཡོན་དུ་བལྟ་ཧི་ཧི་ཞེས་ཁྲོ་མོའི་གད་རྒྱངས་བསྒྲགས་པས་འཁྲུལ་སྣང་ཨར་གཏད་ཀྱི་རྫུན་ཕུག་རྡིབ་པ་ཁྲོ་བོའི་ལྟ་སྟངས་བཅས་བྱས་པས་རིག་པ་བྱིང་བ་སངས་པར་བྱེད་ཅིང་བདེ་གསལ་མི་རྟོག་པའི་ཏིང་འཛིན་སྐྱེ་བས་ལུས་སེམས་ཤིན་སྦྱངས་ཀྱི་ཡོན་ཏན་འགྲུབ་པ་སྟེ་ཡང་དག་པའི་ལམ་སྲོལ་དུ་འཇུག་པའི་ཐབས་ཁྱད་པར་ཅན་དུ་གྱུར་པ་རྩོལ་མེད་སྙིང་པོའི་ཉམས་ལེན་གྱི་སྔོན་འགྲོ་དམིགས་བསལ་དུ་བསྔགས་པས་ན། ཁྱད་པར་སྔོན་འགྲོས་ཤིན་སྦྱངས་པའི༔ བསམ་གཏན་དམ་པ་མངོན་གྱུར་ནས༔ ཞེས་པ་ལྟར་སྔོན་འགྲོ་དེ་དག་རབ་ཞག་བདུན། འབྲིང་ལྔའང་གསུམ། ཐ་ནའང་ཞག་རེ་གནད་དུ་འགྲོ་བར་མ་བྱས་ན་དངོས་གཞིའི་ཉམས་རྟོགས་ལེགས་པར་མི་སྐྱེ་ཞིང༌། སྐྱེས་ཀྱང་མི་བརྟན་པས་སོ་སོར་རྟགས་ཐོན་པ་ཤིན་ཏུ་གལ་ཆེའོ། །གཉིས་པ་དངོས་གཞི་འཁྲུལ་པ་རང་གྲོལ་གྱི་ཡེ་ཤེས་ངོ་སྤྲོད་པ་ལ། དངོས་གཞི་འདི་དང་འཆི་ཁ་དང་༔ བར་དོ་གྲོལ་བའི་ལམ་གྱི་རིམ༔ ཞེས་པ་ལྟར་དབང་པོ་རབ་ཚེ་འདི། འབྲིང་འཆི་ཁ། ཐ་མ་བར་དོར་གྲོལ་བའི་གདམས་ངག་གོ །དང་པོ་ནི། ཁྲེགས་ཆོད་དང་ནི་ཐོད་རྒལ་གཉིས༔ ཞེས་པ་ལྟར། སོར་བཞག་ཁྲེགས་ཆོད་ཀྱི་དགོངས་པ་དང༌། རྩལ་སྦྱང་ཐོད་རྒལ་གྱི་ལམ་མོ། །དང་པོ་ལ་ཡང༌། དངོས་གཞི་དབང་རབ་ཚེ་འདི་ལ༔ གྲོལ་བྱེད་རྫོགས་ཆེན་སྡེ་གསུམ་བཅུད༔ ཅེས་པ་ལྟར། རྫོགས་པ་ཆེན་པོ་སེམས་སྡེའི་ལྟ་བ་ངོ་སྤྲོད། ཀློང་སྡེའི་སྒོམ་པའི་ངང་སྐྱོང༌། མན་ངག་སྡེའི་དབྱིངས་ཀྱི་སྤྱོད་པ་དང༌། རིག་པའི་འབྲས་བུ་དང་བཅས་བསྟན་པས་བཞི་པ་ཡེ་ཤེས་ཀྱི་ལམ་བཞིའི་ཁྲིད་ཚུལ་ལོ། །དང་པོ་ནི། སེམས་ཀྱི་ཁང་བུ་རྡིབ་པ་ལས༔ སེམས་ཉིད་ལྟ་བ་གཏན་ལ་འབེབས༔ ཞེས་པ་སྟེ། འཁོར་འདས་སྣ་ཚོགས་སུ་སྣང་ཞིང་གྲོལ་འཁྲུལ་དུ་བྱེད་པ་པོ་ནི་སེམས་ཏེ། དེ་ནི་ད་ལྟ་ཝལ་གྱིས་ཤར་བ་འདི་ལས་གཞན་དུ་མེད། ཤར་དུས་ཕྱི་སྣང་བའི་ཡུལ་ལས་བྱུང་སྙམ་ན་སྣང་བའི་དངོས་པོ་ཡང་རྡུལ་ཕྲན་ཆ་མེད་ཀྱི་བར་རིག་པས་དཔྱད་པས་སྣང་བ་ཉིད་མ་གྲུབ་པས་བྱུང་བའི་གནས་མེད། ཡུལ་ཞེས་བློས་སྒྲོ་བཏགས་པས་མེད་སྣང་ཆུ་ཟླ་ཙམ་དུ་ཤེས་པས་རང་སེམས་ཀྱི་རྩལ་དུ་ངེས། ཡང་ན་སེམས་ལས་སེམས་བྱུང་སྙམ་ན། སེམས་ཐ་དད་པ་གཉིས་གཅིག་ལས་གཅིག་བྱུང་ན་གང་ཟག་གཅིག་ལ་ཤེས་རྒྱུད་གཉིས་མི་སྲིད། སེམས་སྔ་ཕྱི་གཉིས་ཕྲད་པ་ལས་བྱུང་ན་གཅིག་ཏུ་ཐལ། མ་ཕྲད་ན་བྱུང་བའི་ཐབས་མེད། སེམས་གཅིག་ལས་བྱུང་ན་སེམས་གཅིག་གིས་རྒྱུ་འབྲས་གཉིས་ཇི་ལྟར་བྱེད་ནུས། བྱུང་བའི་སེམས་ཉིད་ཀྱང་ཇི་ལྟ་བུར་དཔྱད་པས་གདགས་གཞི་བྲལ་བ་ནམ་མཁའ་ལྟར་གཏན་ལ་ཕབ། སེམས་བརྟེན་པའི་དབང་པོ་དྲུག་ཀྱང་འཁྲུལ་ངོར་ཀུན་བརྟགས་ཀྱི་ཆོས་ཡིན་པས་བདེན་མེད་སྒྱུ་མའི་སྐྱེས་བུ་བཞིན་རིག་པས་དཔྱད་ནས་བཤིག་པས་ཤེས་ལ། དེས་ན་ཡུལ་སེམས་གཅིག་ཐ་དད་སོགས་གང་ལྟར་དཔྱད་ཀྱང་སེམས་ནི་སྐྱེ་འགག་གནས་གསུམ་དང་བྲལ་བའི་ནམ་མཁའ་ལྟ་བུའི་ཆོས་ཉིད་ཀྱི་ངང་དུ་ཆོས་ཅན་ཐམས་ཅད་སྒྱུ་མ་དང་ཆུ་ཟླ་ལྟར་མེད་པ་གསལ་སྣང་ཙམ་དུ་རྫོགས་པས་འཁོར་འདས་ཐམས་ཅད་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཐག་ཆོད་པར་གཏན་ལ་དབབ་པ་དཔེར་ན་ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་དུས་སྦྲུལ་འཛིན་གྱི་ལོག་རྟོག་གི་ཤེས་པས་ཐག་པ་སྦྲུལ་དུ་བཏགས་པ་ལས་ཐག་པ་དངོས་ལ་སྦྲུལ་ཐོག་མཐའ་བར་གསུམ་དུ་སྐྱེ་འགག་གནས་པ་ཀུན་དང་བྲལ་བ་ལྟར་སེམས་ཉིད་ལས་ཕྱི་ནང་བར་གསུམ་གྱི་སྣང་བ་སྣ་ཚོགས་ཤར་ཡང་སེམས་ཉིད་ཀྱི་ངོ་བོ་ལ་སྐྱེ་འགག་གནས་གསུམ་དང་བྲལ་བར་གཏན་ལ་ཕབ་པ་ལྟ་བ་ཕྱག་རྒྱ་ཆེན་པོ་སྟེ་གནས་ལུགས་དེ་ངོ་སྤྲོད་པའི་ཕྱིར། ཡང་མེ་ལོང་གི་གཟུགས་བརྙན་ལ་བྱུང་གནས་འགྲོ་གསུམ། གཅིག་ཐ་དད་བརྟགས་པའི་དཔེས་ཚོགས་དྲུག་དབང་ཡུལ་ཀུན་ལ་དཔྱད་དེ་སྣང་སེམས་ཡེ་སྟོང་རྩ་བྲལ་དུ་གཏན་ལ་ཕབ་པ། ཡེ་གྲོལ་ཚངས་པའི་དབང་རི་མཐོན་པོའི་རྩེར་ཕྱིན་ཏེ་ཕྱོགས་བཞིར་ཅེར་ཅེར་ལྟོས་ལ་ལ་འུར་ཤོད་ཅེས་རིངས་སྟབས་སུ་དྲིས་པས་ཡུལ་སྣང་འདི་ཡིན་གྱི་མིང་མ་ཐོགས་པའི་རིག་པ་སལ་ལེ་བར་ངོ་སྤྲད་པ་ཡེ་ཤེས་ཀྱི་ཡུལ་རིག་པ། ཡང་ཁ་སྣའི་རླུང་བསྡམ་ལ་ཕྱིའི་ཡུལ་ལ་བལྟས་པས་ཡུལ་སྣང་ལ་མིང་དོན་བྲལ་བའི་རིག་པ་བཀྲ་ཡལ་ལེ་འཛིན་མེད་བྱིས་པས་ལྷ་ཁང་མཐོང་བ་ལྟ་བུ་སེམས་འགག་ཡེ་ཤེས་གསལ་བའི་དགོངས་པ་རང་སེམས། སེམས་ཡུལ། ཡུལ་སྟོང༌། བཅིངས་གྲོལ་སོགས་འབྲེལ་མེད་ཅི་ཐོན་དུ་བགྲངས་ནས་ལ་འུར་ཤོད་ཅེས་དྲིས་པས་སྒྲ་སྤྱི་ལས་ངོས་བཟུང་གང་ཡང་མེད་པའི་ཧད་དེ་ཕྱམ་མེར་སོང་བ་འབྲེལ་མེད་ཡེ་གྲོལ་གྱི་དགོངས་པ། ང་དང་ཁྱོད་གཉིས་ཚེ་སྔ་མ་གར་སྐྱེས། ཕྱི་མ་གང་དུ་སྐྱེ། ལ་འུར་ཤུགས་རྡོལ་ལ་ཤོད་ཅིག་བྱས་པས་ཅི་ཟེར་མེད་པ་ཧད་དེ་ལུས་པ་སེམས་འགག་རིག་པ་རང་གསལ་གྱི་དགོངས་པར་ཐག་བཅད་པ་དང༌། བླ་མས་སློབ་མ་ལ་ས་ཚོད་གཅིག་བསྟན་ནས་ཕ་གིར་སོང་ཞིག་བྱས་པས། ཕྱེད་ཙམ་སླེབ་པ་དང་ཚུར་ལོག་ཅིག་ཅེས་པའི་བར་འགྲོ་འདུག་དང་སྣང་ཡུལ་མ་འགག་ཀྱང༌། མིང་དོན་དུ་མའི་འཛིན་རྟོག་གིས་མ་བསླད་པའི་རིག་པ་ས་ལེར་ངོ་སྤྲད་པ་སྣང་སེམས་གཉིས་མེད་ལ་བརྟགས་པ་སྟེ། དེ་ལྟར་བརྡ་ཐབས་དུ་མས་སེམས་བློས་བྱས་ཀྱི་རྫུན་ཕུག་གཏིབས་ཏེ་འཁྲུལ་རྟོག་གི་མཚངས་བརྡོལ་ནས། ཡུལ་གཞི་གྲོལ་འཛིན་པ་ཡེ་གྲོལ་གང་ཤར་ཡང་བསྐྱར་གྲོལ་གྱི་གཉེན་པོས་མ་བཅོས་པ་རང་བཞག་ཡེ་སྟོང་ནམ་མཁའ་ལྟ་བུའི་ངང་དུ་སྒོ་གསུམ་བྱ་རྩོལ་མེད་པར་ལྷོད་ཀྱིས་ཀློད་པས། ཡུལ་ཅིར་སྣང་ཡུལ་ཅན་ཆོས་ཉིད་ཀྱི་རྒྱན་དུ་ཤར་བ་ལས་ནང་གི་སེམས་ཉིད་ཀྱི་སྒོམ་པའི་གེགས་མི་བྱེད་པས་ཉོན་མོངས་རང་གྲོལ་ཚོགས་དྲུག་གི་རྟོག་པ་གདོད་ནས་ལྷུན་གྲུབ་དཀྱིལ་འཁོར་གསུམ་དུ་རྫོགས་པས་འཁྲུལ་མི་ནུས་པའི་གནད་ཀྱིས་སྣང་བ་དབང་བསྒྱུར་གྱི་སྤྱོད་པ། རེ་དོགས་ཀྱི་འཕྲང་ལས་གྲོལ་བ་བརྟུལ་ཞུགས་ལམ་སློང་གི་སྤྱོད་པས་སྐུ་གསུམ་འདུ་འབྲལ་མེད་པའི་ངོ་བོ་ཉིད་རང་ལ་རྫོགས་པའོ། །གཉིས་པ་ཀློང་སྡེའི་སྒོམ་པའི་ངང་སྐྱོང་བ་ནི། ཀློང་ཆེན་སྒོམ་པའི་ལྷུམས་སུ་ཞུགས༔ ཞེས་པ་སྟེ། སེམས་ཉིད་གཏན་ལ་ཕེབས་པའི་གཤིས་ལུགས་ཀྱིས་གཞལ་ན་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་དུས་གསུམ་གྱི་སྣང་བ་ཅི་སྣང་ཡང༌། ཀུན་ཏུ་བཟང་མོ་ཡེ་ཤེས་ལྔ་ཡི་དབྱིངས་ཀློང་ཆེན་པོའི་ངོ་བོའི་མཁའ་དང་རང་བཞིན་གྱི་ཀློང་ཐུགས་རྗེའི་དབྱིངས་ལས་མ་གཡོས་པས་ཆོས་ཉིད་ཀྱི་དབྱིངས་ལས་ཕྱིར་སྣང་གཞན་དུ་འགྲོ་ས་མེད་པ་རང་སྣང་བཀོད་པའི་རྒྱན་དུ་བཀོད་པ་ལྷུན་གྱིས་གྲུབ་པ་ཡིན་མིན་ཕྱོགས་བྲལ་གྱི་དགོངས་པ་ཀློང་སྡེའི་ལྟ་བ་སྟེ་དེ་ཉིད་ཉམས་སུ་ལེན་པའི་ཚེ། དང་པོ་སྒོམ་མ་སྐྱེས་པ་སྐྱེ་བར་བྱེད་པའི་གནད་དུ། དབེན་པའི་གནས་སུ་སྔ་དྲོ་ཁ་ནུབ་ཏུ་བལྟ། པུས་མོ་གཡོན་ས་ལ་དབབ། གཡས་བསྒྲེངས་ཏེ་སྒོམ་ཐག་འཁྱུད། སྒོམ་རྟེན་གཡོན་གྱི་སྟ་ཟུར་ནས་ལག་པ་གཉིས་ཀྱི་བཟུང༌། དགོང་མོ་ཁ་ཤར་དུ་བལྟ། པུས་མོ་གཡས་ས་ལ་དབབ། གཡོན་བསྒྲེང་བས་སྒོམ་ཐག་འཁྱུད། སྒོམ་རྟེན་གཡས་ཀྱི་སྟ་ཟུར་ནས་བཟུང་སྟེ། སྒོམ་སྐྱེས་པ་བརྟན་པའི་གནད་བཞི་ནི། གསལ་བ་གནད་ཀྱི་བརྡ་མིག་སྣ་རྩེ་མཐོ་གང་ཙམ་གྱི་ཐད་ཀར་བལྟས་ཏེ་སྒོ་ལྔ་མ་བཀག་ཡན་པར་བཞག་པས་ཚོགས་དྲུག་གི་ཤེས་པ་ཐིམ་ལ་མ་རྨུགས་གསལ་ལམ་མེར་གནས། མི་རྟོག་གནད་ཀྱི་བརྡ་དབང་པོའི་སྒོ་རྣམས་འབྱེད་འཛུམ་སོགས་ཀྱིས་གཡོ་མེད་དུ་བཞག་པས་སེམས་ཉིད་མི་རྟོག་ཟང་ཐལ་ལེར་གནས། བདེ་བ་གནད་ཀྱི་བརྡ་འོག་རླུང་ཡིད་ཙམ་འཐེན་ཏེ་ཐུར་སེལ་འཆིང་བས་ལུས་སེམས་ཟག་མེད་ཀྱི་བདེ་བ་ཁྲི་ལེར་འཆར། དབྱེར་མེད་གནད་ཀྱི་བརྡ་ལྕེའི་རྩེ་མོ་གང་ལའང་མ་རེག་པས་ཤེས་པ་ཕྱོགས་ལྷུང་དང་བྲལ་བར་བསམ་བརྗོད་ལས་འདས་པའི་ངང་དུ་བཞག་པས་བློས་བཅོས་ཏེ་སྒོམ་མ་མྱོང༌། རང་ཐོག་ཏུ་འཇོག་པ་དང་བྲལ་མ་མྱོང༌། མི་སྒོམ་པའི་དོན་དེ་དང་རྒྱུན་དུ་མི་འབྲལ་བར་བསྐྱངས་པས་གསལ་བ་སྤྲུལ་སྐུ། བདེ་བ་ལོངས་སྐུ། མི་རྟོག་པ་ཆོས་སྐུ། དབྱེར་མི་ཕྱེད་པ་ངོ་བོ་ཉིད་སྐུ་བཞི་རང་ཆས་སུ་གྲུབ་པའོ། །སྒོམ་བརྟན་པ་གོང་འཕེལ་དུ་བྱ་བའི་ཕྱིར་བོགས་འབྱིན་དུ་ལུས་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་དང༌། སྙིང་གའམ་ལྟེ་བར་ཨོཾ་ཁ་དོག་ལྔ་པ་བསྒོམ་སྟེ་རླུང་ཐུབ་ཚད་བཟུང་བས་གེགས་སེལ་གསུངས་སོ། །གསུམ་པ་མན་ངག་སྡེའི་དབྱིངས་ཀྱི་སྤྱོད་པའི་ཁྲིད་ནི། རིག་པ་ཀ་དག་ལྷུག་པར་སྤྱོད༔ ཅེས་པ་སྟེ་སྔ་མ་གཉིས་སྣང་སྟོང་གི་ཡིད་དཔྱོད་ཕྲ་མོ་འདྲེས་པས་གཤིས་ཤོར་གྱི་གོལ་ས་འབྱུང་ཉེ་ཡང་འདིར་ཡིད་དཔྱོད་ཀུན་བྲལ་ཡེ་ཤེས་རིག་པ་རྗེན་པ་ཕུད་པའི་དབྱིངས་སུ་ལ་བཟླ་བས་གནད་ཐོག་གི་མེ་བཙའ་ལྟ་བུ་སྟེ་སྔར་སེམས་སྡེའི་ལྟ་བ་ངོ་སྤྲོད། ཀློང་སྡེའི་སྒོམ་པའི་ངང་སྐྱོང་བའི་ཡིད་དཔྱོད་ཀྱི་ཤུན་པ་བྲལ་བའི་ཀ་དག་རང་བབ་ཀྱི་དོན་ལ་མཉམ་རྗེས་ཀྱི་ཉམས་ལེན་སོ་སོ་མེད་པ་ཆོས་ཉིད་གཅིག་ཏུ་ལམ་དུ་ཁྱེར་བས་སྔ་མ་གཉིས་ཀྱི་བོགས་འབྱིན་དུ་སོང་བས་ན་སྤྱོད་པ་ཞེས་གྲགས་པ་སྟེ་མངོན་སུམ་ལམ་བྱེད་ཀྱི་ལྟ་བའི་རྩེ་མོ་མཐར་ཐུག་པའི་རྣལ་འབྱོར་བཤད་པ་ལའང་ནང་གསེས་སུ། གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བས་ཐག་བཅད། ཉིན་མཚན་ཁ་སྦྱོར་གྱི་སྒོམ་པས་ཉམས་སུ་ལེན། སྣང་བ་དབང་བསྒྱུར་གྱི་སྤྱོད་པས་བོགས་འབྱིན། བྱ་བྲལ་ལྷུན་གྲུབ་ཀྱི་འབྲས་བུ་རང་ལས་རྙེད་པའི་དོན་བཤད་པའོ། །དང་པོ་ནི། རྣལ་འབྱོར་མངོན་སུམ་དབྱིངས་ཀྱི་གཤིས༔ སོར་བཞག་ཁྲེགས་ཆོད་དགོངས་པས་བསྐྱང་༔ དེ་ཡང་ལུས་གནད་དྲང་པོར་བསྲང་༔ རི་བོ་བཞིན་དུ་ཅོག་གེར་བཞག༔ ཅེས་པ་སྟེ། དབྱིངས་རིག་གཉིས་མེད་ཡེ་ཤེས་སྙིང་པོའི་གསེང་ལམ་མཐར་ཐུག་པ་འདི་ལ་ཆོས་ཉིད་ངོ་བོ་ཀ་དག་གིས་གཞལ་ན་གཞི་ལམ་འབྲས་བུ་ཐམས་ཅད་ཐིག་ལེ་གཅྀག་ཏུ་རྫོགས་པ་ལས་རྣམ་དབྱེར་བྱར་མེད་ཀྱང་སོ་སོ་རང་རིག་པ་ལྷུན་གྲུབ་ཀྱིས་དབྱེ་ན་ལྟ་སྒོམ་སྤྱོད་འབྲས་ཅོག་བཞག་བཞི་ལྡན་དུ་གསུངས་པའི་ཐོག་མར་གལ་ཆེ་བ་ལྟ་བ་སྟེ་སྒོམ་སྤྱོད་འབྲས་ཀྱི་ཆོས་ཐམས་ཅད་དེའི་རྗེས་སུ་འབྲང་དགོས་པའི་ཕྱིར་གཞལ་བྱའི་ཡུལ་གང་ལ་ཤེས་རབ་ཀྱི་སྒྲོ་འདོགས་བཅད་ནས་གནས་ལུགས་ཇི་བཞིན་གཏན་ལ་འབེབས་པའི་ངེས་ཤེས་འདྲོང་དགོས་པས་ན་ཆོས་ཉིད་ཀ་དག་གི་བཞུགས་ཚུལ་ནི་ངོ་བོ་རིག་སྟོང༌། རང་བཞིན་གསལ་སྟོང༌། ཐུགས་རྗེ་སྣང་སྟོང་དབྱེར་མེད་གསུམ་དུ་གསུངས་པའི་དང་པོ་ནི། དངོས་པོ་དང་མཚན་མར་མ་གྲུབ་པའི་ཡེ་སྟོང་གཞི་མེད་རྩ་བྲལ་མཚོན་བརྗོད་ལས་འདས་པ། ཚིག་དང་དཔེའི་ཡུལ་དུ་མི་གནས་པ་སྟོང་པའི་རང་བབ་ལ་འཁྲུལ་གྲོལ་གཉིས་ཀ་ཡོད་མ་མྱོང་བས་འཁོར་བ་གཞི་མ་གྲུབ། མྱང་འདས་ལྟོས་ནས་བཏགས་པ་ཙམ་ཡིན་པས་ལས་དང་པོ་པའི་དུས་དངོས་མཚན་གྱི་བདེན་ཞེན་བཤིག་པ་ལ་འདི་ཉིད་ལ་ངེས་ཤེས་འདྲོང་པ་གནད་དུ་ཟབ་པར་དགོངས་ནས་བཀའ་འཁོར་ལོ་བར་པའི་དགོངས་དོན་སྤྲོས་བྲལ་དབུ་མ་ཆེན་པོ་དང༌། བསྐྱེད་རིམ་གྱི་སྐབས་སུ་དེ་བཞིན་ཉིད་ཀྱི་ཏིང་འཛིན་སོགས་འདི་ལས་འཕྲོས་ཏེ་གསུངས་པ་དང༌། རྫོགས་པ་ཆེན་པོའི་ངོ་བོ་ཀ་དག་གི་ཡེ་ཤེས་སྐྱེ་བ་མེད་པ་ཞེས་བསྟན་པ་དེ་ཉིད་གསལ་མདངས་འགག་མེད་ཀྱི་རང་རྩལ་བརྟན་གཡོ་འཁོར་འདས་ཀུན་གྱི་སྲོག་གི་སྙིང་པོའི་ཚུལ་དུ་ཁྱབ་ཀྱང་གང་གི་ཕྱོགས་སུ་ཡང་མི་གནས་པས། རྒྱ་ཆད་དང་ཕྱོགས་རིས་སུ་ནམ་ཡང་མ་ཆད་པས་ཆོས་ཉིད་ཀུན་ཏུ་འགྲོ་བ། སྒྲིབ་པ་དང་མཚན་མའི་སྤྱོད་ཡུལ་ལས་འདས་པ་ནི་འཁོར་ལོ་ཐ་མ་བདེ་གཤེགས་སྙིང་པོ་སྐུ་དང་ཡེ་ཤེས་ཀྱི་ཆོས་ཁམས་རྒྱ་མཚོས་སེམས་ཅན་ཀུན་ལ་ཁྱབ་བརྡལ་དུ་གནས་པ་རྒྱུ་འབྲས་ཐེག་པའི་མཚམས་སྦྱོར་གྱི་ཚུལ་དུ་གསུངས་ཤིང༌། རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོའི་གཞི་ཡི་གནས་ལུགས་སུ་བསྟན་པ་ལ་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ཞེས་བྱ་ཞིང༌། གསལ་སྟོང་དེ་གཉིས་ཀྱང་ཉི་མ་དང་འོད་ཟེར་བཞིན་དུ་རང་བབ་གཤིས་ཀྱི་གནས་ལུགས་གདོད་ནས་འདུས་མ་བྱས་པ་ཡུལ་དང་ཡུལ་ཅན་གྱིས་དམིགས་ནས་བལྟར་མེད་པའི་ཕྱིར་བློ་འདས་སོ་སོ་རང་རིག་པའི་ཡེ་ཤེས་ཆེན་པོ་སྟེ། འཁོར་ལོ་བར་མཐའ་དགོངས་པ་གཅིག་དྲིལ་གྱིས་གཏན་ལ་དབབ་བྱ་མཐར་ཐུག་པ་མདོ་སྔགས་གྲུབ་མཐའ་རྒྱ་མཚོའི་སྐྱེལ་སོ་ཡིན་ལ། སྐབས་འདིར་ལུང་རིགས་ཀྱིས་དཔྱད་པ་དང༌། དཔེ་ལ་བརྟེན་ནས་དོན་ངོ་སྤྲད་པ་སོགས་མ་ཡིན་པར་ཤེལ་དང་མེ་ལོང་སོགས་ཀྱི་བརྡ་ཐབས་མན་ངག་བྱིན་རླབས་ཀྱི་སྒོ་ནས་མངོན་སུམ་རང་ཐོག་ཏུ་ངོ་སྤྲད་པ་སྟེ་ལྟ་བ་དེ་མངོན་དུ་བྱ་བའི་ཕྱིར་ལུས་གནད་རང་བབ་བདེ་ལུགས་ཀྱི་ངང་དུ་དྲང་པོར་བསྲངས་ཏེ་འགྲོ་འདུག་བྱ་བྱེད་གཡོ་བསྐྱོད་སོགས་ཀྱིས་མི་འགྱུར་བར་རི་བོ་ལྷུན་ཆགས་པ་བཞིན་རང་བབ་གཤིས་སུ་ཅོག་གེར་བཞག་པས་ཤེས་པ་སྤྲོ་བསྡུ་མེད་པ་ས་ལེ་ཧྲིག་གེར་རང་རིག་ཟང་ཀའི་ངོ་བོར་བལྟས་པས་ཕྱི་སྣང་བ། ནང་འགྱུ་བ་གང་གིས་མ་བསླད་པའི་རིག་པ་ཟང་ཐལ་རྗེན་པ་མངོན་སུམ་དུ་གྱུར་པ་ལ་སོར་བཞག་ཁྲེགས་ཆོད་ཀྱི་དབྱིངས་སུ་བཙན་ས་གཟུང་ངོ༌། ལྟ་བ་དེ་ལ་གོམས་པས་སྲིད་པ་འཁྲུལ་པའི་གྲོང་ཁྱེར་དུ་གཏན་ནས་མི་འཇུག་པར་རྒྱུན་གཅོད་པར་བྱེད་པའོ། །དེ་ལྟ་བུའི་རིག་པ་དེ་ཅར་ཕོག་ཏུ་ངོ་སྤྲད་པ་ནི་རྫོགས་པ་ཆེན་པོའི་ཁྱད་ཆོས་ཏེ་རིག་པའི་ཆོས་ཉིད་ཚུལ་བཞིན་དུ་རྟོགས་པ་རྣམས་ཀྱི་གཞི་རིག་པའི་རྩལ་ལས་རོལ་པ་ཤར་དུས་ཕྱི་ཡུལ་དུ་མ་དཔྱད། ནང་སེམས་སུ་མ་བཟུང་བས་སྣང་ཤེས་ཀྱི་འཛིན་པ་ལས་གྲོལ། གཟུང་འཛིན་གྱི་མཁན་པོ་འགྱེལ་ཏེ་ལས་དང་ཉོན་མོངས་ལྡོག་ནས་འཁོར་བའི་ཆོས་ཐམས་ཅད་རིག་པ་རང་བཞིན་མེད་པའི་ངང་དུ་གྲོལ་ནས་ཆོས་ཉིད་ཟད་པའི་མཐར་ཐུག་པ་ན་ཀུན་ཏུ་བཟང་པོའི་ཞིང་དུ་ཕྱིན་ཏེ་ཆོས་སྐུའི་རྒྱལ་པོའི་གཏན་སྲིད་ཟིན་པ་ཆོས་ཉིད་ཡོངས་ཤེས་ཀྱི་ངོ་བོ་ལ་གོམས་པས་ཡང་སྲིད་ལེན་པའི་ལས་དང་བག་ཆགས་ཐམས་ཅད་ཟད་པར་འགྱུར་ལ། སེམས་མི་རྟོག་པ་ལ་གནས་ཀྱང་དམིགས་པའི་ཡུལ་བྱེ་བྲག་པ་གཅིག་ལ་བཟུང་བས་རྒྱ་ཆུང་ཞིང་མ་རིག་པ་མཚུངས་པར་ལྡན་པའི་གཟུང་འཛིན་གྱི་རྟོད་ཕུར་བག་ཉལ་གྱི་ཚུལ་དུ་ཡོད་པས་རིག་པ་རང་བྱུང་གི་དོན་ལ་སྒྲིབ་པར་བྱེད་ལ། རིག་པའི་རྩལ་སྣང་ཡིད་ཤེས་ཀྱི་ཡུལ་ལ་མི་འཇུག་པས་སོ་སོ་རང་རིག་པའི་ཡེ་ཤེས་ཞེས་བྱ་སྟེ་ཡུལ་གྱི་རང་བཞིན་ལ་དང་པོར་མི་རྟོག །རྗེས་སུ་མི་དཔྱོད་རྒྱུན་ཆགས་སུ་མི་འཛིན་པས་རང་ངོར་སྣང་ཡུལ་ཐམས་ཅད་མ་འགགས་པར་བཀྲ་ཡང་ཕར་ཡུལ་ཐོག་ཏུ་མི་འཆོར་བར་མངོན་སུམ་ལྷག་མཐོང་གསལ་བའི་ཆ་མ་རིག་པའི་རྙོགས་པ་མེད་པས་ཡུལ་གྱི་རྣམ་པས་མ་གོས་པ་རྩེ་གཅིག་ཏུ་གནས་པའི་ཞི་གནས་དང་ཡེ་ནས་བཅོས་པ་མེད་པ་ཟུང་འབྲེལ་དུ་ཡོད་པས་གཟུང་འཛིན་གྱི་གཞི་སྟོང་པ་རིག་པའི་ཡོན་ཏན་ཏེ་དེས་ན་སེམས་རྩེ་གཅིག་ཏུ་གནས་པ་ལ་ཞི་གནས་དང༌། རང་བཞིན་མེད་པར་དཔྱོད་པའི་ཆ་ལ་ལྷག་མཐོང་ཞེས་ཟུང་འཇུག་ཏུ་སྒྲུབ་པ་གཟུང་འཛིན་དང་བཅས་པ་འཇིག་རྟེན་པའི་བསམ་གཏན་ལས་ཁྱད་པར་འཕགས་པ་རྫོགས་པ་ཆེན་པོ་ཆོས་ཉིད་རང་ངོས་ནས་སྟོང་པ་དང༌། ཐེག་པ་གཞན་ཆོས་ཅན་གཞན་ངོས་ནས་སྟོང་པའི་ཁྱད་ཤེས་པར་བྱས་ནས། རིག་སྟོང་ཆོས་ཉིད་ཀྱི་དགོངས་པའི་ངང་ལ་གནས་པས་རྐྱེན་སྣང་རླུང་ཚོགས་ལྟ་བུས་ནམ་ཡང་མི་གཡོ་བའི་གདེང་རྙེད་པ་རི་བོ་ཅོག་བཞག་གི་ལྟ་བ་སྟེ། དེ་ཡང་རང་གནས་ཀྱི་ཡེ་ཤེས་རང་ལ་གནས་པ་ཉིད་ངོ་སྤྲད་པ་ཡིན་གྱི་ལུང་རིགས་མན་ངག་གཞན་ནས་ཕྱི་རོལ་དུ་བཙལ་དུ་མེད། རང་སེམས་མ་བཅོས་པར་བཞག་པ་ཉིད་འོད་གསལ་བའི་ཡེ་ཤེས་ཡིན་པས་སྔར་མེད་རྒྱུད་ལ་སྐྱེས་པ་ཡང་མ་ཡིན་པས་ངག་དང་ཡིད་ཀྱི་རྩོལ་རྟོག་གི་ཡུལ་ལས་འདས་པར་རང་ངོ་རང་ཐོག་ཏུ་སྤྲད་པའི་ལྟ་བ་ཞེས་བྱའོ། །འདི་ལྟ་བུའི་ལྟ་བ་ཡང་དག་པ་ངོ་འཕྲོད་ན་སེམས་ཀྱིས་བཟོས་པའི་འཁོར་བའི་གྲོང་ཁྱེར་ཐམས་ཅད་རྒྱུན་གཅོད་པར་བྱེད་པ་དང༌། ཐེག་པ་མཐའ་དག་གི་གནད་དོན་ཁོང་དུ་ཆུད་པས་རིའི་རྒྱལ་པོ་གླིང་བཞིའི་དབུས་ན་མཆོག་ཏུ་འཕགས་པ་ལྟ་བུའོ། །གཉིས་པ་ཉིན་མཚན་ཁ་སྦྱོར་གྱི་སྒོམ་པས་ཉམས་སུ་ལེན་པ་ནི། མིག་ནི་གསང་འབྲས་དབྱིངས་སུ་གཏད༔ རྒྱ་མཚོ་བཞིན་དུ་ཅ་རེ་བཞག༔ ཡིད་ཀྱི་རྙོགས་མས་མ་བསླད་པའི༔ རིག་པ་རྗེན་པ་གཅེར་བུར་བཞག༔ ཅེས་གསུངས་པ་ལྟར་ལྟ་བས་སེམས་རིག་ཤན་ཕྱེས་ཏེ་ངོ་ཤེས་པ་དེ་ནས་སྒོམ་པ་ཡིན་ཐོག་ཏུ་བཞག་སྟེ་རྩལ་མ་རྫོགས་ན་གཟུང་འཛིན་འཁྲུལ་པའི་འཁོར་ལོ་བཤིག་མི་ནུས་པ་གཡུལ་ངོར་ལུས་པའི་རྒྱལ་པོའི་བུ་ཆུང་འདྲ་བས་རིག་པ་གཤིས་ཐོག་ཏུ་ཕེབས་པར་ཉམས་སུ་བླང་བ་ནི། ལུས་གནད་དྲང་པོར་བསྲང༌། ཡེ་ཤེས་འཆར་བའི་སྒོ་མིག་གི་གསང་འབྲས་སྒུལ་གཡོ་མི་བྱ་བ་བར་སྣང་སྟོང་པའི་དབྱིངས་སུ་གཏད་དེ། ནང་དུ་རང་གི་སེམས་ཉིད་ངོ་བོ་ངོས་བཟུང་ལས་འདས་པ། རིག་པ་ཟང་ཐལ་མཚན་མར་མ་གྲུབ་པ་སྟོང་གསལ་རང་བྱུང་གི་ཡེ་ཤེས་དེ་གཉིས་ཡ་བྲལ་མ་ཡིན་པར་གདོད་ནས་ཟུང་དུ་འཇུག་པ་འདི་ལས་ཆོས་སྐུ་གཞན་དུ་མེད་པར་ཐག་གཅིག་ཐོག་ཏུ་བཅད་དེ། དྲན་བསམ་སྔ་མ་འགག་ཕྱི་མ་མ་སྐྱེས་ཤིང་ད་ལྟའི་ཤེས་པས་སྐད་ཅིག་མ་བཟོ་བཅོས་མ་བྱས་པར་དུས་གསུམ་གྱི་རྣམ་པར་རྟོག་པས་མ་བསླད་པའི་བཏང་སྙོམས་ལུང་མ་བསྟན་དུ་མ་འབྱམས་པའི་ཀ་དག་བློ་འདས་ཀྱི་དགོངས་པ་བཞི་ཆ་གསུམ་བྲལ་ཐ་མལ་གྱི་ཤེས་པ་སོ་མ་དེ་ཉིད་རང་བབ་རྣལ་མར་བཞག་པ་ལས་གཞན་པའི་བསྒོམ་བྱ་རྡུལ་ཙམ་མེད་པ་མངོན་སུམ་ཆོས་ཉིད་ཀྱི་རང་བབ་ལྷུག་པར་མཐོང་སྟེ་ངང་དྭངས་སྤྲིན་བྲལ་ནམ་མཁའ་ལྟར་གནས་པ་རིག་པ་ཟང་ཐལ་དབང་པོའི་གདངས་མ་འགགས་པ་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ་ལ། སྣང་ཡུལ་གཟའ་སྐར་གྱི་གཟུགས་བརྙན་ཤར་ཡང་ཡུལ་དབང་ཤེས་གསུམ་ལག་སྦྲེལ་ཏེ་ལས་བསགས་པའི་རྣམ་པར་རྟོག་པ་མེད་པས་གཟུགས་བརྙན་གྱིས་ཆུ་ལ་མ་གོས་པ་དང་མཚུངས་པས་ན་རྒྱ་མཚོ་ཅོག་བཞག་གི་སྒོམ་པ་སྟེ། དེའི་དུས་སུ་ཕྱི་ཆོས་ཅན་ཚོགས་དྲུག་གི་འཁྲུལ་སྣང་ལ་གཡེང་བའི་རྟོག་པ་ཤར་དུས་ནས་འཛིན་མེད་དུ་གློད་པ་རྦ་རླབས་ཆུར་ཐིམ་པ་ལྟར་འགྱུ་སྟོང་རྗེས་མེད་དུ་ཞིག །ནང་ཆོས་ཉིད་ཀྱི་ངང་དུ་ཡེངས་པ་མེད་པར་དགུག་པའི་དྲན་འཛིན་དགག་སྒྲུབ་རྩོལ་བཅས་ཀྱི་ན་བུན་མཁའ་ལ་དེངས་པ་ལྟར་རང་སར་གྲོལ་ཏེ་སྣང་ཤེས་གཉིས་ཀའི་ཕྱོགས་སུ་མ་ལྷུང་བ་ཅི་སྣང་ཆོས་སྐུའི་རང་བཞིན་རིག་སྟོང་བློ་བྲལ་རྗེན་པར་རྟོགས་པས། དམིགས་གཏད་མཚན་འཛིན་གང་ཡང་མེད་པའི་ངང་ལ་འབད་རྩོལ་ཅིར་ཡང་བྱར་མེད་པ་ཁ་ཡན་དུ་གློད་ནས་བཞག་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀ་དག་གཞི་རྫོགས་ཆོས་ཉིད་མཉམ་པ་ཆེན་པོ་མངོན་དུ་གྱུར་པ་ལ་སྒོམ་པའི་ཐ་སྙད་དུ་བཏགས་པ་ཙམ་ལས། སྒོམ་བྱེད་ཀྱི་བློས་བསྒོམ་པར་བྱ་བའི་ལྟ་བ་ཞེས་ཐ་དད་མེད་པ་གློ་བུར་གྱི་ཀུན་རྟོག་ཐམས་ཅད་སྤྲིན་དེངས་པ་ལྟར་རང་གྲོལ་དུ་འགྲོ་བའི་ཕྱིར་སྒོམ་པ་འཛིན་མེད་རང་གྲོལ་ཞེས་གསུངས་པའོ། །གསུམ་པ་སྣང་བ་དབང་བསྒྱུར་གྱི་སྤྱོད་པས་བོགས་འབྱིན་པ་ནི། མ་བཅོས་མ་བསླད་ཡུལ་སྣང་གི༔ ཞེན་པ་རང་གྲོལ་ལྷུག་པར་བཞག༔ བཞག་ཅེས་བྱ་བ་བརྡ་ཙམ་སྟེ༔ ཞེས་རྒྱ་མཚོ་ཅོག་བཞག་གི་སྒོམ་པ་ཀློང་དུ་གྱུར་པ་ན་རྗེས་ཐོབ་ཀྱི་སྒོ་གསུམ་གྱི་སྤྱོད་པ་གང་བྱུང་དུ་ཞུགས་ཀྱང་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཤེས་པའི་ཏིང་ངེ་འཛིན་གྱི་ངང་ལས་ནམ་ཡང་མ་གཡོས་ཏེ་དཔེར་ན་ཕྱི་རོལ་དུ་འབྱུང་བཞིའི་ཆོ་འཕྲུལ་ཇི་ལྟར་ཤར་ཡང་དོན་དུ་ནམ་མཁའི་ཀློང་ལས་འདས་པ་མེད་ཅིང་ནམ་མཁའ་ལ་འཕེལ་འགྲིབ་མེད་པ་བཞིན་ནོ། །དེས་ན་ཆོས་ཉིད་ཀྱི་ངོ་བོ་ལ་འཁྲུལ་གྲོལ་གྱི་རེ་དོགས་བྱར་མེད་པས་ཕྱི་ཚོགས་དྲུག་གི་ཡུལ་ལ་ནང་སེམས་ཀྱི་དེར་འཛིན་གྱིས་མི་ཞེན་པས་འཁྲུལ་སྣང་གི་ལས་མི་བསགས་པ་ཐུག་འཕྲད་རང་གྲོལ་རང་དག་རྒྱ་ཡན་ཏུ་བཏང༌། གཟུང་འཛིན་གྱི་བློས་སྣང་བཏགས་ཇི་ལྟར་སྣང་རུང་རིག་པའི་ཀློང་ལས་གུད་ན་གཡེང་འཁྲུལ་མེད་པས་འགྲོ་འཆག་ཉལ་འདུག་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཆེན་པོའི་རྩལ་ལམ་རོལ་པའི་ངང་དུ་འུབ་ཆུབ་རྩ་བྲལ་གྱི་ཆོས་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཀྱི་ཆོས་སྐུར་སངས་རྒྱས་པས་གཟུང་བྱ་འཛིན་བྱེད་སྤང་བྱ་སྤོང་བྱེད་བླང་བྱ་ལེན་བྱེད་མེད་པ་ཆོས་ཉིད་མཉམ་པ་ཆེན་པོར་ཁྱབ་པར་བརྡལ་བས། འབད་རྩོལ་དམིགས་བཅས་མཚན་མའི་བསྒཽམ་བྱ་རྡུལ་ཙམ་མེད་པར་སྒོམ་འདོད་ཀྱི་རྟོག་པ་ལས་གྲོལ་ཏེ། ཐ་མལ་གྱིན་འདར་འབྱམས་ཤིང༌། བཅོས་མའི་བློས་མི་སྒོམ་པའི་དོན་རིག་སྟོང་ཆོས་ཉིད་ཟང་ཐལ་རྗེན་པ་དང་རྒྱུན་ཏུ་འབྲལ་བ་མེད་པས་གང་ཟག་ཐ་མལ་པའི་ངང་ཚུལ་ལས་རིང་དུ་འདས་ཏེ་སྤྱོད་ཀུན་ཇི་ལྟར་སྤྱད་པ་ཐམས་ཅད་ཀུན་ཏུ་བཟང་པོ་ཡེ་ཤེས་ཟང་ཐལ་རང་སྣང་རིས་མེད་དག་པ་རབ་འབྱམས་སུ་ཤར་བ་ན། ཆོས་ཉིད་རྒྱུན་ཆད་མེད་པ་ཆུ་བོ་ཆེན་པོའི་རྒྱུན་དང་འོད་གསལ་གསལ་འགྲིབ་མེད་པ་རིའི་རྒྱལ་པོའི་རྩེ་མོ་བཞིན་ཏེ་དེ་ཁོ་ན་ཉིད་ཀྱི་གནས་ལུགས་རིག་པས་རྟག་ཏུ་མཉམ་པར་བཞག་པ་ལས་མ་གཡོས་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་བའོ། །བཞི་པ་བྱ་བྲལ་ལྷུན་གྲུབ་ཀྱི་འབྲས་བུ་རང་ལས་རྙེད་པའི་ཚུལ་ནི། རང་རིག་མངོན་སུམ་ངོ་འཕྲོད་ནས༔ དེ་ཉིད་ཁོ་ནར་ཐག་བཅད་དེ༔ རྟོག་ཚོགས་རང་གྲོལ་གདེང་འཆའ་བའི༔ ངང་ལས་མ་གཡོས་ལྷུམས་སུ་ཞུགས༔ ཞེས་གསུངས་པ་ལྟར་ལྟ་སྒོམ་སྤྱོད་པ་དུ་མ་རོ་གཅིག་ཏུ་ཉམས་སུ་བླང་བས་གདོད་ནས་འདུ་འབྲལ་མེད་པར་རང་ལ་གནས་པའི་རང་རིག་མ་བཅོས་པ་ཆོས་ཉིད་ཀྱི་གནས་ལུགས་ངོ་བོ་གདོད་ནས་འཁྲུལ་མ་མྱོང་བར་སངས་རྒྱས་ཡིན་པའི་གནས་སྣང་གཉིས་ཀའི་ངོ་བོ་མངོན་དུ་གྱུར་ཏེ། མཐར་ཐུག་གི་བསྒྲུབ་བྱའི་སངས་རྒྱས་སྐུ་གསུམ་འདུ་འབྲལ་མེད་པར་རང་ལ་གནས་པ་གདོད་ནས་ཡེ་གྲོལ་གྱི་དགོངས་པ་སངས་རྒྱས་རང་ལ་གནས་པའི་གདེང་ཐོབ་སྟེ་རྩོལ་སྒྲུབ་བློས་བྱས་ཀྱི་ལྟ་བའི་འཛིན་སྟངས་ཀྱི་འབྲས་བུ་ཕྱི་ཚོལ་རེ་དོགས་ཀྱི་མདུད་པ་རང་སར་གྲོལ་བས། རྣམ་པ་མ་འགག་པར་རང་བཞིན་གྱིས་འོད་གསལ་བའི་ལོངས་སྐུ་དང༌། ངོ་བོ་མ་སྐྱེས་པའི་ཀ་དག་ཆོས་སྐུ་གཉིས་ལྡོག་པས་དབྱེ་བ་ཙམ་ལས་ངོ་བོ་ཐིག་ལེ་ཆེན་པོ་རོ་གཅིག་མཉམ་རྫོགས་ཀྱི་ཁྱབ་བྱ་ལ། ཁྱབ་བྱེད་རིག་པའི་སྙིང་པོ་ཅན་གྱི་གྲོལ་གཞི་མ་ནོར་བའི་གནས་ལུགས་དེ་ཉིད་ལམ་ཡིད་བྱེད་ཀྱིས་མ་བཅོས་པ་གདོད་མའི་བཞུགས་ཚུལ་དང་མཐུན་པར་རང་བབས་སུ་བསྐྱངས་པས་གཤིས་ཀྱི་ཡིན་ལུགས་སྒྲ་ཇི་བཞིན་པ་མངོན་དུ་གྱུར་པས་རིག་པ་ལྷུམས་སུ་ཞུགས་པའི་ཚེ་གདོད་ནས་འཁྲུལ་མ་མྱོང་བ་སྐུ་གསུམ་ལྷུན་རྫོགས་ཀྱི་ས་ལ་གཏན་སྲིད་ཟིན་པས་ཆོས་སྐུ་རང་གནས་ཆེན་པོར་ལ་བཟླ་བ་མ་བཙལ་ལྷུན་གྲུབ་ཀྱི་འབྲས་བུ་རྒྱལ་པོའི་བཙན་ས་ཟིན་པའོ། །གཉིས་པ་རྩལ་སྦྱང་ཐོད་རྒལ་གྱི་རྣལ་འབྱོར་ལ། ལམ་གྱི་ཆེ་བ་བསྟན་པ་དང༌། ཉམས་ལེན་དངོས་བཤད་པ་གཉིས་ལས། དང་པོ་ནི། དེ་ལྟར་དགོངས་པ་མངོན་གྱུར་པས༔ དབང་པོའི་མངོན་སུམ་རིག་པའི་གདངས༔ རྩལ་སྦྱངས་ཐོད་རྒལ་རྣལ་འབྱོར་ནི༔ ཞེས་པ་སྟེ། མཐར་ཐུག་ཤིན་ཏུ་ཟབ་པའི་ཁྲེགས་ཆོད་ཀྱི་གདམས་པ་ལྷག་པར་འོད་གསལ་ཡེ་ཤེས་ཆེན་པོའི་གསང་མཛོད་ལུས་རྒྱའི་སྦུབས་སུ་གནས་ཀྱང་དེ་ཉིད་མངོན་སུམ་སྟོན་པའི་གནད་མ་བསྟན་པས་དེ་ལས་ཀྱང་ཡང་ཟབ་རྫོགས་པ་ཆེན་པོ་མན་ངག་སྡེའི་ཡང་གསང་ཐིག་ལེ་ཆེན་པོ་ནི་ཡི་གེ་མེད་པ་ལས། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང་ཆོས་ཀྱི་སྐུ་གདམས་ངག་ལ་ཐུག་གོ །ཞེས་པ་ལྟར་ཁྲེགས་ཆོད་ཀྱི་ལམ་འབའ་ཞིག་གིས་ས་རྡོ་རི་བྲག་ལ་སོགས་པ་འཁྲུལ་སྣང་གི་ཡུལ་དག་པར་མི་ནུས་པས་ཐོད་རྒལ་གྱིས་སྣང་བ་དེ་དག་འོད་ལྔར་འཆར་བར་བྱེད་པའི་ཁྱད་པར། རིག་པ་འོད་གསལ་དུ་གསུངས་པ་ཁྲེགས་ཆོད་ཀྱིས་སྟོང་ལ་གསལ་བ་ཙམ་ལས་བལྟར་མེད་དུ་ཐག་གཅོད་པ་ཐོད་རྒལ་དུ་སྒོ་ཡུལ་རླུང་རིག་གི་གནད་བཅུན་པ་ཡེ་ཤེས་ཀྱི་མཐོང་ཕྱེ་སྟེ་ཆོས་ཉིད་ཀྱི་ཟེར་གདངས་ལ་སྤྱོད་པའི་ཁྱད་པར། ཁྲེགས་ཆོད་དུ་དབང་པོ་དྲུག་གི་སྒོ་མ་དག་པ་འཁྲུལ་སྣང་ལ་ཞེན་པ་སྤོང་བའི་དྭངས་འཚོལ་བ་ལ། ཐོད་རྒལ་དུ་དག་པའི་འོད་གསལ་གྱི་སྒོ་ཡེ་ཤེས་ཀྱི་རླུང་གིས་ཕྱེ་བས་ཕྱི་ནང་ཟང་ཐལ་གྱི་དབང་པོས་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་སྒྲོན་བཞིའི་སྣང་བ་ལ་ལོངས་སྤྱོད་པའི་ཁྱད་པར། ཁྲེགས་ཆོད་དུ་རགས་པའི་རྩ་རླུང་ལ་བརྟེན་ནས་གེགས་དང་གོལ་ས་ཤིན་ཏུ་མང་ལ། དེ་ལྟར་བརྟེན་ཕྱིན་ཆད་འབྱུང་བའི་སྟོབས་ཆེ་ཆུང་གིས་ན་སོ་རྒན་གཞོན་ལའང་ལྟོས་ཤིང༌། འདི་ནི་རགས་པ་སྤང་བྱ་ཡིན་པས་གནད་མི་གཡོ་བ་གསུམ་གྱིས་བཅིངས་པ་ཙམ་ལས་དོན་དམ་ཡེ་ཤེས་ཀྱི་རླུང་འཛིན་རྩོལ་ལས་འདས་པ་ལམ་དུ་བྱས་པས་རགས་པ་ཐམས་ཅད་ཟད་ནས་ལུས་འོད་གསལ་དུ་གྲོལ་བའི་ཁྱད་པར། ཁྲེགས་ཆོད་ཀྱིས་གལ་ཏེ་སྣང་བ་ཚད་དུ་མ་ཕྱིན་ན་ཕུང་པོ་ལས་གྲོལ་བར་སྲིད་ནའང༌། ལུས་རྡུལ་ཕྲན་དུ་དེངས་པ་ཙམ་ལས་འོད་གསལ་དུ་འགྲོ་མི་སྲིད། འོད་གསལ་དུ་མ་སོང་ན་རེས་འགའ་བའི་སྒྱུ་ལུས་དང་ཟད་པར་གྱི་སྐྱེ་མཆེད་ལ་སོགས་པས་མཐར་ཐུག་གི་ས་མི་ཆོད་པས། སྤྱན་དང་མངོན་ཤེས་རྫུ་འཕྲུལ་རླབས་པོ་ཆེའི་བདག་ཉིད་འཕོ་བ་ཆེན་པོ་རྡོ་རྗེའི་སྐུ་མི་ཐོབ་པས་རྟེན་དེས་གཞན་དོན་རྒྱ་ཆེར་མི་འགྲུབ་པའི་ཚུལ་རྒྱལ་དབང་པདྨ་དང་རྒྱ་བོད་ཀྱི་གྲུབ་ཆེན་གཞན་གྱི་ཁྱད་པར་ལ་ལྟོས། མདོར་བསྡུ་ན་སེམས་སྡེའི་རང་གསལ་ལ་ཁ་འབྱམས། ཀློང་སྡེའི་གཞི་བྲལ་ལ་གདེང་བྱེད། མན་ངག་སྡེའི་སྐོར་གསུམ་ཡང་བར་དོར་གདེང་འཆའ་བ་ལས་མེད་པས། འདིར་འོད་ལུས་སུ་གྲོལ་བའི་གནད་ཡོད་པས་འཁྲུལ་སྣང་ལམ་དུ་བྱས་ནས་མ་འཁྲུལ་བའི་གནད་ཚོལ་བའི་ཁྱད་པར་བདུན་དང་ལྡན་པའི་ལམ། ཕྱི་ནང་གསང་བའི་ནམ་མཁའ་སྟོང་པའི་དབྱིངས་སུ་སྒོ་གསུམ་གྱི་གནད་གཅུན་ཅིང་མིག་འབྲས་མི་འགུལ་བར་རྡོ་རྗེ་ལུ་གུ་རྒྱུད་ཨར་ལ་གཏད་པས་རིག་པའི་གཟོང་བཅུག་སྟེ་ཡེ་ཤེས་ཀྱི་རང་གདངས་བསམ་གྱིས་མི་ཁྱབ་པའི་དབྱིངས་སྣང་ཤར་བ་ལ་ཕྱི་རུ་གཟུང་ཡུལ་ཡུལ་དང་ནང་དུ་འཛིན་པའི་ཤེས་པས་མཐོང་བྱ་མཐོང་བྱེད་གཉིས་རྟོག་བྲལ་བའི་ངང་དུ། ནང་འཆར་གཞི་སེམས་ཡིད། ཕྱི་འཆར་སྒོ་མིག་དབང༌། བར་བསྐྱོད་བྱེད་རླུང་གི་འགྲོ་ལྡོག་གསུམ་པོ་འཇུག་པའི་གནད་ལ་རྩེ་གཅིག་ཏུ་དྲིལ་ནས་མཉམ་པར་བཞག་ཅིང་རང་སོ་བཟུང་བས། ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས་པས་འོད་གསལ་གྱི་སྣང་བ་སྨིན་མཚམས་ནས་བྲལ་ཏེ་གསལ་འགྲིབ་མེད་པར་འཆར་བ་སྣང་བཞིའི་སྣང་ཤེས་ཀྱི་ཉམས་རྣམས་རིམ་གྱིས་སྐྱོང་བ་དང༌། དེ་ལ་བརྟེན་ནས་ནང་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་གསལ་བརྟན་གོང་འཕེལ་དུ་འགྲོ་བའི་ཉམས་སྟོང་གསལ་ནམ་མཁའ་དྭངས་པའི་དབྱིངས་ལྟ་བུ་བློས་བསམ་པ་དང་ངག་གིས་བརྗོད་མི་ནུས་པའི་སྤྲོས་པ་ཀུན་ལས་འདས་པ་རང་བབ་ཤུགས་འབྱུང་དུ་འཆར་བར་འགྱུར་རོ། །དེའི་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་གསལ་བས་མ་རིག་པ་དང་བྲལ། ཚེའི་དུས་བྱས་ཀྱང་སྤྲུལ་པའི་སྐུ་རུ་གྲོལ། མཐར་ཐུག་སྣང་བཞི་མཐར་ཕྱིན་ནས་ལྷག་མེད་དུ་འགྲུབ་པར་འགྱུར་རོ། །གཉིས་པ་ཉམས་ལེན་གྱི་ལམ་དངོས་ལ། སྔོན་འགྲོ། དངོས་གཞི། མཇུག་གི་བྱ་བའོ། །དང་པོ་སྔོན་འགྲོ་སྒོམ་པའི་གནས་སུ་བྱ་བ་དགུ་ཕྲུགས་སུ་བཏང་བ་ནི། སྒོ་གསུམ་ཕྱི་ནང་གསང་བ་ཡི༔ བྱ་བ་རིམ་པ་བཞིན་དུ་བཏང་༔ དབེན་ཞིང་དབྱིངས་རིག་མཚོན་ནུས་པར༔ བདེ་བའི་སྟན་ལ་བག་ཕབ་ནས༔ ཞེས་པ་སྟེ། བྱ་རྩོལ་དང་བྲལ་བའི་ལམ་ལ་ཞུགས་ནས་རླུང་རིག་པ་བཙན་ཐབས་སུ་སྒོ་གསུམ་རེ་རེ་ལ་ཕྱི་ནང་གསང་བ་གསུམ་རེས་ཕྱེ་བའི་བྱ་བ་དགུ་ཕྲུགས་རྣམས་རིང་དུ་བོར་ཞིང་བཏང་བ་སྟེ། དེའང་ལུས་ཀྱི་གསུམ་ནི། དུད་འགྲོ་དམུ་རྒོད་འདུལ་ཐབས་ལ་མཁས་པས་ལམ་སྲང་དུ་བདེ་བར་རྒྱུར་གཞུག་པ་ལྟར་སེམས་རྟོག་ཁ་ཡན་འཁྲུལ་པའི་ལམ་ལ་མི་འཇུག་པར་རྩོལ་བཅས་རྩོལ་མེད་ཀྱི་དགེ་སྦྱོར་ཆ་མཉམ་དུ་བརྩོན་པས། ཕྱི་འཇིག་རྟེན་འཁྲུལ་པའི་བྱ་བྱེད་དང་རྣམ་གཡེང་ཐམས་ཅད། ནང་ཕྱག་དང་སྐོར་བ་སོགས་དམན་པའི་དགེ་བ་རྣམས། གསང་བ་རྣམ་གཡེང་འགུལ་སྤྱོད་ཐམས་ཅད་སྤངས་ཏེ་འདུག་པའོ། །གཉིས་པ་ངག་གི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་ཁ་ཏོན་དང་བཟླས་བརྗོད་ལ་སོགས་པ། གསང་བ་སྨྲ་བརྗོད་ཐམས་ཅད་སྤང་སྟེ་མི་སྨྲ་བར་གནས་པར་བྱའོ། །གསུམ་པ་ཡིད་གྱི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་ཐམས་ཅད། ནང་བསྐྱེད་རྫོགས་ཀྱི་སེམས་འཛིན་སྣ་ཚོགས། གསང་བ་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ནས་རྟོག་མེད་ཀྱི་ངང་ལ་གནས་པར་བྱ་ཞིང་དེས་ནི་སྒོ་གསུམ་གནས་པ་དང༌། བརྟན་པ་དང༌། གྲོལ་བར་འགྱུར་བ་སྟེ། དེ་ཡང་གཏེར་གཞུང་ལས། རིམ་པ་བཞིན་དུ་བཏང་༔ ཞེས་གསུངས་པ་ལྟར་དགེ་སྦྱོར་སྲང་དུ་འཇུག་པ་ལ་རྒྱུད་ཀློང་གསལ་ལས་སྤྲོས་པ་ཅན་ཐུན་བཞིའི་རྣལ་འབྱོར་ལ་བསླབ་ཚུལ་ནི། ཐོ་རངས་དང་པོ་བླ་མའི་རྣལ་འབྱོར་བསྒོམ། བར་པ་ཁྲེགས་ཆོད་བསྐྱང༌། ཐ་མ་ལ་བདེ་སྟོང་དང་གཏུམ་མོ་བསྒོམ། ནམ་ལངས་ནས་ཉི་ཤར་གྱི་བར་ལ་ཁ་ཏོན་དང་སྒོམ་བཟླས་ལ་སོགས་པའོ། །ཉི་མ་ཤར་ནས་གུང་གི་བར་ལ་ཐོད་རྒལ་བལྟ། གུང་ལ་ཕྱག་དང་ཆོས་སྤྱོད་རིགས་བྱ། ཕྱི་དྲོའང་ཐོད་རྒལ་བསྒོམ། དགོང་མོ་གཏོར་མ་དང་རླུང་འཛིན། སྲོད་ཐུན་དང་པོ་ལ་འཆི་བ་མི་རྟག་པ་བསྒོམ། བར་པ་ལ་བསྐྱེད་རིམ་དང་བཟླས་བརྗོད་བྱ། དགུང་ཐུན་ལ་གཉིད་འོད་གསལ་གྱི་སྦུབས་སུ་སྦ། ཐམས་ཅད་ལ་ཐུན་འགོར་སེམས་བསྐྱེད། དངོས་གཞི་དམིགས་པ་མེད་པ། རྗེས་བསྔོ་སྨོན་གྱི་རྒྱས་ཐེབས་པ་ནི་དམ་པ་གསུམ་དང་འབྲེལ་བ་ཞེས་བྱ་སྟེ་མེད་ཐབས་མེད་དོ། །ཞེས་ཀུན་མཁྱེན་འཇིགས་བྲལ་གྱིས་གསུངས་པ་དང༌། གཞན་ཡང་ཁྲིད་གཞུང་གཞན་དུ་ཉམས་ལེན་བྱེད་པའི་གནས་དབྱར་དུས་རི་རྩེ་གངས་འདབས་སུ་མཐོ་ཞིང་དྭངས་པར་བསྒོམ། དགུན་དུས་ས་ཕུག་བྲག་ཕུག་སོགས་དྲོ་ཞིང་འཇམ་ས་ལ་བསྒོམ། དཔྱིད་དུས་རི་ངོགས་མཚོ་གླིང་སོགས་དགའ་ཞིང་སྤྲོ་བའི་ས་རུ་བསྒོམ། སྟོན་དུས་སྨན་ལྗོངས་ཆུ་ཀླུང་སོགས་ཡིད་མཐུན་ས་རུ་བསྒོམ། དུས་ཀྱི་རྟེན་འབྲེལ་དཔྱིད་དབྱིངས་རིག་རྒྱ་ཆེར་གསལ། སྟོན་སྒྲུབ་པ་འཕེལ་ཆེ། དགུན་ཁམས་བདེ་སྒོམ་སྙིང་འདོད། སོས་ཀ་ཡོན་ཏན་གསར་དུ་སྐྱེ། སྒྲུབ་པའི་ཁང་པ་དབྱར་རྩྭ་དང་སྨྱུག་མའི་བསིལ་ཁང༌། དགུན་དུས་ཕུག་པ་དྲོ་བོ། སྟོན་དཔྱིད་རྡོ་ཁང༌། བརྩོན་འགྲུས་རབ་གཅིག་པུ། འབྲིང་མཚམས་དང་འདག་སྦྱར། ཐ་མས་ཆོས་མཐུན་གྲོགས་བསྟན་གསུང་པའང་འཕྲོས་དོན་དུ་སྨོས་པའོ། །གཉིས་པ་དངོས་གཞིའི་ཉམས་ལེན་ལ། གནད་ལྔ་ཡིས་གཟིར་བས་མངོན་སུམ་རང་ཐོག་ཏུ་དབབ་པ་དང༌། སྒྲོན་མ་བཞིའི་ཆིངས་ཀྱིས་ལམ་གྱི་གནད་བསྟན་པ་དང༌། ལམ་སྣང་བ་བཞི་བཤད་པ་ལས། དང་པོ་ལ་བཅའ་བ་ལུས་ཀྱི་གནད་གསུམ་ནི། ལུས་གནད་སེང་གེ་གླང་ཆེན་དང་༔ དྲང་སྲོང་ཙོག་པུའི་བཞུགས་སྟངས་བྱ༔ ཞེས་པ་སྟེ། ཆོས་སྐུ་སེང་གེའི་བཞུགས་སྟངས་ནི། རྐང་པའི་མཐིལ་གཉིས་སྦྱར། པུས་མོ་ཕྱིར་བགྲད་ལག་པའི་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་པའི་རྡོ་རྗེའི་ཁུ་ཚུར་བཅངས་པ་རྟིང་པའི་རྩར་ས་ལ་འཛུགས་པ་ལ་ལག་ཡུ་དྲང་པོར་བསྲང༌། སྟོད་བསེང་སྟེ་དཔུང་པ་གྱེན་དུ་འཐེན། མཇིང་པ་ཡིད་ཙམ་གྱེན་དུ་གཏོད། མིག་གཉིས་མིག་འབྲས་མི་བསྒུལ་ཞིང་རྫི་མ་མི་བརྡེག་པར་ལྟ་སྟངས་ཀློད་ལ་སྨིན་ཕྲག་གི་ནམ་མཁར་བལྟ། ལྕེ་ཅུང་ཟད་གྱེན་ལ་བསྒྲིལ་ལོ། །གཉིས་པ་ལོངས་སྐུ་གླང་པོ་ཆེའི་བཞུགས་སྟངས་ནི། ཁ་སྦུབ་ཏུ་པུས་བྲང་སྦྱར། གྲུ་མོ་ས་ལ་བཙུགས་ཏེ་ལག་མཐིལ་གྱིས་ཨོས་ཀོ་བརྟེན་པའི་སོར་མོ་འགྲམ་པ་ལ་སྦྱར། སྒལ་ཚིག་དྲང་པོར་བསྲངས་ནས་ཐད་ཀའི་ནམ་མཁའ་ལ་ཟུར་མིག་ཧྲིག་གིས་མགོ་གྱེན་དུ་དགྱེ་ཙམ་བྱས་ནས་བལྟའོ། །གསུམ་པ་དྲང་སྲོང་གི་བཞུགས་སྟངས་ནི། རྐང་པའི་ལོང་བུ་གཤིབས་ཏེ་ཙོག་པུར་འདུག །ལག་གཉིས་པུས་མོ་ལ་བསྐོར། སྒལ་ཚིག་དྲང་པོར་བསྲངས་ཏེ། མིག་ཟིམ་བུར་བར་སྣང་ལ་བལྟའོ། །བཞུགས་སྟངས་དེ་དག་ཧ་ཅང་བསྡམས་ཆེས་པ་དང༌། བསྒྲིམས་དྲགས་པ་དང༌། བཅུན་པ་མ་ཡིན་པར་བདེ་ལུགས་སུ་བཅའ། དེ་ལྟར་བྱས་པས་བཞུགས་སྟངས་དང་པོས་འབྱུང་བ་རང་སར་དག །གཉིས་པས་གཡོ་བྱེད་ཀྱི་རླུང་ཟིན། གསུམ་པས་དྲོད་བསྐྱེད་ཅིང་འབྱུང་བ་སྙོམས་པར་བྱེད་མཐར་ཐུག་སྐུ་གསུམ་ལ་གྲོལ་ནས་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ཡང་རིག་པའི་ཡེ་ཤེས་ལུས་ལ་གནས་ཀྱང་ཐབས་ལུས་གནད་ཀྱིས་མ་གཟིར་ན་དབང་པོའི་མངོན་སུམ་དུ་སྣང་མི་ནུས་ཏེ། སྦྲུལ་ལ་ཡན་ལག་ཡོད་ཀྱང་མ་གཅུས་ན་མི་གསལ་བ་བཞིན་ནོ། །གཉིས་པ་གཡོ་བྱེད་ངག་གི་གནད་ནི། ངག་གནད་གནས་བརྟན་ལ་ཟླ་ཞིང་༔ ཁ་སྒོའི་རླུང་གི་འགྲོ་དང་འོང་༔ དལ་བུས་ཅུང་ཟད་ཕྱིར་འཛིན་བྱ༔ ཞེས་པ་སྟེ། རླུང་གིས་རིག་རྩལ་སྤུར་ཏེ་ཡུལ་ལ་གཡོ་བའི་རྐྱེན་བྱེད་པས་སྨྲ་བརྗོད་མང་ན་རྣམ་རྟོག་འཁྲུགས་པ་དང༌། རྩོད་པ་དང་བཅས་པ་དང༌། ངག་འཁྱལ་སོགས་མི་དགེ་བ་བཞིའི་སྒྲིབ་པ་དང་བཅས་པའི་ཕྱིར་སྨྲ་བ་བཅད་པས་རླུང་རིག་བྱེད་པ་གཅིག་པས་སེམས་རིག་པའི་སྙིང་པོ་ཅན་མི་གཡོ་བར་གནས་པ་དང༌། སྣང་བ་འཕེལ་འགྲིབ་མེད་པར་བརྟན་པར་བྱེད་ལ། རླུང་གི་འགྲོ་འོང་ཡང་མཆུ་སོ་མ་རེག་ཙམ་བྱས་ཏེ་ཁ་ནས་བྱ་ཞིང༌། དེ་ཡང་ཅུང་ཟད་ཕྱིར་འཛིན་པ་སེམས་ཀྱི་བཞོན་པ་རྟ་ལྟ་བུས་རླུང་ཕྱིར་གྱེས། དྲན་རྟོག་མི་ལྟ་བུ་རིག་པ་ལ་ཐིམ་པས་རང་བབ་ཀྱི་བསམ་གཏན་ལ་གནས་པ་གལ་ཆེའོ། །གསུམ་པ་འཆར་གཞི་ཡུལ་གྱི་གནད་ནི། ཡུལ་གནད་ནམ་མཁའ་དྭངས་པའི་དུས༔ སྔ་དགོང་ཤར་ནུབ་ཟེར་གཉིས་བལྟ༔ ཞེས་པ་སྤྲིན་མེད་པའི་ནམ་མཁའ་དྭངས་པ་ལ་སྔ་དྲོ་ཁ་ནུབ་དང་དགོང་ཀ་ཁ་ཤར་དུ་བལྟ་བའམ། འོད་གསལ་འཆར་སླ་བས་ཆོས་ཉིད་ཟེར་གཉིས་དང་སྦྱར་ནས་སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་ཉི་མ་ལས་འོག་ཏུ་ཁྲུ་གང་ཙམ་དུ་བལྟས་པས་འོད་གསལ་འཆར་སླ་བའི་དགོས་པ་ཡོད་དོ། །དེ་ཡང་ཐག་རིང་པོ་ལས་ཇེ་ཐུང་དུ་འཁྲིད་པར་བསླབ་པ་ནི་གནད་དོ། །བཞི་པ་འཆར་བྱེད་སྒོ་ཡི་གནད་ནི། མིག་གནད་གྱེན་དུ་ཟློག་པ་དང་༔ ཟུར་དུ་ཁྲིད་དང་ཐུར་དུ་དབབ༔ ཅེས་པ་སྟེ། དང་པོ་ཆོས་སྐུའི་གཟིགས་སྟངས་ནི། མིག་གི་ཨ་འབྲས་གྱེན་ལ་བཟློག་པ་གཙུག་ཏོར་རྣམ་པར་བལྟ་བའི་ཚུལ་གྱིས་བལྟས་པས་དབྱིངས་རིག་གི་འཕེལ་ཆེ། གཉིས་པ་ལོངས་སྐུའི་གཟིགས་སྟངས་ཐད་ཀར་བལྟ་བ་མདའ་མཁན་སྨྱུག་མ་སྲོང་བ་ལྟ་བུས་ཡེ་ཤེས་ཀྱི་སྣང་བ་མཐོང༌། གསུམ་པ་སྤྲུལ་སྐུའི་གཟིགས་སྟངས་ཅུང་ཟད་ཐུར་དུ་དབབ་པ་དྲང་སྲོང་བསམ་གཏན་བསྒོམ་པ་ལྟ་བུས་འོད་ཁྱིམ་གྱི་སྒྲོན་མ་མཐོང་ངོ༌། །སྤྱིར་ཕྱིའི་ནམ་མཁའ་ལ་དབང་པོ་མདུང་ཚུགས་སུ་གཏད་དེ་བསྒོམས་པས་ཕྱིའི་དབྱིངས་མཐོང༌། གཡས་གཡོན་ཟུར་མིག་དང༌། ཡང་ན་ཟིམ་བུར་ཉི་མ་ལ་བལྟས་པས་ནང་གི་དབྱིངས་རིག་མཐོང༌། དེ་ནས་དབང་པོ་བར་སྣང་ལ་ཁྲིད་ཅིང་བལྟས་པས་འཁྲུལ་སྣང་ཞིང་ཁམས་སུ་འཆར་བར་འགྱུར་རོ། །དེ་ལྟར་ལྟ་སྟངས་གསུམ་པོ་གང་རུང་གིས་བལྟ་བ་ལ་བསླབས་པས་མིག་ཡུལ་ལ་ཇི་ཙམ་གཏད་ཀྱང་ཚུགས་ནུས་པར་འགྱུར་རོ། །གཟིགས་སྟངས་གང་ལའང་ཧ་ཅང་རྩོལ་བ་དང་སྒྲིམ་ཞིང་བསྡམས་ན་རླུང་བཙན་ཐབས་སུ་བཅུན་པས་གེགས་སུ་འགྱུར་བའི་ཕྱིར་དལ་བུས་བྱ་བ་གནད་ཡིན་ནོ། །ལྔ་པ་ཡིད་ཀྱི་གནད་ནི། ཡིད་གནད་དུས་གསུམ་སྤྲོས་པ་བཅད༔ དབྱིངས་རིག་དབྱེར་མེད་ལྷུག་པར་བལྟ༔ ཞེས་པ་ལྟར་ཁྲེགས་ཆོད་ཀྱི་ལྟ་བ་གཞིར་བྱས་ཏེ་སྤྲིན་དང་ཁུ་རླངས་མེད་པའི་ནམ་མཁའ་སྟོང་སངས་ངེ་བ་ལ་དབང་པོ་མདུང་ཚུགས་སུ་གཏད་དེ་བསྒོམས་པས་ཕྱིའི་དབྱིངས་མཐོང༌། གཡས་གཡོན་ཟུར་མིག་དང༌། ཡང་ན་ཟིམ་བུས་ཉི་མ་ལ་བལྟས་པས་ནང་གི་དབྱིངས་རིག་མཐོང༌། དེ་ནས་དབང་པོ་བར་སྣང་འཁྲིད་ཅིང་བལྟས་པས་འཁྲུལ་སྣང་ཞིང་ཁམས་སུ་འཆར་བར་འགྱུར་རོ། །གཉིས་པ་སྒྲོན་མ་བཞིའི་ཆིངས་ཀྱིས་ལམ་གྱི་གནད་བསྟན་པ་ནི། དེ་ཚེ་སྙིང་ནས་མིག་གཉིས་ཀྱི༔ གསང་འབྲས་འབྲེལ་བའི་འོད་རྩ་ལས༔ རྒྱང་ཞགས་སྒྲོན་མས་མཚམས་སྦྱར་ནས༔ རྣམ་དག་དབྱིངས་ཀྱི་སྒྲོན་མའི་ཀློང་༔ ཐིག་ལེ་སྟོང་སྒྲོན་མུ་ཁྱུད་དབུས༔ རིག་གདངས་རྡོ་རྗེ་ལུ་གུ་རྒྱུད༔ འགུལ་ཞིང་འཕྲིག་པའི་རྣམ་པར་འཆར༔ དེ་ཚེ་དབྱིངས་ཀྱི་ཕྱག་རྒྱ་རུ༔ རིག་པ་གཞུག་ཅིང་འབྲལ་མེད་བསྐྱང་༔ ཞེས་པ་སྟེ་གནད་ལྔ་ཡིས་གཟིར་བས་མངོན་སུམ་འོད་གསལ་གྱི་སྣང་བ་དེ། གཞི་གང་ལས་འཆར་ན་སྙིང་དབུས་མི་ཤིགས་པ་དྭངས་མའི་ཐིག་ལེ་འོད་གསལ་རིག་པའི་ཡེ་ཤེས་ཉིད་བུམ་ནང་གི་མར་མེ་ལྟར་གསལ་བ་ཟེར་གདངས་སུ་འཆར་ཏེ། ངོ་བོ་སྟོང་གསལ་གཞོན་ནུ་བུམ་སྐུར་བཞུགས་པས་ཀ་དག་གི་དགོངས་པ་དང་མཐུན། རང་བཞིན་ཆོས་ཉིད་ཀྱི་ཟེར་གདངས་གསལ་འཚེར་འོད་ཀྱི་ཐིག་ལེའི་བརྡ་རུ་ཤར། ཐུགས་རྗེ་སྒྲོན་མར་སྣང་བའི་རྟགས་སུ་གསུངས་པ། ལམ་གང་དུ་འཆར་ན། རང་བྱུང་རྡོ་རྗེ་སེམས་དཔའི་གསང་བའི་ལམ་རྩ་ཀ་ཏི་ཤེལ་གྱི་སྦུག་ཅན་ཞེས་བྱ་བ་སྙིང་ནས་མིག་ཏུ་དར་དཀར་གྱི་སྐུད་པ་ལྟ་བུར་འབྲེལ་བའི་འོད་རྩའི་ལམ་ནས་བརྒྱུད་དེ་འཆར་བའི་མིག་གི་དབང་པོ་རྒྱང་ཞགས་ཆུའི་སྒྲོན་མའི་རྟེན་ལས་མངོན་སུམ་སྣང་ཡུལ་གང་དུ་འཆར་ན། ཕྱིའི་དབྱིངས་སུ་འཆར་སྟེ་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བས་སྣང་བའི་གོ་ཕྱེས་ནས། ནང་གི་དབྱིངས་རྣམ་དག་སྒྲོན་མ་བདག་པོའི་བྱད་དང་འདྲ་བ་འཆར་བས་སྤྲིན་དང་བསེར་བུ་སོགས་རྙོགས་པའི་རྡུལ་སློང་བྱེད་ཀྱི་རྐྱེན་དང་བྲལ་བའི་ནམ་མཁའ་དྭངས་ཤིང་གསལ་བ་ཉིད་ལ་བལྟས་པས། ཚུལ་ཇི་ལྟར་འཆར་ན། རྣམ་དག་དབྱིངས་སྒྲོན་ཉིད་ཐོག་མར་སྨིན་མཚམས་ནས་མཐིང་ག་ཁྱབ་པ་ཆེན་པོའི་འོད་ལས་རིམ་གྱིས་མཆེད་ནས་ནམ་མཁའི་འཇའ་ཚོན་ལྟ་བུ་འོད་ལྔའི་མུ་ཁྱུད་ཐིག་ཕྲན་དང་བཅས་པའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་རྫིང་བུར་རྡོ་བོར་བའི་རི་མོ་ལྟར་འལ་འོལ་ལས་མཐར་ཐིག་ལེ་མཐིང་གསལ་དྭངས་མའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་སེམས་དང་འདྲ་བར་འགྲོ་འོང་དལ་བྲེལ་ཅན་མུ་ཏིག་གི་ཕྲེང་བ་ལྟ་བུར་འཆར་བར་འགྱུར་ལ་སྤྱིར་ཐོད་རྒལ་གྱི་ལམ་དུ་བྱ་བ་སྒྲོན་མ་བཞིར་འདུས་ཀྱང༌། སྒྲོན་མ་དགུའི་དབྱེ་བ་ཡང༌། གནས་པ་གཞིའི་སྒྲོན་མ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། ཙིཏྟ་ཤ་ཡི་སྒྲོན་མ་སྙིང་དྭངས་མའི་ཐིག་ལེ། དཀར་འཇམ་རྩ་ཡི་སྒྲོན་མ་ཀ་ཏི་ཤེལ་སྦུག་ཅན། རྒྱང་ཞགས་ཆུའི་སྒྲོན་མ་མིག་གི་དབང་པོ་འདུས་པའི་རྒྱང་ཞགས་མིག་གི་རྣམ་ཤེས། ཡེ་ཤེས་འདུས་པའི་རྒྱང་ཞགས་འོད་རྩའི་སྒོ་མངོན་སུམ་དུ་དབྱེ། དབྱིངས་རྣམ་དག་གི་སྒྲོན་མ་མཐིང་ག་ཁྱབ་པ་ཆེན་པོ། ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཟེར་ལུ་གུ་རྒྱུད་གཉིས་སྦྲེལ་སུམ་སྦྲེལ། ཤེས་རབ་རང་བྱུང་གི་སྒྲོན་མ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང༌། ལྷག་མཐོང་གི་གསལ་ཆ་ཚིག་དོན་ཀློང་བརྡོལ་བཅས་ངོ་བོ་གཅིག་ལ་ལྡོག་ཆས་དབྱེ་ན་གསུམ། བར་དོ་དུས་ཀྱི་སྒྲོན་མ་ཐིམ་ལུགས་བརྒྱད། མཐར་ཐུག་འབྲས་བུའི་སྒྲོན་མ་ཁྱད་ཆོས་དྲུག་གིས་སངས་རྒྱས་པའོ། །བཞི་པ་དགེ་སྦྱོར་སྲང་དུ་འཇུག་པ་ནི། ཉིན་མོ་སྣང་སེམས་ཨར་ལ་གཏད༔ ནང་ནུབ་དབྱིངས་རིག་ཨར་ལ་གཏད༔ མཚན་གུང་འོད་གསལ་ཨར་ལ་གཏད༔ སྲོད་ལ་རླུང་ཐིག་བདེ་ཉམས་བསྐྱང་༔ ཐོ་རངས་རང་གསལ་དགོངས་ཉམས་བསྐྱེད༔ ཞེས་པ་སྟེ། སྤྲོས་པ་མེད་པའི་གང་ཟག་ལ་སྒྲོན་མ་སྣང་བྱེད་ལས་གསུངས་པ་ལྟར། འོད་གསལ་ཐོད་རྒལ་ཉག་གཅིག་ལ་བསླབ་པ་རྣལ་འབྱོར་པ་གནས་ལུགས་ལ་དྲོད་ཐོབ་པའི་སྤྱོད་ཡུལ་ཡིན་ཏེ་ཉིན་མོ་བྱ་བ་དགུ་ཕྲུགས་བཏང་ནས་བཞུགས་སྟངས་དང་མི་འབྲལ་བས་སྐུ་དང་ཐིག་ལེའི་ཀློང་དུ་རིག་པ་བརྗོད་མེད་དུ་བཞག་ནས་ཉིན་མོ་སྣང་བ་རང་རྒྱས་འདེབས། སྲོད་ལ་དབང་པོ་ནང་དུ་བསྡུ་བ་ནི་སྤྲུལ་སྐུ་དྲང་སྲོང་གི་འདུག་སྟངས་དང་བཅས་རང་གི་ལུས་དབུས་སུ་རྩ་དབུ་མ་ཕྱི་དཀར་ནང་དམར་བའམ། ཡང་ན་ཁ་དོག་དམར་སྐྱ་དྭངས་གསལ་སྦུབ་སྟོང་མདའ་སྨྱུག་ཙམ་སྤྱི་བོ་ནས་གསང་གནས་བར་དྲང་ཐལ་ལེར་གནས་པའི་ལྟེ་བར་པདྨ་དམར་པོ་འདབ་མ་བཞི་པའི་དབུས་སུ་ཨ་ཐུང་དམར་པོ་རེག་བྱ་ཚ་བ་སོལ་མེ་ངར་མ་ལ་ཕུས་བཏབ་པ་ལྟ་བུ། དབུ་མའི་ཡར་སྣར་ཧཾ་དཀར་པོ་མགོ་ཐུར་དུ་བསྟན་པ་སྣུམ་ལ་འདྲིལ་བ་བདེ་བའི་རང་བཞིན་འཛག་ལ་ཁད་པར་བསྒོམ། བདེ་དྲོད་ཀྱི་གཞི་བཅའ་བའི་དམིགས་པ་ལ་སེམས་དར་གཅིག་བསྐྱང་ངོ༌། དེ་ནས་རླུང་རོ་ལན་གསུམ་སང་གིས་བསལ། སྟེང་རླུང་དལ་གྱིས་རྔུབ། འོག་རླུང་གྱེན་དུ་འཐེན་པས་ལྟེ་བའི་ཨ་ལས་མེ་དམར་ཁྱུག་གིས་འབར། སྤྱི་བོའི་ཧཾ་ལ་རེག །ཧཾ་ལས་བྱང་སེམས་བདེ་བའི་རྒྱུན་ནར་བབས་པས་མེའི་གསོས་བྱས། མེ་ཆེར་འབར་བས་ལས་དང་བག་ཆགས་བསྲེགས། ཟླ་བ་བདུད་རྩིར་ཞུ་བའི་དྭངས་མས་དབུ་མ་དང་ལུས་ཀྱི་རྩ་ཁམས་ཐམས་ཅད་གང༌། བདེ་དྲོད་ཀྱི་ཡེ་ཤེས་ཁྱད་པར་བ་སྐྱེས་པ་ལ་སེམས་བཟུང་སྟེ་བུམ་ཅན་ཅི་ནུས་བཟུང༌། བུམ་ཅན་གྱིས་ངལ་ན་དམིགས་པ་དེ་རླུང་རང་བབས་ཀྱི་ངང་ནས་ཅི་ནུས་སུ་བསྒོམ་མོ། །གཉིས་པ་ནམ་གུང་ཤེས་བྱ་བུམ་པར་བསྡུ་བ་ནི། ལོངས་སྐུའི་བཞུགས་སྟངས་སམ་གཞོགས་གཡས་ས་ལ་ཕབ་པར་གསུངས་ཀྱང༌། ཕྱག་ལེན་དུ་དྲང་སྲོང་ཙོག་པུའི་སྟབས་ཀྱིས་ཉལ་བར་བཞེད་ལ། གོང་ལྟར་ལུས་ཀྱི་དབུས་སུ་རྩ་དབུ་མ་སྔར་ལྟར་གསལ་བཏབ། ཁྱད་པར་སྙིང་གར་པདྨ་དམར་པོ་འདབ་མ་བཞི་པ་ཅུང་ཟད་ཁ་བྱེ་བའི་དབུས་སུ་ཨ་ཡིག་དཀར་པོ་འོད་འབར་བ་ཞིག་བསྒོམས་ལ་སེམས་དར་གཅིག་བཟུང་ནས་སྤྱི་བོར་ཨ་དཀར་པོ་ཞིག་བསྒོམ། དེ་ནས་ཨ་གཉིས་ཀྱི་བར་དུ་ཨ་དཀར་པོ་ཤིན་ཏུ་ཕྲ་བ་ཉེར་གཅིག་ཕྲེང་བ་བརྒྱུས་པ་ལྟ་བུར་གནས་པར་བསམ་ལ་རླུང་བྱང་བར་ཡོད་ན་བུམ་ཅན་ཁ་སྦྱོར་དུ་བཟུང་ཞིང༌། དེ་ལྟར་མིན་ན་འཇམ་རླུང་རང་བབས་ཀྱི་ངང་ནས་གསལ་སྟོང་གི་ཡེ་ཤེས་ས་ལེ་བའི་ངང་ཅི་ནུས་བསྒོམ། གཉིད་དུ་འགྲོ་ཁར་ཨ་རྣམས་རིམ་གྱི་སྙིང་གའི་ཨ་ལ་ཐིམ། དེ་ནས་སྤྱི་བོའི་ཨ་དེ་ཡང་སྙིང་གའི་ཨ་ལ་སིབ་ཀྱིས་ཐིམ། སྙིང་གའི་པདྨ་ཁ་ཟུམ་པའི་ནང་དུ་ཨ་དེ་བུམ་ནང་གི་མར་མེ་ལྟར་གནས་པར་བསམ་ལ། རྨི་ལམ་འཛིན་པའི་འདུན་པ་བཅས་ཏེ་སེམས་ཧ་ཅང་མ་བསྒྲིམས་ཧ་ཅང་མ་ཀློད་པའི་ངང་ནས་གཉིད་དུ་འགྲོ་བར་བྱ། གལ་ཏེ་གཉིད་མ་བྱུང་ན་སྔར་གྱི་དམིགས་པ་དེ་ཡང་ཡང་བསྐྱར། རྨི་ལམ་དང་གཉིད་ཀྱི་བར་ནས་རྣམ་རྟོག་གཞན་གྱིས་མ་ཆོད་པར་སློབ་པ་གལ་ཆེ། རྣམ་རྟོག་ཤར་ཡང་སྤང་བླང་བསུ་སྐྱེལ་དགག་སྒྲུབ་མི་བྱ་བར་ཨ་ཡིག་གི་སྟེང་དུ་སེམས་བསླན་དེ་བཞག །གཉིད་འཐུག་པོ་མིན་པའི་གཉིད་དང་རྨི་ལམ་གྱི་བར་དེར་མི་དང་ཁང་ཁྱིམ་སོགས་རྣམ་རྟོག་གི་སྣང་བ་ར་རི་འབྱུང་བ་དེ་རྨི་ལམ་གྱི་རྒྱུ་ཡིན་པས་ན་མིག་མི་འབྱེད་པར་དེ་རྨི་ལམ་ཡིན་སྙམ་པའི་འདུན་པ་བཏང་ལ་ཨ་དེའི་སྟེང་དུ་སེམས་བཟུང་ལ་བཞག་ཅིང་ངོས་ཟིན་པར་བྱས་པས་དཔེ་ཁབ་མིག་ཏུ་སྐུད་པ་ཚུད་པ་ལྟར་དབང་འབྱོར་ཞིང་ཟིན་པར་སླ་བ་ཡིན། དེ་ནས་ཇི་ཞིག་ན་གཉིད་འཐུག་པའི་སྐབས་ཀྱི་སྟོང་པའི་ཡེ་ཤེས་རྨི་ལམ་མེད་པར་གསལ་སྟོང་ནམ་མཁའ་ལྟ་བུ་ལྷག་གེར་འཆར་ན་དེའི་ཉམས་མ་ཤོར་བའི་ངང་ལས་ལྷ་སྐུ་སྒྱུ་མ་ལྟ་བུའི་སྐུར་ལྡང་ཞིང་འཛིན་མེད་སྤྲོས་བྲལ་གྱི་ངང་དུ་འཇོག་གོ །རྨིས་ན་རྨི་ལམ་དང་རྣམ་རྟོག་ཐམས་ཅད་སྙིང་ནང་གི་ཨ་ལ་བསྡུས་ཤིང་གོང་ལྟར་བསྒོམས་པས་འོད་གསལ་བའི་ཡེ་ཤེས་འཆར་རོ། །ཉིན་མོའང་རྨི་ལམ་གྱི་འདུན་ཤུགས་དང་སྣང་བ་ཞི་ཁྲོ་སོ་སོའི་སྐུ་སྤྲོ་སྒྱུར་བྱེད་པ་དང༌། རེས་འཁོར་བའི་ལས་སྣང་སྣ་ཚོགས་ལ་སྤེལ་བསྒྱུར་བྱ་བ་དང༌། དག་དང་མ་དག་པའི་ཞིང་རྣམས་སུ་འགྲོ་ཞིང་གནས་ལུགས་བརྟགས་པ་དང༌། མེ་ཆུ་གཡང་ས་གཅན་གཟན་སོགས་ཀྱིས་མཚོན་འཇིགས་སྐྲག་གི་སྣང་བ་དང་སྦྱར་ཏེ་འདུན་ཤུག་དྲག་པོས་ཐོག་བརྫིས་རྩལ་སྦྱངས་ནས། རྨི་ལམ་གྱི་རྟེན་དེས་ཉིན་མོ་ཇི་ལྟར་སྦྱངས་པའི་དོན་རྣམས་མཚན་མོ་གང་འདོད་ཀྱིས་སྤྲུལ་བསྒྱུར་བྱེད་ནུས་ཤིང༌། དེ་ཡང་ཐོག་མར་འོལ་སྤྱི་ཙམ་དང༌། དེ་ནས་ཇེ་བརྟན་ཇེ་གསལ་འགྱུར་བ་ཡིན་གསུངས། དེ་ཡང་གཉིད་དུ་སོང་ལ་ཉེ་འཁོར་གྱི་གཟུགས་མཐོང༌། སྒྲ་ཐོས། དྲི་ཚོར། རོ་མྱོང༌། རེག་བྱ་ཚོར། གཏམ་གྱི་དོན་རིག་ལ་རྟོག་པ་མི་སྐྱེད། གཉིད་དུ་མ་སོང་བ་ཡང་མ་ཡིན་ཏེ། དེ་ལས་སད་རྒྱུ་འབྱུང་བ་ཡིན། དེ་ལྟར་བརྩོན་པ་ཆེན་པོས་ཡང་ཡང་བཟུང་ཡང་མ་ཟིན་ན་འབྱམས་པ་བཞིས་གཅོད་ཚུལ། འཛིན་པའི་དུས་གནད། སྲབ་མཐུག་འོད་གསལ་གྱི་དབྱེ་སྒོ་སོགས་ཁྲིད་ཡིག་སྤྱི་དང་མཚུངས་པ་ཡིན་ནོ། །གསུམ་པ་ཐོ་རངས་ཡེ་ཤེས་རང་གསལ་གདབ་པ་ནི། ཐོ་རངས་ཀྱི་ཐུན་ལ་བབ་པ་ན། སེང་གེའི་འདུག་སྟངས་བཅས་ལ། སྙིང་ནང་གི་ཨ་དེ་གསལ་སྣང་འདོན་སྐྱོར་ཞིག་བྱས། མིག་བར་སྣང་ལ་གཏད་དེ་ཧ་ཞེས་གསུམ་བུས་པས་སྙིང་གི་པདྨ་ཁ་བྱེ་བའི་ནང་ནས་ཨ་དེ་ཚངས་བུག་ཏུ་རྒྱངས་ཀྱིས་ཐོན། གཞུ་གང་ཙམ་གྱི་ནམ་མཁའ་ལ་ལིང་ངེར་འདུག་པ་ལ་སེམས་གཏད་ཅིང་ཅུང་ཞིག་ཕྱིར་འཛིན་པ་ལ་བསླབ་པས། གང་ལ་ཡང་མི་རྟོག་པའི་ཏིང་ངེ་འཛིན་བཟང་པོ་སྐྱེ་བར་འགྱུར་རོ། །ཤེས་པ་ཡེངས་ཤིང་རྒོད་ན་ཨ་དེ་ཇེ་དམར་གྱུར་ཏེ་སྙིང་ནང་དུ་འདུག་པ་ལ་སེམས་གཏད། མིག་ཕྱེད་བཙུམ་གྱིས་ཅུང་ཟད་དམ་དམའ་བར་བལྟ་ཞིང་བསྒོམ། ཡང་བྱིང་ན་སྔར་ལྟར་བསྒོམས་པས་བྱིང་རྒོད་དང་བྲལ་བའི་ཡེ་ཤེས་རྣམ་པར་མི་རྟོག་པ་ཆུ་བོའི་རྒྱུན་བཞིན་འཆར་བ་ཡིན་ནོ། །དེ་ལྟར་མཚན་མོ་ཐུན་གསུམ་གྱི་རིམ་པས་ཉམས་སུ་བླངས་བས་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་བཟང་པོ་སྐྱེ་ཞིང་མངོན་པར་ཤེས་པ་ལ་སོགས་པ་མངོན་དུ་འགྲུབ། བྱ་རྩོལ་བྲལ་བ་ཀུན་བཟང་གི་ཀློང་དེར་མྱུར་དུ་གྲོལ་བར་འགྱུར་བ་ཡིན་ནོ། །དེ་ལྟར་བསྒོམ་པའི་གནས་ཀྱང་ཡིད་དང་མཐུན་པ། དགྲ་རྐུན་གྱི་འཚེ་བ་དང་འདུ་འཛི་མེད་པ། བླ་མ་དང་མཁའ་འགྲོ་གྲུབ་ཐོབ་ཀྱིས་བྱིན་གྱིས་བརླབས་པའི་གནས། གངས་རི་ནགས་ཁྲོད་བྲག་རི་ལ་སོགས་པ་རང་བཞིན་གྱིས་རིག་པ་དྭངས་ཤིང་ས་ཕྱོགས་མཐོ་བ་ཤར་གྱི་མདངས་འཕྲོག་ཅིང་ནུབ་ཀྱི་ཟེར་སྡུད་པ་རུ། དུས་བཞི། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ཡིན། །ཞེས་གསུངས་པ་ལྟར་དུས་དེར་བསིལ་དྲོད་སྙོམས་པ་དང་དབང་ཤེས་བྱིང་རྨུགས་ཀྱི་རྐྱེན་ཉུང་ཞིང༌། བྱེ་བྲག་འཆར་ནུབ་ཀྱི་ཟེར་གཉིས་ཡེ་ཤེས་འཆར་བའི་རྐྱེན་དུ་འགྱུར་བས་ངོ་སྤྲོད་ཀྱི་དུས་སུ་བཤད་པའི་ཕྱིར་དེ་དང་བསྟུན་པས་མཐུན་རྐྱེན་ཚོགས་པས་གདམས་ངག་གི་སྒྲོམ་དུ་གཞུག་པར་བྱའོ། །གསུམ་པ་ལམ་སྣང་བ་བཞིའི་འཆར་ཚུལ་ལ་བཞི། ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པའོ། །དང་པོ་ནི། དེ་ལྟར་རྩེ་གཅིག་ཉམས་བླངས་པས༔ རིག་གདངས་རྡོ་རྗེ་ལུ་གུ་རྒྱུད༔ མཆེད་ཅིང་ཅུང་ཟད་བརྟན་པ་ནི༔ ཆོས་ཉིད་མངོན་སུམ་སྣང་བའོ༔ ཞེས་པས། ཐབས་སྒོ་གསུམ་འཁྲུལ་འཁོར་གྱིས་གཅུན་པ་དང༌། གནད་ལྔས་རིག་པ་ཨར་ལ་གཏད་པའི་སྦྱོར་བས་ལྷུན་གྲུབ་ཀྱི་འོད་གསལ། ཐབས་བྱུང་སྣང་བ་བཞིའི་ཉམས་རིམ་པར་འཆར་ཏེ། ཐོག་མར་ཆོས་ཉིད་ཀ་དག་གི་གཞི་ལས། གཞི་སྣང་དུ་རོལ་པའི་རང་རྩལ་དབང་པོའི་མངོན་སུམ་དུ་སྣང་སྟེ། དེའང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད། ཐུགས་རྗེའི་རྟགས་རང་གསལ། ངོ་བོའི་རྟགས་མི་རྟོག་པའི་ཡེ་ཤེས། དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་མཉམ་ཉིད་གཞི་རྫོགས་སུ་གྱུར་པའོ། །གཉིས་པ་ཉམས་གོང་འཕེལ་ནི། དབྱིངས་རིག་སྨིན་མཚམས་ལས་འདས་ཏེ༔ གར་བལྟས་ཁྱབ་ཅིང་བཀྲག་བཅས་མཆེད༔ རིག་པ་འབྲིང་དུ་སྡོད་པ་ནི༔ ཉམས་སྣང་གོང་དུ་འཕེལ་བའོ༔ ཞེས་དབྱིངས་རིག་གི་སྣང་བ་སྨིན་མཚམས་དང་བྲལ་ཏེ་དབང་པོའི་མངོན་སུམ་དུ་གསལ་ཞིང༌། དབྱིངས་སྣང་འོད་ཀྱི་རང་བཞིན་དེའང་མ་ངེས་པའི་གཟུགས་དབྱིབས་དུ་མ་དང༌། བཀྲག་ལ་འཚེར་བའི་ཟེར་ཐག །ཐིག་ལེ་ཇེ་གསལ་ཇེ་འཕེལ་དུ་གྱུར་པའི་ནང་དུ་རྡོར་སེམས་ལ་སོགས་པ་ཕྱེད་སྐུའམ། སྐུ་རྐྱང་དུ་ཤར་ནས་འགུལ་འཕྲིག་མེད་པ་ནི་ཉམས་གོང་དུ་འཕེལ་བའོ། །གསུམ་པ་རིག་པ་ཚད་ཕེབས་ནི། ཁྱབ་པའི་དབྱིངས་ལ་ལུ་གུ་རྒྱུད༔ སྐུར་སྨིན་བརྟན་ཅིང་ཞི་དང་ཁྲོ༔ གྲངས་མེད་སྐུ་དང་ཡེ་ཤེས་འཕེལ༔ རིག་པ་ཚད་ལ་ཕེབས་པའོ༔ ཞེས་དབྱིངས་ཀྱི་སྣང་བ་རྒྱས་ཐེབས་པས་ས་ཆུ་མེ་རླུང་གི་འབྱུང་བ་རྡོས་བཅས་ཀྱི་སྣང་བ་རང་དག་སྟེ། འོད་གསལ་ཆེན་པོའི་སྣང་བ་འབྱམས་ཀླས་པའི་དབྱིངས། ཐིག་ལེ་རེ་རེའི་ནང་དུ་རིགས་ལྔ་ཡབ་ཡུམ་གྱི་ཚོམ་བུ་ལྔ་ཚན་ལྔ་ཡི་དཀྱིལ་འཁོར་ཚད་མེད་པ་འཆར་ཞིང་སྣང་སྲིད་ཐམས་ཅད་སྐུ་དང་ཞིང་ཁམས་ཀྱི་རང་བཞིན་དུ་ཡོངས་སུ་བརྡལ་བ་རིག་པ་སྐུར་སྨིན་པའི་ཚད་ལ་ཕེབས་པས་མ་བསྒོམས་ཀྱང་འགྱུར་བ་མེད་པ་དང༌། བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། ཆོས་ཅན་ཕྱི་འབྱུང་ནང་ཕུང་པོ༔ གསང་བ་རླུང་སེམས་དབྱིངས་སུ་ཟད༔ ཤེས་དང་ཤེས་བྱ་རོ་གཅིག་འཁྱིལ༔ དེ་ཉིད་ཆོས་ཉིད་ཟད་པར་བཤད༔ ཅེས་ཆོས་ཅན་ཕྱི་སྣང་བའི་འཕེལ་ཟད། ནང་སྒྱུ་ལུས་ཀྱི་འཕེལ་ཟད། གསང་བ་རྟོག་ཚོགས་ཀྱི་འཕེལ་ཟད་པས་འཁྲུལ་སྣང་གི་ཆོས་ཐམས་ཅད་རང་ཟད་དེ་སྣང་དང་མི་སྣང་དུ་འཛིན་པའི་བློ་ལས་འདས་ཤིང་ཀ་དག་གདོད་མའི་བཙན་ས་ཟིན་པའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། དེའང་ཐོག་མའི་སྤྱི་གཞི་ལས་འཕགས་པའི་ལྷུན་གྲུབ་ཀྱི་གཞི་སྣང་འགྱུར་བ་མེད་པའི་ཐིག་ལེ་ཆེན་པོར་སྐད་ཅིག་གཅིག་གིས་རྣམ་པར་གྲོལ་ནས། ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པ་མངོན་དུ་འགྱུར་རོ། །བཞི་པ་རྗེས་ཀྱི་རིམ་པ་ལ། མི་འགུལ་བ་གསུམ་ལ་གཞི་བཅས། སྡོད་པ་གསུམ་གྱིས་ཚད་བཟུང༌། ཐོབ་པ་གསུམ་གྱི་གཟེར་གདབ། གདེང་བཞིས་གྲོལ་ཚད་བསྟན་པའོ། །དང་པོ་ནི། དེ་དག་རྣམས་དང་རྗེས་འབྲེལ་དུ༔ བཞུགས་སྟངས་གཟིགས་སྟངས་ཕྱི་ནང་དབྱིངས༔ རིག་པ་མི་འགུལ་གཞིར་བཟུང་ནས༔ ཞེས་ཆོས་ཉིད་མངོན་སུམ་གྱི་དུས་སུ་རླུང་སེམས་གནད་ལ་ཕེབས་པའི་རྟགས་སུ་ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བ་དང༌། མིག་གཟིགས་སྟངས་ལས་མི་འགུལ་བས་ཕྱི་ནང་གི་དབྱིངས་སྣང་ལ་གཟིར། རིག་པ་འོད་གསལ་གྱི་སྣང་བ་མངོན་སུམ་དུ་སྣང་བ་ལས་མི་འགུལ་བའམ་མི་གཡོ་བར་བྱས་པས་ཉམས་ལེན་གྱི་གཞི་ཐེངས་པའོ། །གཉིས་པ་སྡོད་པ་གསུམ་གྱི་ཚད་བཟུང་བ་ནི། གོང་འཕེལ་དུས་སུ་ཕྱི་དབྱིངས་རིག༔ རླུང་སེམས་སྡོད་པས་ཚད་བཟུང་བྱ༔ ཞེས་ཉམས་གོང་འཕེལ་གྱི་དུས་སུ། དབྱིངས་རིག་བརྟན་པའི་ཚད་དུ་འབྱུང་སྟེ། ཕྱི་སྣང་བ་སྐྱོད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད། གསང་བ་རྟོག་པ་གཡོ་བྱེད་ཀྱི་རླུང་ཟད་པས་རྣམ་རྟོག་འགྱུ་མི་སྲིད་པར་སྡོད་པས་དྲོད་ཚད་གྱི་མཚམས་བྱེད་པའོ། །སྐབས་འདིར་ས་ལམ་གྱི་རྟགས་ཚད་རྨི་ལམ་གྱིས་བཟུང་བ་ལ་བརྩོན་འགྲུས་རབ་ཀྱིས་རྨི་ལམ་གཏན་ནས་འགགས། འབྲིང་གིས་རྨི་ལམ་རྨི་ལམ་དུ་ངོ་ཤེས། ཐ་མས་རྨི་ལམ་ངན་པ་མེད་པར་བཟང་པོ་ཤ་སྟག་ཏུ་འགྱུར་བ་ཡིན་ནོ། །རྟགས་སྒོ་གསུམ་ལ་འཆར་བ་ནི། ཆོས་ཉིད་མངོན་སུམ་གྱི་དུས་ན་བུམ་དབང་གིས་ལུས་སྨིན་པས་ཆོས་ཉིད་བྱ་རྩོལ་མེད་པའི་དོན་ཡན་ལག་ལ་ཞུགས་པས་རྩ་དལ་བའི་རྟེན་འབྲེལ་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟར་བཞུགས་སྟངས་གསུམ་གང་རུང་ལས་འབྲལ་མི་ཕོད། རྩ་ནང་དུ་རྣམ་ཤེས་ཚུད་པས་བརྗོད་གཞི་དག་པའི་གདངས་ངག་ལ་ཞུགས་ནས་ངག་ལྐུགས་པ་ལྟར་བརྗོད་སྙིང་མི་འདོད། སེམས་མཁའ་འགྲོ་རྙི་ལ་ཟིན་པ་ལྟར་འཛིན་མེད་རང་གྲོལ་གྱི་དོན། སེམས་ལ་ཞུགས་པས་རྟོག་པ་འཕྲོ་བ་ལྟར་སྣང་ཡང་གཞི་ལ་ཐིམ་པའོ། །ཉམས་གོང་འཕེལ་གྱི་དུས་ན། ལུས་སྐྱེས་བུ་ནད་ཀྱིས་གདུང་བ་ལྟར་རླུང་དབུ་མར་ཐིམ་པས་བཟང་ངན་མེད་པའི་དོན་ལུས་ལ་ཞུགས་པས་རྒྱན་དང་བྱི་དོར་མེད། གསང་དབང་གིས་ངག་དག་པས་རྫོགས་པ་ཆེན་པོ་དགག་སྒྲུབ་མེད་པའི་དོན་ངག་ལ་ཞུགས་པས་སྨྱོན་པ་ལྟར་ལྟོས་མེད་བྱུང་རྒྱལ་ཟང་ཐལ་རྗེས་མེད་དུ་སྨྲ། སེམས་དུག་ནད་ཀྱིས་ཟིན་པ་ལྟར་རྟོག་པའི་འཕྲོ་འདུ་ཆད་སྐྱེ་མེད་རང་གྲོལ་གྱི་དྲན་སེམས་འཁོར་བར་མི་འཇུག་པའོ། །རིག་པ་ཚད་ཕེབས་ཀྱི་དུས་ན། ལུས་གླང་པོ་ཆེ་འདམ་དུ་བྱིང་ན་རང་སྟོབས་ཀྱིས་དེ་ལས་བརྒལ་ནུས་པ་ལྟར་ཤེར་དབང་གི་ནུས་པ་རྩ་རླུང་ལ་ཐེབས་པས་འབྱུང་བ་ལྔ་ལ་ཐོགས་པ་མེད་པར་ཟང་ཐལ་བས་སྐད་ཅིག་གིས་རི་བྲག་ལ་ཐོགས་མེད་དུ་འགྲོ་བ། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་ཤེས་རབ་ཀྱི་དབང་དུ་སྙིང་རྗེ་འདུས་པའི་རྟེན་འབྲེལ་གྱིས་གཏམ་འཇམ་རྩུབ་གང་སྨྲས་ཀྱང་ཀུན་གྱི་རྣ་བར་སྙན་ཅིང་ཡིད་དུ་འོང་བས་གཞན་ལ་ཕན་ཐོགས། ཤེར་དབང་གིས་སེམས་སྙིང་ལ་མདས་ཟིན་པ་ལྟར་དྲན་བསམ་གྱི་འཕྲོ་འདུ་ཆད། ཡེ་གྲོལ་བསྐྱར་གཞི་མེད་པའི་དོན་རྟོགས་ཏེ་ཕྱིན་ཆད་འཁོར་བར་མི་འཇུག་པར་ཐག་ཆོད་པའོ། །ཆོས་ཉིད་ཟད་པའི་དུས་ན། རྫོགས་པ་ཆེན་པོ་སྐྱེ་མཆེད་ལས་འདས་པའི་དོན་གྱིས་རྡོས་པ་དག་པའི་ལུས་དུར་ཁྲོད་ཀྱི་མི་རོ་ལྟར་གཤེད་མ་བརྒྱས་བསྐོར་ཀྱང་བག་ཚ་བ་དང་དགག་སྒྲུབ་ཀྱི་འཁྲུལ་པ་མེད་པའོ། །ངག་བྲག་ཆ་ལྟར་བརྗོད་པ་སྟོང་པའི་སྒྲ་གཞན་གྱི་རྗེས་སུ་ཟློ་བ་ལས་སྨྲ་མི་ཤེས། སེམས་རིམས་ནད་ཀྱིས་བྱང་བའི་སྐྱེས་བུ་ལྟར་དྲན་བསམ་དབྱིངས་སུ་དག་ནས་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པའི་རིག་པ་གདོད་མའི་ས་ལ་རང་གསལ་དུ་དག་པས་སངས་རྒྱས་ཀྱི་ཡེ་ཤེས་ལ་དབང་འབྱོར་པའོ། །གསུམ་པ་ཐོབ་པ་གསུམ་གྱི་གཟེར་གདབ་པ་ནི། ཚད་ལ་ཕེབས་ནས་སྐྱེ་དང་འཇུག༔ རླུང་སེམས་དབང་ཐོབ་རྩལ་རྫོགས་པས༔ ཞེས་པ། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ནང་ཕུང་པོ་ལ་དབང་ཐོབ་པས་སྒྱུ་ལུས་འོད་གསལ་དུ་གྲོལ། གསང་བ་དབྱིངས་རིག་ལ་དབང་ཐོབ་པས་འཁྲུལ་སྣང་འགག་པའོ། །བཞི་པ་གདེང་བཞི་ནི། འཁོར་འདས་རེ་དོགས་མཐའ་གྲོལ་ནས༔ གཞོན་ནུ་བུམ་པ་སྐུ་ཡི་དབྱིངས༔ ལྷག་བཅས་ལྷག་མ་མེད་པ་ཡི༔ ཡང་དག་མངོན་སངས་རྒྱས་པ་འཐོབ༔ ཀུན་ཏུ་ཁྱབ་ཅིང་འཕོ་མེད་རྟག༔ ལྷུན་གྲུབ་ཕྲིན་ལས་དབང་འབྱོར་བ༔ མཐར་ཐུག་ཤིན་ཏུ་རྣམ་དག་པའི༔ ཟུང་འཇུག་ཆེན་པོའི་གོ་འཕང་འགྲུབ༔ ཚེ་གཅིག་གྲོལ་བའི་ལམ་མཆོག་གོ༔ ཞེས་ཡར་གྱི་གདེང་གཉིས་ནི། མྱང་འདས་ཀྱི་ཡོན་ཏན་ཐོས་ཀྱང་ཐོབ་ཏུ་རེ་བ་དང༌། མ་ཐོབ་ཀྱང་དོགས་པ་མེད་དེ་རང་རིག་ལས་གཞན་པའི་སངས་རྒྱས་མེད་པར་རྟོགས་པའི་ཕྱིར་རོ། །མར་གྱི་གདེང་གཉིས་ནི། འཁོར་བའི་སྡུག་བསྔལ་ཐོས་ཀྱང་མི་ལྷུང་བའི་རེ་བ་དང༌། དེར་ལྷུང་གི་དོགས་པ་མེད་དེ་རང་རིག་ཡེ་ནས་འཁྲུལ་པ་མེད་པར་ཤེས་པས་འཁོར་བར་འཁྱམས་མཁན་མ་གྲུབ་པར་ཐག་ཆོད་པའི་ཕྱིར་རོ། །དེའང་ཀ་དག་ཁྲེགས་ཆོད་དུ་གྲོལ་བ་ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས། ལྷུན་གྲུབ་ཐོད་རྒལ་དུ་གྲོལ་བ་མེ་ཕུང་དང་རིག་འཛིན་གྱི་འཆི་ལུགས་དང༌། ཡང་དག་པར་རྫོགས་པར་སངས་རྒྱས་པ་ཕུང་པོ་ལྷག་མེད་པར་སངས་རྒྱས་པ་དང༌། མངོན་པར་རྫོགས་པར་སངས་རྒྱས་པ་ནི། འོད་དང༌། སྒྲ་དང༌། གདུང་དང༌། སྐུ་དང་ས་གཡོ་བ་ལ་སོགས་པ་འབྱུང་བར་གསུངས་ཤིང་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་སངས་རྒྱས་ནས་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་ཀྱིས་དངོས་དང་བརྒྱུད་ནས་སེམས་ཅན་གྱི་དོན་ནམ་མཁའ་ཇི་སྲིད་དུ་མཛད་པའོ། །དེ་དག་གིས་དབང་པོ་རབ་ཚེ་འདིར་གྲོལ་བའི་ལམ་མོ། །གཉིས་པ་དབང་པོ་འབྲིང་བར་དོར་གྲོལ་བའི་ལམ་ལ་གསུམ། རབ་འཆི་ཁ་བར་དོ་སྒེག་མོ་མེ་ལོང་ལ་བལྟ་བ་ལྟ་བུའི་གདམས་ངག །འབྲིང་ཆོས་ཉིད་བར་དོ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག །སྲིད་པ་བར་དོ་ཡུར་བ་རྐང་ཆད་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་གསུམ་ལས། དང་པོ་ནི། གལ་ཏེ་ཚེ་འདིར་མ་གྲུབ་ན༔ འཆི་ཁར་འོད་གསལ་སྦུབས་སུ་འཇུག༔ ལུས་གནད་དྲང་སྲོང་ཙོག་པུའམ༔ སེང་གེའི་ཉལ་སྟབས་གང་རུང་གིས༔ འདིར་སྣང་ཞེན་འཁྲིས་རྦད་ཀྱིས་བཅད༔ ནང་གི་ནམ་མཁའ་རིག་སྟོང་གཤིས༔ བར་དུ་འོད་རྩ་རྒྱང་ཞགས་ཀྱི༔ སྒྲོན་མས་མཚམས་སྦྱར་ཕྱི་ཡི་དབྱིངས༔ ནམ་མཁའ་དྭངས་པར་ལྟ་སྟངས་གཏད༔ དེ་ལྟའི་རིག་པ་རྗེན་པའི་ངང་༔ རྟོག་པས་མ་བསླད་འཕོས་གྱུར་ན༔ འོད་གསལ་མ་བུ་དབྱེར་མེད་པའི༔ འཆི་བ་ཆོས་སྐུར་གྲོལ་བར་འགྱུར༔ དེ་ཡང་ད་ལྟར་གོམས་པ་གཅེས༔ ཞེས་བརྩོན་འགྲུས་དང་སྐལ་བ་དམན་པས་སྐྱེ་གནས་རང་བཞིན་གྱི་བར་དོའི་གདམས་ངག་ཐི་བྱ་ཚང་ལ་འཇུག་པ་ལྟ་བུས་ཚེ་འདི་ཡི་དུས་གདོད་མའི་ས་ལ་གདོས་བཅས་ཟད་པའི་གྲོལ་བ་མ་ཐོབ་ན། དབང་པོ་རབ་འཆི་ཁའི་བར་དོར་སླེབ་པའི་ཚེ་ཚེ་འདིའི་སྣང་བ་གང་ལའང་སེམས་འཕྲེང་བ་མེད་པར་མཆོད་སྦྱིན་དུ་བཏང༌། བར་དོ་ལམ་ཁྱེར་གྱི་གདམས་ངག་ལ་བརྟེན་ནས་འཆི་བ་ཆོས་སྐུའི་ལམ་ཁྱེར་གྱིས་གྲོལ་བ་མངོན་དུ་བྱ་སྙམ་པའི་དྲོད་ཚད་ཀྱིས་ཤེས་པ་སྤྲོ་སིང་ངེ་བྱས་ལ། དྲང་སྲོང་ཙོག་པུའམ། སེང་གེའི་ཉལ་སྟངས་གང་རུང་བྱས་ལ་གསང་བའི་དབྱིངས་ནང་གི་ནམ་མཁའ་སེམས་ཉིད་སྟོང་ཆེན་རིག་པའི་སྙིང་པོ་ཅན་སྔར་ནས་ངོ་འཕྲོད་པའི་ལྟ་བས་ཕྱི་དབྱིངས་མཚོན་བྱེད་བར་སྣང་སྟོང་སང་ངེ་བ་འདིའམ། རྒྱན་གྱི་ནམ་མཁའ་གཡའ་བྲལ་གཉིས། ནང་དབྱིངས་རྩ་ཀ་ཏི་ཤེལ་སྦུག་ཅན་གྱིས་མཚམས་སྦྱར་ཏེ་དེ་གསུམ་ཆོས་རྣམས་ཀྱི་ཆོས་ཉིད་ཀ་དག་ཀློང་ཡངས་ཆེན་པོ་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པའི་ཆོས་ཉིད་དང་ཡེ་ནས་རོ་གཅིག་ཡིན་པའི་གནད་ངོ་ཤེས་པའི་སྟེང་ནམ་མཁའ་སུམ་ཕྲུག་གི་བསྒོམས་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་འཚོ་བའི་འདུ་བྱེད་བཏང་བས་བར་དོ་མེད་པར་སྐད་ཅིག་ལ་གྲོལ་བ་སྟེ་ད་ལྟའང་ནམ་མཁའ་དྭངས་པའི་ཚེ་རིག་པ་དབྱིངས་སུ་གཏད་དེ། བདག་ངེས་པར་འཆི་བའི་དུས་ལ་བབ་པ་ཡིན་པས་སྤྲོས་པ་མེད་པའི་ཀློང་དུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་དབུགས་ཕྱིར་འཕང་བའི་ཕྱི་ལ་ཤེས་པ་གཏད་མེད་དུ་འཇོག་པ་ཤིན་ཏུ་མྱུར་བའི་ལམ་ཡིན་པས་གོམས་པ་གཅེས་སོ། །གཉིས་པ་རྣམ་ཤེས་རླུང་ཞོན་གྱི་གདམས་པ་ནི། དེ་འདྲ་ཀློང་དུ་མ་གྱུར་ན༔ རྣམ་ཤེས་རླུང་ཞོན་གདམས་པ་ནི༔ ལུས་གནད་བཅོས་ཏེ་སྟོང་ར་གསལ༔ དབུ་མའི་ཡར་སྣེ་ཚངས་བུག་ཧར༔ མར་སྣ་ལྟེ་འོག་སོར་བཞིར་ཟླུམ༔ སྙིང་གར་ཚིགས་ཀྱིས་བཀག་པའི་སྟེང་༔ རླུང་སེམས་དབྱེར་མེད་ངོ་བོ་ཨ༔ དཀར་གསལ་དེ་ལས་རིམ་བཞིན་མཆེད༔ ཚངས་བུག་བར་དུ་ཉེར་གཅིག་བསམ༔ སྤྱི་བོར་བླ་མ་ཀུན་ཏུ་བཟང་༔ རྡོ་རྗེ་འཆང་གི་རྣམ་པ་ལ༔ རྩ་གསུམ་རྒྱ་མཚོས་བསྐོར་བར་བསྒོམ༔ མོས་གུས་དྲག་པོས་གསོལ་བ་གདབ༔ ཨེ་མ་ཧོཿ མཁའ་ཁྱབ་རྩ་གསུམ་ཞི་ཁྲོ་རབ་འབྱམས་དང་༔ དབྱེར་མེད་ཁྱབ་བདག་དཔལ་ལྡན་བླ་མ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས༔ རྣམ་ཤེས་དྭངས་མ་དབུ་མའི་ལམ་ནས་དྲོངས༔ ཐུགས་ཡིད་གཅིག་འདྲེས་དགོངས་པས་བྱིན་གྱིས་རློབས༔ སྒྲིབ་གཉིས་གཟུང་འཛིན་འཆིང་བ་དབྱིངས་སུ་ཞི༔ ཟབ་ལམ་འཕོ་བས་མཁའ་སྤྱོད་བགྲོད་པ་དང་༔ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས༔ ཧིཀ་ཅེས་ཉེར་གཅིག་བརྗོད་པ་དང་༔ རླུང་གནད་འོག་རླུང་དྲག་ཏུ་དྲངས༔ སྟེང་རླུང་སྟེང་དུ་འཕུལ་ཞིང་འཕངས༔ དམིགས་གནད་ཨ་རྣམས་གཅིག་ལ་གཅིག༔ ཐིམ་སྟེ་ཐ་མར་རྒྱངས་ཏེ་འཕོས༔ བླ་མའི་ཐུགས་ཀར་ཐིམ་པར་བསམ༔ སླར་ཡང་ཀ་ཞེས་མར་ཕབ་པས༔ སྔར་བཞིན་སྙིང་གར་འཁོད་པར་མོས༔ དེ་ལྟར་ཡང་དང་ཡང་དུ་བསྐྱར༔ མཐར་ནི་བླ་མ་འཁོར་དང་བཅས༔ འཆི་མེད་བདུད་རྩིའི་རྣམ་པར་ཞུ༔ སྙིང་གའི་ཨ་ལ་སིབ་ཀྱིས་ཐིམ༔ ཚངས་བུག་འོད་ཟེར་དྲྭ་བས་བཀག༔ རྡོ་རྗེའི་སྲོག་རྩ་འགྲུབ་པར་བསམ༔ སྤྱི་བོ་ཟ་ཞིང་སྐྲངས་པ་དང་༔ ཆུ་སེར་འཛག་སོགས་རྟགས་བྱུང་ན༔ དམིགས་པ་མ་བརྗེད་རྟག་ཏུ་བསྐྱང་༔ ནམ་ཞིག་དུས་ལ་བབ་པའི་ཚེ༔ རླུང་སེམས་བླ་མའི་ཐུགས་ཀར་འཕོ༔ བླ་མ་འོག་མིན་གཤེགས་པར་བསམ༔ བྱ་རྩོལ་སྤྲོ་བསྡུ་མེད་པར་བཞག༔ ངེས་པར་མཁའ་སྤྱོད་ལ་སོགས་ཀྱི༔ གོ་འཕང་མཆོག་ཏུ་དབུགས་འབྱིན་འགྱུར༔ ཞེས་འོད་གསལ་སྦུབས་འཇུག་གི་འོད་གསལ་མ་བུ་འདྲེས་པས་གྲོལ་བའི་གདེང་མ་ཐོབ་ན་རྣམ་ཤེས་རླུང་ཞོན་གྱི་གདམས་པ་ཉམས་སུ་ལེན་ཚུལ་ནི་བཅའ་བ་ལུས་ཀྱི་གནད་རྣམ་སྣང་ཆོས་བདུན་ནམ། སྐྱིལ་ཀྲུང་དྲང་པོར་གནས་པས་དམིགས་པའི་གནད་ཕྱི་ལུས་ཀྱི་སྟོང་ར་རྡོ་རྗེ་ཕག་མོ་དམར་མོ་གཅེར་བུ་གྲི་གུག་དང་ཐོད་ཁྲག་མཆན་དུ་རྡོ་རྗེའི་ཁ་ཊྭཱྃ་འཆང་བ་ཞབས་བརྐྱང་བསྐུམ་པད་ཉི་བམ་རོའི་སྟེང་བཞེངས་པའི་སྐུ་དབུས་དྲང་པོར་རྩ་དབུ་མ་མཚན་ཉིད་བཞི་ལྡན་གྱི་ཡར་སྣེ་ཚངས་བུག་ཏུ་རྒྱ་མཐོངས་ཁ་ཕྱེས་པ་ལྟར་ཧ་རེར་ཟུག་པ། མར་སྣེ་ལྟེ་འོག་སོར་བཞིའི་མཚམས་སུ་ཕུག་རྡུག་ཏུ་ཡོད་པའི་སྙིང་གའི་ཐད་དུ་ཚིགས་ཀྱིས་བཀག་པའི་སྟེང་དུ་རླུང་སེམས་གཉིས་སུ་མེད་པའི་ངོ་བོ་ཡི་གེ་ཨ་དཀར་གསལ་ཟླ་བ་ལྟ་བུར་གསལ། གཞི་གནས་ཀྱི་ཨ་དེ་ལས་སྙིང་ག་ནས་ཚངས་བུག་བར་ཨ་ཉེར་གཅིག་མཆེད་པར་བསམ། རང་གི་སྤྱི་བོར་རྩ་བའི་བླ་མ་པདྨ་ཀུན་ཏུ་འཆང་རྡོ་རྗེ་འཆང་ལྟར་ལོངས་སྤྱོད་རྫོགས་སྐུའི་རྣམ་པ་སྐུ་མདོག་མཐིང་གསལ། ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་ཐབས་སུ་འཛིན་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་འཁོར་དུ་རྩ་གསུམ་རྒྱ་མཚོས་བསྐོར་བར་གསལ་བ་ལ་མོས་གུས་གདུང་ཤུགས་དྲག་པོས། ཨེ་མ་ཧོཿ མཁའ་ཁྱབ་རྩ་གསུམ་སོགས་ཀྱིས་གསོལ་བ་ལན་གསུམ་དུ་བཏབ་ལ། ཧིཀ་རེ་བརྗོད་པ་དང༌། རླུང་གི་གནད་འོག་རླུང་དྲག་ཏུ་བསྐུམ་ཞིང་སྟེང་རླུང་སྟོད་དུ་འཕངས་པ་དང་ཆབས་ཅིག །དམིགས་པའི་གནད་སྙིང་ག་ནས་སྤྱི་བོའི་བར་གྱི་ཨ་རྣམས་ཁོག་ནས་ཡར་གཅིག་ལ་གཅིག་ཐིམ་སྟེ་མཐར་སྤྱི་བོའི་ཨ་གཅྀག་ཉིད་སྐར་མདའ་ཡར་བ་བཞིན་རྒྱངས་ཀྱིས་འཕོས་ཏེ་བླ་མ་རྡོ་རྗེ་འཆང་གི་ཐུགས་ཀར་སིབ་ཀྱིས་ཐིམ་པས་ཐུགས་ཡིད་དབྱེར་མེད་དུ་འདྲེས་པར་བསམ། སླར་ཡང་ཀ་ཞེས་བརྗོད་པས་མར་བབ་སྟེ་སྙིང་གར་སྔར་བཞིན་གནས་པ་སླར་ཧིཀ་གིས་སྤར་བ་ལན་ཉེར་གཅིག་བརྗོད་དེ་བསྐྱར་བས་མགོ་བོ་ལྗི་ཡོར་གྱིས་ན་བ་དང༌། ཚངས་བུག་ཟ་བ་དང་ཆུ་སེར་གྱི་ཟིལ་པ་བརྡོལ་བ་སོགས་རྟགས་མ་ཐོན་བར་ཡང་ཡང་བསྐྱར་ཏེ་སྦྱངས། ཐུན་གྱི་མཐར་སྤྱི་བོའི་བླ་མ་འཁོར་དང་བཅས་པ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་ཞུ་སྟེ་སྙིང་གའི་ཨ་ལ་སིབ་ཀྱིས་ཐིམ། སྤྱི་བོའི་ཚངས་བུག་འོད་ཟེར་གྱི་དྲྭ་བས་ཐེམ་བུ་བཞིན་བཀག་སྟེ་སྐྱེ་འཆི་མེད་པ་རྡོ་རྗེའི་སྲོག་ཐོབ་པར་བསམ་ལ་ཚེ་ལྷ་རྣམ་གསུམ་གྱི་སྙིང་པོ་བརྒྱ་རྩ་སོགས་བཟླ་ཞིང་བསྔོ་སྨོན་བྱ། རྟགས་ཐོན་ནས་ཉིན་རེ་བཞིན་དམིགས་པ་ལན་རེ་མ་ཆད་པར་བསྐྱར། ནམ་ཞིག་བཟློག་ཏུ་མེད་པའི་འཆི་བ་ཐོག་ཏུ་བབ་ཚེ་སྐྱོ་སུན་མེད་པར་འདིར་སྣང་གི་འཁྲི་བ་རྦད་ཀྱིས་བཅད། འཕོ་བའི་དམིགས་པ་དང་རླུང་གནད་སྔར་བཞིན་གསལ་བས་སྙིང་གའི་ཨ་ཡིག་བླ་མའི་ཐུགས་ཀར་རྒྱངས་ཀྱིས་འཕོ། ཀ་ཞེས་མར་མི་དབབ། མཐར་བླ་མ་འོག་མིན་དུར་ཁྲོད་མེ་རི་འབར་བར་སྟོན་པ་གཞོན་ནུ་དཔའ་བོའི་ཐུགས་ཀར་གཉིས་སུ་མེད་པར་གཤེགས་པར་བསམ་ལ་ཆོས་ཉིད་ཀྱི་རང་ངོ་བསྐྱངས་ཏེ་མཉམ་པར་བཞག་པས་མཁའ་སྤྱོད་དང་རང་བཞིན་སྤྲུལ་པའི་ཞིང་ཁམས་སུ་འཕོ་སྟེ་ལམ་གྱི་འཕྲཽ་མཐུད་པར་འགྱུར་བ་ནི་ངེས་པའོ། །གསུམ་པ་ངོ་སྤྲོད་ཀྱི་གདམས་ངག་དངོས་ནི། འདའ་ཀའི་རྣལ་འབྱོར་མ་ཐེབས་ན༔ རགས་པ་ཐིམ་དང་ཕྲ་བ་ཐིམ༔ ཐིམ་པའི་རྗེས་སུ་འོད་གསལ་འཆར༔ རྣམ་གྲོལ་ཆོས་སྐུ་རོ་གཅིག་འགྱུར༔ ཞེས་གདམས་ངག་སྔ་མ་གཉིས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའི་འཕོ་ལུགས་ཀྱི་གྲོལ་བའི་གདེང་མ་ཐོབ་ན་ཉི་ཟླ་ཁ་སྦྱོར་ལས། ས་ནི་ས་ལ་ཐིམ་པ་ཡིས། །ལུས་ནི་ལྕི་ཞིང་ཟས་མི་ལེན། །ལངས་དང་འགྲོ་བའི་སྟོབས་ཀུན་ཟད། །ཆུ་ནི་ཆུ་ལ་ཐིམ་པའི་ཚེ། །ཁ་ཆུ་སྣ་ཆུ་འཛག་པར་བྱེད། །དེ་བཞིན་མེ་ལ་མེ་ཐིམ་པས། །ཁ་སྣ་དག་ནི་རབ་ཏུ་སྐམ། །ལུས་ཀྱི་དྲོད་ཀྱང་མཐའ་ནས་འཆོར། །དེ་བཞིན་རླུང་ལ་རླུང་ཐིམ་པས། །དབུགས་ནི་ངར་ངར་ཡན་ལག་གཡོབ། མིག་ཀྱང་གྱེན་ལ་བཟློག་པར་འགྱུར། །རྟགས་ནི་སུ་ལ་བྱུང་བ་དེ། །ངེས་པར་ཕ་རོལ་འགྲོ་བས་ན། །དེ་ཚེ་བླ་མའི་གདམས་ངག་རྣམས། །རང་གི་རྒྱུད་ལ་དྲིལ་བར་བྱ། །ཞེས་གསུངས་པ་ལྟར་རགས་པའི་ཐིམ་རིམ་ཁྱབ་བྱ་འབྱུང་བ་ལྔ་དང༌། ཁྱབ་བྱེད་ཡེ་ཤེས་ཀྱི་ཁམས་རྒྱབ་གྱེས་ཏེ་དུ་བ། སྨིག་རྒྱུ། མེ་ཁྱེར། མར་མེའི་སྣང་བ་དང༌། ཕྲ་བའི་ཐིམ་རིམ་སྣང་མཆེད་ཐོབ་གསུམ་རིམ་གྱིས་ཤར་ནས་ནམ་མཁའ་དབྱིངས་རིག་ལ་ཐིམ་པའི་ཚེ་སྲོག་ལྔ་སྙིང་དབུས་རིག་པའི་སྦུབས་སུ་འཇུག་པར་བྱས་པས་རིག་པ་ཉིད་གཞི་ལས་ལྡོག་སྟེ་ཀ་དག་གི་ས་ལ་ཕྱིན་པས་བེམ་རིག་བྲལ་བ་དང་འཚང་རྒྱ་བ་དུས་མཉམ་པ་ཚེས་བཅོ་ལྔའི་ཉི་མ་ནུབ་པ་དང་ཟླ་བ་ཤར་བ་དུས་མཉམ་པ་བཞིན་ནོ། །གཉིས་པ་ཆོས་ཉིད་བར་དོ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་པ་ནི། དེ་ལ་བརྟན་པར་མ་གྱུར་ན༔ ལུགས་འབྱུང་སྒྲ་འོད་ཟེར་གསུམ་སོགས༔ ཆོས་ཉིད་གདངས་ཀྱི་བར་དོ་ཤར༔ ཐམས་ཅད་རང་གི་རིག་རྩལ་དུ༔ ངོ་ཤེས་ཐག་ཆོད་བརྟན་པ་ཐོབ༔ དབྱིངས་རིག་དབྱེར་མེད་ཐིག་ལེར་འཁྱིལ༔ ཞེས་འཆི་ཁར་ཀ་དག་གི་གྲོལ་སར་མ་སྙོགས་ནས་གཞི་ལས་འཕགས་པའི་ཆོས་ཉིད་དུ་སྣང་བའི་བར་དོ་རྣམ་ཤེས་ནམ་མཁར་ཐིམ་པའི་ཚེ། རིག་པ་འོད་རྩ་ལ་ཞུགས་ནས་མིག་ཏུ་གནས་སྐབས་སྐད་ཅིག་དང་པོར་ཀ་དག་གི་སྣང་བ་སྟོན་ཀའི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་འོད་གསལ་མཐའ་དབུས་མེད་པར་འཆར། ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེ་དུས་མ་འགྱུར་བར་སྣང་བ་འགྱུར་ནས་འོད་ལྔའི་སྣང་བ་དང་སྒྲ་འོད་ཟེར་གསུམ་གྱི་སྣང་བ་ནམ་མཁའ་ཁྱབ་པར་འཆར། དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པས་རིགས་ལྔའི་ཚོམ་བུ་རྣམས་བསམ་གཏན་གྱི་ཞག་ལྔར་རིམ་གྱིས་འཆར། དེ་ནས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པས་ཡེ་ཤེས་བཞི་སྦྱོར་གྱི་སྣམ་བུ་དང་ཐིག་ལེ་རྣམས་འཆར་རོ། །དེ་ནས་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པའི་དུས་སུ་ཡར་ཀ་དག་ཆོས་སྐུ་དང༌། ཐད་ཀར་ལོངས་སྐུ་རིགས་ལྔ། མར་འགྲོ་འདུལ་སྤྲུལ་སྐུ་ལ་སོགས་པའི་ཞིང་ཁམས་རྣམས་འཆར་ཞིང༌། དེའི་ཚེ་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་རང་སྣང་ཡེ་ཤེས་ཀྱི་རོལ་པར་ཐག་བཅད་དེ། དེའང་ཐིམ་ལུགས་ལྔ་པོ་མཐར་ཆགས་སུ་བགྲོད་པའི་ངེས་པ་མེད་དེ། གང་ཟག་གི་དབང་པོའི་རིམ་པས་རབ་ཉི་ཟླ་ཁ་སྦྱོར་ལྟར་ལུས་བོར་བ་དང་འོད་གསལ་འཆར་བ་དུས་མཉམ་དུ་གྲོལ། འབྲིང་ཟུང་འཇུག་དང་ཡེ་ཤེས་ཀྱི་སྣང་བ་གང་རུང་དུ་གྲོལ། ཐ་མ་ལྷུན་གྲུབ་ཀྱི་སྣང་བར་གྲོལ་ཞིང༌། སྣང་བའི་འཆར་ཚུལ་ཡང་གང་དུ་གྲོལ་བ་ཡན་ཆད་དུ་འཆར། དེ་མན་ཆད་དབྱིངས་སུ་ཐིམ་པས་མི་འཆར་ལ། དེ་དག་གང་དང་གང་དུ་གྲོལ་ཀྱང་སྐད་ཅིག་དང་པོར་རང་སྣང་དུ་ངོ་ཤེས། གཉིས་པ་ཤེས་ཐོག་ཏུ་གནས། གསུམ་པར་གནས་ཐོག་ཏུ་གྲོལ། བཞི་པ་གྲོལ་ཐོག་ནས་སེམས་ཅན་གྱི་ཞིང་ཁམས་རྣམས་སུ་སྤྲུལ་པ་བཀྱེ། ལྔ་པར་ནང་གསལ་བུམ་སྐུར་བཞུགས་ཤིང་སྐད་ཅིག་དེ་དག་ཀྱང་ཕལ་ཆེར་བྱ་རྫོགས་ཀྱི་སྐད་ཅིག་ཡིན་ཀྱང་མཐའ་གཅིག་ཏུ་མ་ངེས་ཏེ། བསམ་གཏན་གྱི་ཞག་ནི་སྔོན་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་ཕྱི་མའི་ཀུན་རྟོག་མ་སྐྱེས་པའི་བར་གྱི་གོམས་ཆ་ཡིན་ལ། དེ་རྣམས་ཀྱང་འདིར་ནི་རགས་བསྡུས་ཙམ་དུ་བསྟན་པ་ཡིན་ནོ། །གསུམ་པ་སྲིད་པ་བར་དོ་ལམ་གྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་ལ་ཝ་འཛུགས་པ་ལྟ་བུ་ནི། དེར་ཡང་གཉིས་འཛིན་གཞན་དབང་གིས༔ གོ་འཕང་མངོན་དུ་མ་གྱུར་ན༔ དབང་པོ་ཐ་མའི་གང་ཟག་སྟེ༔ སྲིད་པ་བར་དོའི་སྣང་ཆ་ནི༔ རླུང་སེམས་ཙམ་ལས་གྲུབ་པའི་ལུས༔ རྨི་ལམ་ལྟ་བུར་ཤར་བའི་ཚེ༔ བླ་མར་མོས་གུས་དྲག་པོ་ཡིས༔ དེ་ཡི་གདམས་ངག་རྗེས་དྲན་ནས༔ གང་གོམས་དེ་ལ་མཉམ་བཞག་པས༔ འཁྲུལ་སྣང་གྲོལ་ནས་ལམ་མཆོག་སྦྱོར༔ ཞེས་ངོ་སྤྲོད་ཀྱི་གནད་ཐོབ་ཀྱང་བསྒོམ་པ་འཕྲོ་ཅན་དུ་ལུས་ཏེ་སྐྱེ་བ་བརྒྱུད་ནས་གྲོལ་བ་དང༌། གོམས་ཀྱང་ལྷུན་གྲུབ་ཀྱི་སྣང་བ་ཤར་ཚེ་ཏིང་ངེ་འཛིན་གྱི་རྩལ་ཞན་ཏེ་སྔ་ཕྱིའི་འོད་གསལ་གཉིས་ཤར་ནུབ་དུས་མཉམ་པས་རང་སྣང་ངོས་མ་ཟིན་པར་སྣང་བ་རང་ཡལ་སོང་སྟེ་རྣམ་ཤེས་ལུས་རྒྱ་དང་བྲལ་སྟོབས་ཀྱིས་འབྱུང་བཞི་ཕྲ་བའི་ལས་རླུང་ལུགས་ལྡོག་ཏུ་ལངས་ཏེ། བར་དོའི་ཡིད་ལུས་གྲུབ་ནས་སྣང་བ་ཐམས་ཅད་བན་བུན། ཟ་ཟི་ཆད་ཆོད། བྱ་སྤུ་རླུང་གིས་བསྐྱོད་པ་ལྟར་སྣ་ཚོགས་འཆར་ཞིང༌། འབྱུང་བཞིའི་དངོས་པོ་གང་ལའང་ཐོགས་མེད་དུ་འཇུག་ནུས་ཤིང་ལས་ཀྱི་རྫུ་འཕྲུལ་གྱི་མཐུ་དང་ལྡན་པ། སྔར་མེད་ཀྱི་མངོན་ཤེས་ཕྲ་མོ་འཆར་ཞིང་དབང་པོ་རྣོ་ལ་དྲན་པ་གསལ་བ་རིགས་མཐུན་གྱི་འགྲོ་བ་གཞན་ལྷ་མིག་དག་པས་མཐོང་བ། སྔར་གོམས་བག་ཆགས་ཀྱིས་ཉེ་དུ་འབྲེལ་ཡོད་སོགས་ཀྱི་ཕྱོགས་སུ་ཕྱིན་ཏེ་གཏམ་སྨྲས་ཀྱང་དེ་རྣམས་ཀྱིས་མ་མཐོང་ཞིང་མ་ཐོས་པས་ལན་མེད་པ་ན་རང་ཉིད་ཤི་བ་ཤེས་ཏེ། སྔར་གྱི་གདམས་པ་རྣམས་དྲན་པས་བར་དོའི་འཁྲུལ་སྣང་དང་འཇིགས་སྐྲག་ཐམས་ཅད་རང་ངོ་ཤེས་ནས། དེ་ཡང་དབང་པོའི་རིམ་པས་བློ་རབ་རྣམས་བླ་མའི་མོས་གུས་ཀྱི་ལམ་ཁྱེར་དང༌། གཟུང་འཛིན་གཉིས་བསྡུས་ཀྱི་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་རྟོགས་པས་གྲོལ་བ་དང༌། བློ་འབྲིང་རྣམས་ཡི་དམ་གྱི་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་ལ་བརྟེན་ནས་གྲོལ་བ་དང༌། ཐ་མས་དག་པའི་ཞིང་ཡིད་ལ་བསམ་ནས། མདུན་མཁར་ཆོས་འབྱུང་དམར་པོ་གདེངས་ཀ་གྱེན་བསྟན་གྱི་དབུས་སུ་རང་སེམས་ཨ་ཡིག་དཀར་པོའི་རྣམ་པར་གསལ་བཏབ་ཅིང་སྨོན་ལམ་གྱིས་མཚམས་སྦྱར་ཏེ་ཆོས་འབྱུང་ནམ་མཁར་མདའ་འཕང་བ་ལྟར་དག་ཞིང་དུ་སོང་བར་བསམས་ཏེ་སེམས་སྤྲོས་བྲལ་གྱི་ངང་དུ་བཞག་པས་གྲོལ་ལོ། །གསུམ་པ་དབང་པོ་ཐ་མ་རང་བཞིན་སྤྲུལ་པའི་ཞིང་དུ་འཚང་རྒྱ་བའི་གདམས་པ་ལ་གསུམ། རང་བཞིན་གནས་པའི་དུས་སུ་སྦྱོང་བ། བར་དོའི་དུས་སུ་འཕོ་བ། སྤྲུལ་སྐུའི་ཞིང་དུ་གྲོལ་བའོ། །དང་པོ་ནི། དེ་ལྟར་མངོན་དུ་མ་གྱུར་ན༔ རིགས་ལྔའི་ཞིང་ཁམས་ཡིད་ལ་བྱ༔ བླ་མར་གསོལ་གདབ་འདུན་པ་སྦྱང་༔ ཞེས་མངོན་སུམ་གྱི་སྣང་བ་ཉིན་མཚན་གོམས་པར་བྱས་པས་རྨི་ལམ་ངན་པ་ནུབ་ནས་བཟང་པོ་ཤ་སྟག་རྨི་ཞིང་སེམས་ལ་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ལ་ཡུན་རིང་དུ་གནས་པ་དེའི་སྐབས་སུ་ཉིན་དུས་རང་བཞིན་སྤྲུལ་པའི་ཞིང་བསམས་ལ་རིག་པ་འོད་ཀྱི་གོང་བུ་མིག་ནས་ཐོན་ཏེ། གཙོ་བོའི་ཐུགས་ཀར་འཕང་བར་བྱ་ཞིང༌། མཚན་དུས་ཉལ་ཚེའང་ཐོ་ཀོར་ཐམས་ཅད་རང་བཞིན་སྤྲུལ་པའི་ཞིང་དང༌། ལུས་གཞལ་ཡས་ཁང་དང༌། སྙིང་པདྨ་དང་ཉི་ཟླའི་དབུས་ན་རིགས་ལྔའི་སངས་རྒྱས་བཞུགས་པ་ལ་སེམས་གཏད་ནས་མ་ཡེངས་པར་གཉིད་དུ་ཉལ་བས། དག་པའི་ཞིང་ཁམས་རྨི་ལམ་དུ་འབྱོངས་བར་འོང་ངེས་སོ། །ནམ་ཞིག་བཟློག་ཏུ་མེད་པའི་འཆི་ལྟས་ཤར་བ་ན། ལུས་ཕྱི་པགས་པའི་སྐྱ་རིས་ལས་ནང་སྟོང་ཆེན་སྒྲིབ་གཡོགས་དང་བྲལ་བའི་དབུས་སུ་དབུ་མ་དྭངས་གསལ་མདའ་སྨྱུག་ཙམ་པ་སྤྱི་བོ་ནས་གསང་གནས་བར་དྲང་ཐ་ལེར་གནས་པ། ཚངས་བུག་ཧ་རེ་ཡོད་པའི་སྙིང་དབུས་པདྨ་ཉི་ཟླའི་དབུས་ན་རིགས་ལྔའི་སངས་རྒྱས་བཞུགས་པ་ཇེ་མཐོ་ཇེ་མཐོར་གཤེགས་ཏེ་འོག་མིན་དུ་རྣམ་སྣང་གི་ཐུགས་ཀར་བསྟིམ་པའི་དམིགས་པ་ལན་གསུམ་སོགས་བྱས་ཏེ་མཐར་འཕོ་བྱ་འཕོ་བྱེད་བྲལ་བའི་ངང་དུ་བཞག་པས་ཆོས་ཉིད་བདེན་པའི་བྱིན་རླབས་དང༌། རིག་འཛིན་བླ་མའི་ཐུགས་རྗེས། བར་དོ་གང་དུ་བསམ་པ་དེར་སླེབ་པའི་གནད་ཀྱིས་བར་དོའི་འོད་གསལ་ངོས་ཟིན། སྲིད་པ་བར་དོའི་གཡང་ས་མི་མཐོང་བར་རང་བཞིན་སྤྲུལ་པའི་ཞིང་དུ་སྐྱེ་བར་གསུངས་སོ། །གཉིས་པ་སྤྲུལ་པའི་ཞིང་དུ་གྲོལ་བ་ལ། ལམ་དངོས་དང༌། སྐྱེ་བ་ལམ་ཁྱེར་རོ། །དང་པོ་ནི། དཔལ་མགོན་བླ་མའི་ཐུགས་རྗེ་དང་༔ དད་དང་འདུན་དང་དམ་ཚིག་མཐུས༔ རྨི་ལམ་གནས་སྐབས་སད་པ་ལྟར༔ མངོན་དགའི་ཞིང་དུ་ལྷ་ཞལ་མཐོང་༔ དཔལ་ལྡན་བརྩེགས་པར་ལུང་བསྟན་ཅིང་༔ པདྨ་བཀོད་པར་དབུགས་རབ་དབྱུང་༔ ལས་རབ་རྫོགས་པར་གཟེངས་བསྟོད་དེ༔ དབུས་ཕྱོགས་མེ་རི་འབར་བ་རུ༔ སྟོན་པ་ཁྱབ་བདག་ཧེ་རུ་ཀའི༔ དགྱེས་ཞལ་མཇལ་བའི་སྐད་ཅིག་ལ༔ ཤེས་བྱའི་སྒྲིབ་པ་མཐར་བྱས་ནས༔ ཡེ་ཤེས་དབྱིངས་སུ་རོ་གཅིག་འགྱུར༔ ཞེས་མངོན་སུམ་གྱི་དོན་མཐོང་ཡང་བརྟན་པ་མ་ཐོབ་པར་སྒོམ་པ་འཕྲོ་ཅན་དུ་ལུས་པའམ། བསྒོམས་ཀྱང་ཏིང་ངེ་འཛིན་གྱི་རྩལ་ཞན་པས་བར་དོའི་གྲོལ་ཚད་དང་མི་ལྡན་པ་རྣམས་ཆོས་ཉིད་ཀྱི་བར་དོ་ཤར་ཡང་ངོས་མ་ཟིན་པར་སྲིད་པ་བར་དོ་རྨི་ལམ་གྱི་འཁྲུལ་ངོ་ཙམ་དུ་ཤར་བ་ལས། ཆོས་འདིའི་སྒོ་མཐོང་བའི་བྱིན་རླབས་ཀྱིས་རྨི་ལམ་སད་པའི་ཆ་ཙམ་ལ་ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་པར་དག་པའི་ཞིང་དུ་སྐྱེ་བ་བླངས་ནས་སྟོན་པ་རྡོ་རྗེ་མི་བསྐྱོད་པའི་ཞལ་མཐོང་ནས་ས་དང་པོ་ཐོབ། ལྷོ་དཔལ་ལྡན་བརྩེགས་པ་ནས་རིན་ཆེན་འབྱུང་ལྡན་གྱིས་ལུང་བསྟན། ནུབ་པ་པདྨ་བཀོད་པར་སྣང་བ་མཐའ་ཡས་ཀྱིས་དབུགས་དབྱུང༌། བྱང་ལས་རབ་རྫོགས་པར་དོན་ཡོད་གྲུབ་པས་འོད་ཟེར་ཆེན་པོའི་དབང་བསྐུར་ཏེ་གཟེངས་བསྟོད། དབུས་སྟུག་པོ་བཀོད་པ་མེ་རི་འབར་བར་སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཧེ་རུ་ཀའི་ཞལ་མཇལ་བ་དང་ཤེས་སྒྲིབ་ཕྲ་བ་སྣང་གསུམ་འཕོ་སྒྲིབ་སྦྱངས་ཏེ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་སངས་རྒྱས་པར་འགྱུར་རོ། །གཉིས་པ་དབང་པོ་ཤིན་ཏུ་ཐ་མ་སྐྱེ་བ་ལམ་ཁྱེར་ནི། ཤིན་ཏུ་དམན་པའི་གང་ཟག་རྣམས། མངལ་སྒོ་ངན་པ་ཞེན་ལོག་དང་༔ ངེས་འབྱུང་དྲག་པོས་རབ་བཅད་ནས༔ ལས་འཕྲོ་བཟང་པོས་ཉིང་མཚམས་སྦྱར༔ ལམ་གྱི་འཕྲོ་མཐུད་གྲོལ་བར་འགྱུར༔ ཞེས་དབང་པོ་རབ་འབྲིང་ཐ་གསུམ་གྱི་གྲོལ་ཚད་མངོན་དུ་མ་གྱུར་ན་མངལ་སྒོ་ངན་པ་བཀག་སྟེ་བཟང་པོའི་འཕྲོ་མཐུད་པའི་ཕྱིར། ཆོས་ལྡན་གྱི་ཕ་མ་རིགས་བཟང་པོ་ངོ་ཤེས་པས་བླ་མ་ཡི་དམ་ཡབ་ཡུམ་རྣམ་པར་བསྒོམས་པའི་མངལ་དུ་པད་ཉི་ཟླ་སྟེང་ཧཱུྃ་ཡིག་དཀར་པོ་ཞིག་བསམ་ལ་དེར་རྣམ་ཤེས་འཇུག་དུས་སྐྱེ་བ་བླང་བའི་རྟེན་འདི་ལ་བསྟན་འགྲོའི་དོན་རླབས་པོ་ཆེ་བྱེད་ནུས་པར་ཤོག་ཅིག་སྙམ་པའི་འདུན་པ་རྩེ་གཅིག་པས་རང་ཉིད་རྡོ་རྗེ་སེམས་དཔར་བསྒོམས་ཏེ་དེ་ཉིད་མ་ཡི་མངལ་གྱི་ཧཱུྃ་ལ་ཐིམ་པར་བསམ་ཞིང༌། སྤྲོས་བྲལ་སྟོང་ཉིད་ཀྱི་ངང་དུ་བཞག་པས་ཕ་མ་དད་པ་ཅན་གྱི་བུར་སྐྱེས་ཏེ་ཆུང་ངུ་ནས་ཆོས་དང་འཕྲད་ཅིང་ཤེས་རབ་དང་བརྩོན་འགྲུས་ལྡན་པ། སྦྱངས་པའི་ལས་འཕྲོ་སད་པས་སྙིང་པོའི་བསྟན་པ་དང་མཇལ་ནས་ལམ་གྱི་འཕྲོ་མཐུད་པས་ཚེ་དེ་ཉིད་དམ་བར་དོར་ངེས་པར་འཚང་རྒྱ་བར་གསུངས་སོ། །གསུམ་པ་རྗེས་རིམ་ལ་བཞི་ལས་དང་པོ་དབང་པོ་རབ་འབྲིང་ཐ་གསུམ་གྱི་ཉམས་ལེན་གྱི་གྲོལ་ཚད་བཅས་སྤྱི་ཆིངས་རྒྱབ་ཡིག་བསྟན་པ་ནི། དེ་ལྟར་ཁྲིད་དུ་ལེགས་བཏབ་ནས༔ གཡེངས་བ་སྤངས་ཏེ་ཉམས་བླངས་ན༔ བརྩོན་འགྲུས་སྐལ་བའི་ཁྱད་པར་བཞིན༔ བྱང་ཆུབ་གོ་འཕང་འཐོབ་བྱེད་པ༔ ཤིན་ཏུ་རྣལ་འབྱོར་རྫོགས་པ་ཆེའི༔ གདམས་ངག་སྒྲུབ་པ་ཆེན་པོའོ༔ ཞེས་རྒྱུ་འབྲས་ཐེག་པ་ཐམས་ཅད་ཀྱི་སྐྱེལ་སོ་སངས་རྒྱས་འཕགས་པའི་མཉམ་བཞག་གི་ལམ་རྗེན་པར་སྟོན་པ་རྫོགས་པ་ཆེན་པོ་སེམས་ཀློང་གཉིས་ཀྱིས་ལམ་གྱི་སྒོ་ཕྱེས་ནས། མན་ངག་སྡེའི་ཉམས་ལེན་དམར་ཁྲིད་རྒྱས་པར་བསྟན་པ་བཞིན་ངེས་འབྱུང་གི་བློས་རྒྱུད་བསྐུལ་ཏེ་ཙབ་ཙུབ་བློ་སྣ་མི་མང་བར་གཞུང་རྩེ་གཅིག་ཏུ་ཉམས་སུ་བླངས་བས་བརྩོན་འགྲུས་དང་སྐལ་བ་རབ་འབྲིང་ཐ་གསུམ་གྱི་རྗེས་སུ་འབྲེལ་བས་ཚེ་འདིའམ་བར་དོ་སྐྱེ་བ་ཕྱི་མ་ལས་མི་འགྱང་བར་སྐུ་ལྔའི་དབྱིངས་སུ་མངོན་པར་བྱང་ཆུབ་ཀྱི་གོ་འཕང་མངོན་དུ་བྱེད་ནུས་པ་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་རྫོགས་པ་ཆེན་པོ་སྟེ། ལམ་དེ་ལ་བརྟེན་ནས་རང་གཞན་གྱི་དོན་གཉིས་འགྲུབ་ནུས་པ་སྒྲུབ་པ་ཆེན་པོའི་ཚུལ་རྒྱས་པར་བསྟན་པའོ། །དེ་ཡང་དབང་རབ་གཅིག་ཅར་པས༔ བཞི་པའི་ལམ་མཆོག་ཁོ་ན་བསྒྲུབ༔ དབང་འབྲིང་ཐོད་རྒལ་གང་ཟག་གིས༔ བསྐྱེད་རིམ་དྲན་པ་གཅིག་པ་ཙམ༔ རྟེན་དུ་བྱས་ནས་རྫོགས་རིམ་གསུམ༔ རིམ་པར་ཉམས་བླངས་དྲོད་རྟགས་དབྱུང་༔ ཐ་མ་རིམ་གྱིས་དཀྲི་བ་ནི༔ ཇི་སྐད་བཤད་བཞིན་ཉམས་སུ་བླང་༔ གང་ཡང་ཐུན་མོང་ཐུན་མིན་གྱི༔ སྔོན་འགྲོས་རྒྱུད་འབྱོངས་ཤིན་ཏུ་གཅེས༔ ཁྲིད་ཀྱི་རྒྱབ་ཡིག་གནད་ཆིངས་འདི༔ སྣོད་ལྡན་རྣམས་ཀྱི་སྙིང་ལ་ཕུར༔ ས་མ་ཡ༔ ཞེས་བྱིས་པ་དང་རྒན་གཞོན་ཁ་ཟས་ཐ་དད་པ་ལྟར་གདུལ་བྱའི་དབང་པོའི་རིམ་པ་རིམ་གྱིས་པ་དང༌། ཐོད་རྒལ་བ། གཅིག་ཅར་གསུམ་དུ་འབྱུང་བས་ཟབ་ལམ་ཉམས་སུ་ལེན་ཚུལ་ཀྱང་དེ་བཞིན་བྱས་ན་གེགས་དང་གོལ་ས་མེད་ཅིང་བར་ཆད་ཉུང་ལ། ཆོས་འབྱོར་པའི་གནད་དུ་ཟབ་པས་ན། དབང་པོ་རབ་ཀྱིས་ཐུན་མོང་ཐུན་མིན་གྱི་སྔོན་འགྲོ་ཇི་ལྟར་འོས་པ་དང༌། སྒོ་གསུམ་ཕྱི་ནང་གི་འཁོར་འདས་རུ་ཤན་དབྱེ་བ་ནས། དབང་པོའི་སྒོ་མི་གསལ་བ་སོགས་ལ་ཁྲེགས་ཆོད་ཁོ་ནའི་རིག་པ་རྗེན་པ་ཉམས་སུ་ལེན་པ་དང༌། འོད་གསལ་གྱི་སྣང་བ་ཐོད་རྒལ་གྱི་ལམ་དབང་བཞི་པ་ཁོ་ན་ཉམས་སུ་བླངས་བས་རྟོགས་གྲོལ་དུས་མཉམ་དུ་འགྱུར་ཞིང༌། དབང་འབྲིང་གིས་བསྐྱེད་རིམ་རྒྱུན་གྱི་རྣལ་འབྱོར་དྲན་པ་གཅིག་པ་ཙམ་རྣལ་འབྱོར་དུ་བྱ་བས་ལམ་གྱི་རྐང་རྟེན་དུ་བྱས་ན་རྩོལ་མེད་རྫོགས་རིམ་གསུམ་རིམ་པར་ཉམས་སུ་བླངས་བས་གྲོལ་ཚད་ཐོབ་པ་བྱ་དགོས་ལ། དབང་པོ་ཐ་མས་གཞུང་དུ་ཇི་ལྟར་བཤད་པ་མཐའ་དག་དྲོད་ཐོན་ཐོན་གྱིས་མཐར་དབྱུང་དགོས་ལ། གང་ཟག་གསུམ་ཀས་ཐུན་མོང་ཕྱིའི་སྔོན་འགྲོ་ལས་མི་རྟག་དང་ངེས་འབྱུང༌། ཐུན་མིན་ནང་གི་སྔོན་འགྲོ་ལས་སྐྱབས་འགྲོ། གཞན་ཕན་སེམས་བསྐྱེད་ཀྱི་ཐབས་མཁས་དང༌། ཁྱད་པར་གྱི་སྔོན་འགྲོ་དངོས་གཞིའི་དམིགས་རིམ་རྣམས་དམིགས་སྒོམ་རྡོ་རུས་འཕྲོད་པས་རྒྱུད་ལ་མྱོང་བ་ཐོན་ངེས་པ་གཅེས་པས་ཤེས་པར་བྱ་དགོས་སོ། །གཉིས་པ་ཐུན་མཚམས་བྱ་བའི་རྗེས་རིམ་ནི། རྗེས་ནི་གནས་སྐབས་ཐམས་ཅད་དུ༔ བསྔོ་སྨོན་བཟང་པོས་མཚམས་སྦྱར་ཞིང་༔ ཐུན་མཚམས་དྲན་དང་ཤེས་བཞིན་པས༔ དག་པའི་སྣང་བ་ལམ་དུ་ཁྱེར༔ ཞེས་སྔོན་འགྲོ་དངོས་གཞིའི་ཉམས་ལེན་ཐམས་ཅད་ཀྱི་རྗེས་སུ་རབ་འཁོར་གསུམ་ཡོངས་དག་དང༌། མ་བྱུང་ཡང་སྲས་བཅས་རྒྱལ་བ་ཀུན་གྱིས་ཡོངས་བསྔོ་ཇི་ལྟར་མཛད་པའི་རྗེས་སུ་སློབ་པའི་སེམས་བསྐྱེད་ཀྱིས་རྡོ་རྗེའི་བདེན་ཚིག་གི་སྨོན་ལམ་ཟབ་མོས་དགེ་རྩ་གོང་འཕེལ་དུ་བྱ་བ་སྟེ་ཐེག་ཆེན་ལམ་གྱི་རྩ་བ་དམ་པ་གསུམ་གྱིས་རྩིས་ཟིན་པ་དང༌། ཐུན་མཚམས་སུ་སྤྱོད་ལམ་བཞི་ཐམས་ཅད་ཀྱི་སྐབས་སུ་བག་མེད་དང་ལེ་ལོའི་དབང་དུ་མ་སོང་བར་དྲན་པ་དང་ཤེས་བཞིན་གྱིས་སྒོ་གསུམ་ལེགས་པར་བསྡམས་ཏེ་སྤྱོད་ལམ་ཐ་མལ་དུ་མ་ཤོར་བར་རང་རང་གི་ལམ་ཁྱེར་ལྟར་བསྐྱང་བ་དང༌། སད་རྨི་གཉིད་འཐུག་སྙོམས་འཇུག་གི་གནས་སྐབས་བཞི་ཀ་སྐུ་བཞི་ཡེ་ཤེས་ཀྱི་རྣམ་རོལ་དུ་སྦྱངས་པས་མྱུར་དུ་ཟུང་འཇུག་གི་གོ་འཕང་དམ་པ་མངོན་དུ་བྱེད་ནུས་པའོ། །གསུམ་པ་ཉམས་ལེན་སྤྱིའི་གེགས་སེལ་བོགས་འདོན་གྱི་གནད་བསྟན་པ་ནི། སྤྱིར་ནི་འཁོར་བར་ངེས་འབྱུང་དང་༔ བྱང་ཆུབ་སེམས་གཉིས་དྲག་ཏུ་བསྐྱེད༔ ཅིས་ཀྱང་དགོས་མེད་བློ་སྣ་བསྟུང་༔ བླ་མའི་མོས་གུས་སྲོག་ཏུ་བཙའ༔ ལམ་ལ་ཅུང་ཟད་དྲོད་ཐོབ་ནས༔ ཡུལ་གྱི་བདུད་རྩི་བསྟེན་པའི་ཕྱིར༔ ཀུན་སྤངས་སྤྱོད་པ་ཕྱོགས་བྲལ་རྒྱུ༔ དུར་ཁྲོད་ལ་སོགས་གཉན་ས་རུ༔ བརྟུལ་ཞུགས་སྤྱོད་པ་ཡང་དག་སྤྱད༔ གེགས་སེལ་འབོགས་འདོན་ཐབས་མཁས་པས༔ ཞེས་སྤྱིར་འཁོར་བ་ལ་ངེས་འབྱུང་གི་བློ་མེད་ན་ཆོས་ཀྱི་རྩ་བ་རུལ་ནས། རྩ་བ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་བཞི་ལུ་གུ་རྒྱུད་དང་འདྲ་སྟེ་གཅིག་གཤམ་དུ་གཅིག་འབྱུང༌། ཡན་ལག་གི་སྡུག་བསྔལ་དམྱལ་བ་ཚ་གྲང་སོགས་དྲུག་ནི་རྒྱ་མཚོའི་རླབས་དང་འདྲ་སྟེ་བུད་པ་དང་སངས་པའི་དུས་མེད། ཉིང་ལག་གི་སྡུག་བསྔལ་གནམ་གྱི་སྐར་མ་དང་འདྲ་སྟེ་གྲངས་དང་ཚད་མེད། དེས་ན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་ཡོ་ལང༌། སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས་པོ། །གང་དུ་ཕྱིན་ཀྱང་སྡུག་བསྔལ་གྱི་གནས། གང་ཡིན་ཀྱང་སྡུག་བསྔལ་གྱི་སྣོན་མ་ལ་བསམ་སྟེ་ད་ལྟ་ཉིན་རེའི་ནད་དང་སྡུག་བསྔལ་ཡང༌། མི་བཟོད་ན། འཁོར་བ་མཐའ་མེད་ཀྱི་སྡུག་བསྔལ་ཇི་ལྟར་བཟོད། དེ་བས་ད་རེས་རང་གཞན་འཁོར་བའི་སྡུག་བསྔལ་ཆེན་པོ་འདི་འབྱུང་བའི་རྒྱུ་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདིས་ནོན་ཏེ་འདི་དང་འབྲེལ་ཐག་མ་ཆོད་ན་སྡུག་བསྔལ་རྫོགས་དུས་དང་ཟད་དུས་མེད་པའི་རང་མཚངས་ལ་ཡང་ཡང་བསམས་ཏེ་དེ་ལས་ཐར་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་མི་བྱེད་རེ་ཤི་སྙམ་དུ་ངེས་འབྱུང་གི་བློ་འཁུལ་ངེས་བྱ། བྱམས་སྙིང་རྗེས་གཞན་ཕན་འབའ་ཞིག་སྒྲུབ་འདོད་བྱང་ཆུབ་ཀྱི་སེམས་མེད་ན་རྒྱུ་མཚན་ཉིད་ཐེག་པའི་ཐེག་ཆེན་ལམ་གྱི་རྩ་བ་སྟོར་བས་ན། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་སྙིང་པོ་མི་ཟིན་པ་ལྟ་ཅི་སྨོས། ཁྱད་པར་ཐེག་མཆོག་རྫོགས་པ་ཆེན་པོ་ནི་དོན་དམ་བྱང་ཆུབ་སེམས་ལམ་དུ་བྱེད་པ་ལ་ཀུན་རྫོབ་བྱང་སེམས་ཡང་དག་པ་ཞིག་ཅེས་ཀྱང་བསྐྱེད་དགོས། གཞན་ཕན་བྱང་སེམས་ཀྱི་དངོས་གཞི་སྙིང་རྗེ་ལ་རག་ལས། ཐམས་ཅད་མཁྱེན་པའི་དངོས་རྒྱུ་གཞན་ཕན་སྙིང་རྗེ་འབའ་ཞིག་ལ་འདྲིས་ཤིང་བརྟན་པར་བསླབས་ནས་བཟོད་པའི་གོ་གྱོན། གནོད་ལན་ཕན་པས་འཇལ། དྲན་དང་ཤེས་བཞིན་གྱིས་བག་ཡོད་བསྟེན་དགོས་ལ། འཇིག་རྟེན་ཚེ་འདིའི་བྱ་བྱེད་ཐམས་ཅད་ལ་ཞེན་པ་གཏིང་ནས་མ་ལོག་ན་ས་ལམ་གྱི་ཡོན་ཏན་མི་སྐྱེ་བས་ཚེ་འདིའི་བྱ་བྱེད་གང་ཡིན་ཀྱང་འགྲུབ་དུས་མེད་པས་ཅིས་ཀྱང་དགོས་པ་མེད། ཐར་པ་དང་ཐམས་ཅད་མཁྱེན་པའི་ཡོན་ཏན་ཐམས་ཅད་བླ་མ་ལས་འབྱུང་བས་ན་དེ་ཉིད་སངས་རྒྱས་དངོས་མཐོང་གི་མོས་གུས་བསྐྱེད་པའི་ཚུལ་ཀུན་མཁྱེན་སྒྲོལ་མགོན་ཞབས་ཀྱིས། རྩ་བའི་བླ་མ་དེ་ཉིད་དངོས་པོ་ལ་སུ་གང་ཡིན་རུང༌། སོ་སོ་སྐྱེ་བོའམ་འཕགས་པ་སློབ་པ་ལྟ་བུ། དགེ་བའི་བཤེས་གཉེན་ཕལ་པ་སོགས་སུ་བལྟ་བ་མ་ཡིན། སངས་རྒྱས་དངོས་སུ་བསྒོམ་དགོས། དོན་ལ་སངས་རྒྱས་གཅིག་དང་མང་པོ་ལ་ཁྱད་པར་མེད་ཀྱང༌། མོས་གུས་འཇུག་ཚུལ་གྱི་ཁྱད་ཡོད་པས། སངས་རྒྱས་གཅིག་གམ་གཉིས་ལྟ་བུ་མ་ཡིན། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀུན་འདུས་པའི་ངོ་བོ་ཡིན། དེའི་ཕྱིར་ཆོས་དང་དགེ་འདུན་ཀུན་ཀྱང་འདུས། དེ་བས་ན་བདག་གི་བླ་མ་འདི་དངོས་གནས་ལ་དཀོན་མཆོག་ཀུན་འདུས། བླ་མ་ཉིད་དཀོན་མཆོག་གསུམ། དཀོན་མཆོག་གསུམ་གྱི་བླ་མ་ཡིན། རང་རེའི་སྣང་ངོ་དང་བསྟུན་ན། དཀོན་མཆོག་གསུམ་བས་ཀྱང་བླ་མ་བཀའ་དྲིན་ཆེ། ཕྱོགས་བཅུའི་སངས་རྒྱས་རྣམས་ལ་སྤྱིར་བཏང་བཟང་སྟེ་བདག་ལ་ཞལ་མི་སྟོན། གསུང་མི་འབྱོན། སངས་རྒྱས་དང་ཡི་དམ་དང་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་སོགས་དངོས་སུ་བྱོན་ཀྱང་རུང༌། བདག་ལ་དཔལ་ལྡན་བླ་མས་མཛད་པ་ལས་ལྷག་པོར་མཛད་རྒྱུ་དང་སྟོན་རྒྱུ་མེད། དེ་དག་དངོས་སུ་འཇལ་བའི་སྐལ་བ་མེད་དུས་འདིར། དེ་རྣམས་ཀྱི་མཛད་རྒྱུ་ཐམས་ཅད་བླ་མས་མཛད་པ་ཡིན་བཀའ་དྲིན་རང་ཆེའོ་སྙམ། བླ་མ་སངས་རྒྱས་ཀུན་འདུས་སུ་ཤེས་ནས་ཡོན་ཏན་མཐའ་མེད་པའི་དད་པ་དང༌། བཀའ་དྲིན་ཤིན་ཏུ་ཆེ་བ་ཤེས་པ་གཉིས་འཛོམས་ན་མོས་གུས་ཀྱི་གོ་ལུགས་བཟང་པོ་ཡིན། གོ་ལུགས་བཟང་པོ་དེ་འདྲ་གཅིག་ཡོད་པའི་ལུགས་བྱས་ཀྱང༌། སྐབས་སྐབས་སུ་མིན་པ་བླ་མ་མི་དྲན་པར་བརྗེད། ལན་རེ་དྲན་པའི་སྐབས་ཀྱང་བ་སྤུ་གཡོ་ནུས་པའི་གདུང་ཤུགས་མི་འབྱུང་ན་གོ་བ་ཙམ་ལ་ལུས་པ་ཡིན། ཉམས་རྟོགས་འཕྲལ་མར་བསྐྱེད་ཐུབ་པ་དེ་མིན། གདུང་ཤུགས་དྲག་པོས་ཐ་མལ་སྣང་བ་འགོག་ནུས་པ། རིག་པ་བསྒྱུར་ནུས་པ་ཞིག་བྱུང་ན། བྱིན་རླབས་འཕྲལ་དུ་འཇུག །ཉོན་མོངས་པ་གློ་བུར་དུ་འགག །ཡེ་ཤེས་སྐད་ཅིག་གིས་འཕོས། དེ་ལྟ་བུ་ཡང་ཡང་དྲན་པས་རྟག་ཏུ་སྒོམ་པར་འགྲོ། གོམས་པ་ལས་སྐྱོན་ཐམས་ཅད་སྤང་ཞིང་ཡོན་ཏན་ཐམས་ཅད་སྐྱེ་བ་ཡིན། སངས་རྒྱས་དངོས་སུ་མཐོང་བ་མེད་ན། ཕྱོགས་ཞེན་དང་ཕོ་རུས་དང༌། ཡིད་འོང་གི་གདུང་ཤུགས་ཡོད་ཀྱང་ཟག་བཅས་འཇིག་རྟེན་པའི་རྣམ་རྟོག་ཡིན་པས་གྲོལ་མི་ཐུབ། དགེ་བཤེས་ཕལ་པ་དང་གྲུབ་ཐོབ་ཕལ་པར་བརྩི་བའི་དད་པ་ཡང་རྣམ་རྟོག་འཇིག་རྟེན་པ་དེ་ཀ་ཡིན། སྐྱེ་བོ་བླུན་པོས་བླ་མ་སངས་རྒྱས་ཟེར་བ་གཅིག་ཡོད་དེ། དེ་ཡང་མི་ངོ་བཟང་པོ་གཅིག་གམ། ཟས་ནོར་གྱི་ཕན་འདོགས་བྱེད་པ་གཅིག་ལ་སངས་རྒྱས་ཟེར་བས། སངས་རྒྱས་སངས་རྒྱས་ཞེས་པའི་ཚིག་ཙམ་མིན་པ་བློ་རྩེ་གཏད་མཚམས་ཅི་ཡང་མེད། དེ་འདྲ་བས་སེམས་རྒྱུད་གྲོལ་བ་མེད་ལ། དེས་ན་སངས་རྒྱས་ཀྱི་ཡོན་ཏན་ཤེས་ནས། དེ་ཉིད་བླ་མ་ལ་ཚང་བའི་མོས་གུས་དགོས་པ་ཡིན། དེ་ལྟར་བླ་མ་སངས་རྒྱས་སུ་ཤེས་པ་དེ། དམིགས་ཡུལ་འཇིག་རྟེན་ལས་འདས་པའི་མཆོག་སངས་རྒྱས་ལ་དམིགས་པ་ཡིན་པས་ལམ་སྒོམ་པ་ཐམས་ཅད་ཀྱི་སྙིང་པོ་ཡིན། སྤྱིར་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འཇུག །སྒོས་སུ་རང་རེའི་བླ་མ་དེ་ལ་ཞུས་པའི་ཡི་དམ་རྣམས་ཀྱི་བྱིན་རླབས་འཕྲལ་རང་ལ་འཇུག །བཀའ་དྲིན་དྲན་པ་མེད་ན་སྤྱིར་བྱས་པ་མི་བཟོ་ཞིང༌། ངོ་ཚ་ཁྲེལ་མེད་དེ་བྱུར་ཆགས་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན། བསོད་ནམས་དང་དཔལ་དང་གཡང་ལ་སོགས་པ་ཐམས་ཅད་ཕྱགས་མས་བཏབ་པ་བཞིན་ཉམས་འགྲོ། སྒོས་སུ་ཆོས་ཐོབ་པ་དྲིན་དུ་མི་སེམས་པ་དེ། ཆོས་ལའང་རྩིས་མེད་དད་པ་མེད་པ་ཡིན་པས། འབད་པ་བྱས་ཚད་དོན་མེད་དུ་འགྱུར། ཡང་སྒོས་སུ་རྩ་ལྟུང་དང་པོའི་ཞད་ཀྱིས་གོས་པ་ཡིན་ལ། བཀའ་དྲིན་དྲན་པས་དགེ་ལེགས་ཐམས་ཅད་ཀྱི་གཞིར་འགྱུར་ཞིང༌། གུས་པ་ཆེན་པོ་རང་ཤུགས་ཀྱིས་སྐྱེ་བ་ཡིན། དེ་ལྟར་ན་སངས་རྒྱས་སུ་ཤེས་པ། བཀའ་དྲིན་དྲན་པ། གདུང་ཤུགས་དྲག་པ། ཡང་ཡང་མ་བརྗེད་པར་དྲན་པ་སྟེ་ཁྱད་པར་བཞི་དང་ལྡན་པའི་མོས་གུས་ཡོད་ན་མོས་གུས་ཚད་དུ་ཕྱིན་པ་ཞེས་བྱ། དེས་ན་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ། སློབ་མ་དམ་ཚིག་དང་ལྡན་པས་མོས་གུས་དེ་ལྟ་བུའི་སྒོ་ནས་བླ་མ་བསྒོམས་ཤིང་གསོལ་བ་བཏབ་ན། ཐབས་གཞན་མེད་ཀྱང༌། མཆོག་ཐུན་མོང་གི་འདོན་དོན་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་ནོ། །ཞེས་གསུངས་པ་ལྟར་གནད་དུ་ཆེ་ཞིང་ཚོགས་དྲུག་གི་ཡུལ་སྣང་གཟུགས་སྒྲ་སོགས་བཟང་ངན་གང་ཤར་ཡང་ཡུལ་དྲུག་གི་བདུད་རྩི་ཕྱི་རུ་མི་དགག །ནང་དུ་མི་འཛིན། སྣང་ལ་ཞེན་པ་མེད་པས་ལམ་གྱི་གྲོགས་སུ་བསྟེན་ཏེ་ཤེས་པ་གཏད་མེད། སྐྱིད་སྡུག་རོ་སྙོམས། ན་དགའ་ཤི་སྐྱིད། རེ་དོགས་ཆམ་བརྡལ་གྱིས་ཞེན་མེད་རང་གྲོལ་དུ་སྤྱོད། ནང་གི་ཉམས་མྱོང་ལ་དྲོད་ཐོབ་ནས་སྣང་སྲིད་དབང་བསྒྱུར་གྱི་སྤྱོད་པ་སེང་གེ་ལྟ་བུས་དུར་ཁྲོད་དང༌། ལུང་སྟོང་ལ་སོགས་པ་འཇིགས་ལ་ཟིལ་ཆེ་བའི་གནས་ངེས་མེད་དུ་རྒྱུ་ཞིང་རྩེ་གཅིག་ཏུ་བསྒོམས་པས་ལམ་མཐར་ཕྱིན་པར་བསླབ་དགོས་སོ། །བཞི་པ་ཉམས་ལེན་གྱི་གྲོལ་ཚད་བསྟན་པ་ནི། གནས་སྐབས་སྔགས་ཀྱི་དྲོད་ཐོབ་ནས༔ ཚོགས་སྦྱོར་མཐོང་བའི་ལམ་དུ་འགྲོ༔ སྒོམ་པའི་ཉམས་མྱོང་མཐར་ཕྱིན་པས༔ མི་སློབ་འོད་གསལ་ཟུང་འཇུག་སྐུས༔ ཤིན་ཏུ་རྣམ་དག་རྡོ་རྗེ་སེམས༔ ཀུན་བཟང་ཡེ་ཤེས་བླ་མ་ཡི༔ གོ་འཕང་བརྩོན་འགྲུས་སྐལ་པ་བཞིན༔ ཟླ་དྲུག་ལོ་གསུམ་བཅུ་གཉིས་ནས༔ མངོན་དུ་འཐོབ་བྱེད་ཐེག་པའི་རྩེ༔ འབྲས་བུའི་ཐུས་ཀ་བླ་མེད་པའི༔ མཆོག་གི་ཕྲིན་ལས་རྨད་བྱུང་ངོ་༔ ཞེས་པ་ལྟར་མདོ་ཡི་ས་བཅུ་ལམ་ལྔ། སྔགས་མ་ཧཱ་ཡོ་གའི་རིག་འཛིན་རྣམ་པ་བཞི། ཨ་ནུ་ཡོ་གའི་ཚོགས་ལམ་འདུན་པ་སེམས་དཔའ། སྦྱོར་ལམ་རིགས་ཆེན་འབྱེད་པ། མཐོང་ལམ་དབུགས་ཆེན་འབྱིན་པ། སྒོམ་ལམ་ལུང་ཆེན་ཐོབ་པ། མཐར་ལམ་རྩལ་ཆེན་རྫོགས་པ་དང༌། ཕྱག་ཆེན་གྱི་རྣལ་འབྱོར་བཞི་རིམ། རྫོགས་ཆེན་གྱི་སྣང་བཞི་སོགས་དབྱེ་བསྡུ་དུ་མ་གསུངས་ཀྱང་ཐམས་ཅད་ལམ་ལྔའི་སྤངས་རྟོགས་ཀྱིས་བསྡུས་པ་དགོངས་པ་གཅིག་ཏུ་འབབ་པས། ཐོག་མར་སྨིན་གྲོལ་གྱི་གདམས་པས་རྒྱུད་སྣོད་རུང་བྱས་ཏེ་དམ་ཚིག་དག་པས་ཐོས་བསམ་གྱིས་ལམ་ཉམས་སུ་བླངས་ཏེ་ལྟ་སྒོམ་གྱི་དྲོད་ཐོབ་པ་ཚོགས་སྦྱོར་དང༌། སེམས་རིག་ཤན་འབྱེད་ཀྱི་ལྟ་བས་གཞི་བཟུང་ནས་བསྐྱེད་རྫོགས་རྫོགས་ཆེན་གྱི་ལམ་གནད་དུ་འགྲོ་བར་བསླབས་པས་དཔེ་དོན་གྱི་ཡེ་ཤེས་ངོ་འཕྲོད། ལྟ་སྒོམ་གྱི་གདེང་ཐོབ། ས་ལམ་གྱི་དྲོད་རྟགས་མངོན་དུ་གྱུར་པས་སྒོམ་ལམ་གྱི་ཉམས་མྱོང་མཐར་ཕྱིན་ནས་མི་སློབ་འབྲས་བུའི་ཡོན་ཏན་རབ་ཟླ་བ་དྲུག །འབྲིང་ལོ་གསུམ། ཐ་མ་ལོ་བཅུ་གཉིས་ནས་ཀུན་བཟང་ཡེ་ཤེས་བླ་མའི་ས་བརྙེས་ཏེ་ངེས་པར་གྲོལ་བར་རྒྱུད་དང་རིག་འཛིན་གྲུབ་པའི་ཚོགས་ཀྱིས་བསྔགས་པ་དོན་ལ་གནས་པའི་ཟབ་ཆོས་འདི་ལྟ་བུ་ནང་རྒྱུད་ཡོ་ག་གསུམ་གྱི་ཉམས་ལེན་གནད་གཅིག་ཏུ་དྲིལ་བ་ཚིག་ཉུང་དོན་ཟབ་བྱིན་རླབས་ཀྱི་གཟི་བྱིན་འབར་བར་གངས་ཅན་མཁས་གྲུབ་ཡོངས་ཀྱིས་ཚད་མར་བསྔགས་པས་ནོར་བུ་བོར་ནས་མཆིང་བུ་མི་འཚོལ་བར་ཟབ་ཆོས་ལ་ངེས་ཤེས་རྙེད་པ་བསོད་ནམས་སྐལ་བས་ཆུན་པར་རྩེ་གཅིག་ཏུ་ཉམས་སུ་བླངས་ན་དོན་ཆེ་བ་ལྷག་བསམ་གྱིས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པའོ། །ཆོས་རབ་རྣམ་འབྱེད་མཁྱེ༵ན་གཉིས་སྤྱན་སྟོང་བཀྲ། བརྩེ༵་ཆེན་རྡོ་རྗེའི་མཚོན་འཆང་སྙིགས་འགྲོ་སྐྱོང༌། །འཇིགས་བྲལ་ནུས་མཐུ་རྨད་བྱུང་ལྷའི་དབ༵ང་པོ༵། །ཐུབ་བསྟན་ཡོངས་འདུའི་ཚལ་ན་བརྗིད་ལ་འདུད། །མཆོག་གི་ཐུགས་བསྐྱེད་རྣམ་ཐར་ནོར་བུའི་སྤྲིན། །རྒྱལ་བསྟན་འཆི་མེད་ལམ་དུ་དཀྲིགས་པ་ལས། །ཟབ་རྒྱས་ཆོས་ཚུལ་ཡན་ལག་བརྒྱད་པའི་ཆར། །འཇིག་རྟེན་གསུམ་ན་ཀུན་དགའི་དཔྱིད་དུ་འཇོ། །དེ་ཡི་ཆ་ནས་དགོང༵ས་བརྒྱུད་གཏེར་གྱི་དབྱིག །རྒྱུད་ལུང་མན་ངག་གཉིང་ཁུའི་གཟི་བྱིན་ཅན། །སྐལ་བཟང་ཡིད་ཀྱི་ཤིང་རྟ་ཡོངས་གང་བའི། །ངོ་མཚར་ཚངས་ཆེན་ཞིང་ལས་རིན་ཐང་ལྕིད། །འཇམ་མགོན་ཆོས་རྗེ་བདག་གི་འདྲེན་མཆོག་ཏུ། །བསམ་བཞིན་བྱོན་པ་ལུང་རྟོག་ཆོ༵ས་ཀྱི༵་མཛོད། །སྤེལ་དང་སྲུང་ལ་བློ༵་གྲོ༵ས་གཟུངས་སྤོབས་གཏེར། །ཟད་མི་ཤེས་དེའི་གསུང་མཆོག་ལྷའི་རྔ་བོས། །བསྐུལ་ནས་རྡོ་རྗེའི་ཚིག་གི་ཨ་ཤྭ་ཏ། །དད་བརྒྱའི་བློ་ཡི་བདུད་རྩིས་བྲན་དང་བཅས། །འཐད་ལྡན་མཁས་གྲུབ་གོང་མའི་གསུང་བཟང་བཅུད། །ཡིད་འོང་མེ་ཏོག་འབྲས་བུས་མཛེས་པར་བརྒྱན། །དད་དང་ལྷག་བསམ་གཙང་མས་རྒྱུད་བསྐུལ་ཏེ། །རིན་ཆེན་གཏེར་གྱི་མཛོད་སྦུག་ཡིབ་པ་གང༌། །ཤེས་བརྩོན་ལག་པས་སྐལ་བཟང་མཆེད་ཀྱི་ཕྱིར། །སྣང་བར་བྱས་འདི་ལྷ་དང་བླ་མའི་དྲིན། །འདིར་སྣང་སྨིག་རྒྱུའི་ཆུ་རག་བརྩིགས་པ་ཡིས། །རྟག་བྲེལ་ལྟར་སྣང་བསྟན་འཛིན་ཆེན་པོ་རུ། །བརྫུ་བ་རྣམས་ཀྱི་སྤྱན་ཟུང་བྷྲཿམ་རའི། །འབབ་སྟེགས་མཛད་པའི་རེ་བ་བདག་ལ་མེད། །རང་ཉིད་ཆོས་འདིའི་སྐལ་བ་མ་ཆད་ཅིང༌། །འཇམ་མགོན་ཉི་ཟླའི་བཀའ་དྲིན་རྗེས་གསོ་ཕྱིར། །རྗེ་བཙུན་ཆོས་རྗེའི་ཕྲིན་ལས་ཞབས་ཏོག་ཏུ། །མཛུབ་མགོའི་མཆོད་པ་དད་དང་སྤྲོ་བས་བྱས། །དེང་སང་ཐེག་མཆོག་ཆོས་ལ་མོས་པ་མང༌། །གཏེར་ཆེན་བླ་མའི་རྫོགས་ཆེན་ཟབ་རྒྱས་བཅུད། །བརྒྱུད་ཐག་ཉེ་ཞིང་བྱིན་རླབས་གཟི་འབར་བ། །འདི་ཞེས་གུས་པའི་སོར་རྩེར་བསྒྲེང་བ་ཙམ། །ལེགས་བྱས་སྐྱ་རེངས་དང་པོས་བསུས་པ་ཡིས། །ཡོངས་རྫོགས་བསྟན་པའི་ཉིན་བྱེད་འཆར་བ་འདིས། །བདག་རྒྱུད་སྒྲིབ་བྱང་ཐར་གྲོལ་སྟེང་འཐུང་བཞད། །ཀུན་མཁྱེན་དགྱེས་པའི་སྣང་བས་སྐྱོང་གྱུར་ཅིག །རྣམ་གཡེང་འདུ་འཛི་མེད་པའི་དབེན་པ་བསྟེན། །སྒོ་གསུམ་སྤྱོད་པས་གཞན་ཕན་བསྟན་འགྲོ་སྐྱོང༌། །འཕོ་ཆེན་རྡོ་རྗེའི་ཡེ་ཤེས་སྐུ་བརྙེས་པ། །ཐེག་མཆོག་ཤིང་རྟ་རྣམ་གསུམ་ལྟར་གྱུར་ཅིག །ཚེ་རབས་ཀུན་ཏུ་དམ་ཆོས་འཚོལ་ཞིང་སྤེལ། །རིས་མེད་རྒྱལ་བསྟན་ཀུན་ལ་གུས་ཤིང་དད། །ཆོས་བཞིན་སྤྱོད་པས་མཐོང་ཐོས་དྲན་རེག་གྲོལ། །འཇམ་མགོན་ཆོས་ཀྱི་རྒྱལ་པོ་ལྟར་གྱུར་ཅིག །ཚུལ་འདི་ཐོས་བསམ་ཉམས་སུ་ལེན་པ་ཀུན། །གདོད་མའི་གྲོལ་གཞིར་རྟེན་འདིར་སྙོགས་པ་ཡིས། །གྲོལ་བ་དྲུག་གི་ཕྲིན་ལས་མཁའ་ཁྱབ་ཏུ། །བརྡལ་བའི་ངོ་མཚར་མངོན་སུམ་སྤྱོད་པར་ཤོག །བཀྲ་ཤིས་རྨད་བྱུང་མཆོག་ཏུ་མི་འགྱུར་བདེ་ཆེན་དབྱིངས། །བཀྲ་ཤིས་སྐུ་གསུམ་སྒྱུ་འཕྲུལ་སྤྲིན་ལས་མཁྱེན་བརྩེའི་ཆར། །བཀྲ་ཤིས་འགྲོ་རྒྱུད་རྣམ་གྲོལ་སྙེ་མ་གཡུར་ཟ་བས། །བཀྲ་ཤིས་རྒྱལ་བསྟན་རྫོགས་ལྡན་དགའ་སྟོན་དཔལ་འབར་ཤོག །ཅེས་ཀུན་གཟིགས་འཇམ་པའི་རྡོ་རྗེའི་དགོངས་གཏེར་རྒྱུད་ལུང་མན་ངག་གི་ཟབ་ལམ་ཡོངས་སུ་རྫོགས་པ་འདི་ལ་ཁྲིད་ཡིག་ཞིག་བྱུང་ན་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་མཆོག་རོང་རྨེ་དཀར་མོ་སྟག་ཚང་གི་སྒྲུབ་སྡེ་སོགས་ཉམས་ལེན་བྱེད་འདོད་ཀུན་ལ་ཉེར་མཁོ་ཤིན་ཏུ་གལ་ཆེ་བ་ཡོད་ཅེས་དྲན་པས་གདུང་སེལ་ཁྱབ་བདག་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་འོག་མིན་བླ་མའི་གདན་ས་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཟིམ་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཐོག་མར་སོན་པའི་སྐབས་སྨིན་གྲོལ་ཞིབ་རྒྱས་སུ་དགྱེས་བཞིན་བསྩལ་བ་དང་ཆབས་ཅིག་སྐུ་གསུང་ཐུགས་རྟེན། འཇམ་མགོན་གོང་མའི་ཕྱག་ཤོག་བྲིས་གཞི། སྣག་བུམ་བཅུད་ལྡན། སྨྱུ་གུ་བཅས་བསྩལ་བ་བཞིན་རང་གིས་ཀྱང་བསྙེན་སྒྲུབ་ཀྱི་འབྲེལ་འཇོག་དང་བཅས་རང་བློས་གང་དཔོག་བླ་མའི་ཞལ་རྒྱུན་ལྟར་བྲིས་ཏེ་སྤྱན་འབེབས་ཞུས་པ་དགྱེས་པ་ཆེན་པོས་དབུགས་དབྱུང་དང་ཆབས་ཅིག་སྤར་དུ་འགོད་པར་གསུངས་ཀྱང༌། དུས་ཀྱི་འགྱུར་བ་མི་བསྲུན་པས་རྩོམ་གཞིའི་དཔེ་ཡང་བརླག །ཚེ་མཇུག་རྒྱ་གར་དུ་རྐང་འཁྱམས་ཏེ་ལྷོ་འབྲུག་ཆོས་ལྡན་གྱི་རྒྱལ་ཁབ་ཏུ་བག་ཕེབས་པའི་སྐབས་དཔལ་མགོན་བླ་མ་རིན་པོ་ཆེའི་བཀའ་རྗེས་སུ་སྒྲུབ་སླད་སླར་ཡང་བློ་གྲོས་ཅུང་ཟད་སྨིན་པས་ཞིབ་རྒྱས་སུ་བྲིས་པ་དང༌། ཉིང་འཁྲུལ་དུ་རྣམ་འདྲེན་དྷརྨ་མ་ཏི་དགྱེས་མཇལ་གྱིས་དད་དང་སྤྲོ་བས་དབུགས་དབྱུང་བཞིན་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་རིན་ཆེན་གཏེར་མཛོད་ཆེན་པོའི་དབང་ཆིངས་དང་གོ་བསྡུར་ཞུས་ཏེ་མཐར་ཆགས་སུ་སྤེལ་བ་པོ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་དབྱར་བསིལ་དགུན་སྤྲོ་བའི་སྨན་ལྗོངས་ཉུལ་བཞིན་བྲིས་པ་ཡི་གེ་གཉིས་པའི་མཐུན་འགྱུར་ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་གི་ལྔ་རིག་སྨྲ་བའི་ཤཱཀྱའི་དགེ་སློང་ངག་དབང་མཆོག་ལེགས་ནས་མཛད་པ་འདིས་ཀྱང་ཐེག་མཆོག་རྡོ་རྗེ་སྙིང་པོའི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །། | {{TibP|འཕགས་མའི་སྙིང་ཐིག་གི་ཆ་ལག་བི་མའི་བླ་སྒྲུབ་བྱིན་རླབས་སྙིང་པོའི་ལམ་ཡོངས་རྫོགས་ཀྱི་ཁྲིད་ཡིག་བྱིན་རླབས་བདུད་རྩིའི་སྣང་བ་ཞེས་བྱ་བ་བཞུགས་སོ། །ཀ་དག་ཀུན་བཟང་དགོངས་ཀློང་མངོན་གྱུར་རིག་རྩལ་དབང་ཐོབ་ཤྲཱི་སིངྷ། །འོད་གསལ་ལྷུན་གྲུབ་ཞི་ཁྲོའི་ཁྱབ་བདག་ཕྱག་རྒྱ་རྒྱ་ཆེན་བི་མ་ལ། །ཟུང་འཇུག་རྩ་གསུམ་ཡོངས་ཀྱི་སྤྱི་དཔལ་མཚོ་སྐྱེས་བླ་མ་སངས་རྒྱས་དངོས། །དབྱེར་མེད་འོད་གསལ་སྤྲུལ་པའི་རྡོ་རྗེ་མཁྱེན་བརྩེའི་དབང་པོ་རྒྱལ་གྱུར་ཅིག །དག་ཆེན་ཡེ་ཤེས་རོལ་པའི་གསང་མཛོད་ནས། །ཟབ་རྒྱས་བཀའ་བབས་རིན་ཆེན་བདུན་གྱི་དབྱིག །ཐུབ་བསྟན་ཡོངས་རྫོགས་ཤིང་རྟས་ཉེར་དྲངས་བཞིན། །དད་བརྩོན་རྒྱལ་མཚན་རྩེ་མོར་གུས་པས་མཆོད། །དེ་ལ་འདིར་སྙིགས་མའི་དུས་འདིར་སངས་རྒྱས་དངོས་དང་ཞལ་མི་གཉིས་པའི་འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་འཕགས་བོད་ཀྱི་མཁས་གྲུབ་ཀུན་ལས་ཁྱད་པར་དུ་འཕགས་པའི་རྣམ་ཐར་བཀའ་བབས་ཆེན་པོ་བདུན་དུ་བཞུགས་པའི་བཞི་པ། ཟབ་མོ་དགོངས་པའི་གཏེར་གྱི་ཡང་བཅུད་འཆི་མེད་འཕགས་མའི་སྙིང་ཐིག་ཅེས་རྩ་བ་གསུམ་གྱི་ཆོས་སྐོར་ཟབ་ཅིང་རྒྱ་ཆེར་བཞུགས་པ་ལས། རིག་འཛིན་ཤྲཱི་སིངྷ། པཎ་ཆེན་བི་མ་ལ་མི་ཏྲ། བདེ་བ་ཆེན་པོ་མཚོ་སྐྱེས་རྡོ་རྗེ་གསུམ་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་ཐབས་བླ་སྒྲུབ་བྱིན་རླབས་སྙིང་པོ་ཞེས་བསྐྱེད་རྫོགས་ཆེན་དང་བཅས་པའི་ལམ་རྫོགས་པར་སྟོན་པའི་མན་ངག་ཁྲིད་ཀྱི་རིམ་པ་ཉིད་འཆད་པ་ལ། དང་པོ་མཐུན་རྐྱེན་ཚོགས་པས་གདམས་ངག་གི་སྒྲོམ་དུ་གཞུག་པ་ནི་གཞུང་ཉིད་ལས་ཀྱང༌། བྱིན་རླབས་ཟིལ་ལྡན་གནས་མཆོག་ཏུ༔ བསྙེན་རྫོགས་རྟགས་ལྡན་རྣལ་འབྱོར་པས༔ སྣོད་ལྡན་སློབ་མ་རྗེས་བཟུང་སླད༔ ཞེས་སོགས་དངོས་ཤུགས་ཀྱི་བསྟན་པ་ལྟར་རང་བཞིན་རྫོགས་པ་ཆེན་པོ་ཉམས་སུ་ལེན་པའི་གང་ཟག་ལ་མཐུན་རྐྱེན་མེད་དུ་མི་རུང་བ་བསྟེན་བྱ་སློབ་དཔོན་དང༌། བསྟེན་ཡུལ་སློབ་མ་མཚན་ཉིད་བཟང་པོ་ཚོགས་པས། ཚུལ་དང་མཐུན་པར་བསྟེན་ཏེ་གདམས་ངག་གི་སྣོད་དུ་གྱུར་པ་དེས་ཉམས་སུ་ལེན་པའི་གནས། དུས། ཡོ་བྱད། གྲོགས་རྣམས་གཞུང་དང་མཐུན་པར་བྱ་བའི་ཚུལ་རྒྱུད་ཨ་ཏི་བཀོད་པ་ཆེན་པོ་སོགས་དང༌། སྙིང་ཐིག་མ་བུ་སོགས་མན་ངག་གི་ཡི་གེ་ལས་རྒྱས་པར་འབྱུང་བ་ལྟར་ཚོགས་པར་བྱས་ཏེ་གཞི་བཟུང་ནས། དངོས་གཞིའི་གདམས་ངག་ཁྲིད་ཀྱི་ལུགས་སུ་འཆད་པ་ལ། ལོ་རྒྱུས་བརྗོད་པས་ངེས་ཤེས་བསྐྱེད་པ། དབང་གི་སྒོ་ནས་སྨིན་པར་བྱེད་པ། གདམས་ངག་གི་སྒོ་ནས་གྲོལ་བར་བྱེད་པ་ཁྲིད། སྨིན་གྲོལ་མཐར་ཕྱིན་པ་འབྲས་བུ། ཉམས་ལེན་གྱི་དབྱེ་བསྡུའི་ཁྱད་པར་སྤྱི་གནད་དང་བཅས་པས་མཇུག་བསྡུ་བ་དང་ལྔ་ལས། དང་པོ་ལ་གཉིས། སྔོན་ཇི་ལྟར་བྱུང་བས་བསྟན་པ་སྤྱིའི་བབ་ལུགས། ཕྱིས་གང་ལྟར་བྱུང་བས་ཟབ་ལམ་གྱི་ཁུངས་བཤད་པས་ཡིད་ཆེས་བསྐྱེད་པའོ། །དང་པོ་ནི། གཏེར་གཞུང་རྡོ་རྗེ་ཚིག་རྐང་ལས། དེ་ཡང་འོག་མིན་གནས་མཆོག་ཏུ༔ ཀུན་བཟང་ཆེ་མཆོག་ཧེ་རུ་ཀས༔ ཆོས་ཉིད་རང་སྒྲས་གསང་ཆེན་རྒྱུད༔ བསམ་ཡས་ཆོས་ཆར་འཆད་མེད་པ༔ རྡོ་རྗེ་སེམས་དཔའ་གསང་བའི་བདག༔ ལས་ཀྱི་དབང་མོ་ལ་སོགས་པས༔ ལེགས་པར་བསྡུས་ཤིང་ལུང་གིས་བཀྲོལ༔ འཛམ་གླིང་སྐལ་ལྡན་རྒྱལ་པོ་ཛཿ དགའ་རབ་རྡོ་རྗེ་རིག་འཛིན་བརྒྱད༔ སློབ་དཔོན་པདྨ་སམྦྷ་སོགས༔ སྒྲུབ་པ་རྣམས་ལ་བཀའ་བབ་པ༔ མན་ངག་དགོངས་པས་རྒྱ་ཆེར་བཀྲལ༔ ཀུན་གྱི་མཐར་ཐུག་རྫོགས་པ་ཆེ༔ རིག་རྩལ་དབང་ཐོབ་ཤྲཱི་སིངྷས༔ པད་འབྱུང་བི་མ་བཻ་རོ་ལ༔ བརྡ་དང་ཚིག་གིས་བསྟན་པ་ཉིད༔ གངས་ཅན་ཡུལ་དུ་རྒྱལ་པོའི་རིགས༔ སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན༔ ཞེས་པའི་ལུང་བསྟན་མངོན་གྱུར་ནས༔ མངའ་བདག་ཡབ་སྲས་ལ་སོགས་པའི༔ སྣོད་ལྡན་སྐལ་ལྡན་དབང་རྣོན་ལ༔ སློབ་དཔོན་གསུམ་གྱིས་དུས་གཅིག་བསྟན༔ ཞེས་གསུང་པ་ལྟར་ཆོས་ཉིད་བྱ་རྩོལ་དང་བྲལ་བའི་དབྱིངས་སུ་ཆོས་སྐུ་ཀུན་ཏུ་བཟང་པོ་ཁྱད་པར་དྲུག་གི་སངས་རྒྱས་ནས། ཡེ་ཤེས་རིག་ལྔའི་ཞིང་དང་སྐུ་ཡི་བཀོད་པ། ཞི་ཁྲོ་རབ་འབྱམས་ཆོས་ཀྱི་དབྱིངས་རྒྱས་པར་གང་བ་བཀོད་ནས་ཉིད་ལས་མི་གཞན་པའི་འཁོར་ལ་གསང་ཆེན་རྡོ་རྗེའི་རྒྱུད་ཀྱི་ཆོས་འཁོར་དུས་བཞི་མཉམ་ཉིད་ཆེན་པོར་བསྐོར་བའི་ཐུགས་རྗེའི་རྩལ་གདུལ་བྱའི་ཡུལ་ལ་འཇུག་པའི་དུས་ལ་བབ་པའི་ཚེ། འཛམ་བུའི་གླིང་རྡོ་རྗེའི་ཁམས་དྲུག་གིས་ཁྱད་པར་དུ་བྱས་པའི་གསང་ཆེན་ཟབ་མོའི་ལམ་གྱི་སྣོད་དུུ་རུང་བ་མི་ཡི་ལུས་ལས་དབང་རྣོན་རིན་ཆེན་ལྟ་བུའི་རིགས་སྦྱངས་པ་སྔོན་སོང་གི་སྐལ་ལྡན་རྒྱལ་པོ་ཛཿའམ་ཨིནྡྲ་བྷཱུ་ཏི་ལ་རྡོ་རྗེ་སེམས་དཔའམ་གསང་བའི་བདག་པོའི་ཏནྟྲ་གླེགས་བམ་གྱི་དབང་ཐོབ། སློབ་དཔོན་སངས་རྒྱས་གསང་བ་དང༌། པཎ་ཆེན་བི་མ་ལ་མི་ཏྲ་ལ་དགེ་བའི་བཤེས་གཉེན་གྱི་དབང་ཐོབ། རིག་འཛིན་དགའ་རབ་རྡོ་རྗེ་དང་བཀའ་བབ་རིག་འཛིན་བརྒྱད་ལ་ཡི་དམ་ལྷའི་ཕྱག་རྒྱའི་དབང་ཐོབ། རིག་འཛིན་ཤྲཱི་སིངྷ་དང་གུ་རུ་རིན་པོ་ཆེ་ལ་རིག་པ་རྩལ་གྱི་དབང་ཐོབ་པ་དང༌། བྱིན་རླབས་དབང་གི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། སྙན་བརྒྱུད་གདམས་ངག་གི་ཆུ་བོ་གནད་ཡིག་དམར་ཁྲིད་དང་བཅས་པ། དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊི་ཀ་སྟོང་ཐུན་དང་བཅས་པ། ཕྱག་བཞེས་སྒྲུབ་ཕྲིན་གྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པ་སྟེ། སྔ་འགྱུར་ཆུ་བོ་བཞིའི་དབང་གི་བཀའ་བབས་པས་མཚོན་རྒྱུད་དང་སྒྲུབ་སྡེའི་རྒྱུད་ལུང་མན་ངག་གི་གསང་བ་ཟབ་མོའི་དོན་ཐང་མར་བརྡལ་བས་འཛམ་གླིང་ཡངས་པའི་ཐ་གྲུར་དངོས་གྲུབ་ཀྱི་གསང་མཛོད་བརྡོལ་བས་གྲུབ་པ་དང་རིག་འཛིན་མཐའ་ཀླས་པར་བྱོན་པ་ལས། དེ་དག་ཀུན་ལས་གསུང་རྡོ་རྗེའི་གྲུབ་པ་བརྙེས་པའི་ཁྱུ་མཆོག་གི་ཚུལ་འཛིན་པ་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་ལ་དབང་གི་ཆུ་བོ་བཞིའི་བཀའ་བབ་ཀྱི་རྒྱུན་གཅིག་ཏུ་འདུས་པས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཧེ་རུ་ཀ་དངོས་དང་ཞལ་མི་གཉིས་པའི་དབང་གིས། གངས་རིའི་ཁྲོད་ཀྱི་གདུལ་བྱའི་སྐལ་བར་ཕེབས་པ་དང་དུས་མཚུངས་པར་པཎ་ཆེན་བི་མ་ལ་ཡང་བོད་དུ་ཕེབས་པ་དང༌། ལོ་ཆེན་བཻ་རོ་ཙ་ནས་རིག་འཛིན་ཤྲཱི་སིངྷ། བི་མ། པད་འབྱུང་སྟེ་སློབ་དཔོན་རྣམ་གསུམ་གྱི་གདམས་ངག་ཉམས་འོག་ཏུ་ཆུད་པར་མཛད་པའི་སྨིན་གྲོལ་མན་ངག་གི་གསང་བ་རྣམས། རྗེ་འབངས་སྙིང་གི་བུ་མཆོག་མངའ་བདག་ཆོས་ཀྱི་རྒྱལ་པོ་ཡབ་སྲས་དང༌། རྡོ་རྗེ་ཐུགས་ཀྱི་གཟུངས་མ་མཁར་ཆེན་བཟའ་རྣམས་ལ་གཙོ་བོར་སྤེལ་བས་རྒྱ་གར་འཕགས་ཡུལ་ལས་ཀྱང་ལྷག་པའི་གསང་སྔགས་བླ་མེད་ཀྱི་བསྟན་པ་སྤྱི་དང༌། ཁྱད་པར་མན་ངག་རྫོགས་པ་ཆེན་པོའི་བཀའ་སྲོལ་རྣམ་པ་གསུམ་དུ་གྱུར་ནས་འཇའ་ལུས་རྡོ་རྗེའི་གྲུབ་མཐའ་བརྙེས་པ་བགྲངས་ཡས་པ་བྱོན་དང་འབྱོན་འགྱུར་བྱོན་བཞིན་པའི་སྐལ་བཟང་མཚུངས་ཟླ་མེད་པ་མངོན་དུ་གྱུར་པ་ཡོངས་སུ་གྲགས་བཞིན་པ་ལས་པཎ་ཆེན་བི་མ་ལ་ནི་ཉང་ཏིང་འཛིན་བཟང་པོས་ལུང་བསྟན་པ་བཞིན་རྨ་རིན་ཆེན་མཆོག །ཅོག་རོ་ཀླུའི་རྒྱལ་མཚན། སྐ་བ་དཔལ་བརྩེགས་གསུམ་གྱིས་སྤྱན་དྲངས་ནས་བོད་དུ་ཆོས་རྒྱལ་ཁྲི་སྲོང་དང༌། ལོ་ཆེན་བཻ་རོ། ཉང་ཏིང་འཛིན་བཟང་པོ་སོགས་ལ་རྫོགས་པ་ཆེན་པོ་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་ཆོས་རྒྱ་ཆེར་བསྟན། ལོ་བརྒྱ་རེའི་མཚམས་སྤྲུལ་པ་རེ་འབྱོན་པས་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་སྤེལ་བར་ཞལ་གྱིས་བཞེས། དགེ་བའི་བཤེས་གཉེན་གྱི་དབང་ཐོབ་པས་འཕགས་བོད་ཀྱི་མཁས་གྲུབ་ཀུན་གྱི་བླ་མར་གྱུར། ད་ལྟའང་སྐུ་དངོས་རྒྱ་ནག་རི་བོ་རྩེ་ལྔར་བཞུགས། བསྐལ་པ་མ་སྟོང་གི་བར་དེར་བཞུགས་ནས་ཞིང་འདི་སྡུད་པའི་ཚེ་སླར་རྒྱ་གར་རྡོ་རྗེ་གདན་དུ་སྐུ་འོད་ཕུང་དུ་ཡལ་བར་གསུངས། བོད་དུ་བི་མ་ལ་བདུན་བརྒྱུད་དང༌། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། ལྷ་བཙུན་ཆེན་པོ། འཇིགས་མེད་གླིང་པ་སོགས་དུ་མ་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་དགོངས་ཀློང་ཚད་ལ་ཕེབས་པ་སོགས་ཐུགས་རྗེ་ཚད་མེད། རིག་འཛིན་ཤྲཱི་སིངྷ་ནི་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་བསྟན་པའི་བདག་པོར་བྱོན། རིག་པ་རྩལ་གྱི་དབང་ཐོབ་པས་སྣང་སྲིད་འདོད་དགུར་བསྒྱུར་བའི་འཇིགས་བྲལ་ཧེ་རུ་ཀའི་བརྟུལ་ཞུགས་མཚུངས་པ་མེད། སློབ་དཔོན་སངས་རྒྱས་གཉིས་པ། མཁས་པ་ཛྙཱ་ན་སུ་ཏྲ། པཎ་ཆེན་བི་མ་ལ། ལོ་ཆེན་བཻ་རོ་སོགས་མཁས་གྲུབ་ཆེན་པོ་རྣམས་ལ་ཟབ་གསང་རྫོགས་པ་ཆེན་པོའི་ཆོས་ཀྱིས་འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་པར་མཛད་པས་གསུངས་རྡོ་རྗེའི་རིག་པ་འཛིན་པའི་སྐུར་བཞེངས་པ་རྒྱལ་དབང་པདྨ་སཾ་བྷ་བས་ཀྱང་རིགས་ཀྱི་བདག་པོའི་མཆོག་ཏུ་མཛད། ཨོ་རྒྱན་སངས་རྒྱས་གཉིས་པ་ནི་ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་དང་ཕྲིན་ལས་གཅིག་ཏུ་རྫོགས། རྣམ་ཐར་གྱི་གསང་བ་བསམ་གྱིས་མི་ཁྱབ་པ་མངའ་ཞིང༌། ལྷག་པར་གངས་ཅན་གྱི་སྐྱེ་འགྲོ་ལ་སངས་རྒྱས་ལས་ཀྱང་ལྷག་པའི་བཀའ་དྲིན་གྱིས་རྗེས་སུ་བསྐྱངས། དུས་གསུམ་ཀུན་ཏུ་ཕྲིན་ལས་རྒྱུན་མི་ཆད་པའི་མགོན་པོ་གཅིག་པུ་སྟེ་སློབ་དཔོན་འདི་གསུམ་གྱི་རྣམ་ཐར་སྨོས་པས་འཕགས་བོད་ཀྱི་རྡོ་རྗེ་ཐེག་པའི་གཙོ་བོ་ནང་རྒྱུད་སྡེ་གསུམ་གྱི་བསྟན་པ་འདི་གསུམ་ལས་མ་འཕྲོས་པ་མེད་པས་སྔགས་རྒྱུད་རྒྱ་མཚོའི་བསྟན་པའི་བབ་སོ་མཚོན་པ་སྟེ། དེས་ན་ཆོས་ཚུལ་འདི་ནི་རིག་འཛིན་རྩལ་འཆང་ཆེན་པོ་དེ་གསུམ་གྱི་ཐུགས་ཏིག་འོད་གསལ་རྫོགས་པ་ཆེན་པོའི་གདམས་ངག་ཟབ་དགུའི་ཉིང་ཁུར་དྲིལ་ནས་བསྟན་པའི་ལམ་གྱི་ཡན་ལག་ཏུ་རིག་འཛིན་བླ་མ་སྒྲུབ་པའི་ཐབས་ཀྱི་སྨིན་གྲོལ་བསྐྱེད་རྫོགས་དང་བཅས་པ་བསྟན་པའོ། | ||
།གཉིས་པ་ཕྱིས་གང་ལྟར་བྱུང་བ་ནི། གཞུང་ལས། དེ་ཉིད་མ་འོངས་གདུལ་བྱའི་ཆེད༔ རྒྱས་འབྲིང་བསྡུས་དང་སྙིང་པོ་ཡི༔ སྐོར་ཚོ་རྣམ་པ་བཞི་རུ་དྲིལ༔ རྒྱས་པ་ལྷོ་བྲག་དཀྱིལ་དང་ནི༔ འབྲིང་པོ་ལྷོ་མོན་ཕྱོགས་སུ་སྦས༔ བསྡུས་པ་གནམ་ལྕགས་བྲག་ལ་གཏམས༔ བདུད་འཇོམས་བཻ་རོའི་སྤྲུལ་པས་འདོན༔ སྙིང་པོ་ཡོ་ག་གསུམ་གྱི་བཅུད༔ གཞན་ལས་ཟབ་འདྲིལ་རྡོ་རྗེའི་ཚིག༔ ཀློང་ལྔ་དབྱིངས་ཀྱི་སྒྲོམ་བུ་ནས༔ རིག་པ་རང་བྱུང་བརྡས་མཚོན་ཏེ༔ སྐལ་ལྡན་རྒྱུད་ལ་འཕོ་བར་བྱས༔ དེ་ཉིད་ཕྱི་མ་ཕྱི་མའི་དུས༔ རྣལ་འབྱོར་ནང་གི་གསང་བ་ཆེ༔ དར་ལ་མ་སྨིན་འཆལ་ནས་ཀྱང་༔ ཐ་སྙད་སྒྲ་ཕྱིར་འབྲངས་པ་ཡིས༔ དངོས་གྲུབ་བརྙེས་པ་ཆེས་དཀོན་ཚེ༔ པད་འབྱུང་བི་མས་བྱིན་བརླབས་པ༔ མངའ་བདག་ཆེན་པོའི་གསུང་གི་སྤྲུལ༔ འཇམ་དཔལ་ཆོས་ཀྱི་བཤེས་གཉེན་ནམ༔ འོད་གསལ་སྤྲུལ་པའི་རྡོ་རྗེ་ཞེས༔ སྐལ་ལྡན་གཅིག་ཅར་རིགས་ཅན་ཞིག༔ མདོ་ཁམས་བར་གྱི་མཐིལ་དུ་འབྱུང༔ ཆུང་ནས་སྙིང་པོའི་དོན་དང་ནི༔ ལྷག་པར་པད་འབྱུང་བི་མ་ལའི༔ བཀའ་སྲོལ་ཟོལ་མེད་ཁོ་ནར་དད༔ བསྟན་པ་ཡོངས་ལ་ལྷག་བསམ་གྱིས༔ བཤད་སྒྲུབ་དྲི་མེད་འཕེལ་འདོད་པས༔ ཉིན་མཚན་ཆོས་ཀྱི་སྣང་བས་འདའ༔ ཚད་མའི་བསྟན་དང་སྟོན་པ་དག༔ ཡིད་ལ་དྲན་པ་ཙམ་གྱིས་ཀྱང་༔ སྣང་བ་འགྱུར་ཞིང་བ་སྤུ་གཟིངས༔ མཆི་མ་འཁྲུགས་པའི་གདུང་ཤུགས་ཀྱིས༔ སྐལ་བ་བཟང་པོའི་རིགས་སད་མཐུས༔ རིག་འཛིན་ལྷ་དང་མཁའ་འགྲོས་ཀྱང༔ སྐྱེས་བུ་དེ་ལ་མཁྱེན་ཅིང་དགོངས༔ རྒྱ་ཆེན་བཀ༵འ་དང་ཟབ་མོའི་གཏེར༔ ས༵་གཏེར་དངོས་དང་ཡ༵ང་གཏེར་དང༔ ཤིན་ཏུ་ཡང་ཟབ་དགོང༵ས་པའི་གཏེར༔ དག༵་སྣང་སྙན༵་བརྒྱུད་རྗེས༵་དྲན་ཏེ༔ བཀའ་བབས་བདུན་གྱིས་དབུགས་འབྱིན་བྱེད༔ དེ་ཚེ་འཇམ་དཔལ་བཤེས་གཉེན་དང་༔ པདྨ་འབྱུང་གནས་བི་མ་ལས༔ ཡང་ཡང་བྱིན་བརླབས་མཚམས་སྦྱར་ནས༔ རིག་འཛིན་གསུམ་གྱི་སྙིང་ཏིག་འདི༔ དགོངས་པའི་གཏེར་ལས་བརྡོལ་བའི་དུས༔ བདག་ཉིད་ཆེན་པོ་བི་མ་ལར༔ གསོལ་གདབ་ཐུགས་ཡིད་དབྱེར་མེད་བསྲེས༔ གང་ཤར་མ་བཅོས་གཏན་ལ་ཕོབ༔ བྱིན་རླབས་རྩོལ་མེད་ངང་གིས་འབྱུང་༔ དངོས་གྲུབ་དཀའ་བ་མེད་པར་ཐོབ༔ འབྲེལ་ཚད་དོན་ལྡན་ཆེན་པོར་འགྱུར༔ དེ་བས་རང་ཉམས་རྩེ་གཅིག་ལོངས༔ རིང་དུ་གསང་བས་རྒྱས་བཏབ་ནས༔ ནམ་ཞིག་རྟེན་འབྲེལ་དུས་བབ་ན༔ ཡིད་ཆེས་མོས་གུས་བརྩོན་འགྲུས་ཅན༔ སྐལ་ལྡན་དོན་གཉེར་རྣམས་ལ་སྟོན༔ ཁྱད་པར་ད་ལྟའི་རྗེ་འབངས་གྲོགས༔ སྤྲུལ་བསྒྱུར་སྦས་མངོན་ཅི་རིགས་པ༔ མཐའ་དབུས་མ་ངེས་འབྱུང་བ་ལ༔ རང་གི་ཡིད་ཀྱིས་དཔྱོད་པ་དང་༔ མཁའ་འགྲོའི་ལུང་གིས་སྐབས་དབྱེ་ཚེ༔ རིམ་གྱིས་སྤེལ་བས་དོན་ཡོད་འགྱུར༔ ཞེས་གསུངས་པ་ལྟར། འཕགས་བོད་ཀྱི་སློབ་དཔོན་ཆེན་པོ་རྣམ་པ་གསུམ་གྱི་དགོངས་བཅུད། ནང་རྒྱུད་ཡོ་ག་གསུམ་གྱི་ཁུངས་དང་འབྲེལ་བའི་གདམས་པ་ཤིན་ཏུ་ཟབ་པའི་ཉིང་ཁུ། ལུང་ལས་བཤད་པའི་བསྐྱེད་རྫོགས་མན་ངག་སྤྱི་ཡི་ཉམས་ལེན་གཞུང་གཅིག་ཏུ་འདུས་པ་དང༌། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་སྡེ་གསུམ་ཀའི་གནད་ཀྱི་དགོངས་པ་ཐུན་མོང་མ་ཡིན་པ་དམར་ཁྲིད་ལག་ལེན་རྩལ་དུ་སྟོན་པའི་རིག་འཛིན་རྣམ་གསུམ་གྱི་ཐུགས་ཏིག་མཆོག་ལ་གདམས་སྐོར་རྒྱས་འབྲིང་བསྡུས་པ་ཡང་བཅུད་སྙིང་པོར་དྲིལ་བ་བཅས་སྐོར་ཚོ་རྣམ་པ་བཞིར་ཕྱེས་ནས་གཏེར་ཁ་སོ་སོར་སྦས་པ། དང་པོ་རིག་འཛིན་རྒོད་ལྡེམ་གྱི་ཟབ་གཏེར་རྫོགས་ཆེན་དགོངས་པ་ཟང་ཐལ། གཉིས་པ་རྒྱལ་སྲས་རྡོ་རྗེ་གླིང་པའི་རྫོགས་ཆེན་ཧཱུྃ་སྐོར་སྙིང་ཐིག །གསུམ་པ་ཨོ་རྒྱན་གཏེར་བདག་གླིང་པས་ཨ་ཏི་ཟབ་དོན་སྙིང་པོ་རྣམས་རིམ་པར་བཏོན་ནས་འགྲོ་དོན་རྒྱ་ཆེན་མཛད་པས་ད་ལྟའང་སྨིན་གྲོལ་གྱི་རྒྱུན་མ་ཉམས་པར་བཞུགས་བཞིན་པ་ལ་སྙིང་པོ་བཅུད་དྲིལ་འདི་ནི་སྤྱིར་བྱིན་རླབས་ཀྱི་རྩ་བ་རིག་འཛིན་བླ་མའི་ཐུགས་སྒྲུབ་སྟེ། མན་ངག་ངེས་པའི་དབང་གིས་སྒྲུབ་སྡེ་ཆེན་པོ་བརྒྱད་ལས་བདུད་རྩི་ཡོན་ཏན་གྱི་སྒྲུབ་བཀའ་རུ་གཏོགས་ཤིང༌། མཐར་ཐུག་རྫོགས་རིམ་གྱི་གནད་གཟེར་འོད་གསལ་རྫོགས་པ་ཆེན་པོ་མན་ངག་གི་སྡེ་ཟབ་རྒྱས་སུ་བསྟན་པ་གང༌། རྩོད་དུས་ཀྱི་རྒུད་པས་རྡོ་རྗེ་ཐེག་པ་དོན་གྱི་བསྟན་པ་དར་ལ་མ་སྨིན་པས་རིག་པ་འཛིན་པའི་ས་བརྙེས་པས་དངོས་གྲུབ་ལ་དབང་ཐོབ་པ་ཤིན་ཏུ་དཀོན་ཞིང༌། གཏེར་རྙིང་ཕལ་མོ་ཆེའི་འབྲས་བུ་དང་སྒྲུབ་པའི་དུས་ཡོལ་ཏེ་ལྟ་སྒོམ་གྱི་ཐ་སྙད་སྒྲ་ཕྱིར་འབྲང་བ་ལས་དོན་ལ་ངེས་པ་རྙེད་པ་ཉིན་སྐར་ལྟར་གྱུར་པའི་ཚེ་པཎ་གྲུབ་ལྔ་རྒྱའི་གཙུག་རྒྱན་འོད་གསལ་འཕོ་བ་ཆེན་པོ་རྡོ་རྗེའི་སྐུ་བརྙེས་པའི་དྲི་མེད་ཆོས་ཀྱི་བཤེས་གཉེན་གངས་ཅན་མཁས་གྲུབ་རྒྱ་མཚོའི་དབང་ཕྱུག་ཏུ་བྱོན་ནས། ཨོ་རྒྱན་རྗེ་འབངས་འདུས་པའི་ཡེ་ཤེསཀྱི་གསང་བ་དང་གཉིས་མེད་གཉིས་སུ་སྣང་བའི་ཆོ་འཕྲུལ་གྱིས་རྒྱ༵་ཆེ༵ན་བཀའ༵་ཡི༵་རིང་ལུགས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ལམ་སྲོལ་ལས་བྱོན་པའི་སྨིན་གྲོལ་གྱི་རིང་བརྒྱུད་མཐའ་དག་གསན་ཏེ་ཟབ་རྒྱས་ཀྱི་ཆུ་ཀླུང་གཅིག་ཏུ་འདུས་པའི་ཆོས་ཀྱི་རྒྱ་མཚོ་ཆེན་པོར་གྱུར། ཤིང་རྟའི་རིང་ལུགས་དེ་དག་གི་བསྟན་པའི་བདག་པོས་ཉེ་བརྒྱུད་ཁྱད་པར་དུ་བསྩལ་བས་བྱིན་རླབས་ཀྱི་རྒྱུན་གསོས་ནས་བསྟན་པ་མི་ཉམས་པའི་བཙས་སུ་བཞག །ཟ༵བ་མོའི༵་གཏེར༵་གྱི་བཀའ་བབས་ལ་དངོས་གཏེར་རམ། ས་གཏེར་དང་དགོངས་གཏེར་གཉིས་ལས་དངོས་གཏེར་གཏེར་ཁ་བཅུ་གསུམ་གཙོ་བོར་གྱུར་པ་ཟབ་གཏེར་རྒྱ་མཚོའི་གནས་ལ་མངའ་དབང་བསྒྱུར་ཏེ་དེ་དག་གི་ཟབ་རྒྱས་ཀྱི་དགོངས་པ། གབ་སྦས་ཀྱི་མན་ངག །རྒྱུད་ལུང་གི་བཤད་པ་བརྡ་བསྒྱུར་རྒྱས་བསྡུས་སོགས་མཐའ་དག་མཁྱེན་ཅིང་གཟིགས་པས་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོར་རྡོ་རྗེའི་ལུང་གིས་བསྔགས། འགྲོ་འདུལ་སྤྲུལ་པའི་གཏེར་སྟོན་སྟོང་རྩ་ལྷག་པའི་གསང་མཛོད་ཐུགས་སུ་ཆུད་ཅིང་སྔར་བྱོན་གཏེར་ཁ་ཐམས་ཅད་ཀྱི་སྨིན་གྲོལ་ཡ༵ང་གཏེར༵་དུ་བཀའ་བབས་པས་དེ་ཉིད་གསང་བ་ཟབ་མོའི་མངའ་བདག་ཏུ་གྱུར། དགོངས་གཏེར་ལ་སྤྱི་མིང་ཕྱོགས་གཅིག་ཏུ་བཏགས་པའི་དགོངས་གཏེར་དང་རྗེས་དྲན་གཉིས་ལས་དང་པོ། ཟབ་འདྲིལ་རྡོ་རྗེའི་རྒྱུད་ཀྱི་ཁོང་སྙིང་ཕྱུངས་པའི་དགོང༵ས་གཏེར༵་མཐའ་ཀླས་པ་བརྡོལ། དག་སྣང་ལ་ཞལ་གཟིགས་དང་སྙན་བརྒྱུད་གཉིས་ལས། དང་པོ་ཆོས་ཀྱི་རྒྱུན་ཀྱི་ཏིང་ངེ་འཛིན་བརྙེས་པས་དག༵་པའི་སྣང༵་བ་འབྱམས་ཀླས་ཕྱིར་སྐད་ཅིག་རེ་རེར་ཡང་ཆོས་ཀྱི་སྒོ་ངོ་མཚར་བསམ་གྱིས་མི་ཁྱབ་པ་རྙེད། རྗེས་དྲན་གྱི་གཏེར་ནི་སྐུའི་སྐྱེ་བ་ཐམས་ཅད་ཆོས་ཀྱི་སྒོ་མཐའ་དག་འཛིན་སྤེལ་སྡུད་པའི་གསང་བ་རྨད་དུ་བྱུང་བ་རྗེས༵་སུ་དྲན༵་པས་ད་ལྟ་ཟབ་ལམ་རྡོ་རྗེའི་གནས་དུ་མའི་སྙིང་པོ་ངོ་མཚར་ཅན་འགའ་ཞིག་མངོན་སུམ་དུ་སྣང་བར་མཛད། རྟག་ཏུ་སངས་རྒྱས་སྲས་དང་བཅས་པ་མཐོང་བ་དང་མི་འབྲལ་བས་ཟབ་གསང་སྙན༵་བརྒྱུད༵་དུ་གདམས་པའི་མན་ངག་གི་གཏེར་མཛོད་མཐའ་ཀླས་པ་བརྙེས་པའི་བཀའ་བབས་རིན་པོ་ཆེ་སྣ་བདུན་གྱིས་ངེས་པ་དོན་གྱི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱ་བོད་ཀྱི་ཁྱོན་ཀུན་ཏུ་ཡོངས་སུ་གྲགས་ཤིང་ཚད་མ་གསུམ་གྱིས་གྲུབ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའམ་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་འོད་གསལ་སྤྲུལ་པའི་རྡོ་རྗེ་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་གཙོ་བོར་སྟོན་པའི་ཆོས་སྐོར་ཟབ་པ་ལྕེ་བཙུན་སྙིང་ཐིག་དང༌། རྒྱ་ཆེ་བ་བི་མའི་བླ་སྒྲུབ་བྱིན་རླབས་སྙིང་པོ་གཉིས་ལམ་ཁ་ཚང་དོན་དྲིལ་སྨིན་གྲོལ་ཡོངས་སུ་རྫོགས་པའི་བདག་ཉིད་དུ་བཞུགས་པ་ལས། སྐབས་སུ་བབ་པའི་འཆད་བྱ་རྒྱ་ཆེ་བའི་ཆོས་སྐོར་ཏེ། སྤྱིར་རྗེ་འདི་ཉིད་ལ་སྐྱེས་ཐོབ་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་མཚན་དཔེའི་མེ་ཏོག་གཞོན་ནུའི་དུས་ནས་ཡོངས་སུ་རྫོགས་པའི་ཐུགས་རྗེ་ཡས་སྤྲུལ་ཆེན་པོར་གནས་པས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང༌། བི་མ་ལའི་ངང་ཚུལ་རྣམས་ཁར་སང་གི་ཀུན་སྤྱོད་དེ་རིང་ཡིད་ཡུལ་དུ་གསལ་བ་ལྟ་བུ་ལས་ཀྱི་སྒྲིབ་པས་མ་གོས་པར་ཡོངས་སུ་གྲགས་ཤིང༌། སྐུ་ཚེ་འདིའི་སྦྱངས་སྟོབས་ཀྱི་ཡོན་ཏན་གྱིས་ཀྱང་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གི་སྡེ་སྨིན་གྲོལ་རྒྱུད་ཀྱི་གསང་བ་བཀའ་གཏེར་གྱི་རྒྱུན་གངས་ཅན་དུ་བཞུགས་སོ་ཅོག་གསན་བཞེས་གནང༌། ཐུགས་དམ་ཉམས་བཞེས་ཀྱིས་རང་སྣང་རིས་མེད་ཀྱི་དགོངས་པ་ཚད་དུ་ཕྱིན་པའི་ཚུལ་བསྟན། སེམས་སྡེའི་མཁས་པ་ཉེར་གཅིག །བཻ་རོ། སྤང་མི་ཕམ། འཇམ་དཔལ་བཤེས་གཉེན། པད་འབྱུང་ཡེ་ཤེས་མཚོ་རྒྱལ། ཀུན་མཁྱེན་ཀློང་ཆེན་ཡབ་སྲས་སོགས་ལས་ཉེ་བརྒྱུད་བྱིན་རླབས་ཀྱི་མཚན་མ་ཐུན་མོང་མ་ཡིན་པ་དུ་མ་བརྙེས་པས་དེ་ཐམས་ཅད་ཀྱི་དབང་དང་བྱིན་རླབས་ཀྱི་རྒྱུན་གཅིག་ཏུ་འདུས། ཁྱད་པར་སློབ་དཔོན་བི་མ་ལས་འཕགས་མའི་སྙིང་ཐིག་གི་ཆོས་སྐོར་རྣམས་དགོངས་གཏེར་དུ་གཏན་ལ་ཕབ་པའི་ཚེ་ཞལ་ཡང་ཡང་བསྟན། ཕབ་ཟིན་རྣམས་ཞུས་དག་གི་ཚུལ་དུ་མཛད་པ་སོགས་ངོ་མཚར་ཁྱད་དུ་འཕགས་པའི་ལོ་རྒྱུས་དུ་མ་གསུངས་པའི་ལམ་ཟབ་བླ་མ་སྒྲུབ་པ་ཉིད་ཐོག་མར་ལོ་ཆེན་བཻ་རོ་དངོས་བྱོན་རྒྱལ་བས་ལུང་བསྟན་པའི་འཇམ་མགོན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ཁོ་ན་ལ་སྨིན་གྲོལ་ཆིག་རྫོགས་སུ་སྩལ་བས། བཀའ་གཏེར་ཆོས་ཀྱི་གན་མཛོད་ཙཱ་འདྲ་རིན་ཆེན་བྲག་ཏུ་རིག་འཛིན་སྒྲུབ་པའི་སྡེའི་ཉམས་བཞེས་ཀྱི་རྒྱུན་བཙུགས་པར་མཛད། བདག་ཉིད་ཆེན་པོ་དེ་ལས་པཎ་ཆེན་བི་མ་ལའི་རྣམ་འཕྲུལ་རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་ཆོས་བདག་ཏུ་བསྔགས་པ་གྲུབ་དབང་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་གསན། དེ་ལས་འཇམ་པའི་རྡོ་རྗེ་བདག་ཅག་གི་འདྲེན་པར་བྱོན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པདྨ་ཡེ་ཤེས་རྡོ་རྗེས་གསན་པ་བྱིན་རླབས་ཁྱད་པར་དང་ལྡན་པའི་རྩ་བའི་བརྒྱུད་པ་དང༌། ཡང་ན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་ལས་ཀཿཐོག་སི་ཏུ་པཎྜི་ཏ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོས་གསན། དེ་ལས་རྗེ་བླ་མའམ། ཡང་ན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་ལས་དཔལ་ཡུལ་མཆོག་སྤྲུལ་ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ། ཡབ་རྗེ་རིག་འཛིན་ཆེན་པོ་འགྱུར་མེད་ཚེ་དབང་རྒྱ་མཚོ་ལས་དཔལ་མགོན་བླ་མ་རིན་པོ་ཆེས་གསན་ནས་འོག་མིན་གཉིས་པ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཁོ་བོ་ཅག་ལ་སྨིན་གྲོལ་ཞིབ་རྒྱས་སུ་དགྱེས་པས་ཆེད་དུ་བསྩལ་ཏེ་དབུགས་དབྱུང་བའོ། །བརྒྱུད་པའི་ཁྱད་པར་གཞན་ཡང༌། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་ལས། གདོད་མའི་མགོན་པོ་འགྱུར་མེད་པདྨ་རྣམ་རྒྱལ། བི་མའི་རྣམ་སྤྲུལ་ཞེ་ཆེན་རབ་འབྱམས་ལྔ་པ་འགྱུར་མེད་ཀུན་བཟང་བསྟན་པའི་ཉི་མ་ལས་སྨིན་གྲོལ་གྱི་བདུད་རྩི་བཀའ་དྲིན་དུ་ཐོབ་པའོ། །གཉིས་པ་སྨིན་པར་བྱེད་པ་དབང་གི་རིམ་པ་ལ། དབང་དངོས་དང༌། དམ་ཚིག་གི་རིམ་པ་བསྟན་པའོ། | |||
།དང་པོ་ནི། དེ་ལྟ་བུ་ཡི་ཟབ་རྒྱས་དོན༔ ཉམས་སུ་ལེན་པའི་གང་ཟག་གིས༔ སོགས་ནས། སྙིང་གི་བུ་ལ་གཏད་དོ་རྒྱ༔ ཞེས་པ་སྟེ་སྤྱིར་འབྲས་བུ་སྐུ་བཞིའི་ས་བོན་རང་གི་གཉུག་མའི་སྒོ་གསུམ་ལ་གདོད་ནས་གནས་པའི་ནུས་པ་མངོན་གྱུར་དུ་སད་བྱེད་ནི་དབང་སྟེ། དེ་ལའང་རྒྱུད་དང་སྒྲུབ་སྡེའི་རྣམ་བཞག་གིས་རྒྱས་བསྡུས་སྙིང་པོ་དུ་མ་ཞིག་འབྱུང་ཡང་ཀུན་གྱི་སྤྱི་སྡོམ་ངེས་པ་ནི་དབང་བཞི་སྟེ། འདིར་ཡང་དེ་དང་མཚུངས་པ་ལ། བྱེ་བྲག་ཏུ་དབང་བཞིའི་ངེས་འབྱེད་ཐུན་མིན་དུ་གསུངས་ཏེ་འདི་ལྟར། དེ་ལྟར་བུམ་པ་ལ་བསྟེན་པའི༔ དབང་བཞི་རྫོགས་པར་ཐོབ་པ་ཡིས༔ ལུས་ཀྱི་ཕྱི་དབྱིབས་ཀྱི་ལུས་ནང་རྩ་གསང་བ་རྩ་མདུད་ཡི་གེའི་གཟུགས་དང་༔ དེ་ཁོ་ན་ཉིད་དེ་དང་དེར་རྟོག་པའི་སྒྲིབ་པ་བཞི་དག༔ ཅིང་བསྐྱེད་རིམ་ཚུལ་ཕྱི་དཀྱིལ། ལུས་དཀྱིལ། རྩ་དཀྱིལ། སེམས་དཀྱིལ་བཞི་སྒོམ་པ་ལ་དབང་༔ འབྲས་བུ་ཐུགས་རྗེ་སྤྲུལ་པའི་སྐུ༔ དག་པའི་ལུས་རྩ་ཡི་གེ་ཡེ་ཤེས་ཏེ་རྣམ་བཞིའི་གོ་འཕང་འཐོབ་པའོ༔ ཞེས་སོགས་ཀྱི་གསུངས་པ་ལྟར་ཐོག་མར་བུམ་དབང་གིས་སྦྱང་བྱ་ཕྱི་དབྱིབས་ཀྱི་ལུས་ཞེས་ཁམས་གསུམ་གྱི་ཡིད་ཅན་རྣམས་གདོས་བཅས་ཀྱི་ལུས། ཡིད་ཀྱི་ལུས། མྱོང་རིག་སྡུག་བསྔལ་གྱི་ལུས། འོད་ཀྱི་ལུས། རྟོག་རིག་ཏིང་ངེ་འཛིན་གྱི་ལུས་རྣམས་དབང་ཤེས་ཀྱི་རྟེན་བྱེད་ཅིང་ཡན་ལག་ཉིང་ལག་སོགས་དབྱིབས་ཀྱི་རྣམ་པ་ཡོད་པ་དང༌། ནང་རྩ་ཡི་ལུས་རགས་པའི་ལུས་དེའི་འཆར་གཞི་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོགས་རྩ་ཡི་རྟེན་དབུ་རྐྱང་རོ་གསུམ་དུ་གནས་པ་དང༌། གསང་བ་ལུས་གནས་རྩའི་ཡི་གེ་ཞེས་འཁོར་ལོ་ལྔ་ལས་གྱེས་པའི་རྩ་འདབ་རྣམས་སུ་རྩ་འདབ་ཡི་གེའི་རྣམ་པས་དེར་རླུང་སེམས་འདུས་ཚུལ་གྱིས་འཁོར་འདས་ཀྱི་བག་ཆགས་སྣ་ཚོགས་འཆར་བའི་རྟེན་བྱེད་པ་དང༌། དེ་ཁོ་ན་ཉིད་ལུས་གསུམ་པོ་དེ་དང་དེར་གཟུང་འཛིན་འཁྲུལ་པའི་བག་ཆགས་ཀྱི་རྟོག་པའི་རྒྱུན་ཏེ། མདོར་ན་དེ་དག་རགས་ཕྲའི་དབང་གིས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དུ་དབྱེ་བ་ལས་དོན་ལ་ཀུན་གྱི་ལས་ཉོན་འཁྲུལ་པའི་བག་ཆགས་ཀྱིས་བསྡུས་པས་འབྲས་བུ་སྐུ་རྡོ་རྗེ་ལ་སྒྲིབ་པར་བྱེད་པ་ཉིད། སྦྱོང་བྱེད་ལ་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་སློབ་དཔོན་གྱིས་སྣང་སྲིད་གཞིར་བཞེངས་ཀྱི་བསྐྱེད་བཟླས་དང་ལྡན་པས་ཕྱི་ནང་གི་འཇུག་པའི་ཆོས་སྔོན་དུ་འགྲོ་བས་ཕྱི་བུམ་པའི་དབང་ཕན་ནུས་གཉིས་དང་བཅས་པ་བསྐུར་ཏེ་བུམ་ཆུས་ལུས་གང་ཞིང་བཀྲུས་པས་ཕུང་ཁམས་ཐ་མལ་གྱི་སྣང་ཞེན་དག །ནང་དུ་བུམ་བཅུད་མགྲིན་པའི་གནས་ནས་ལུས་གནས་ཐམས་ཅད་ཁྱབ་དབྱངས་གསལ་ཡི་གེའི་སྤྲིན་གྱིས་འཁོར་ལོ་བཞི་གང་རྩ་ཁམས་ཐམས་ཅད་དྭངས་མའི་བཅུད་ཀྱིས་ཡེ་ཤེས་ཀྱི་ནུས་པ་གསོས། གསང་བ་བདུད་རྩི་གྱེན་དུ་འཕྱུར་ཏེ་ཟེགས་མ་སྤྱི་བོར་ལུད་པས་བདེ་ཆེན་གྱི་ཡེ་ཤེས་ཉམས་སུ་མྱོང་ཞིང་བརྟན་པར་བྱས། དེ་ཁོ་ན་ཉིད་རིགས་བདག་གིས་རྒྱས་གདབ་པས་གཞི་འབྲས་དབྱེར་མེད་དུ་བྱིན་རླབས་འཕོས་བརྟན་དུ་བྱས་པས་བུམ་དབང་ལ་ནང་གསེས་བཞིར་ཕྱེ་བའི་དབང་བཞི་ཡོངས་སུ་རྫོགས་པས་སྨིན་པ་དང༌། བུམ་དབང་གི་ལམ་ཉམས་སུ་ལེན་བྱ་ཡང་ཀུན་རྫོབ་ལམ་བྱེད་བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་ལ་སྣང་གྲགས་རིག་གསུམ་རིག་འཛིན་བླ་མའི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་དུ་འཆར་བས་ཕྱི་སྣང་སྲིད་གཞིར་བཞེངས་ཀྱི་བསྐྱེད་རིམ། ནང་རྡོ་རྗེའི་ལུས་ཀྱི་ཕུང་ཁམས་རིག་འཛིན་བླ་མའི་གདན་གསུམ་རྡོ་རྗེའི་གྲོང་ཁྱེར་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྒོམ། གསང་བ་རྩ་ཡིག་གནས་གྱུར་འབར་བ་ཁྲག་འཐུང་གི་དཀྱིལ་འཁོར། དེ་ཁོ་ན་ཉིད་དེ་ཐམས་ཅད་ཀྱང་ལྷག་པའི་བདེན་པ་དབྱེར་མེད་དབྱིངས་རིག་ཟུང་འཇུག་དོན་དམ་དཀོར་བདུན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཉིད་དུ་བསྒོམས་པའི་མཐུས། སྦྱང་འབྲས་ཐུགས་རྗེའི་རིག་རྩལ་སྤྲུལ་སྐུའི་བདག་ཉིད་གདུལ་བྱ་གང་འདུལ་གྱི་རོལ་པའི་སྐུ་དག་པ་ཡེ་ཤེས་ཀྱི་ངོ་བོ་ཅན། ནང་ཡེ་ཤེས་ཀྱི་རྩ་ཨ་ཝ་དྷཱུ་ཏིའི་འཁོར་ལོར་ལྔར་བཞུགས་པའི་གདན་གསུམ་གྱི་ལྷ། གསང་བ་རྩ་གནས་སུ་དྭངས་མ་ཡི་གེའི་སྤྲིན་གྱི་བདག་ཉིད་དུ་བཞུགས་པ། དེ་ཁོ་ན་ཉིད་ཡེ་ཤེས་རྣམ་པ་ཐམས་ཅད་པའི་མཁའ་ཁྱབ་རྡོ་རྗེའི་དཀྱིལ་འཁོར་གྱི་འཁོར་ལོར་འབྱམས་ཀླས་པའི་སྐུའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་མངོན་དུ་བྱེད་ནུས་པ་དང༌། ཡང༌། དེ་ལྟར་བྱང་སེམས་ལ་བརྟེན་ནས༔ གསང་བའི་དབང་བཞི་རྫོགས་པར་ཐོབ༔ ངག་གི་སྒྲིབ་པ་ཕྱི་སྒྲ། ནང་རླུང༌། གསང་བ་རྩ་གནས་ཡི་གེ །དེ་ཁོ་ན་ཉིད་རྟོག་པ་བཞི་དག་ཅིང་༔ གསང་ལམ་རྩ་རླུང་གཏུམ་མོ་རྣམ་པར་མི་རྟོག་པ་རྣམ་བཞི་སྒོམ་ལ་དབང་༔ འབྲས་བུ་རང་བཞིན་ལོངས་སྤྱོད་རྫོགས༔ ཕྱི་སྐུ། ནང་གསུང༌། གསང་བ་ཐུགས། དེ་ཉིད་དབྱེར་མེད་ཡེ་ཤེས་ཏེ་རྣམ་བཞིའི་གོ་འཕང་ཐོབ་པའོ༔ ཞེས་པ་ལྟར་གསང་དབང་གིས་སྦྱང་བྱ་ཕྱི་རགས་པ་སྒྲ་ཚིག་གི་སྨྲ་བརྗོད། ནང་སེམས་གཡོ་བྱེད་རླུང་ལྔའམ་བཅུ། གསང་བ་རྩ་གནས་ཀྱི་ཡི་གེ་རླུང་གིས་བསྐུལ་བ་ལས་འཁོར་འདས་ཀྱི་བརྗོད་པ་སྣ་ཚོགས་འཆར་བ། དེ་ཁོ་ན་ཉིད་རིག་རྩལ་རླུང་གིས་གཡོས་པས་གཟུང་འཛིན་དུ་ཤར་བའི་རྟོག་པས་འབྲས་བུ་གསུང་རྡོ་རྗེ་ལ་སྒྲིབ་བྱེད་དུ་གྱུར་པ་གང༌། སྦྱོང་བྱེད་ནང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བླ་མ་ཡབ་ཡུམ་མཉམ་པར་སྦྱོར་བའི་བདེ་སྟོང་དྭངས་མའི་བྱང་སེམས་ཀྱི་རྒྱུན་སློབ་མའི་ལྕེ་ལ་བཞག་སྟེ་རོལ་པ་གསང་བའི་དབང་སྟེ། ནང་གསེས་སུ་ལྷག་པའི་བྱང་སེམས་བདུད་རྩི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོས་གཏམས་པའི་བྷནྡྷ་སྤྱི་བོར་བཞག་པ་བུམ་དབང༌། བདུད་རྩི་ལྕེ་ལ་བཞག་སྟེ་རོལ་པ་གསང་དབང༌། རོལ་པས་བདུད་རྩི་མགྲིན་པ་ནས་འཕེལ་ཏེ་རྩ་ཐམས་ཅད་གང་ནས་བདེ་བས་མི་རྟོག་པ་མངོན་དུ་གྱུར་པ་ཤེར་དབང༌། བདེ་བའི་ངོ་བོ་གསལ་སྟོང་གསུམ་རྡོ་རྗེའི་ཡེ་ཤེས་སུ་ངོ་འཕྲོད་པ་བཞི་པའི་དབང་རྣམས་ཐོབ་སྟེ། གསང་དབང་གི་ལམ་དོན་དམ་ལམ་བྱེད་རྫོགས་རིམ་མཚན་བཅས་རང་ལུས་ཐབས་ལྡན་གྱི་ཕྱི་རྩ་ཡི་སྟོང་ར། ནང་རླུང་གི་འགྲོ་ལྡོག །གསང་བ་གཏུམ་མོའི་འབར་འཛག །དེ་ཁོ་ན་ཉིད་རྣམ་པར་མི་རྟོག་པའི་ཏིང་འཛིན་འབྱོང་བའི་ནུས་པས། སྦྱངས་འབྲས་རང་བཞིན་ལོངས་སྐུ་གསུང་རྡོ་རྗེའི་ཕྱི་རྣམ་པ་ཉི་ཤུས་བྱང་ཆུབ་པའི་བདེ་ཆེན་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་རིགས་ལྔ་ཞི་ཁྲོའི་སྐུ། ནང་བརྗོད་བྲལ་རྡོ་རྗེ་ནཱ་དའི་གསུང༌། གསང་བ་ཡེ་ཤེས་ལྔ་ལྡན་གྱི་ཐུགས། དེ་ཁོ་ན་ཉིད་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་དབྱེར་མེད་ཡེ་ཤེས་རྡོ་རྗེའི་བདག་ཉིད་མངོན་དུ་བྱེད་པ་དང༌། ཡང༌། དེ་ལྟར་ཕྱག་རྒྱ་ལ་བརྟེན་ནས༔ ཤེས་རབ་ཡེ་ཤེས་དབང་བཞི་ཐོབ༔ ཡིད་ཀྱི་ཕྱི་ཡུལ། ནང་ཡུལ་ཅན། གསང་བ་སྙོམས་འཇུག །དེ་ཉིད་རྟོག་པ་ཐམས་ཅད་ཀྱི་སྒྲིབ་པ་བཞི་དག་ཅིང་༔ གསུམ་པའི་ལམ་བཞི་ཕྱི་སྙོམས་འཇུག །ནང་ཡས་བབ། གསང་བ་མས་བརྟན། དེ་ཉིད་དཔེའི་ཡེ་ཤེས་སྒོམ་ལ་དབང༌། འབྲས་བུ་ངོ་བོ་ཆོས་ཀྱི་སྐུ༔ ཕྱི་རྩལ། ནང་རོལ་པ། གསང་བ་དབྱིངས། དེ་ཉིད་རིག་པ་རྣམ་བཞིའི་གོ་འཕང་ཐོབ་པའོ༔ ཞེས་པ་ལྟར་ཤེར་དབང་གིས་སྦྱང་བྱ་སྤྱིར་ཀུན་རྟོག་སེམས་ཀྱི་འཆིང་བ་སྟེ་དེ་ལ་ཕྱི་གཟུང་བའི་ཡུལ་གྱི་རྟོག་པ། ནང་འཛིན་པའི་སེམས་ཀྱི་རྟོག་པ། གསང་བ་སྙོམས་འཇུག་འཛག་བདེའི་རྟོག་པ། དེ་ཁོ་ན་ཉིད་གཉིས་སྣང་གི་རྟོག་སྒྲིབ་ཤིན་ཏུ་ཕྲ་བ་བཞིས་འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུའི་ཡེ་ཤེས་ལ་སྒྲིབ་པ་གང༌། སྦྱོང་བྱེད་གསང་བ་མཚན་ལྡན་མའི་ཆུ་སྐྱེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རྡོ་རྗེའི་རིགས་ཅན་གྱི་སྨིན་སློབ་ལ་དངོས་རིག་དང་སྦྱོར་བའི་བདེ་སྟོང་གི་སྒྱུ་རྩལ་ལ་བརྟེན་ན་དགའ་བཞི་ལུགས་འབྱུང་ལྡོག་ངོ་སྤྲོད་པ་དང༌། མོས་སློབ་ལ་ཆོས་འབྱུང་སིན་དྷཱུ་རའི་མཎྜལ་ལས་ཡིད་རིག་སྤྲོས་པ་གསུམ་པའི་དབང་གིས་སྨིན་པར་བྱས་པ་སྟེ། གདན་གསུམ་རྡོ་རྗེའི་ལང་ཚོ་རྫོགས་པའི་ཕྱག་རྒྱའི་ལུས་ལ་ཡབ་ཡུམ་ལྷའི་འདུ་ཤེས་ཀྱིས་རེག་ཅིང་འཁྱུད་པས་ཆགས་པ་བསྐུལ་བ་བུམ་དབང༌། མཁའ་གསང་རྡོ་རྗེ་དང་པདྨ་འདུ་ཤེས་ཀྱི་ཕྱག་རྒྱ་བཞིས་སྦྱོར་ཞིང་སྙོམས་པར་ཞུགས་པས་བདེ་བ་གཡོ་ལྡང་གསང་དབང༌། ཐབས་འདིས་བདེ་ཆེན་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་བཅས་ཐིག་ལེ་སྤྱི་བོ་ནས་གནས་བཞིར་སོན་པས་རྡོ་རྗེའི་རྩ་བར་འཛག་མེད་དུ་འཆིང་བ་ཤེར་དབང༌། དཀར་དམར་དངོས་ཞལ་མཇལ་ཏེ་རླུང་གི་ནུས་པས་གྱེན་དུ་ལྡོག་པས་སྤྱི་བོའི་ཧཾ་ཡིག་ལ་སིམ་པས་དྭངས་མ་རང་གནས་སུ་འཆིང་སྟེ་དཔེའི་ཡེ་ཤེས་ཐབས་ཤེས་བདེ་སྟོང་དབྱེར་མེད་ངོ་སྤྲོད་པ་བཞི་པའི་དབང་བཞིའི་ནུས་པས་སྨིན་པར་བྱས་ཏེ། ཤེར་དབང་གི་ལམ་འོག་སྒོ་བདེ་བ་ཆེན་པོ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ། ཕྱི་དངོས་ཡིད་ཀྱི་ཕྱག་རྒྱ་མ་དང་འདུ་ཤེས་གསུམ་གྱི་སྦྱོར་བ། ནང་ཡས་བབ་རྒྱུ་ཡི་དགའ་བ་བཞི་དང༌། གསང་བ་མས་བརྟན་འབྲས་བུའི་དགའ་བཞི་གཉིས་ལུགས་འབྱུང་ལྡོག་གི་བྱང་ཆུབ་སེམས་གཡོ་ལྡང་འཛིན་འཇུག་གི་དབྱེ་བས་ཉམས་སུ་མྱོང་བའི་ནུས་པས། ལྷན་སྐྱེས་དཔེའི་ཡེ་ཤེས་ཀྱི་མྱོང་བ་རྒྱུད་ལ་བསྐྱེད་པའི་ལམ་གྱིས་རྩལ་སྦྱངས་ནས། སྦྱངས་འབྲས་ངོ་བོ་ཆོས་སྐུ་རྣམ་ཀུན་མཆོག་ལྡན་ཐུགས་རྡོ་རྗེའི་དེ་ཉིད་གཅིག་ལ། ཕྱི་རྩལ་གྱི་ཡེ་ཤེས་མེ་ལོང་ཡེ་ཤེས་སོགས་བཞི། ནང་རོལ་པའི་ཡེ་ཤེས་ཆོས་དབྱིངས་ཡེ་ཤེས་དང་ལྔ་ཆོས་ཅན་ཆོས་ཉིད། གསང་བ་དེ་ཐམས་ཅད་དང་དབྱིངས་རྣམ་ཀུན་མཆོག་ལྡན་དང༌། དེ་ཁོ་ན་ཉིད་རིག་པ་འོད་གསལ་བའི་དགོངས་པ་ཐ་མི་དད་པས་རྣམ་པ་ཐམས་ཅད་པའི་བདག་ཉིད་ཀྱི་འབྲས་བུའི་གོ་འཕང་མངོན་དུ་གྱུར་པ་དང༌། ཡང༌། དེ་ལྟར་བརྡ་དོན་ལ་བརྟེན་ནས༔ མཐར་ཐུག་མཆོག་གི་དབང་བཞི་ཐོབ༔ སྒོ་གསུམ་ཆ་མཉམ་སྒྲིབ་བཞི་དག༔ དོན་གྱི་ལམ་བཞི་སེམས་སྡེའི་ལྟ་བ། ཀློང་གི་སྒོམ་པ། དབྱིངས་ཀྱི་སྤྱོད་པ། རིག་པའི་འབྲས་བུ། སྒོམ་ལ་དབང་༔ འབྲས་བུ་དབྱེར་མེད་བདེ་ཆེན་སྐུ༔ རྣམ་བཞིའི་གོ་འཕང་ཐོབ་པའོ༔ ཞེས་པ་ལྟར་དབང་བཞི་པས་སྦྱང་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བ་སྣང་གསུམ་འཕོ་བའི་སྒྲིབ་པ་སྟེ་དེ་ནི་གཉུག་མའི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་ཁམས་ལ་སྒྲིབ་པའི་མ་དག་པའི་རླུང་སེམས་ཀྱི་ཆ་ཕྲ་བས་མཐར་ཐུག་ངོ་བོ་ཉིད་ཀྱི་སྐུ་ལ་སྒྲིབ་པ་སྟེ། སྦྱོང་བྱེད་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་དགོངས་བརྒྱུད་བྱིན་རླབས་ལྡན་པའི་བླ་མས། མེ་ལོང་དང་ཤེལ་རྡོའི་བརྡ། རྡོ་རྗེའི་ཚིག་གིས་ངོ་སྤྲོད། ལྟ་སྟངས་དང་བཅས་དགོངས་པས་དྲོད་གཏད་པའི་བྱིན་རླབས་ནུས་པའི་མཐུས། དཔེ་ལས་འདས་པའི་དོན་གྱི་ཡེ་ཤེས་མཐར་ཐུག་ངོ་འཕྲོད་དེ་ཉམས་སུ་མྱོང་བས། ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་སྣང་བ་སེམས་ཀྱི་ཆོས་ཉིད་ཡེ་ཤེས་རིག་པའི་རང་བཞིན་དུ་ངོ་སྤྲད་པ་བུམ་དབང༌། ཡེ་ཤེས་འོད་གསལ་གྱི་ཀློང་ཆེན་པོས་འཁོར་འདས་ཀུན་ལ་ཁྱབ་པའི་དེ་ཉིད་སྒོམ་པ་གསང་དབང༌། རིག་སྟོང་སྐད་ཅིག་མའི་ཆོས་ཉིད་འཁོར་འདས་ཀྱི་མཚན་རྟོག་གང་གིས་ཀྱང་མ་བསླད་པའི་དབྱིངས་ཀ་དག་ཏུ་ལ་བཟླ་བ་ཤེར་དབང༌། དེ་ཉིད་མཐར་ཐུག་གི་དབྱིངས་སུ་བཙན་ས་ཟིན་པས་རིག་གདངས་ཡེ་ཤེས་སུ་ཤར་བས་འཁྲུལ་རྒྱུ་འཁོར་བའི་ས་བོན་མ་རིག་པ་གཞི་ལ་སངས། འོད་གསལ་ཡེ་ཤེས་ཀྱི་རྩལ་རྒྱས་པར་བྱས་པ་ནི་དབང་བཞི་པ་སྟེ་ཚིག་དབང་ཉིད་ལ་ནང་གསེས་བཞིར་དབྱེ་བས་སྨིན་པར་བྱ་བ་སྔོན་དུ་འགྲོ་བས། ཚིག་དབང་གི་ལམ་རྩོལ་མེད་རྫོགས་པའི་རིམ་པ་གྲོལ་ལམ་མཐར་ཐུག་རྫོགས་པ་ཆེན་པོ་ལ། ཕྱི་སྐོར་ལུས་ལྟ་བུ་སེམས་སྡེའི་དགོངས་པ་བཞིན། ཕྱི་གཟུང་བའི་ཡུལ་སེམས་ཀྱི་རྩལ། ནང་འཛིན་པའི་སེམས་སེམས་ཉིད་ཀྱི་རོལ་པ། གསང་བ་ཀུན་གཞི་སེམས་ཀྱི་གཤིས་ལུགས་གསལ་ལ་མི་རྟོག་པའི་ཆོས་ཉིད་ཀྱི་ངང་དུ་ཆོས་ཅན་ཐམས་ཅད་རྫོགས་པ་ལྟ་བ་འཁོར་འདས་ཀུན་བྱེད་རྒྱལ་པོ་གཉུག་མ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཐག་བཅད། ནང་སྐོར་སྙིང་ལྟ་བུ་ཀློང་སྡེའི་དགོངས་པ། ཆོས་ཅན་མཚན་མའི་ཆོས་ཐམས་ཅད་སྣང་ངོ་ཇི་ལྟར་མཐོང་ཡང་སྟོང་ངོ་ནས་ཡེ་གྲོལ་རང་དག་ཡིན་པས་ཆོས་ཉིད་ཀུན་ཏུ་བཟང་མོའི་ངོ་བོའི་མཁའ། རང་བཞིན་གྱི་ཀློང༌། ཐུགས་རྗེའི་དབྱིངས་ལས་རྡུལ་ཙམ་མ་གཡོས་པས་དབྱིངས་ལས་གཞན་དུ་འགྲོ་ས་མེད་པའི་རང་སྣང་བཀོད་པའི་རྒྱན་མངོན་དུ་བྱེད་ཕྱིར་བརྡ་བཞི་གནད་ཀྱི་མན་ངག་གིས་དབང་དོན་འབྲས་བུ་དང་བཅས་པ་རྫོགས་པར་བྱེད་པའི་མན་ངག་སྒོམ་པས་ཉམས་སུ་ལེན་པར་བྱས་ཏེ། གསང་བ་སྙིང་ཁྲག་དང་འདྲ་བ་མན་ངག་སྡེའི་སྣང་སྟོང་སོགས་གཉིས་ཆོས་ཀྱི་མཚན་རྟོག་ཀུན་བྲལ་དབྱིངས་ཀ་དག་གི་ལྟ་བ་རྒྱ་ཡན་ཕྱོགས་བྲལ་ཆེན་པོའི་གཤིས་སུ་འཁོར་འདས་མ་ལུས་པ་ལམ་དུ་ཁྱེར་བའི་སྤྱོད་པས། འབྲས་བུ་རིག་པའི་ཡེ་ཤེས་འོད་གསལ་ལྷུན་གྲུབ་ཆེན་པོ་སྐུ་དང་ཡེ་ཤེས་རྒྱུན་མི་ཆད་པའི་བཞུགས་ཚུལ་མངོན་དུ་བྱེད་པའི་གསེང་ལམ་གྱིས་མཐར་འབྲས་དབྱེར་མེད་བདེ་ཆེན་རྡོ་རྗེའི་སྐུ་རྡོ་རྗེ་བཞི་ཡི་དེ་ཁོ་ན་ཉིད་ཚེ་འདིའམ། བར་དོ། སྐྱེ་བ་གཅིག་གིས་ཐོབ་པར་བྱེད་པ་ཡིན་ལ། དེས་ན་དབང་བཞི་རེ་རེ་ལ་ནང་གསེས་བཞི་བཞིར་དབྱེ་བའི་དག་བྱ་དག་འབྲས་ཀྱི་རྫོགས་པ་ཆེན་པོ་ས་མཆོག་བཅུ་དྲུག་གི་བགྲོད་པ་མཐར་ཕྱིན་ཡེ་ཤེས་བླ་མའི་ས་མཆོག་མངོན་དུ་བྱེད་པའི་གསང་ལམ་རྨད་དུ་བྱུང་བ་སྟེ། མཐའ་རྟེན་གཏད་རྒྱས་རྡོ་རྗེ་གསུམ་གྱི་ཡེ་ཤེས་འཕོ་བ་ཆེན་པོའི་དབང་བསྐུར་དང༌། ཡན་ལག་བདུད་རྩི་སྨན་དང༌། རྡོ་རྗེ་ཚེའི་དབང་བསྐུར་བཅས་གཞུང་ལྟར་སྒྲུབ་པས་སྨིན་པ་ནི་མེད་དུ་མི་རུང་བ་སྟེ་གཞུང་ལས། དེས་ནི་རྩ་བ་ཡན་ལག་གི༔ དབང་བསྐུར་དམ་པ་ཡོངས་སུ་རྫོགས༔ རྒྱལ་བུ་རྒྱལ་སར་ཕྱུངས་ནས་ཀྱང་༔ འབངས་འཁོར་ཀུན་ལ་དབང་བསྒྱུར་འདྲ༔ ཞེས་གསུངས་པ་ལྟར་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་དབང་ལ་རྫོགས་པས་ན། དབང་ཐོབ་པས་གང་ཟག་རབ་ལ་སྨིན་གྲོལ་དུས་གཅིག་ཏུ་འགྱུར། འབྲིང་རྣམས་སྨིན་རྗེས་གྲོལ་བའི་སྐལ་ལྡན་བྱེད། ཐ་མས་ཀྱང་དབང་ཐོབ་ནས་ལམ་གྱི་སྣོད་ལྡན་དུ་འགྱུར་ཞིང༌། ལྷག་པར་རྗེ་བླ་མའི་ཟབ་གཏེར་ཕལ་ཆེར་སྨིན་གྲོལ་ཆིག་རྫོགས་སུ་མཛད་པ་ནི་སྨིན་སློབ་ཀྱི་ཁྲིད་ཚུལ་དང༌། སྨིན་གྲོལ་གཉིས་ཀའི་རྒྱུན་མི་ཉམས་པ་སོགས་དགོས་པ་ཁྱད་པར་དང་ལྡན་པའི་ཕྱག་བཞེས་ཡིན་པས་དེ་ལྟར་མ་ཉམས་པ་ཤིན་ཏུ་གལ་ཆེ་ཞིང༌། ཁྱད་པར་རྫོགས་པ་ཆེན་པོའི་ལམ་ནས་གདམས་ངག་དབང་གི་ལུགས་སུ་གདབ་པ་ཞེས་བླ་མ་ལྟ་དགོངས་ཅན་དང༌། སློབ་མ་དད་དམ་སྦྱངས་པ་ཅན་ནང་འཛོམ་ན་དབང་གཅིག་པུས་གྲོལ་བར་ནུས་པའོ། | |||
།གཉིས་པ་ནི། དབང་སྲོག་དམ་ཚིག་སྡོམ་པ་ནི༔ རྒྱས་པར་བསྒྲག་ཅིང་མདོར་བསྡུས་གཟུང་༔ རྩ་བ་སྐུ་གསུང་ཐུགས་དང་ནི༔ ཡན་ལག་དམ་ཚིག་ཚུལ་བཞིན་བསྲུང་༔ མེད་ཕྱལ་གཅིག་པུ་ལྷུན་གྲུབ་རྣམས༔ དགོངས་པའི་སྲོག་ཏུ་གཟུང་བར་བགྱི༔ ཞེས་པ་སྟེ་གསང་བ་སྔགས་ཀྱི་སྡོམ་པ་ཡང་དག་པ་ཐོབ་པ་དབང་གིས་ཐོབ་ཀྱང༌། དབང་གི་ཡེ་ཤེས་སྐྱེས་བརྟན་གོང་འཕེལ་དུ་བྱེད་པའི་སྲོག་འཛིན་པ་དམ་ཚིག་མ་ཉམས་པ་འབའ་ཞིག་ལ་རག་ལས་པས་དབང་ཐོབ་ནས་དམ་ཚིག་བསྲུང་དགོས་ལ། བསྲུང་བྱའི་དམ་ཚིག་གི་རྣམ་གྲངས་མ་ཤེས་ན་ཚུལ་བཞིན་དུ་སྲུང་མི་ནུས་པའི་ཕྱིར་དབང་གི་མཐར་དམ་ཚིག་གི་རྣམ་བཞག་རྒྱས་པར་བསྒྲག་དགོས་ལ། དམ་ཚིག་གི་རྣམ་གྲངས་ཀྱང་རྒྱུད་སྡེ་གོང་འོག་གི་དགོངས་པའི་ཁྱད་པར་གྱིས་དབྱེ་བསྡུ་མང་དུ་བསྟན་པ་ཐམས་ཅད་ཀྱང་བསྲུང་བྱའི་གནད་གཅིག་ཏུ་འགག་བསྡམས་པས་བསྡུ་ན། སྦྱང་གཞི་སེམས་ཅན་རྣམས་ཀྱི་འཁོར་བའི་བྱ་བྱེད། སྦྱོང་བྱེད་དབང་དང་བསྐྱེད་རྫོགས། སྦྱངས་འབྲས་སངས་རྒྱས་ཀྱི་རྡོ་རྗེ་གསུམ་ཐམས་ཅད་སྐུ་གསུང་ཐུགས་ལས་གཞན་དུ་མི་འདའ་བས་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉིད་ཡིན་ཏེ། དེ་རེ་རེ་ལའང་ཕྱིའི་ཕྱི། ཕྱིའི་ནང༌། ཕྱིའི་གསང་བས་མཚོན། ནང་དང་གསང་བ་ལའང་དབྱེ་བས་ཉི་ཤུ་རྩ་བདུན་རྩ་བ། གཞན་ཡང་གསང་བར་འོས་པ། གཉེར་གཏད། གསང་བ་ཁས་བླང་གི་རིམ་པ་རྣམས་ཀུན་རྫོབ་ཏུ་ཇི་ལྟར་བསྲུང་ཚུལ། བསྲུངས་བའི་ཕན་ཡོན། མ་བསྲུང་བའི་ཉེས་དམིགས། ཉམས་ན་གསོ་ཐབས་རྣམས་གཞུང་གཞན་ལས་བྱུང་བ་ལྟར་ཤེས་པས་སྲོག་ལྟར་བསྲུང་བ་དང༌། དོན་དམ་མཐར་ཐུག་ཡེ་སྲུང་རྒྱལ་པོའི་མེད་པ་དང༌། ཕྱལ་བ་ཀ་དག་གི་དམ་ཚིག །གཅིག་པུ་དང༌། ལྷུན་གྲུབ་ཀྱི་དམ་ཚིག་བཞིས་ཀློང་དུ་ལ་བཟླ་བས་སྲུང་མཚམས་དང་འདའ་ཉམས་མེད་པའི་ཚུལ་གྱིས་བདེན་གཉིས་རང་ཚོད་དང་སྦྱར་ནས་བསྲུང་བས་ས་ལམ་གྱི་ཡོན་ཏན་འབད་མེད་དུ་རྫོགས་པའི་ཕྱིར་ཤིན་ཏུ་གཅེས་པའི་མན་ངག་གོ །གསུམ་པ་གདམས་ངག་གི་སྒོ་ནས་སྨིན་རྗེས་གྲོལ་བར་བྱེད་པ་ཟབ་མོ་ཁྲིད་ཀྱི་རིམ་པ་ལ། དེ་ལྟར་དབང་གིས་རྒྱུད་སྨིན་ནས༔ གདམས་ངག་སྒོ་ནས་གྲོལ་བའི་ཕྱིར༔ ཟབ་མོ་ཁྲིད་ཀྱི་རིམ་པ་གདབ༔ ཅེས་པ་སྟེ། གསང་སྔགས་དབང་གི་མཐའ་ཅན། དབང་ཁྲིད་ཀྱི་མཐའ་ཅན་ཞེས་གྲགས་པ་ལྟར་སྤྱིར་དབང་གིས་སྨིན་རྗེས་ཁྲིད་ཀྱི་གདམས་པ་ཉམས་སུ་ལེན་པས་རྒྱུད་གྲོལ་བ་དགོས་ལ། ལྷག་པར་རྫོགས་པ་ཆེན་པོ་ནི་གདམས་ངག་ཁྲིད་ཀྱི་ལུགས་སུ་གདབ་པ་ཞེས་གང་ཟག་རིམ་གྱིས་པའི་དོན་དུ་རྒྱས་པར་བསྟན་ལ། ལྷག་པར་གཞུང་འདི་ཉིད། ཅི་ཕྱིར་ཞེ་ན་གསང་ཆེན་འདི༔ ཡོ་ག་གསུམ་གྱི་སྙིང་པོའི་བཅུད༔ རྒྱུད་ཀྱི་གདམས་པ་ཟབ་ལ་འདྲིལ༔ ལུང་གི་རྫོགས་རིམ་སྙིང་པོ་ཕྱུང་༔ ཁྱད་པར་མན་ངག་སྡེ་གསུམ་གྱི༔ དམར་ཁྲིད་ལག་ལེན་ཁོ་ནར་གདམས༔ ཞེས་པ་ལྟར་ནང་རྒྱུད་ཡོ་ག་གསུམ་གྱི་སྙིང་བཅུད་མན་ངག་གི་སྲོག་ཏུ་དྲིལ་བས་ན་ལམ་སྟེགས་འཇུག་སྒོའི་ཚུལ་དུ་རྒྱུད་མ་ཧཱ་ཡོ་གའི་གདམས་པ། ལམ་གྱི་གཞུང་ཤིང་ལུང་ཨ་ནུ་ཡོ་གའི་རྫོགས་རིམ། ལམ་གྱི་སྐྱེལ་སོ་མན་ངག་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་དམར་ཁྲིད་དུ་བཤད་པ་གསུམ། དང་པོ་ལ་ཡང་ཐུན་མོང་གི་སྔོན་འགྲོ་ངེས་འབྱུང་གི་བློ་བསྐྱེད་པ། ཁྱད་པར་གྱི་སྔོན་འགྲོ་ལམ་གྱི་གཞི་བཏིང་བ། བླ་མེད་ཀྱི་སྔོན་འགྲོ་འཇུག་སྒོའི་ལམ་དངོས་ཉིད་རྒྱས་པར་བཤད་པའོ། །དང་པོ་ལའང་ཐུན་གྱི་སྔོན་འགྲོ་དང༌། ཐུན་མོང་གི་སྔོན་འགྲོ་དངོས་སོ། །དང་པོ་ནི། དབེན་པར་ཕྱི་ནང་སྤྲོས་པ་བཅད༔ ཚེ་འདིའི་བྱ་བ་ལིང་གིས་གཏང་༔ སྒོ་གསུམ་གནད་གཅུན་རྣལ་དུ་དབབ༔ ཅེས་པ་ལྟར་དབེན་པའི་གནས་སུ་བདེ་བའི་མལ་དུ་ལུས་དྲང་པོར་བསྲངས། སེམས་ལྷོད་ཀྱིས་ཀློད་ལ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དགོད་པར་བྱ། དེའི་ཆེད་དུ་སྒོ་གསུམ་རྣམ་གཡེང་གི་དབང་དུ་མི་གཏོང་བར་རྡོ་རྗེ་ཐེག་པའི་ལམ་ཟབ་མོའི་ཉམས་ལེན་ལ་འཇུག་པར་བགྱིའོ་སྙམ་པའི་ཀུན་སློང་བཟང་པོ་དང་བཅས་རླུང་རོ་ལན་གསུམ་བསལ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་སོགས་བརྗོད་པས་སྣོད་བཅུད་རྣམ་དག་འོག་མིན་ཡེ་ཤེས་རང་སྣང་གི་ཞིང་ཁམས་ལྷུན་གྱིས་རྫོགས་པའི་རང་གི་མདུན་གྱི་ནམ་མཁར་ཀུན་བཟང་མཆོད་སྤྲིན་རྒྱ་མཚོའི་དབུས་སྐུ་གསུམ་རྒྱལ་བ་རབ་འབྱམས་གཅིག་ཏུ་འདུས་པའི་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་བི་མ་ལ་མི་ཏྲ་དཀར་གསལ་ཤངས་རྩེར་ཨ་དཀར་པོས་མཚན་པ། དར་སྔོན་པོའི་སྟོད་གཡོགས་དང་དམར་པོའི་ཆོས་གོས་གསོལ་ཞིང་ཕྱག་མཉམ་བཞག་བདུད་རྩིའི་བུམ་པས་མཚན་པ། དབུ་ལ་པཎ་ཞྭ་གསོལ་བ། འོད་དང་གཟི་བརྗིད་རབ་ཏུ་འབར་ཞིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་བཅས་པའི་ཐུགས་ཀར་གུ་རུ་རིན་པོ་ཆེ་མཚོ་སྐྱེས་རྡོ་རྗེ། སྨིན་མཚམས་སུ་རིག་འཛིན་ཤྲཱི་སིདྷ་བཅས་གསལ་བ་རང་ལ་དགྱེས་པས་དགོངས་པར་བསམ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་རིམ་པ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིན་ནས་འོད་གསལ་ཡེ་ཤེས་ཆེན་པོ་རྡོ་རྗེ་གསུམ་གྱི་གོ་འཕང་མངོན་དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ་པས། རིག་འཛིན་བླ་མ་རྣམ་གསུམ་གྱི་སྐུ་ལས་འོད་ཟེར་མཐའ་ཡས་པ་བྱུང༌། རང་ལ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་བསལ། མཐར་བླ་མ་ཉིད་ཀྱང་འོད་ཕུང་དུ་གྱུར་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ་རིག་པ་འཛིན་མེད་དུ་འཇོག་གོ །འདི་ནི་འོག་གི་ལམ་གང་བསྒོམ་ཡང་ཐམས་ཅད་ཀྱི་ཐོག་མར་སྔོན་དུ་འགྲོ་དགོས་པ་སྟེ་འདི་ལྟར་ཉམས་སུ་བླངས་བས་བླ་མའི་བྱིན་རླབས་མྱུར་དུ་འཇུག་ཅིང༌། དངོས་གཞིའི་ཉམས་རྟོགས་རྒྱུད་ལ་སྐྱེ་སླ་བ་དང༌། བར་ཆད་མེད་པ་དང་གེགས་སེལ་བོགས་འདོན་གྱི་ཐབས་རྨད་དུ་བྱུང་བ་རུ་གསུངས་པའོ། | |||
།གཉིས་པ་ཐུན་མོང་གི་སྔོན་འགྲོ་ནི། དལ་འབྱོར་རྙེད་དཀའ་འཇིག་སླའི་ཚུལ༔ བསམས་ནས་ཚེ་འདིའི་སྣང་ཤས་ལྡོག༔ ལས་འབྲས་འཁོར་བའི་ཉེས་དམིགས་ལ༔ བློ་སྦྱངས་ཕྱི་མའི་སྣང་ཤས་ལྡོག༔ ཅེས་པ་ལྟར་རང་རེ་ནང་པ་སངས་རྒྱས་པའི་ཆོས་གང་ཉམས་སུ་བླངས་ཀྱང་འཁོར་བ་ལས་ངེས་འབྱུང་གི་བསམ་པས་ཟིན་པ་ཞིག་ཏུ་ནི་ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་ལ་མེད་དུ་མི་རུང་ལ། ངེས་འབྱུང་དེ་རྒྱུད་ལ་བསྐྱེད་པའི་ཐབས་ཀྱི་མཆོག་ནི་ཐུན་མོང་གི་བློ་ལྡོག་རྣམ་པ་བཞི་ཉམས་སུ་ལེན་དགོས་པ་སྟེ། རྒྱུ་མཚན། སྤྱིར་འཁོར་བ་ཞེས་པ་ངེས་པར་འབྱུང་བའི་གནས་ནི་སྐྱེ་འཆི་བར་དོ་གསུམ་སྟེ། དེས་ན་སྐྱེ་བ་ཚེ་འདིའི་བདེ་སྐྱིད་དཔལ་འབྱོར་ལ་ཞེན་པས་འདོད་ཡོན་གྱི་སྣང་བ་འབའ་ཞིག་ལ་ཆགས་ནས་འདིར་སྣང་གི་འཁྲུལ་པའི་རྒྱུ་འབྲས་ལ་སྤྱོད་པ་ལས་བློ་ལྡོག་པའི་ཐབས་དལ་འབྱོར་རྙེད་དཀའ་དང༌། འཆི་བ་མི་རྟག་གཉིས། འཆི་བས་གཏུགས་ཏེ་ཕྱི་མ་འཁོར་བ་ངན་སོང་གི་སྡུག་བསྔལ་ལ་འཇིགས་ཤིང་ཐར་པའི་ཐབས་མི་ཤེས་པའི་བློ་ལྡོག་ཕྱིར་ལས་རྒྱུ་འབྲས་དང༌། འཁོར་བའི་ཉེས་དམིགས་བསམས་པས་འཁོར་བ་ལས་ཡིད་འབྱུང་ངེས་ཤིང་སྐྱེ་ཤི་གཉིས་ཀྱི་འཕྲང་ལས་བརྒལ་ན་བར་སྲིད་ཀྱི་འཁྲུལ་པ་རང་དག་ཏུ་འགྱུར་བའི་ཕྱིར། བསྒོམ་བྱ་བློ་ལྡོག་བཞི་ཡིན་ལ་དེ་རེ་རེ་ལའང་ལྡོག་བྱ། ལྡོག་བྱེད། ལྡོག་ཚུལ། ལྡོག་ཚད་བཞི་རེས་ཤེས་དགོས་པ་ལས་དང་པོ་དལ་འབྱོར་རྙེད་དཀའི་བློ། ལྡོག་བྱ་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་རྙེད་པར་དཀའ་བ་ཐོབ་པ་ངོ་མི་ཤེས་པར་ཚེ་འདིའི་འཁྲུལ་པ་འབའ་ཞིག་གིས་གཡེངས་པའི་ཡིད། ལྡོག་བྱེད་རྒྱུ་དཔེ་གྲངས་གསུམ་ཚུལ་གང་ནས་བསམས་ཀྱང་ལྷ་བས་ལྷག་པའི་ལུས་རྟེན་ཁྱད་པར་ཅན་ཐོབ་པའི་རིན་ཐང་ངོ་ཤེས་པས། ལྡོག་ཚུལ་ལག་པ་བརྐྱང་བསྐུམ་གྱི་སྤྱོད་ལམ་ཙམ་ཡང་དོན་མེད་དུ་མ་སོང་བ་དམ་པའི་ཆོས་ཉག་གཅིག་ལ་འབད་པས་གྲུབ་འབྲས་ཐོན་པར་བྱས་ཏེ། ལྡོག་ཚད་ཆོས་ལས་གཞན་ལ་བློ་མི་འཇུག་པ་འབྱུང་བ་དང༌། གཉིས་པ་འཆི་བ་མི་རྟག་པའི་བློ་ལྡོག་བྱ་དལ་འབྱོར་དོན་ཡོད་པའི་ཕྱིར་ཆོས་ལ་བརྩོན་པ་དེ་ཡང་མྱུར་དུ་མ་འབད་ན་འཁྲུལ་པའི་རྒྱུ་རྐྱེན་གྱིས་སྣང་བའི་ཕྱི་ནང་སྣོད་བཅུད། སྐྱེ་འགྲོ་མཆོག་དམན། བདེ་སྡུག་སྣང་ཚུལ་ངེས་ངེས་ཡིན་ཡིན་ལྟར་བདེན་པར་བཟུང་བའི་རྟག་འཛིན་གྱི་བློ་ངན་གྱིས་བསླུས་པ་ལས། ལྡོག་བྱེད་ངེས་པར་བསམ་གཞིག་གིས་འདི་རྣམས་གང་ལ་དཔྱད་ཀྱང་ཡུན་རིང་མི་གནས་པ་སྟོན་ཀའི་སྤྲིན་དང་བར་སྣང་གི་རླུང་བཞིན་གཡོ་ཞིང་འགྱུར་བས་མི་རྟག་པར་ངོ་ཤེས་ཏེ། ལྡོག་ཚུལ་འདིར་སྣང་གི་བྱ་བ་གང་གིས་ཀྱང་བློ་འབྲིད་མི་ནུས་པ་འཆི་བ་འབའ་ཞིག་དྲན་པས། ལྡོག་ཚད་དེ་ལ་ཕན་པ་ཆོས་ཁོ་ན་ལས་གང་གིས་ཀྱང་དགོས་མེད་དུ་ཤེས་པའི་བསམ་སྦྱོར་གྱིས་ཉིན་མཚན་འདའ་བ་མ་བྱུང་གི་བར་དུ་བསམ། གསུམ་པ་ལས་འབྲས་བསླུ་མེད་ཀྱི་བློ་ལྡོག་བྱ་དོན་གྱི་གནས་ལུགས་འཁོར་འདས་ཐམས་ཅད་དཀར་ནག་གི་ལས་འབྲས་བསླུ་བ་མེད་པའི་ལམ་ལས་སྣང་བ་མི་ཤེས་པར་དགེ་སྡིག་འཇོག་ཉོག་ཏུ་སྤྱོད་པས་བླང་དོར་གྱི་གནས་ལ་རྨོངས་པས་འཁྲུལ་པ་ལུ་གུ་རྒྱུད་དུ་ཁ་འབྱམས་པ་ལས། ལྡོག་བྱེད་དཀར་ནག་གི་ལས་ཇི་ལྟར་བསགས་པ་ཉིད་རྣམ་སྨིན་མྱོང་སྟོབས་དང་གཉེན་པོའི་སྦྱངས་སྟོབས་ཀྱིས་སྨིན་པ་ལས་ནམ་ཡང་དོན་མེད་དུ་ཆུད་མི་ཟ་བ་འཕགས་པའི་ས་ཐོབ་ཀྱང་ལས་བདག་གིར་བཞེས་དགོས་པས་རྒྱུ་འབྲས་བསླུ་མེད་ལ་ངེས་པ་རྙེད་པས། ལྡོག་ཚུལ་འཇིག་རྟེན་ཡང་དག་ལྟ་བས་དགེ་སྡིག་བླང་དོར་ཚུལ་བཞིན་བྱ་བས་སྔོན་ལས་སྡིག་པའི་ཚོགས་ལ་འགྱོད་སྡོམ་བཤགས་པ་རྣམ་དཀར་ཅི་ནུས་སུ་འབད་ནས། ལྡོག་ཚད་རྒྱུ་འབྲས་ནམ་ཡང་ཁྱད་དུ་མི་གསོད་པར་དྲན་ཤེས་ཀྱི་གཉེན་པོ་དང་མ་བྲལ་བས་སེམས་རྒྱུད་བཏུལ་དགོས་ཤིང༌། བཞི་པ་འཁོར་བའི་ཉེས་དམིགས་ཀྱི་བློ་ལྡོག་བྱ་ཚེ་རབས་ཐོག་མེད་ནས་ད་ལྟའི་བར་འཁོར་བའི་སྡུག་བསྔལ་གྱི་རྒྱུ་འབྲས་ཁོ་ན་ལ་སྤྱོད་ཀྱང་སྡུག་བསྔལ་ཡིན་པ་ཙམ་དུ་ཡང་མ་ཤེས་པ་གང༌། ལྡོག་བྱེད་སྲིད་པའི་རྒྱུ་འབྲས་ཐམས་ཅད་སྡུག་བསྔལ་གསུམ་གྱིས་མེ་དང་ཚ་བ་བཞིན་མ་ཁྱབ་པ་མེད་པའི་མཚངས་ལ་བསམ་གཞིག་གིས། ལྡོག་ཚུལ་ཉེས་ཅན་བཙོན་དོང་དུ་ཆུད་པ་བཞིན་བདག་འཁོར་བ་འདི་ལས་ཐར་པ་ཞིག་གི་ཐབས་གང་ལ་བརྩོན་སྙམ་པས། ལྡོག་ཚད་སྒོ་གསུམ་གྱི་ཆོས་སྤྱོད་ཐམས་ཅད་འཁོར་བ་ལས་ཡིད་འབྱུང་ཞིང་ཐར་པའི་ཐབས་ཁོ་ནར་དམིགས་པའི་ཀུན་སློང་གིས་ཟིན་པས་རྣམ་གྲོལ་ལམ་གྱི་གཞི་རྩ་བཏིང་བ་ནི་ཅིས་ཀྱང་གལ་ཆེ་བའོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོའི་ལམ་གྱི་གཞི་བཏིང་བ་ལ། རང་གཞན་འཁོར་བར་ངེས་འབྱུང་སླད༔ དཀོན་མཆོག་གསུམ་ལ་སྐྱབས་སུ་བཟུང་༔ ཞི་བའི་མཐའ་སྤང་བྱང་ཆུབ་ཕྱིར༔ སེམས་གཉིས་བསྐྱེད་ལ་ནན་ཏན་བྱ༔ སྟོབས་བཞིའི་གནད་ཀྱིས་སྡིག་ལྟུང་སྦྱང་༔ ཚོགས་བསགས་སྐུ་གསུམ་མཎྜལ་ཕུལ༔ ཟབ་མོ་ནང་གི་ཚོགས་གསོག་ནི༔ ཕུང་པོ་མཆོད་སྦྱིན་ཚོགས་སུ་སྤེལ༔ ཁྱད་པར་བླ་མའི་རྣལ་འབྱོར་གྱིས༔ རྡོ་རྗེའི་ཡེ་ཤེས་སྙིང་ལ་དབབ༔ ཅེས་པ་ལྟར། བདག་གཞན་འཁོར་བའི་སྡུག་བསྔལ་གྱི་ལམ་ལོག་པ་ལས་ངེས་པར་འབྱུང་བའི་ཐབས་སྐྱབས་འགྲོ། ཉན་རང་ཞི་བ་ཕྱོགས་གཅིག་གི་ལམ་དམན་པ་ལས་དབུགས་དབྱུང་ཕྱིར་སེམས་བསྐྱེད། ལམ་ཁྱད་པར་འཕགས་པའི་གེགས་གཉིས་འཛིན་འཁྲུལ་རྟོག་གི་བག་ཆགས་སྦྱོང་བྱེད་རྡོར་སེམས་སྒོམ་བཟླས་དང༌། ཟག་མེད་འཕགས་པའི་ལམ་ལ་སྦྱོར་བའི་བོགས་འབྱིན་ཕྱིར་ཕྱི་དང་ནང་གི་ཚོགས་བསགས། ལམ་དངོས་ཀྱི་ཡོན་ཏན་མཆོག་ཐུན་དངོས་གྲུབ་ཀྱི་དཔལ་ལ་སྦྱོར་བྱེད་བླ་མའི་རྣལ་འབྱོར་གྱིས་རྡོ་རྗེའི་ཡེ་ཤེས་སྙིང་ལ་འབེབས་པའོ། | |||
།དང་པོ་ནི། ཁམས་གསུམ་ལས་ཐར་འདོད་ཀྱི་བློ་སྐྱེས་ཀྱང་རང་སྟོབས་ཀྱིས་དེ་ལས་སྒྲོལ་མི་ནུས་པས། སྐྱབས་ཁྱད་པར་ཅན་འཇིགས་དང་སྡུག་བསྔལ་དེ་ལས་སྐྱོབ་ནུས་པ་ཞིག་ལ་སྐྱབས་ཞུ་དགོས་པས། ཐུན་མོང་དཀོན་མཆོག་གསུམ། ཁྱད་པར་རྩ་བ་གསུམ། ཀུན་འདུས་རྡོ་རྗེ་སློབ་དཔོན་ནི་རྒྱུ་ཡི་སྐྱབས་ཡུལ་ཡིན་ལ། དེ་ཐམས་ཅད་ནང་དུ་ངེས་དོན་རང་སེམས་སྟོང་གསལ་ཟུང་འཇུག་དཀོན་མཆོག་གསུམ་ཀུན་འདུས་སུ་ཤེས་པ་འབྲས་བུའི་སྐྱབས་ཡུལ་ཏེ། དེ་གཉིས་འགལ་མེད་ཟུང་འཇུག་ཏུ་ཉམས་སུ་ལེན་པ་ལ། གང་ཟག་རང་གིས་ཐོག་དྲངས་མཁའ་ཁྱབ་ཀྱི་འགྲོ་བས་དུས་བྱང་ཆུབ་མ་ཐོབ་ཀྱི་བར་དུ། ཚུལ་ཅི་མཛད་ཁྱེད་ཤེས་ཀྱི་གུས་པ་ཆེན་པོས། དམིགས་འདོན། ས་ཕྱོགས་དག་པའི་ཞིང་ཁམས་ཆེན་པོར་གྱུར་པའི་དབུས་སུ་རང་གི་མདུན་དུ་དཔག་བསམ་གྱི་ལྗོན་ཤིང་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པའི་ལྟེ་བར་སེང་ཁྲི་པདྨ་ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་བི་མ་ལ་མི་ཏྲ་དཀར་གསལ་ཤངས་རྩེར་ཨ་དཀར་པོས་མཚན་པ། དར་སྔོན་པོའི་སྟོད་གཡོག་དང་དམར་པོའི་ཆོས་གོས་གསོལ་བ། ཕྱག་མཉམ་བཞག་འཆི་མེད་ཚེ་ཡི་བུམ་པ་འཛིན་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དབུ་ལ་པཎ་ཞྭ་དམར་པོ་གསོལ་བ། ཐུགས་ཀར་ཡེ་ཤེས་སེམས་དཔའ་གུ་རུ་མཚོ་སྐྱེས་རྡོ་རྗེ་དང༌། སྨིན་མཚམས་སུ་རིག་འཛིན་ཤྲཱི་སིདྷ་བཅས་མཚན་དཔེའི་གཟི་བྱིན་འབར་བའི་སྤྱི་བོར་བརྒྱུད་པའི་བླ་མ་རྣམས་དང༌། མདུན་གྱི་ཡལ་གར་དཔལ་རྡོ་རྗེ་སེམས་དཔའ་ལ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌། གཡས་སུ་སྟོན་པ་ཐུབ་པའི་དབང་པོར་དུས་གསུམ་གྱི་སངས་རྒྱས་སྤྲུལ་སྐུའི་རྣམ་པ་ཅན་རྣམས་ཀྱིས་བསྐོར་བ། རྒྱབ་ཏུ་ཆོས་དཀོན་མཆོག་གླེགས་བམ་བྲག་རི་བརྩེགས་པ་ལྟ་བུ། གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན། བར་མཚམས་རྣམས་སུ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པའི་མདུན་དུ་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་ཏེ་སྐྱབས་སུ་འགྲོ་བའི་མོས་པས། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ དཀོན་མཆོག་རྩ་གསུམ་རབ་འབྱམས་ལ༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཐུགས་རྗེའི་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་དད་མོས་གདུང་ཤུགས་དྲག་ཏུ་བསྐྱེད་པས་སྐྱབས་ཡུལ་འབྲས་བུའི་ཡོན་ཏན་མངོན་གྱུར་དང་སྐྱབས་ཞུ་བ་པོ་རང་འཇིགས་དང་སྡུག་བསྔལ་གྱིས་མནར་བའི་མཆོག་དམན་གཉིས་སུ་འཛིན་པས་སྐྱབས་ཡུལ་དད་མོས་ཡིད་ཆེས་དང་གསོལ་བ་འདེབས་པ་ཀུན་རྫོབ་རྒྱུ་ཡི་སྐྱབས་འགྲོ། མཐར་ཚོགས་ཞིང་གི་སྐུ་ཡི་འོད་ཀྱིས་སྒྲིབ་པ་བསལ་ཏེ་རང་གཞན་སེམས་ཅན་ཐམས་ཅད་ལ་ཐིམ། རང་གི་སེམས་ཉིད་གདོད་ནས་རྣམ་དག་གི་ངང་དུ་རོ་གཅིག་འདྲེས་པས་བསྐྱབ་བྱ་སྐྱོབ་བྱེད་བཟང་ངན་གཉིས་མེད་གཉུག་མ་དོན་གྱི་མཆོག་གསུམ་གདོད་ནས་རང་ལ་བཞུགས་པའི་རང་ཞལ་མཇལ་བ་དོན་དམ་འབྲས་བུའི་སྐྱབས་འགྲོ་ཟུང་འཇུག་ཏུ་ཉམས་སུ་ལེན། སྤྲོ་ན་དགག་སྒྲུབ་ཀྱི་བསླབ་བྱ་ཆ་མཐུན་དང་བཅས་པ་དང༌། ཕན་ཡོན་བཅས་འཆད་པར་བྱ་དགོས་སོ། | |||
།གཉིས་པ་ནི། རང་ཉིད་ཇི་ལྟར་འདོད་པའི་ཉམས་མྱོང་ལས་རྗེས་སུ་དཔགས་ཏེ་མར་གྱུར་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱང་འདོད་པ་དེ་དང་མཚུངས་པས་ན། དེ་དག་ལུས་སེམས་བདེ་བ་དང་བདེ་བའི་རྒྱུ་བསོད་ནམས་དང་ལྡན། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་ཉོན་དང་བྲལ་བ་ཞིག་བདག་ཁོ་ནས་བྱ་སྙམ་པའི་གཞན་ཕན་གྱི་ཀུན་སློང་བརྟན་པོ་རྒྱུད་ལ་བསྐྱེད་པའི་ཕྱིར། མར་ཤེས་པས་དང་དུ་ལེན་འདོད་གྱི་བྱམས་པ། སྤང་དུ་མི་བཟོད་པའི་སྙིང་རྗེ། བདེ་དགའ་ལ་འགོད་འདོད་ཀྱི་སྤྲོ་བའི་དགའ་བ། ཉེ་རིང་མེད་པའི་བཏང་སྙོམས་བཞིས། དམིགས་ཡུལ་མཁའ་ཁྱབ་ཀྱི་འགྲོ་བ་ལ་བྱེད་པས་སྡུག་བསྔལ་དང་བྲལ་བདེ་བའི་གནས་ལ་འགོད་འདོད་ཀྱི་བསམ་པ་སྨོན་སེམས། དེའི་ཆེད་དུ་སྦྱིན་སོགས་ཕར་ཕྱིན་དྲུག་གི་བསགས་སྦྱངས་ལ་བརྩོན་པ་ཐམས་ཅད་རྟེན་སྙིང་རྗེ་ཆེན་པོ་དང༌། བརྟེན་པ་བྱང་ཆུབ་སེམས་ཀྱིས་ཟིན་པ་ལ་བསླབ་པ་ནི་འཇུག་པ་སེམས་བསྐྱེད་གཉིས་ཀུན་རྫོབ་སེམས་བསྐྱེད་དང༌། དོན་དམ་འོད་གསལ་གྱི་དབྱིངས་བདག་གཞན་འཁོར་འདས་མཉམ་པ་ཉིད་ཀྱི་ངང་དུ་མཉམ་པར་བཞག་པ་དོན་དམ་སེམས་བསྐྱེད་ཀྱི་དམིགས་སྒོམ་ཟུང་དུ་འཇུག་པས་ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བཏབ་པའི་སྤྱན་སྔར་དམ་འཆའ་བའི་ཡིད་ཀྱི་ངག་ཏུ། ཧོཿ མཁའ་མཉམ་ཕ་མ་སེམས་ཅན་ཀུན༔ རྣམ་གྲོལ་མཆོག་ལ་འགོད་པའི་ཕྱིར༔ བྱམས་དང་སྙིང་རྗེ་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ཞེས་པ་ལ་འབུམ་ཕྲག་སོགས་དངོས་གཞིའི་གྲངས་བཟུང༌། མཇུག་ཏུ་འབྲས་བུ་སྔགས་ཀྱི་སེམས་བསྐྱེད་ཁྱད་པར་བའི་ཚུལ་གྱིས་དོན་དམ་སེམས་བསྐྱེད་གསལ་འདེབས་ཀྱི་ངག་འདོན། ཨ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ ཡེ་ནས་སངས་རྒྱས་ཡིན་པ་ལ༔ ཡིན་པར་ཤེས་པའི་བདག་ཉིད་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཞེས་མང་དུ་བརྗོད། ཞིབ་ཁྲིད་དུ་བྱེད་ན་ཚད་མེད་བཞི་དང་བདེ་སྡུག་གཏོང་ལེན་གྱི་དམིགས་རྣམ་སོགས་ལ་ཡང་ཡང་རྩལ་སྦྱང་བ་ཤིན་ཏུ་གལ་ཆེ་ཞིང༌། སྨོན་འཇུག་གི་བསླབ་བྱ། སེམས་བསྐྱེད་ཀྱི་རྣམ་བཞག །ཕན་ཡོན་སོགས་ཀྱང་སྤྲོ་ན་འཆད་དོ། | |||
།གསུམ་པ་ནི། གང་ཞིག་བསྒྲུབ་བྱའི་ལམ་ལ་འགལ་རྐྱེན་བསལ་བ་དང༌། མཐུན་རྐྱེན་སྒྲུབ་པའི་ཐབས་ཀྱི་མན་ངག་གཉིས་དང་ལྡན་ན་འབྲས་བུའི་མཆོག་ལ་བདེ་བླག་ཏུ་སྦྱོར་ནུས་པས་དེ་ཉིད་གནད་དུ་ཟབ་པ་ཤེས་པས་དོན་དུ་གཉེར་ན་གེགས་སེལ་བོགས་འདོན་ཐམས་ཅད་ཀྱང་དེར་འདུ་བས་ཉམས་ལེན་གྱིས་དུས་ཀུན་ཏུ་འབད་དགོས་ལ། ཕྱི་ནང་གསང་བའི་འགལ་རྐྱེན་ཐམས་ཅད་ཀྱི་རྩ་བ་ནི་སྔར་བསགས་ཀྱི་སྡིག་པའི་སྟེང་དུ་བཅས་འགལ་གྱི་ལྟུང་བ་རྣམས་ཡིན་ལ། དེ་དག་གནོང་འགྱོད་ཆེན་པོས་སྦྱོང་བྱེད་གྱི་གཉེན་པོ་ཁྱད་པར་དུ་འཕགས་པ་བླ་མ་རྡོ་རྗེ་སེམས་དཔའ་ལ་སྐྱབས་སུ་རྩེ་གཅིག་ཏུ་བཟུང་བས། སྟོབས་བཞི་ཚང་བའི་བཤགས་པ་ཚད་ལྡན་ལན་གཅིག་གིས་ཀྱང་སྡིག་པའི་ཕུང་པོ་རི་རབ་ཙམ་བྱང་བར་གསུངས་པས་དེའི་ཚུལ་ནི། རྟེན་གྱི་སྟོབས་ལ་ཐོག་མར་བཤགས་ཡུལ་གྱི་རྟེན་ནི། ཨཿ རང་གི་སྤྱི་བོར་པད་ཟླའི་སྟེང་༔ དཔལ་ལྡ་བླ་མ་ཀུན་ཏུ་འཆང༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ དཀར་གསལ་རྡོ་རྗེ་དྲིལ་བུ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ རང་འོད་ཡུམ་འཁྱུད་མཚན་དཔེ་འབར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ འགྲོ་ཀུན་སྒྲིབ་སྦྱངས་སྣོད་དང་བཅུད༔ བདེ་ཆེན་རྡོ་རྗེའི་གོ་འཕང་བཀོད༔ ཚུར་འདུས་སྔགས་ལས་བདུད་རྩིའི་རྒྱུན༔ བྱང་ཆུབ་སེམས་ཀྱི་སྤྲིན་དུ་འཕྲོས༔ རང་གི་ཚངས་པའི་སྒོ་ནས་ཞུགས༔ ལུས་གང་ནད་གདོན་སྡིག་སྒྲིབ་དག༔ དབང་དང་དངོས་གྲུབ་ཐོབ་པར་གྱུར༔ ཅེས་པས་གསལ་གདབ། རང་རྒྱུད་ཀྱི་རྟེན་དེ་ལ་རྩེ་གཅིག་གུས་པས་བདག་གཞན་གྱི་སྡིག་སྒྲིབ་སྦྱང་བར་མཛད་དུ་གསོལ་སྙམ་པས་ཐུགས་རྒྱུད་བསྐུལ་བའི་ཚིག་ཡི་གེ་བརྒྱ་པ་བཟླས་ཏེ་ལྷ་སྔགས་བདུད་རྩི་འབེབས་སྦྱོང་གིས་སྡིག་སྒྲིབ་བཀྲུ་བའི་དམིགས་གནད་རྣམས་ཡ་མ་བྲལ་བས་ཅི་ཙམ་ནུས་པ་བཟླ། ཐུན་མཐར་སུན་འབྱིན་པའི་སྟོབས་སྡིག་ལྟུང་གི་ལས་ལ་གནོང་འགྱོད་ཀྱི་བསམ་པ་ཤུགས་དྲག་པོས་བཤགས་རྒྱུད་ལས་བྱུང་བའི་རུ་ཏྲའི་སྨྲེ་བཤགས་སམ། བསྡུ་ན། མགོན་པོ་བདག་ནི་མི་ཤེས་རྨོངས་པ་སོགས་ཚིགས་བཅད་ལྷུག་གི་བཤགས་པས་མཐོལ་ལ། བླ་མ་རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས་སྡིག་ལྟུང་དག་པའི་གནང་བ་བྱིན་ནས་རང་ལ་ཐིམ་པས་དམིགས་བསམ་བརྗོད་པ་དང་བྲལ་བའི་ངང་ཐུགས་ཡིད་དབྱེར་མེད་དུ་འདྲེས་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། སོར་ཆུད་དེ་སླར་ལྡོག་པའི་སྟོབས་སྡོམ་སེམས་བརྟན་པོ་བཟུང་བར་བྱ། སྤྱིར་ལྷ་སྔགས་འདིའི་རྣལ་འབྱོར་ལ་བརྩོན་པས་ཕན་ཡོན་ཚད་མེད་པར་རྒྱུད་དང་གྲུབ་ཐོབ་རྣམས་ཀྱིས་ཡང་ཡང་བསྔགས་ཤིང་ཁྱད་པར་བདུད་རྩི་འབེབས་སྦྱོང་གི་དམིགས་པ་འདི་གསང་སྔགས་བླ་མེད་ནང་གི་ཁྲུས་ཞེས་ཤིན་ཏུ་གཅེས་པས་ན་ཉམས་ལེན་གྱི་ཐོག་མཐའ་བར་གསུམ་ཀུན་ཏུ་བཟླས་བསྒོམ་མ་ཆག་པ་གལ་ཆེའོ། | |||
།བཞི་པ་ནི། མཐུན་རྐྱེན་ཚོགས་པས་རང་འབྲས་འབད་མེད་དུ་འབྱུང་བ་ཆོས་ཀུན་རྒྱུ་འབྲས་འབྲེལ་བ་ཅན་དུ་གྲུབ་པས་ཏེ། དོན་དམ་ཡེ་ཤེས་ཀྱི་ཚོགས་ཀྱང་ལས་དང་པོ་བས་ཀུན་རྫོབ་བསོད་ནམས་ཀྱི་ཚོགས་ལ་མ་བརྟེན་པར་རྟོགས་པའི་ཐབས་མེད་ལ། ཚོགས་བསགས་ཀྱི་ཐབས་ཀུན་གྱི་རྒྱལ་པོ་བྱ་སླ་ལ་དོན་ཆེ་བ་མཎྜལ་འབུལ་བ་ལས་ལྷག་མེད་པས། དེའང་གང་ལ་འབུལ་བའི་ཡུལ་འབྱོར་ན་སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་པ་བཀོད་ལ་མཆོད་པས་བསྐོར་ནས་སྐྱབས་འགྲོའི་ཚོགས་རྟེན་བཞིན་གསལ་གདབ། འབུལ་བྱའི་དངོས་པོ་མཆོད་པའི་མཎྜལ་རབ་གསེར་དངུལ། འབྲིང་ཟངས་རག་ལི། ཐ་མ་ཤིང་དང་རྡོའི་མཎྜལ་འབྲུ་སྨན་རིན་པོ་ཆེ་སྣ་ཚོགས་ཀྱི་ཚོམ་བུ་གཙང་ཞིང་དག་པ་གསར་པ་ཁོ་ནའམ་ཐུན་རེ་རེ་བཞིན་ཁ་གསོས་ཏེ་བཀོད། མཎྜལ་གྱི་གཞི་མ་དྲི་བཟང་དང་བ་བྱུང་གིས་བྱུག་པ་དང་ཚོམ་བུ་མཐོང་བརྒྱུད་ལྟར་བཀོད་ལ། ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་རབ་འབྱམས་མཎྜ་ལར༔ མཆོད་སྤྲིན་རྒྱ་མཚོའི་ཚོམ་བུ་བཀོད༔ བླ་མ་སྤྲུལ་པའི་སྐུ་ལ་འབུལ༔ བསོད་ནམས་དམ་པའི་ཚོགས་རྫོགས་ཤོག༔ འོག་མིན་ཞིང་གི་མཎྜ་ལར༔ བདེ་ཆེན་འདོད་ཡོན་ཚོམ་བུ་བཀོད༔ བླ་མ་ལོངས་སྤྱོད་རྫོགས་ལ་འབུལ༔ ཡེ་ཤེས་ཚོགས་ཆེན་རྫོགས་པར་ཤོག༔ ཆོས་དབྱིངས་སྤྲོས་བྲལ་མཎྜ་ལར༔ རིག་པ་རང་ཤར་ཚོམ་བུ་བཀོད༔ བླ་མ་ཆོས་ཀྱི་སྐུ་ལ་འབུལ༔ ཚོགས་གཉིས་ཟུང་འཇུག་མཐར་ཕྱིན་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་མཎྜ་ལ་ཛྙཱ་ན་པཱུ་ཛ་ཧོཿ ཞེས་འབུལ། འབུམ་ཕྲག་སོགས་བསགས་པའི་སྐབས་རྗེ་བླ་མ་རིན་པོ་ཆེའི་སྙན་བརྒྱུད་ཡང་དག་ཟབ་ཏིག་གི་མཎྜལ་ངག་འདོན། ཨོཾ་ཨཱཿཧཱུྃ༔ འཁོར་འདས་སྣོད་བཅུད་དཔལ་འབྱོར་དང་༔ བདག་ལུས་ཕུང་ཁམས་སྐྱེ་མཆེད་བཅས༔ གཟུང་འཛིན་རྣམ་དག་མཎྜ་ལས༔ བླ་མ་རྒྱལ་བ་སྲས་བཅས་མཆོད༔ ཨོཾ་སརྦ་རཏྣ་མཎྜ་ལ་པཱུ་ཛ་ཨཱཿཧཱུྃ༔ ཞེས་པ་ལ་གྲངས་བཟུང་ན་འཇུག་པ་བདེ་བས་ལེགས་སྙམ། སྐུ་གསུམ་མཎྜལ་རྒྱས་པ་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་ལས་འབྱུང་བ་དང་ཚོམ་བུ་སོ་བདུན་སོགས་ཀྱང་སྦྱར་ན་ལེགས་ཤིང༌། གང་ལྟར་ཡང་ཡུལ་ཆོས་དབྱིངས་ཀ་དག་མེ་ལོང་ལྟ་བུའི་ངོས་ལ། རིག་རྩལ་བདེ་ཆེན་གྱི་རོལ་པ་ཅིར་ཡང་མ་འགག་པའི་རྩལ་མཁའ་ཁྱབ་མཆོད་སྤྲིན་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ལྟ་བུའི་གཟུགས་བརྙན་འཆར་བ་ཉིད་སྣང་སྟོང་དབྱེར་མེད་ཡེ་ཤེས་ཀྱིས་རྒྱས་ཐེབས་པར་ཕུལ་བས། མཎྜལ་ཉིད་དངོས་པོ་ཆུང་ཡང་དམིགས་བསམ་གྱི་ཐབས་ཁྱད་པར་ཅན་གྱིས་བསོད་ནམས་མཐའ་ཡས་པ་ཐོབ་པར་གསུངས་སོ། །སྐབས་འདིར་ཟབ་མོ་ནང་གི་ཚོགས་བསགས་ཕུང་པོ་མཆོད་སྦྱིན་སྦྱར་དགོས་པས་དེའི་དམིགས་ཁྲིད་ནི་དབང་གསུམ་པའི་མཐའ་རྟེན་དུ་འབྱུང་བ་ལྟར་འདིར་ཡང་སྦྱོར་ཞིང་ཉམས་སུ་བླང་བས་ལུས་སོགས་གཅེས་འཛིན་གྱི་ཞེན་པ་བཅད་དེ་ཕུལ་བས་ཚོགས་རྫོགས་སྟོབས་ཆེ་བ་དང་སྦྱིན་པའི་མཆོག་ཏུ་འགྱུར་བ་སོགས་དགོས་པ་ཁྱད་པར་ཅན་དང་འབྲེལ་བས་ཉམས་སུ་བླང་བར་བྱའོ། | |||
།ལྔ་པ་ནི། སྤྱིར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་ཡོན་ཏན་ཐམས་ཅད་སློབ་དཔོན་ཁོ་ན་ལ་རག་ལས་ཤིང༌། ཁྱད་པར་རྡོ་རྗེ་ཐེག་པའི་དངོས་གྲུབ། འོད་གསལ་རྫོགས་པ་ཆེན་པོའི་ཉམས་མྱོང་རྒྱུད་ལ་སྐྱེ་བ་ནི་བླ་མའི་བྱིན་རླབས་འབའ་ཞིག་ལ་རག་ལས་ཤིང༌། བྱིན་རླབས་རྒྱུད་ལ་འདྲེན་པའི་ཕོ་ཉ་ནི་མོས་གུས་ཁོ་ན་ཡིན་པས་རང་ལ་བཀའ་དྲིན་གསུམ་ལྡན་གྱི་བླ་མ་དེ་ཉིད་ཕྱོགས་དུས་དཀོན་མཆོག་ཀུན་འདུས་སུ་ཤེས་པའི་ངེས་པ་བརྟན་པོས་མཆོག་གི་བྱིན་རླབས་ཆེན་པོའི་ཏིང་ངེ་འཛིན་བླ་མ་རྡོ་རྗེ་འཆང་ཆེན་པོར་མོས་གུས་རྩལ་དུ་བཏོན་པའི་རྣལ་འབྱོར་དུ་བྱེད་པ་གལ་ཆེ་བའི་ཕྱིར་དེ་ནི། རང་གི་སྤྱི་བོར་པད་ཟླའི་སྟེང་༔ རྩ་བའི་བླ་མ་རྡོ་རྗེ་འཆང་༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ མཐིང་གསལ་ནམ་མཁའ་དྭངས་པའི་མདོག༔ རྡོ་རྗེ་དྲིལ་འཛིན་ཡུམ་དང་སྦྱོར༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཁྲོ་འཛུམ་མཚན་དཔེའི་འོད་ཕུང་འབར༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ རང་བྱུང་འོད་ལྔའི་ཀློང་ན་བཞུགས༔ ཕུང་ཁམས་སྐྱེ་མཆེད་གདོད་མ་ནས༔ རྩ་གསུམ་ལྷ་ཚོགས་ཕྱག་རྒྱར་སད༔ དམ་ཚིག་ཡེ་ཤེས་དབྱེར་མེད་པ༔ སྐྱབས་ཀུན་འདུས་པའི་ངོ་བོར་བསམ༔ ཞེས་ཚོགས་རྟེན་ལེགས་པར་གསལ་གདབ། གཞུང་ལས། ཡན་ལག་བདུན་དང་མཎྜལ་འབུལ༔ ཞེས་གསུངས་པས་ན་སྐབས་འདིར་བསགས་སྦྱང་གི་སྙིང་པོ་ཡན་ལག་བདུན་པ་འབུལ་དགོས་པས་གྲུབ་ན་ལུས་ཀྱིས་ཕྱག་དངོས་སུ་འཚལ་ཏེ་གྲངས་འབུམ་ཕྲག་བསགས་པ་དང་བཅས། བླ་མ་དཀོན་མཆོག་ཡི་དམ་ལྷར༔ སྒོ་གསུམ་དད་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་ཚོགས་འབུལ༔ སྡིག་ལྟུང་འགྱོད་པས་སྙིང་ནས་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ བསོད་ནམས་ཆོས་དབྱིངས་ཆེན་པོར་བསྔོ༔ འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག༔ ལན་ཇི་ལྟར་རིགས་པ་དང༌། མཎྜལ་གྱི་རྣམ་བཞག་སོགས་གོང་དུ་སྨོས་པ་ལས་མཎྜལ་འབུལ་བ་དངོས་བླ་མའི་རྣལ་འབྱོར་དང་སྦྲེལ་ནས་དགོས་པས་ན༔ ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་རབ་འབྱམས་མཎྜ་ལར་སོགས་ངག་འདོན་རྒྱས་བསྡུས་ལ་བརྟེན་ནས་འབུམ་ཕྲག་བསགས། དངོས་གཞིའི་གོ་དོན་གསོལ་བ་གང་ལ་འདེབས་པའི་ཡུལ་སྐུ་གསུམ་ཕྱོགས་དུས་དཀོན་མཆོག་རྩ་གསུམ་མ་ལུས་པའི་ངོ་བོ་བླ་མ་རྡོ་རྗེ་འཆང་ཆེན་པོ་ལ། གང་གིས་གསོལ་བ་འདེབས་པ་པོ་མཁའ་མཉམ་འགྲོ་བ་ཀུན་གྱི་བྱང་རང་གིས་དྲངས་ཏེ། ཇི་ལྟར་འདེབས་ན་བླ་མ་དེ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་དགོས་འདོད་ཀུན་འབྱུང་དུ་བློ་ཐག་ཆོད་པའི་རེ་ལྟོས་ལིང་སྐྱུར་གྱི་གདུང་ཤུགས་དྲག་པོས། དགོས་པ་གང་གི་ཕྱིར་ན་ས་ལམ་གྱི་བར་ཆད་ཞི་ཞིང་མཆོག་ཐུན་དངོས་གྲུབ་སྤྱི་དང་ཁྱད་པར་ཡེ་ཤེས་ཆེན་པོའི་བྱིན་རླབས་མཆོག་གི་དངོས་གྲུབ་ཐོབ་པའི་སླད་དུ་ཉིན་མཚན་རྟག་པར་མི་བརྗེད་པས། གསོལ་འདེབས་ཀྱི་ཚིག་བརྒྱུད་པའི་གསོལ་འདེབས་དང༌། བྱང་གཏེར་བླ་མ་སྐུ་གསུམ་ལ་སོགས་པའི་མཐར། སྐྱབས་གནས་ཀུན་འདུས་རྡོ་རྗེ་འཆང་༔ དཔལ་ལྡན་བླ་མ་རིན་པོ་ཆེར༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་གྲངས་འབུམ་ཕྲག་ལ་སོགས་པ་བསགས། སྐབས་ཇི་ལྟར་རིག་པར། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་འབུམ་ཕྲག་བཞིའམ་བཅུ་གསུམ་ལ་སོགས་པ་བཟླས་ཤིང་ཐུགས་རྒྱུད་བསྐུལ་བས། བླ་མའི་སྐུ་ལས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབ། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་གནས་ཐམས་ཅད་གང༌། སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག །ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་ཏེ་སྐུ་གསུང་ཐུགས་ཀྱི་གསང་བར་གཉིས་སུ་མེད་པར་བྱིན་གྱིས་བརླབས་པར་བསམ། ཐུན་མཐར་སླར་ཡང་གསོལ་འདེབས་ཀྱི་ཚིག་ལན་གསུམ་བརྗོད་པས། རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་༔ སྙོམས་ཞུགས་བྱང་ཆུབ་སེམས་ཀྱི་རྒྱུན༔ སྤྱི་བོ་ནས་བརྒྱུད་གནས་བཞིར་བབ༔ དབང་བཞིའི་ཡེ་ཤེས་འབེབས་པའི་མཐུས༔ སྒྲིབ་བཞི་བྱང་ཞིང་ཟབ་ལམ་བཞི༔ སྒོམ་པའི་སྣོད་གྱུར་མཐར་ཐུག་གི༔ འབྲས་བུ་སྐུ་བཞིའི་སྐལ་ལྡན་གྱུར༔ མཐར་ནི་རང་ཐིམ་དབྱེར་མེད་ངང་༔ བླ་མ་ཆོས་སྐུའི་རང་ཞལ་བལྟ། ཞེས་མཉམ་པར་བཞག །སྣང་གྲགས་རྟོག་གསུམ་གྱི་ཆོས་ཐམས་ཅད་བླ་མའི་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཀྱི་འཁོར་ལོར་ལམ་དུ་ཁྱེར། བླ་མ་སྐད་ཅིག་ཀྱང་མ་བརྗེད་པའི་ངང་ནས་གསོལ་བ་བཏབ་པའི་ཕན་ཡོན་ཀྱང༌། འདི་ནི་མཆོག་གི་དངོས་གྲུབ་ཀྱང་༔ མྱུར་བ་ཉིད་དུ་མངོན་འགྱུར་ན༔ ཐུན་མོང་ཕྲིན་ལས་སྨོས་ཅི་དགོས༔ ཡིད་བཞིན་ནོར་བུའི་མན་ངག་གོ༔ ཞེས་གསུངས་པས་མཚོན་མཐའ་ཡས་པར་གསུངས་སོ། །གསུམ་པ་བླ་མེད་ཀྱི་སྔོན་འགྲོ་རྒྱུད་མ་ཧཱ་ཡོ་གའི་ལམ་དངོས་ཉིད་བཤད་པ་ལ། དེ་ལྟར་ཐུན་མོང་ཐུན་མིན་གྱི༔ སྔོན་འགྲོའི་རིམ་པས་རྒྱུད་འབྱོངས་ནས༔ དངོས་གཞི་དབང་བཞིའི་ལམ་བཞི་ལས༔ དང་པོ་བུམ་པའི་དབང་གི་ལམ༔ ཕྱི་དབྱིབས་ནང་ལུས་གསང་བ་རྩ༔ དེ་ཉིད་སེམས་ཀྱི་དཀྱིལ་འཁོར་བསྒྲུབ༔ ཅེས་གསུངས་པ་ལྟར། ཕྱི་དབྱིབས་ཀྱི་དཀྱིལ་འཁོར། ནང་ལུས་ཀྱི་དཀྱིལ་འཁོར། གསང་བ་རྩ་ཡི་དཀྱིལ་འཁོར། དེ་ཁོ་ན་ཉིད་སེམསཀྱི་དཀྱིལ་འཁོར་གྱི་བསྐྱེད་རིམ་བཞི་ལས། དང་པོ་ལའང་བསྐྱེད་པ་ལྷའི་རྣལ་འབྱོར་དང༌། བཟླས་པ་སྔགས་ཀྱི་རྣལ་འབྱོར་གཉིས། དང་པོ་ལའང་དམ་ཡེ་གཉིས་མེད་ཀྱི་ལྷ་བསྒོམ་པ་དང༌། གསལ་བརྟན་དག་པ་དྲན་པས་བོགས་དབྱུང་བ་གཉིས་ལས། དང་པོ་ནི། དེ་ལྟར་དབྱིབས་ཀྱི་ལྷ་བསྒོམས་ནས༔ ཞེས་པ་སྟེ། སྤྱིར་སྔོན་འགྲོའི་བསགས་སྦྱང་གནད་དུ་བསྣུན་པས་རྒྱུད་ལས་རུང་དུ་བྱེད་པ་ཞིང་ས་ཐ་རྒོད་བཏུལ་བ་ལྟར་གྱུར་པ་དང༌། སྨིན་གྲོལ་གྱི་ནུས་པས་ས་བོན་འབྲུ་སྐྱོན་མེད་ས་ལ་བཏབ་པ་བཞིན་སྨིན་རུང་དུ་བྱས་པ་ལྷན་ཅིག་ཏུ་ཚོགས་པ་གང༌། དེ་ཉིད་བསྐྱེདབསྲིང་བའི་ཕྱིར་ཆུ་ལུད་སོགས་སོ་ནམ་སྲུང་སྤེལ་གྱི་ཐབས་ལ་འབད་པ་ལྟར། བུམ་དབང་དང་རྗེས་སུ་འབྲེལ་བའི་བསྐྱེད་རིམ་སྣང་སྟོང་ཟུང་འཇུག་བསྒོམ་པ། གསང་དབང་དང་རྗེས་སུ་འབྲེལ་བའི་ཟབ་ལམ་གསལ་སྟོང་ཟུང་འཇུག་བསྒོམ་པ། དབང་གསུམ་པ་དང་རྗེས་སུ་འབྲེལ་བའི་ཕོ་ཉའི་ལམ་བདེ་སྟོང་ཟུང་འཇུག་བསྒོམ་པ། དབང་བཞི་པ་དང་རྗེས་སུ་འབྲེལ་བའི་རྫོགས་ཆེན་རིག་སྟོང་ཟུང་འཇུག་བསྒོམ་པ་བཞི་ལས། དང་པོ་བུམ་དབང་གི་ལམ་བསྐྱེད་རིམ་ཀྱི་ངོ་བོ་ནི་རྗེས་དཔག་གི་ལྷའི་རྣལ་འབྱོར་སྟེ་མཚན་ཉིད་ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པ་བཅོས་ཤིང་བརྟགས་པ་ལས་བྱུང་བའི་ལྷ་སྐུ་སྣང་སྟོང༌། དེ་ཡང་ཁྱད་གཞི་རྣམ་རྟོག་གིས་བརྟགས་པའི་ལྷ་སྐུ་ལ། ཁྱད་ཆོས་ཆོ་གའི་ཁྱད་པར་རྒྱུད་ལས་གསུངས་པའི་བསྐྱེད་ཆོག་གི་རིམ་པ་ཚང་བ། རང་འབྲས་ཀྱི་ཁྱད་པར་སྔགས་ཀྱི་མཐུ་བསྐྱེད་ནུས་པ། ངོ་བོའི་ཁྱད་པར་ཐུན་མོང་མ་ཡིན་པའི་ཞུ་བདེའི་ཆ་ཤས་སྟོང་ཉིད་ཀྱིས་རྒྱས་བཏབ་པ། བྱེད་ལས་ཀྱི་ཁྱད་པར་དག་རྫོགས་སྨིན་གསུམ་ཚང་བ་སྟེ་ཁྱད་ཆོས་བཞི་ལྡན་ཞེས་ཀུན་རྫོབ་འཇིག་རྟེན་སྐྱེ་བའི་རིམ་པ་དང་སྦྱར་ཏེ་བསྐྱེད་རིམ་ལྷའི་རྣལ་འབྱོར་འཁོར་དང་བཅས་པ་ལ་ཀུན་རྫོབ་བདེན་པའི་རྣལ་འབྱོར་ལམ་གྱི་གཞི་ཡིན་པས་སྔོན་དུ་འགྲོ་དགོས་པ་ལ་འདིས་བསྒྲུབ་བྱ་ཆོས་དབྱིངས་རང་བཞིན་རྣམ་དག་གི་ལྷ་གདོད་ནས་བཞུགས་པའི་དམ་ཚིག་སེམས་དཔའ་དང༌། འཁོར་འདས་ཀུན་ཁྱབ་སངས་རྒྱས་ཆོས་ཀྱི་སྐུ་ཡེ་ཤེས་སེམས་དཔའི་བདག་ཉིད་ཀྱི་ལྷ་གཉིས་ཐོག་མ་ཉིད་ནས་དམ་ཡེ་གཉིས་མེད་དུ་གྱུར་པའི་བྱིན་རླབས་སམ་རྩལ་ལས་ཤར་བའི་མཚན་མའི་ལྷ་རྩ་གསུམ་ཀུན་འདུས་རིག་འཛིན་བླ་མའི་ཡེ་ཤེས་ཀྱི་འཁོར་ལོར་སྣང་བ་ཉིད་སྒྲུབ་བྱེདཀྱི་ཐབས་ཕྱི་དབྱིབས་ཀྱི་དཀྱིལ་འཁོར། ནང་ལུས་ཀྱི་དཀྱིལ་འཁོར། གསང་བ་རྩ་ཡི་དཀྱིལ་འཁོར། དེ་ཁོ་ན་ཉིད་སེམས་ཀྱི་དཀྱིལ་འཁོར་བཞི། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པས་བསྡུས་པའི་ཆོ་གས། ཇི་ལྟར་སྒྲུབ་ཚུལ་བསྙེན་སྒྲུབ་ཡན་ལག་བཞིའི་ཚུལ་དུ་བསྒྲུབས་པས། གྲུབ་འབྲས་རིག་འཛིན་བཞི་གྲུབ་པའི་ཚུལ་དང་བཅས་ཕན་ཚུན་ལྟོས་ནས་འབྲེལ་བའི་རིམ་ཅན་དུ་བསྟན་པའི་གོ་དོན་སྤྱིར་ངེས་པར་བྱས་ནས་ཇི་ལྟར་བསྒོམ་ཚུལ་དངོས་ལ། དབེན་པའི་གནས་སུ་ཡར་ངོའི་ཚེས་བཅུ་སོགས་དུས་དང་གཟའ་སྐར་དགེ་བར་སྤྲོས་པ་དང་འབྲེལ་ན་གཞུང་མཐུན་སྐུ་རྟེན་བཀྲམ་པའི་མདུན་སྨན་རཀ་གཏོར་མ་ཉེར་སྤྱོད་བཅས་བཤམ། ནང་གི་རྣལ་འབྱོར་གཙོ་བོར་བཏོན་ན་དགོངས་པ་གསལ་འདེབས་ཙམ་གྱིས་རུང༌། གང་ལྟར་ཡང་མཚམས་དམ་དུ་བཅད། ཕྱི་ནང་གི་རྒྱུ་འགྲུལ་རྣམ་གཡེང་སྤངས་ལ་སྔོན་འགྲོ་བསགས་སྦྱང་འགལ་སྤོང་མཐུན་སྒྲུབ་ཀྱི་རིམ་པ་ལས་བྱང་བྱིན་རླབས་བཅུད་འདྲེན་ལྟར་དང༌། དངོས་གཞི་རྩ་བའི་རྣལ་འབྱོར་ལ། དེ་བཞིན་ཉིད་དབྱིངས་གདོད་མའི་མགོན་སོགས་ནས། ཀློང་ནས་ཤར༔ ཞེས་པའི་བར་གྱིས་དང་པོ་རྒྱུ་ཏིང་འཛིན་གསུམ་གྱིས་ཁོག་ཕུབ་དགོས་པས་ཐོག་མར། སྦྱང་བྱ་འཆི་སྲིད་ཆོས་སྐུའི་འོད་གསལ་ངོ་མ་ཤེས་ནས་ལྡོག་པ་ཅན་གྱི་རྣམ་པར་མི་རྟོག་པའི་སྟོང་ཉིད་ལ། སྦྱོང་བྱེད་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་གདོད་མའི་མགོན་པོ་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་དེ་ཉིད་ལ་མཉམ་པར་བཞག་པས་སྣོད་བཅུད་ཀྱི་དངོས་འཛིན་དབྱིངས་སུ་སྦྱངས་ཏེ་འཆི་སྲིད་དག །ཆོས་སྐུའི་ཡེ་ཤེས་གཞི་ལ་རྫོགས། དོན་གྱི་འོད་གསལ་གྱི་སྨིན་བྱེད་དུ་འགྲོ། སྦྱང་བྱ་འཆི་སྲིད་ཀྱི་སྐད་ཅིག་བཞི་པའི་རྗེས་ལྷུན་གྲུབ་འོད་གསལ་གྱི་སྣང་བ་ངོ་མ་ཤེས་པ་སྣང་གསུམ་ལུགས་ལྡོག་གི་བར་དོའི་ཡིད་ལུས་ཉིད། སྦྱོང་བྱེད་རྣམ་པ་བདེ་བ་ཆེན་པོའི་ཡེ་ཤེས་སུ་གསལ་ལ་ངོ་བོ་འཛིན་མེད་ཆུ་ཟླ་ལྟ་བུའི་སྙིང་རྗེ། རོལ་པ་ལོངས་སྐུ་རྡོ་རྗེ་སེམས་དཔའི་བདག་ཉིད་མཁའ་ཁྱབ་ཏུ་སྤྲོས་པས་བར་སྲིད་དག །ལོངས་སྐུའི་ཡོན་ཏན་ཡོངས་སུ་རྫོགས། འོད་གསལ་ཡེ་ཤེས་ཀྱི་སྐུར་ལྡང་བའི་རྒྱུ་སྙིང་རྗེའི་སྨིན་བྱེད་དུ་འགྲོ། སྦྱང་བྱ་ཕྱི་མའི་སྲིད་པ་ལ་སྲེད་ལེན་གྱིས་འཇུག་ལ་ཁད་ཀྱི་བར་དོའི་རླུང་སེམས། སྦྱོང་བྱེད་དཀྱིལ་འཁོར་བསྐྱེད་སྤྲུལ་གྱི་སྤྲུལ་སྐུ་རྒྱུའི་ས་བོན་ཨ་ཡིག་དཀར་གསལ་འོད་འབར་བ་གཟུང་འཛིན་གཉིས་སྟོང་གི་ནམ་མཁའི་ཀློང་དུ་ཤར་བ་བསྒོམས་པས་སྐྱེ་སྲིད་དག །སྤྲུལ་སྐུའི་ཕྲིན་ལས་འཆར་རུང་དུ་རྫོགས། བདེ་བ་དང་རླུང་སེམས་ལས་བྱུང་བའི་ཡེ་ཤེས་ཀྱི་ལྷ་སྐུར་ལྡང་ནུས་པའི་སྨིན་བྱེད་དུ་འགྲོ་བ་སྟེ་ཏིང་འཛིན་རྣམ་གསུམ་གྱིས་དག་རྫོགས་སྨིན་པའི་ཚུལ་འདི་བསྐྱེད་རིམ་གྱི་ཟབ་གནད་ཐུན་མིན་ཡིན་པས་མདོ་ཙམ་སྨོས་པའོ། | |||
།གཉིས་པ་འབྲས་བུ་རྟེན་བརྟེན་པའི་དཀྱིལ་འཁོར་ཇི་ལྟར་བསྒོམ་ཚུལ་ནི། གཞི་སྣང་སྒྱུ་འཕྲུལ་དྲྭ་བའི་སྤྲིན་སོགས་ནས། ཆོས་ཟད་འཕོ་ཆེན་ཕྱག་རྒྱར་བཞེངས༔ ཞེས་པ་སྟེ། འོད་གསལ་ལྷུན་གྲུབ་ཀྱི་གཞི་སྣང་ཡིད་ཆོས་གདོད་ནས་ལྷའི་འཁོར་ལོ་ཡེ་ཤེས་སྒྱུ་མའི་ཕྱག་རྒྱར་གནས་པའི་ཡིན་ལུགས་ཉིད་སྐད་ཅིག་དྲན་རྫོགས་སུ་གསལ་འདེབས་པ་སྤྲོས་མེད་ཨ་ཏི་ཡོ་གའི་བསྐྱེད་རིམ་སྟེ་སྣོད་བཅུད་རྣམ་དག་རྡོ་རྗེའི་འོག་མིན་སྐུ་དང་ཡེ་ཤེས་འཇའ་ཟེར་ཐིག་ལེའི་སྤྲིན་ཕུང་འཁྲིགས་པའི་དབུས་སུ་སེང་ཁྲི་པད་ཟླའི་སྟེང་དུ་རང་ཉིད་འཆི་མེད་འཕོ་ཆེན་ཡེ་ཤེས་རྡོ་རྗེའི་སྐུ་ཅན་པཎ་ཆེན་བི་མ་ལ་མི་ཏྲ་སྐུ་མདོག་དཀར་ལྗང་པཎྜི་ཏའི་ཆས། ཕྱག་གཉིས་མཉམ་བཞག་གི་སྟེང་ཚེ་བུམ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། ཤངས་རྩེར་ཡི་གེ་ཨ་ཡིག་དཀར་གསལ་གྱིས་མཚན་པ། བི་མ་ལའི་སྨིན་མཚམས་དབུ་མའི་ཡར་སྣར་བདེ་ཆེན་དྭངས་མའི་བྱང་ཆུབ་སེམས་དཔྱིད་ཀྱི་ཐིག་ལེའི་ངོ་བོ་འོད་གསལ་ཡེ་ཤེས་ཀྱི་སྐུ་བརྙེས་པ་རིག་འཛིན་ཆེན་པོ་ཤྲཱི་སིདྷ་དམར་སྨུག་ཁྲོ་འཛུམ་ཧེ་རུ་ཀའི་ཆས་ཅན། ཕྱག་གཡས་སྡིགས་འཛུབ་ནམ་མཁར་གཏོད་ཅིང་གཡོན་པས་ཐོད་པ་བདུད་རྩིས་གང་བ་དཀུར་བསྟེན་པ། ཞབས་རྒྱལ་པོ་རོལ་སྟབས་ཀྱིས་པད་ཉི་ཟླ་གདན་ལ་འགྱིང་བ། ཐུགས་ཀར་ཡེ་ཤེས་སེམས་དཔའ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་གཞོན་ཚུལ་དཀར་དམར་གྱི་མདངས་ལྡན་ཞི་མ་ཁྲོའི་ཉམས་ཅན། གཅེར་བུ་རུས་པའི་རྒྱན་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང་གཡོན་པ་མཉམ་བཞག་གིས་ཐོད་བུམ་བསྣམས་པ། ཞབས་ཕྱེད་སྐྱིལ་གྱིས་པད་ཟླ་ལ་བཞུགས་པ། དེ་དག་གི་སྐུ་ལས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་སྤྲིན་ཕུང་འཕྲོ་བས་སྣང་སྲིད་ཡེ་ཤེས་རོལ་པའི་རང་སྣང་རྣམ་དག་གི་འཁོར་ལོ་ཆེན་པོར་གཟོད་ནས་ལྷུན་གྱིས་རྫོགས་པ་ཉིད་དགོངས་པ་མངོན་གྱུར་གྱིས་གསལ་གདབ་པའོ། །དེ་ལྟར་གསལ་བཏབ་པ་ལ་དབང་བསྐུར་རྒྱས་གདབ་ཡེ་ཤེས་པ་དྲངས་བསྟིམས་ཕྱག་མཆོད་བསྟོད་པའི་རིམ་པ་བཅས་ལས་རིམ་བདུན་གྱིས་རྫོགས་པར་བྱའོ། །གཉིས་པ་གསལ་བརྟན་དག་པ་དྲན་པས་བོགས་དབྱུང་བ་ནི། གསལ་བརྟན་དག་པ་དྲན་པ་ཡིས༔ ཐ་མལ་སྣང་ཞེན་སྦྱངས་ནས་ཀྱང་༔ ཞེས་པ་ལྟར་གསུམ་ལས་དང་པོ་ཐ་མལ་པའི་སྣང་ཞེན་རགས་པ་ལྡོག་ཕྱིར་ལྷ་སྐུའི་སྣང་ཞེན་ལ་བསླབ་པའི་ཚུལ་ནི། རྫིང་བུ་དྭངས་གསལ་གཡོ་བ་མེད་པའི་ནང་དུ་གཟུགས་བརྙན་ཤར་བ་ལྟར་སྐུ་ཡོངས་རྫོགས་ལམ་ཙམ་གསལ་བ་དམིགས་ཡུལ་དུ་བྱིང་རྒོད་ཀྱི་རྐྱེན་མེད་པར་རྩེ་གཅིག་ཏུ་བསྒོམས་པས་སྤྱི་རྣམ་རགས་པའི་གསལ་སྣང་བྱུང་ན་སྤྱིའི་གསལ་སྣང་མ་ཤོར་བའི་ངང་ནས་སྤྱན་ནས་ཞབས་ཀྱི་བར་སྐུའི་ཆ་ཤས། དབུ་ཞྭ་ན་བཟའ་ནས་གདན་སེང་ཁྲིའི་བར་རྒྱན་དང་རྣམ་འགྱུར་ཆ་ཤས་རེ་རེ་བཞིན་གསལ་ལ་རྟོག་པ་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། སྣང་ལ་རང་བཞིན་མེད་པ་བར་སྣང་གི་འཇའ་ཚོན་ལྟ་བུ། ཐོགས་མེད་ཀུན་ལ་ཁྱབ་པ་ཆུ་ཟླའི་རྣམ་འགྱུར་ལྟ་བུར་ངེས་ཤེས་སྐྱེས་ནས་སྣང་སྟོང་གཉིས་མེད་ཀྱི་ངང་དུ་མཉམ་པར་བཞག་པས་གསལ་བ་གསུམ་གྱི་ཏིང་འཛིན་ལ་གོམས་པ་བརྟན་པས་ཕྱིའི་གཟུགས་ཕུང་དུ་སྣང་བ་རྣམས་སྦྱོང་བར་བྱེད་དོ། | |||
།གཉིས་པ་ཐ་མལ་གྱི་ཞེན་རྟོག་ལྡོག་ཕྱིར་ང་རྒྱལ་བརྟན་པ་ནི། རང་ལྷ་དེར་ཤེས་པ་ཙམ་གྱི་ང་རྒྱལ་ཉི་ཚེ་བ་མ་ཡིན་པ་སྟོང་པའི་འོད་གསལ་ཀ་དག་ཁྲེགས་ཆོད་དང༌། སྣང་བའི་འོད་གསལ་ལྷུན་གྲུབ་ཐོད་རྒལ་གྱི་ལམ་སྣང་བཞི་མཐར་སོན་དག་པ་གཉིས་ལྡན་ཆོས་ཟད་གཞིར་གནས་ཀྱི་དགོངས་པ་ཉིད་གདུལ་བྱའི་དཔལ་དུ་སྐུ་དང་ཞིང་ཁམས་རྒྱ་མཚོའི་ཁྱབ་བདག་འཕོ་ཆེན་རྡོ་རྗེ་མི་ཤིགས་དྭངས་མའི་རང་གཟུགས་ནམ་མཁའ་ཇི་སྲིད་སྐྱེ་འཆི་བགྲེས་རྒུད་བྲལ་བའི་རིག་འཛིན་བླ་མ་རྣམ་གསུམ་གྱི་རྡོ་རྗེའི་གསང་བ་གསུམ་གྱི་རྣམ་པར་ཤར་བ་དེ་ཉིད་ངའོ་སྙམ་པའི་ང་རྒྱལ་བརྟན་པོ་བཟུང་ཞིང་འཛིན་མེད་ཀྱི་རྩིས་བཏབ་ནས་གཉུག་མར་ལམ་དུ་ཁྱེར་ཤེས་ན་ཡང་དག་པའི་ལམ་དུ་འགྲོ་ཞིང༌། དེ་ལྟར་གོམས་པས་སེམས་ཐ་མལ་གྱི་འཛིན་ཞེན་སྦྱང་བ་ཡིན་ནོ། །གསུམ་པ་དག་དྲན་ལ་བསླབ་པ་ནི། ཀ་དག་དབྱིངས་ཀྱི་ངོ་བོ་སྤྲོས་མཚན་ལས་གདོད་ནས་གྲོལ་ཀྱང་ལྷུན་གྲུབ་ཡེ་ཤེས་ཀྱི་བདག་ཉིད་འབྲས་བུ་རྣམ་བྱང་གི་ཡོན་ཏན་འདུ་འབྲལ་མེད་པའི་ཚུལ་དུ་ལྷུན་གྱིས་རྫོགས་པ་ཉིད་རིག་འཛིན་བླ་མ་མཆོག་གི་སྐུ་དང་ཞིང་ཁམས་གཙོ་འཁོར་གྱི་ཚུལ་དུ་གཉིས་མེད་དག་པ་ཆེན་པོར་བཞུགས་པ་ལ་ད་ལྟ་ཏིང་འཛིན་གྱིས་བསྒོམས་པའི་ལྷ་དེ་ཡང་དེ་ཉིད་གསལ་འདེབས་པ་ལས་གཞན་ཐ་མལ་རིས་ཆད་དུ་མ་གྱུར་པ་རྣམ་པར་དག་པར་མོས་པས་སྣང་ཞེན་ཐམས་ཅད་ཀྱང་ཡང་དག་པའི་ཡེ་ཤེས་སུ་བསྒྱུར་བའོ། །སྐབས་འདིར་བསྐྱེད་རིམ་གཙོ་བོར་བྱས་ན་ཏིང་ངེ་འཛིན་ལ་རྩལ་འདོན་པའི་ཕྱིར་ཕྲ་བའི་གསལ་སྣང་རྟེན་བརྟེན་པ་སྟོང་གསུམ་ཡུངས་འབྲུའི་ཚུལ་དུ་གསལ་བ་དང༌། ཏིང་འཛིན་གེགས་སེལ་བོགས་འདོན་གྱི་རིམ་པ་ཉང་གཏེར་བླ་མ་དམར་ཁྲིད། བཀའ་བརྒྱད་རང་ཤར་གྱི་སྒོམ་ཁྲིད། བླ་མ་དགོངས་འདུས་སོགས་ལས་འབྱུང་བ་ལྟར་སྦྱར་ཀྱང་རུང་མོད་གཏེར་གཞུང་དངོས་ཀྱིས་ཇི་ལྟར་བསྟན་པ་ཙམ་ལས་དེང་སང་མོས་སྒོམ་ཤས་ཆེ་བའི་ཕྱིར་ཞིབ་པར་མ་བཤད་དོ། །གཉིས་པ་བཟླས་པ་སྔགས་ཀྱི་རྣལ་འབྱོར་ལ། ཡན་ལག་བཟླས་པས་ཐུགས་དམ་བསྐུལ༔ ཞེས་དང༌། ངག་རླུང་ཡིད་ཀྱི་བཟླས་པས་བསྙེན༔ ཞེས་པ་ལྟར་གསུམ་ལས་དང་པོ་ཐུན་མོང་ངག་གི་བཟླས་པ་ནི། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སོགས་དང༌། རླུང་རིག་དབྱེར་མེད་ངང་ནས་བཟླ༔ ཞེས་པ་སྟེ། བསྐྱེད་རིམ་གྱི་ཏིང་འཛིན་གྱིས་དུབ་ན་ངལ་གསོའི་གེགས་སེལ་དང༌། བཟླས་པ་དངོས་གྲུབ་ཀྱི་གནས་ལ་ཐུགས་དམ་བསྐུལ་བའི་ཕྱིར་བསྙེན་པས་ཐུགས་རྒྱུད་བསྐུལ་དགོས་པས་བཟླས་པའི་གཞི་བི་མ་ལའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་པད་འབྱུང་དེའི་ཐུགས་ཀར་ཟླ་བའི་སྟེང་དུ་དྭངས་མའི་སྲོག་གི་ས་བོན་ཨ་ཡིག་གི་མཐར་རིག་འཛིན་བླ་མའི་སྲོག་སྔགས་ཀྱིས་གཡས་སུ་བསྐོར་བ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བསྒྲུབ་པའི་དམིགས་གནད་སྤྱི་ལྟར་སྦྱར་ལ་སྔགས་ཀྱི་བཟླས་པའོ། །གཏེར་གཞུང་རྩ་བ་ལས་དུས་བསྙེན་བདུན་ཕྲག་གསུམ་དུ་གསུངས་ཤིང༌། གྲངས་བསྙེན་འབུམ་ཕྲག་བཞིའམ་འབྲུ་འབུམ་སོགས་བཟླ་བར་བྱའོ། །གཉིས་པ་རགས་པ་ཡིད་བཟླས་ནི། ལུས་གནད་རྐང་པ་རྡོར་སྐྱིལ་ལམ་ཕྱེད་སྐྱིལ། ལག་པ་མཉམ་བཞག་དང་བཅས་རླུང་སྔགས་སེམས་གསུམ་དབྱེར་མེད་ཀྱི་ངེས་པས་སེམས་དཔའ་སུམ་བརྩེགས་སྔགས་ཕྲེང་དང་བཅས་པ་སྔར་ལྟར་དམིགས་ལ་རླུང་རོ་བསལ་ཞིང་དལ་བུའི་འབྱིན་འཇུག་གིས་འཇམ་རླུང་བུམ་པ་ཅན་བཟུང་ལ་སྙིང་གའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་རིག་པ་གཡོ་མེད་དུ་གཏད་ལ་རྩ་སྔགས་ཡིད་ཀྱི་དམིགས་པས་བཟླ། ཅུང་ཟད་མི་བདེ་སྙམ་ན་སྣ་སྒོ་གཉིས་ནས་ཐོག་མར་སྤུ་མི་འགུལ་བའི་ཚོད་ཙམ་ལས་བར་དུ་ཤུགས་བསྐྱེད་ཅིང་མཐར་སང་གིས་འཕང་ངོ༌། | |||
།གསུམ་པ་ཕྲ་བ་རླུང་དང་སྦྱར་བའི་རྡོར་བཟླས་ནི། སེམས་དཔའ་སུམ་བརྩེགས་ཀྱི་གསལ་སྣང་སྔར་ལྟར་དང་ལུས་གནད་ཆོས་བདུན་ནམ་ཡིད་བཟླས་ཀྱི་སྐབས་ལྟར་བྱ་བས་རླུང་རོ་བསལ་རྗེས་རང་བབ་ཀྱི་རླུང་འབྱུང་གནས་ལྡང་གསུམ་ལ་སེམས་མ་གཡེངས་པར་གཏད་དེ་ནང་དུ་འཇུག་པའི་ཚེ་ཨོཾ། གནས་པ་ཨཱཿ ཕྱིར་ལྡང་བ་ཧཱུྃ་གི་སྒྲ་གདངས་སུ་ཤེས་པས་རླུང་སྔགས་སྟོང་པ་གསུམ་གྱི་གནད་གཅིག་ཏུ་དྲིལ་ཏེ་སྐད་ཅིག་ཀྱང་མ་ཡེངས་པར་བཟླ། རླུང་ནང་དུ་འདུས་ནས་འགག་པ་ལ་ཕྱོགས་ན་སྤོས་དྲི་ཞིམ་པོས་སློང་བ་སོགས་ཐབས་ཀྱིས་བསལ། དེ་ལ་མྱོང་བ་ཐོན་ནས་རྡོར་བཟླས་སྦྱོར་བ་བཞི་ལྡན་གྱི་བུམ་ཅན་དང་སྦྲགས་ནས་བུམ་ཅན་ཆེ་འབྲིང་ཆུང་གསུམ་གང་རུང་མ་འགྲུབ་ཀྱི་བར་འབད་དོ། །གཉིས་པ་ནང་ལུས་ཀྱི་དཀྱིལ་འཁོར་གྱི་བསྐྱེད་བཟླས་ནི། སྔར་བསྐྱེད་རིམ་གསལ་བཏབ་པ་དེ་ཉིད་རང་གི་ཕུང་ཁམས་མ་དག་པ་ཞིག་སྣམ་བུ་ཚོས་ཀྱིས་བསྒྱུར་བ་ལྟར་དག་པ་རིག་འཛིན་བླ་མའི་སྐུ་རུ་བློས་བཏགས་ནས་གསར་དུ་བསྒྱུར་བ་མ་ཡིན། ཀུན་རྫོབ་འཁྲུལ་སྣང་སྡུག་ཀུན་གྱི་བདེན་པའི་སྣང་ཆ་འདི་དག་ནི་རྡོ་རྗེའི་ལུས་ཀྱི་གནས་ལུགས་གདོད་ནས་གདན་གསུམ་ལྷ་ཡི་སྐུ་དང་ཡེ་ཤེས་ཀྱི་རྣམ་རོལ་ཉག་གཅིག་ཏུ་འགོག་ལམ་གྱི་ངོ་བོར་དག་པ་ལ་འཁོར་འདས་སྤང་བླང་གཉིས་མེད་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ་པའི་དོན་གྱི་ཡིན་ལུགས་མངོན་སུམ་དུ་གསལ་འདེབས་པས་འབྲས་བུ་ལམ་བྱེད་སྔགས་ཀྱི་ཐེག་པའི་ཁྱད་ཆོས་སུ་གྲགས་པ་སྟེ་ཁྱད་པར་དུ་འཁོར་ལོའི་དབང་ཕྱུག་རིག་འཛིན་བླ་མའི་ཕུང་ཁམས་གདན་གསུམ་ཡོངས་རྫོགས་ཀྱི་འཁོར་ལོར་ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་དུ་ཤེས་པའི་ཡོངས་གྲུབ་ཆེན་པོའི་དག་སྣང་དང་མོས་གུས་ཀྱིས་བླ་མ་དང་ཡི་དམ་དབྱེར་མེད་དུ་བསྒྲུབ་པའི་ཐབས་བྱིན་རླབས་དངོས་གྲུབ་མྱུར་དུ་འཐོབ་བྱེད་གནད་དུ་བསྣུན་པས་གསང་ཆེན་རིགས་གཅིག་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཚུལ་ཟབ་མོར་ཤེས་པས་བླ་སྒྲུབ་དཀྱུས་ཀྱི་ཀུན་བཟང་དོན་ཕྲིན་གྱི་གཞུང་ལྟར། པད་ཉི་ཟླ་བའི་གདན་ལ་འགྱིང་༔ ཞེས་པའི་མཚམས་སུ། ནང་དུ་ལུས་ཀྱི་གནས་རྣམས་སུ༔ ཕུང་ཁམས་དག་པའི་རིགས་མཆོག་ལྔ༔ སྤྱི་བོར་རྣམ་སྣང་སྐུ་རྡོ་རྗེ༔ དཀར། མགྲིན་པར་སྣང་མཐའ་གསུང་རྡོ་རྗེ༔ དམར། སྙིང་གར་མི་བསྐྱོད་ཐུགས་རྡོ་རྗེ༔ མཐིང༌། ལྟེ་བར་རིན་འབྱུང་ཡོན་ཏན་དང༔ སེར། གསང་བར་དོན་གྲུབ་ཕྲིན་ལས་ཀྱི༔ ལྗང༌། རྡོ་རྗེ་སོ་སོའི་རིགས་ཀྱི་ཡུམ༔ དབྱིངས་ཕྱུག་་་་དཀར། གོས་དཀར་་་་དམར། མཱ་མ་ཀི༔་་་མཐིང༌། སྤྱན་མ་་་་སེར། དམ་ཚིག་སྒྲོལ་མ་བཅས༔་་་་ལྗང༌། ཡབ་རྣམས་གཡས་རང་རྟགས། གཡོན་དྲིལ་བུ། འཁོར་ལོ་པདྨ་རྡོ་རྗེ་དང༔ རིན་ཆེན་རལ་གྲི་དྲིལ་བུ་བསྣམས༔ ཡུམ་རྣམས་གཡས་རང་རྟགས། གཡོན་དྲིལ་བུ། མཆན། མི་བསྐྱོད་ཐུགས་ཀར་ཀུན་ཏུ་བཟང་༔་་་མཐིང༌། ཡབ་ཡུམ་ཕྱག་རྒྱ་མཉམ་བཞག་ཅན༔ ཡེ་ཤེས་སེམས་དཔའ་པདྨ་འབྱུང་༔ དཀར་དམར་མདངས་ལྡན་ཞི་མ་ཁྲོ༔ གཅེར་བུ་རིན་ཆེན་རུས་པས་བརྒྱན༔ སྣ་ཚོགས་དར་གྱི་ཅོད་པན་འཆང་༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པས་མཉམ་བཞག་ཐོད་བུམ་བསྣམས༔ ཞབས་ཟུང་ཕྱེད་སྐྱིལ་པད་ཟླར་རོལ༔ གཡས་ཕྱོགས་དབང་པོའི་རྩ་བཞི་ལ༔ རྣམ་ཤེས་དག་པའི་ནང་སེམས་བཞི༔ ཡུལ་བཞི་དག་པའི་སེམས་མས་འཁྲིལ༔ མིག་ལ་ས་སྙིང་་་་རིན་པོ་ཆེའི་སྙེ་མ། སྒེག་མོ་མ༔ མེ་ལོང་ཡབ་ཡུམ་གཉིས་ཀ་དཀར། རྣ་བར་ཕྱག་རྡོར་རྡོ་རྗེ་ གླུ་མ་པི་ཝང་ལྗང༌། གཉིས༔ སྣ་ལ་ནམ་སྙིང་ རལ་གྲི། ཕྲེང་བ་མོ༔ དོ་ཤལ་སེར། ལྕེ་ལ་སྤྱན་རས་གཟིགས་ པདྨ། གར་མ༔ རྡོ་རྗེ་དམར། གཡོན་ཕྱོགས་དབང་པོའི་རྩ་བཞི་ལ༔ དབང་པོ་དག་པའི་ཕྱི་སེམས་བཞི༔ དུས་བཞི་དག་པའི་སེམས་མས་འཁྲིལ༔ མིག་ལ་བྱམས་པ་ ཀླུ་ཤིང༌། བདུག་སྤོས་མ༔ སྤོས་ཁང་དཀར་སེར། རྣ་བར་སྒྲིབ་སེལ་ རིན་པོ་ཆེའི་སྒྲོམ། མེ་ཏོག་ཅན༔ མེ་ཏོག་དམར་སེར། སྣ་ལ་ཀུན་བཟང་རིན་པོ་ཆེའི་སྙེ་མ། ཨཱ་ལོ་ཀེ༔ མར་མེ་དམར་ལྗང༌། ལྕེ་ལ་འཇམ་དཔལ་ ཨུཏྤལ། དྲི་ཆབ་མ༔ དུང་ཆོས་དཀར་ལྗང༌། དཔྲལ་བ་ལྷ་ཡི་ཐུབ་པ་བརྒྱ་བྱིན་པི་ཝང་དཀར། ལྕེ་ཐག་བཟང་རིས་གོ་ཆ་སྔོ། དང་ སྙིང་ག་ཤཱཀྱ་ཐུབ་པ་གསེག་ཤང་སྤར་བུ།དང་༔ ལྟེ་བ་སེང་གེ་རབ་བརྟན་པོ་ཏི་ལྗང༌། གསང་གནས་ཁ་འབར་རིན་པོ་ཆེའི་སྒྲོམ་དམར། རྐང་མཐིལ་གཡོན༔ ཨ་ཝ་གླང་མགོ་མེ་ཆུ་དུད་ཁ། འཇིག་རྟེན་དྲུག་དང་ཉོན་མོངས་ལྔ༔ སེར་སྣར་ལྟ་བ་གནས་དག་པའི༔ རིག་པའི་སྐྱེས་བུ་ཐུབ་པ་དྲུག༔ ཡན་ལག་བཞི་ལ་སེམས་ཅན་གྱི༔ ལུས་ཀྱི་རྣམ་པར་ཤེས་པ་དང་༔ དབང་པོ་རེག་བྱ་རེག་ཤེས་བཞི༔ རྟག་ཆད་བདག་དང་མཚན་མར་ལྟ༔ གནས་དག་སྒོ་བ་གཤིན་རྗེ་གཤེད༔ ཐོད་དབྱུག་སྨུག་ནག །སྟོབས་ཆེན་རྡོ་རྗེ་སེར་ནག རྟ་མགྲིན་ཐོད་སྦྲུལ་དམར་ནག །བདུད་རྩི་འཁྱིལ༔ རྒྱ་གྲམ་ལྗང་ནག ཕོ་ཉ་བཞི་ལྕགས་ཀྱུ་སོགས་བཞི་ཡབ་ལྟར། བཅས་ཡབ་ཡུམ་དང་༔ རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ སྣང་བ་མངོན་སུམ་ཐིག་ལེའི་སྦུབས༔ ཞེས་སོགས་ལས་བྱང་དཀྱུས་ལ་འཇུག །དེ་ཡང་རང་གི་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་རྣམ་ཤེས་ཚོགས་བརྒྱད་དང་བཅས་པ་ཀུན་གཞི་ཉོན་ཡིད་ཀྱི་འཁྲུལ་པས་བསླད་ནས་གཟུང་འཛིན་དུག་ལྔ་རང་རྒྱུད་དུ་སྣང་བ་རྣམས་རང་བཞིན་ཡོངས་གྲུབ་ཆེན་པོའི་གནས་ལུགས་གདན་གསུམ་དག་པ་རབ་འབྱམས་ལྷའི་འཁོར་ལོར་ལྷུན་གྱིས་རྫོགས་པའི་དོན་ཤེས་པས། གནས་ཚུལ་དང་མཐུན་པའི་ཏིང་འཛིན་བསྒོམས་ཤིང་ལམ་དུུ་བྱས་པས་འཁྲུལ་པའི་མུན་སྤྲུལ་སངས་ནས་ཡིན་ལུགས་མངོན་གྱུར་གྱིས་དངོས་གྲུབ་མཆོག་གི་སར་སྦྱོར་བ་ལ་གདན་གསུམ་ལུས་དཀྱིལ་ཉིད་ལྷག་པར་ཟབ་པའི་དོན་ཤེས་པས་གསལ་གདབ་ལ། བླ་སྒྲུབ་རྩ་བའི་བཟླས་པ་ཁྱུག་ཙམ་སྔོན་དུ་འགྲོ་བ་དང་བཅས། ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཨ༔ སྔགས་ཀྱི་ཕྲེང་བས་མཚན་པ་ལས༔ འོད་འཕྲོས་ལུས་ཀྱི་ལྷ་ཚོགས་རྣམས༔ ཐུགས་དམ་བསྐུལ་ཞིང་དགྱེས་པ་བསྐྱེད༔ ཐུགས་རྗེའི་འོད་ཟེར་མཁའ་ཁྱབ་འཕྲོས༔ འཕགས་པ་མཆོད་ཅིང་འགྲོ་སྒྲིབ་སྦྱང་༔ ཚུར་འདུས་བྱིན་རླབས་དངོས་གྲུབ་ཐོབ༔ སླར་འཕྲོས་སྣོད་བཅུད་ཐམས་ཅད་ཀུན༔ འཆི་མེད་རིག་འཛིན་བླ་མ་དང་༔ རྡོ་རྗེ་དབྱིངས་ཀྱི་ཕྱག་རྒྱར་སད༔ སྔགས་ཀྱི་རང་སྒྲ་སྒྲོགས་པར་བསམ༔ སྟོང་གསལ་ངང་ནས་སྔགས་འདི་བཟླ༔ ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་ས་ཏྭ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཿ ཞེས་གྲངས་བསྙེན་འབུམ་ཕྲག་གཅིག་བཟླ་གསུངས། | |||
གསུམ་པ་གསང་བ་རྩ་ཡི་དཀྱིལ་འཁོར་བསྒོམ་པ་ནི། ལུས་གདན་གསུམ་གྱི་འཁོར་ལོར་བསྒོམ་པ་དེ་ཡི་འཆར་གཞི་རྩ་བ་གནས་པ་རྩ་ཡི་དཀྱིལ་འཁོར་ཏེ། དེ་ལ་རླུང་དང་ཐིག་ལེ་སེམས་ཐམས་ཅད་བརྟེན་པས་དེ་ཉིད་རྣམ་པར་དག་པ་ལྷའི་འཁོར་ལོ་ཡེ་ཤེས་ཀྱི་རོལ་པར་བསྒོམས་ན་སངས་རྒྱས་ཀྱི་སྐུ་རྡོ་རྗེ་མཁའ་ཁྱབ་ཡེ་ཤེས་ཀྱི་ཕུང་པོ་ཡིན་ལུགས་མངོན་དུ་འགྱུར་ནུས་པས་ན་སྔ་མ་ལུས་དཀྱིལ་ལས་ཀྱང་འདི་ཉིད་ཟབ་པས་གསང་སྒྲུབ་ཏུ་གསུངས་ཏེ། སྒོམ་དོན་གསལ་འདེབས་ནི། རྩ་བའི་ལས་བྱང་གི །པད་ཉི་ཟླ་བའི་གདན་ལ་འགྱིང་༔ རང་ཉིད་འཆི་མེད་རིག་འཛིན་གྱི༔ སྣང་སྟོང་ཟུང་འཇུག་སྐུ་ཡི་དབྱིངས༔ རྩ་གསུམ་འཁོར་ལོ་འོད་ཀྱི་སྦུབས༔ སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས༔ བུདྡྷ་ཁྲག་འཐུང་གཤིན་རྗེ་གཤེད༔ སེར་ནག་བེ་ཅོན་ཐོད་ཁྲག་བསྣམས༔ མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས༔ པདྨ་ཁྲག་འཐུང་རྟ་མཆོག་རོལ༔ དམར་སྨུག་པདྨ་བྷནྡྷ་འཛིན༔ ཐུགས་ཀར་ཆོས་ཀྱི་འཁོར་ལོའི་དབུས༔ བཛྲ་ཁྲག་འཐུང་ཡང་དག་དཔལ༔ མཐིང་ནག་རྡོ་རྗེ་དུང་ཁྲག་རོལ༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས༔ རཏྣ་ཁྲག་འཐུང་ཆེ་བའི་མཆོག༔ སྨུག་ནག་རྡོ་རྗེ་བྷན་ཁྲག་བསྣམས༔ གསང་བ་བདེ་སྐྱོང་འཁོར་ལོའི་དབུས༔ ཀརྨ་ཁྲག་འཐུང་ཀཱི་ལ་ཡ༔ ལྗང་ནག་ཕྱག་གཉིས་ཕུར་བུ་འདྲིལ༔ ནོར་བུ་མི་ཕྱེད་འཁོར་ལོའི་དབུས༔ དབྱིངས་ཀྱི་ཁྲག་འཐུང་བླ་མེད་ཆེ༔ མཐིང་དམར་བྱ་ཁྱུང་ཞིང་དབྱུག་འཕྱར༔ བརླ་གཡས་ཐབས་ཀྱི་འཁོར་ལོའི་དབུས༔ ཡེ་ཤེས་ཁྲག་འཐུང་དྲེགས་པ་འདུལ༔ མཐིང་ནག་ཐོ་བ་མདུང་ཐུང་གསོར༔ བརླ་གཡོན་ཤེས་རབ་འཁོར་ལོའི་དབུས༔ རིག་རྩལ་ཁྲག་འཐུང་སྟོབས་ལྡན་ནག༔ དུད་ཀ་ལྕགས་ཀྱུ་སྤྲུལ་ཞགས་འཆིང་༔ གཙུག་ཏོར་ནོར་བུའི་འཁོར་ལོའི་དབུས༔ ཁྱབ་བདག་ཁྲག་འཐུང་ཐོད་པ་རྩལ༔ འདི་དྲང་སྲོང་ལྟར་ཁྲོས་པ་དར་དང་རིན་ཆེན་རུས་པའི་རྒྱན་ཅན། གཞན་རྣམས་སྲིན་པོ་ལྟར་ཁྲོས་པ་དུར་ཁྲོད་དཔལ་ཆས་ཅན། དམར་སྨུག་རྡོ་རྗེ་དྲིལ་བུ་བསྣོལ༔ ཀུན་ཀྱང་རང་རང་ཡུམ་དང་འཁྲིལ༔ རིགས་ཀྱི་ཚོམ་བུ་ཅིར་ཡང་སྤྲོ༔ རིག་འཛིན་ལ་དར་གྱི་ཕོ་ལོང༌། པད་ཉི་དྲེགས་པའི་གདན་སྟེང་དུ༔ ཡེ་ཤེས་མེ་དཔུང་ཀློང་ན་རོལ༔ གཞན་ཡང་བ་སྤུའི་བུ་ག་ཚུན༔ རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ རྩེ་གཅིག་སེམས་བཟུང་གསལ་སྣང་བསྒྲུབ༔ སྣང་བ་མངོན་སུམ་ཐིག་ལེའི་སྦུབས༔ སོགས་དཀྱུས་ལ་འཇུག་ཅིང་ལས་རིམ་རྫོགས་པར་བྱ། དེ་ཡང་གདོན་ནས་མི་ཤིགས་པ་རྡོ་རྗེའི་གསང་བ་གསུམ་གྱི་ལྷ། ས་ཆུའི་དྭངས་མ་སྐུ། མེ་རླུང་གི་དྭངས་མ་གསུང༌། མཁའ་སེམས་ཀྱི་དྭངས་མ་ཐུགས། དེ་ཐམས་ཅད་ལྡོག་ཆས་ཕྱེ་བ་ཙམ་ལས་དོན་ལ་རྡོ་རྗེ་གསུམ་མཉམ་པ་ཉིད་ཡེ་ཤེས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་དབྱེར་མི་ཕྱེད་པའི་ཁྱབ་བདག་ཧེ་རུ་ཀ་བདེ་གཤེགས་འདུས་པའི་སྤྱི་དཔལ་ཆེན་པོ་ཉིད། རྣམ་པ་རིག་འཛིན་བླ་མའི་འཆི་མེད་ཡེ་ཤེས་ཀྱི་སྐུའི་རྩ་གསུམ་འཁོར་ལོ་བརྒྱད་རྣམ་པ་ཐམས་ཅད་པའི་རང་བཞིན་དུ་ཤར་བའི་རྟེན་ལ། བརྟེན་པ་ཟླ་ཉི་སྒྲ་གཅན་གྱི་དྭངས་མའི་ཁམས་རྣམས་ཡེ་ཤེས་ཀློང་དགུའི་ཁྲག་འཐུང་གི་ངོ་བོར་དག་པ་རྣམས་གཙོ་བོ་ཕྱག་རྒྱ་གཅིག་པའི་རྣམ་པ་རུ་ཞལ་ཕྱག་གསལ་ལ་མ་འདྲེས། སྣང་ཆས་གདོས་བཅས་སུ་མ་གྲུབ། བལྟར་ཡོད་གཟུང་དུ་མེད་པ། སྐུ་ཆུང་ལ་ཡན་ལག་དོད་པ། རྒྱན་དང་ཕྱག་མཚན་ཡོངས་སུ་རྫོགས་པ། རྣམ་པ་གསལ་བ། རང་བཞིན་བདེ་བ། ངོ་བོ་སྟོང་པ་དང་ཟུང་དུ་འཇུག་པ། གཟོད་ནས་ཤིན་ཏུ་རྣམ་པར་དག་པའི་གཉུག་མའི་སྒོ་གསུམ་ལྷ་སྔགས་ཆོས་སྐུའི་རྣམ་པ་དབྱིངས་རིག་ཟུང་འཇུག་གི་སྒྱུ་འཕྲུལ་སྒྲ་ཇི་བཞིན་པར་གསལ་བཏབ་ལ། རྩ་བའི་བཟླས་པའི་རྗེས། ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧཱུྃ༔ འབར་བའི་སྔགས་ཕྲེང་སྒྲར་བཅས་འཁོར༔ འོད་ཀྱིས་ལུས་དཀྱིལ་ལྷ་རྣམས་བསྐུལ༔ དེ་རྣམས་སྙོམས་འཇུག་དགྱེས་འོད་ཀྱིས༔ རྩ་གསུམ་མཆོད་ཅིང་བྱིན་རླབས་བསྡུས༔ རིགས་དྲུག་ཉོན་མོངས་དུག་ཆེན་སྦྱང་༔ གཉིས་སྣང་དྲེགས་པ་ཟིལ་གྱིས་མནན༔ གཟུང་འཛིན་དགྲ་བགེགས་ཚར་ཐག་བཅད༔ གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ སྣང་སྲིད་གཞིར་བཞེངས་ལྷ་སྔགས་དབྱིངས༔ ཁྲག་འཐུང་རོལ་པའི་ཕྱག་རྒྱར་ཤར༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བསམ༔ ཨོཾ་བཛྲ་མ་ཧཱ་གུ་རུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བཟླ། གྲངས་དམིགས་བསལ་མ་གསུངས་ཀྱང་སྔ་མའི་འགྲོས་སྦྱར་བས་ཞི་ཁྲོ་གཉིས་ཀ་འབུམ་ཕྲག་བཞི་བཟླ་བ་ལེགས་པར་སེམས་སོ། །བཞི་པ་དེ་ཁོ་ན་ཉིད་སེམས་ཀྱི་དཀྱིལ་འཁོར་ནི། དེ་ཉིད་སེམས་ཀྱི་དཀྱིལ་འཁོར་ནི༔ ལྷ་ཉིད་རང་གི་སེམས་ཡིན་ལ༔ སེམས་ཉིད་རང་རྩལ་ལྷ་སྐུར་ཤར༔ ལྷ་དང་བདག་ཉིད་དབྱེར་མེད་པར༔ དག་མཉམ་རྟོགས་པའི་གདེང་བསྐྱེད་ལ༔ དུས་གསུམ་སྤྲོས་པས་མ་བསླད་པའི༔ རིག་སྟོང་རྗེན་པའི་ངང་དུ་བཞག༔ རྟོག་ཚོགས་ཤར་གྲོལ་དུས་མཉམ་བསྐྱང་༔ དོན་གྱི་ཡེ་ཤེས་ལྷ་སྐུ་འགྲུབ༔ དེ་ནི་བུམ་དབང་གདམས་ངག་སྟེ༔ རྣལ་འབྱོར་ཆེན་པོའི་བསྙེན་པའོ༔ ཞེས་པ་སྟེ་བསྒྲུབ་བྱ་མཐར་ཐུག་ཡེ་ཤེས་ཀྱི་ལྷའི་དཀྱིལ་འཁོར་གང་རང་གི་སེམས་ཀྱིས་ཞི་ཁྲོ་ཕྱི་ནང་གི་དཀྱིལ་འཁོར་ཤེལ་ལས་འཇའ་ཚོན་ལྟར་གསལ་བ་ཙམ་ལས་གཞན་དུ་མ་གྲུབ་ལ། སེམས་ཀྱི་གནས་ལུགས་ནི་གསལ་རིག་ཀུན་ཁྱབ་ཆེན་པོའི་ཡེ་ཤེས་སུ་དག་པའི་རོ་མཉམ་ཆེན་པོར་སྡོམ་པ་དུ་མ་རོ་གཅིག་གི་གནད་དུ་འདུས་པར་ཤེས་པས་ཀ་དག་གཏིང་གསལ་གྱི་དགོངས་པ་ལས་མ་གཡོས་བཞིན་དུ། ལྷུན་གྲུབ་རང་བྱུང་ཆེན་པོའི་རོལ་པ་བསྐྱེད་བཟླས་རྫོགས་གསུམ་དབྱེར་མེད་གཅིག་དྲིལ་བུ་བརྩོན་པས་དགོངས་པ་མི་འགྱུར་བའི་གཟེར་ཞེས་འཁོར་འདས་ཀྱི་སྟོང་སྲོག་དུས་གཅིག་ལ་འཕྲོག་ནས་དཔལ་ཧེ་རུ་ཀའི་ཐུགས་ཀྱི་ཐིག་ལེར་འཚང་རྒྱ་བའི་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུའི་ཏིང་ངེ་འཛིན་གྱིས་ཕྱི་ནང་གསང་བའི་བསྐྱེད་རིམ་ཐམས་ཅད་ལ་རྒྱས་ཐེབས་པ་ནི་མེད་དུ་མི་རུང་བའི་ཟབ་གནད་དེ། དེས་ན་ལམ་གོང་མ་ཐམས་ཅད་ཀྱི་སྟེགས་སུ་གྱུར་པས་རྣལ་འབྱོར་ཆེན་པོ་བསྙེན་པའི་ཡན་ལག་བུམ་དབང་གི་ལམ་ཞེས་གཙོ་བོར་སྨོས་པ་ཙམ་ལས་དོན་ལ་བསྐྱེད་རྫོགས་ཟུང་འཇུག་གི་ལམ་ཁྱེར་ཐམས་ཅད་ཆུན་དྲིལ་བའི་ཟབ་གནད་དུ་མས་འཕགས་པ་འོག་མ་གསུམ་ལའང་ཤེས་པར་བྱ་དགོས་སོ། །དེ་ལྟར་ཕྱི་ནང་གསང་བའི་བསྙེན་སྒྲུབ་ལེགས་པར་མཐར་ཕྱིན་པས་དབང་དང་དངོས་གྲུབ་ལེན་ཕྱིར་རྒྱས་པ་བཤགས་སྐོང་གི་ཆོ་ག་དང་འབྲེལ་བའི་སྒྲུབ་པའི་ཚུལ་དུ་ཞག་ཉེར་གཅིག་གམ་བདུན་སོགས་སུ་ཚོགས་མཆོད་རྒྱ་ཆེར་བྱས་ལ་བདག་འཇུག་གི་ཆོ་གས་དབང་ལེན་དང༌། མཐའ་རྟེན་ཚེ་སྒྲུབ། མཆོག་གི་ལས་སྦྱོར་བདུད་རྩིའི་སྒྲུབ་པ། སྦྱིན་སྲེག་སོགས་སྤྱི་དང་བྱེ་བྲག་གི་ལས་སྦྱོར་གཏེར་གཞུང་ལྟར་ཇི་ལྟར་འདོད་པ་ཉམས་སུ་ལེན། སྤྲོས་པ་བསྡུ་ན་བཤགས་སྐོང་གྲུབ་རྗེས་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ལ་བརྟེན་ནས་དངོས་གྲུབ་བླང་བ་དང༌། ཚེ་སྒྲུབ་ཙམ་གྲུབ་ན་ཤིན་ཏུ་ལེགས་པས་ཞར་ལ་འཕྲོས་པའོ། །གཉིས་པ་ལམ་གྱི་གཞུང་ཤིང་ལུང་ཨ་ནུ་ཡོ་གའི་རྫོགས་རིམ་གྱི་ཁྲིད་ལ། རང་བྱིན་བརླབ་པ་རྩ་རླུང་ཐིག་ལེའི་རྣལ་འབྱོར་དང༌། གཞན་ལུས་བརྟེན་པ་དཀྱིལ་འཁོར་གྱི་འཁོར་ལོ་གཉིས་ལས། | |||
དང་པོ་ནི། གཉིས་པ་གསང་བའི་དབང་གི་ལམ༔ ཕྱི་ལྟར་ལུས་རྩའི་སྟོང་ར་གསལ༔ ནང་དུ་རླུང་གི་སྦྱོར་བས་གཅུན༔ གསང་བ་གཏུམ་མོའི་དྲོད་སྦར་བས༔ བདེ་བ་དབབ་ཅིང་དེ་ཁོ་ན༔ གསལ་སྟོང་མི་རྟོག་ཡེ་ཤེས་འཆར༔ གསང་དབང་གདམས་ངག་ཨ་ནུའི་ལམ༔ འཇུག་པའི་སྦྱོར་བ་ཉེ་བསྙེན་ནོ༔ ཞེས་པ་ལྟར་བཀོད་པ་ལུས་དང་རྩ་ཡི་སྟོང་ར། གཡོ་བ་རླུང་གི་སྦྱོར་བ། ཐིག་ལེ་བྱང་ཆུབ་སེམས་ཀྱི་འབར་འཛག་གི་བདེ་བའི་རྣལ་འབྱོར་དང༌། མཐར་ཐུག་གསལ་སྟོང་མི་རྟོག་པའི་ཡེ་ཤེས་བསྐྱེད་པའི་རྣལ་འབྱོར་དང་བཞིའོ། །དང་པོ་ནི། བདེ་དང་གསལ་དང་མི་རྟོག་པའི༔ རང་བྱུང་ཡེ་ཤེས་རྒྱས་བྱའི་ཕྱིར༔ བདག་བྱིན་རློབ་པའི་ཏིང་འཛིན་ནི༔ རང་ཉིད་རིགས་འདུས་བླ་མ་ཡི༔ ཕྱག་རྒྱ་འཇའ་ཚོན་ཤར་བ་ལྟར༔ དྭངས་གསལ་རྙོགས་མེད་དབུས་དྲང་པོར༔ རྩ་གསུམ་འཁོར་ལོ་ཨ་ཧཾ་བཅས༔ སྣང་ལ་ཞེན་པ་མེད་པར་བསྒོམ༔ ཞེས་པ་སྟེ། སྤྱིར་དབང་གཉིས་པ་གསང་བའི་དབང་གི་ལམ་རྫོགས་རིམ་གྱི་ངོ་བོ་ནི། མངོན་སུམ་པའི་ལྷའི་རྣལ་འབྱོར་ཏེ་མཚན་ཉིད་ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པའི་བཅོས་མིན་གྱི་ལྷ་སྐུ་སྣང་སྟོང་མི་བརྟན་པ་རྒྱུའི་རྫོགས་རིམ་དང༌། དེ་བརྟན་པ་འབྲས་བུའི་རྫོགས་རིམ་གྱི་མཚན་ཉིད། དེ་ཡང་ཁྱད་གཞི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ། ཁྱད་ཆོས་རྒྱུའི་ཁྱད་པར་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་བྱེད་ལས་ཀྱི་ཁྱད་པར་རྩ་རླུང་ཐིག་ལེ་དབུ་མར་དག་བྱེད། རྣམ་པའི་ཁྱད་པར་བདེ་བ་ཆེན་པོ་དང་སྟོང་གཟུགས་ལྷན་ཅིག་པ་སྟེ་ཁྱད་པར་གསུམ་ལྡན་ཞེས་དོན་དམ་འཇིག་རྟེན་འགག་པའི་རིམ་པ་དང་སྦྱར་ཏེ་རྫོགས་རིམ་དོན་དམ་བདེན་པའི་རྣལ་འབྱོར་ལམ་གྱི་དངོས་གཞི་ཡིན་པས་རང་བྱིན་བརླབ་པ་རྩ་རླུང་ཐིག་ལེའི་རྣལ་འབྱོར་དང༌། གཞན་ལུས་བརྟེན་པ་དཀྱིལ་འཁོར་འཁོར་ལོ། དེ་རྣམས་ཀྱི་རྒྱས་འདེབས་དོན་དམ་ལྷན་སྐྱེས་ཀྱི་རིམ་པ་རྣམས་རྟེན་རྡོ་རྗེའི་ལུས་ལ། བརྟེན་པ་རྩ་རླུང་ཐིག་ལེའི་གནད་འཆིང་བའི་ཕྱིར་བཀོད་པ་རྩ། གཡོ་བ་རླུང༌། ཐིག་ལེ་བྱང་ཆུབ་ཀྱི་སེམས། དོན་དམ་འོད་གསལ་ཆེན་པོའི་རྣལ་འབྱོར་གནད་དུ་བསྣུན་པས་མ་དག་རྣམ་སྨིན་གྱི་སྒོ་གསུམ་དག་པ་རྡོ་རྗེ་གསུམ་དུ་གནས་འགྱུར། སྐྱེ་འཆི་བར་དོའི་སྲིད་པ་སྐུ་གསུམ་ལྷུན་གྱིས་གྲུབ་ནས་མངོན་པར་བྱང་ཆུབ་ཀྱི་གོ་འཕང་ངང་གིས་འཆར་བའི་སྤྱི་གནད་ཤེས་པར་བྱ་བས་ཉམས་ལེན་གྱི་རྣལ་འབྱོར་དངོས་ལ། ལམ་གྱི་སྔོན་འགྲོ་ཚང་བའམ་ཐུན་གྱི་རྣལ་འབྱོར་ཙམ་གྱིས་བླ་མ་ལ་གསོལ་བ་གདབ་པ་སྔོན་དུ་འགྲོ་བ་དང་བཅས། དྲི་མ་དང་བཅས་པའི་སེམས་ཀྱིས་འདུ་བྱས་ཤིང༌། ལས་མངོན་པར་འགྲུབ་པ་རྒྱུ། ཕ་མའི་འདུ་འཕྲོད་ཀྱི་རྐྱེན་གསུམ་ཚོགས་པས་ཕ་མའི་ཁུ་ཁྲག་བར་དོའི་རྣམ་ཤེས་དང་བཅས་འདུས་པ་ལས་ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཀྱི་ཁམས་དྲུག་ལྡན་པའི་ལུས་ཀྱི་རྩ་རླུང་ཐིག་སེམས་ཐམས་ཅད་ཀྱི་རྟེན་ལུས་ཡིན་པས་དེ་གནད་ཀྱིས་བཅིངས་ན་རླུང་ཐིག་སེམས་གསུམ་དབང་མེད་དུ་འཆིང་བས་ཐོག་མར་བདེ་བའི་མལ་དུ་ལུས་གནད་རྣམ་སྣང་ཆོས་བདུན་དུ་འཆའ། སེམས་གནད་ཕྱི་དབྱིབས་ཀྱི་ལུས་ཐ་མལ་གྱི་སྣང་བ་དབྱིངས་སུ་ཡལ་ཏེ་རྣམ་པར་མི་རྟོག་པའི་ངང་ལས། ངོ་བོ་བདེ་སྟོང་གི་རང་བཞིན། རྣམ་པ་རིག་ཀུན་ཁྱབ་བདག་དཔལ་མགོན་བླ་མ་བི་མ་ལ་མི་ཏྲ་སྙིང་དབུས་དང་སྨིན་མཚམས་སུ་པདྨ་འབྱུང་གནས་དང་ཤྲཱི་སིདྷ་བཅས་རྣམ་འགྱུར་དྭངས་གསལ་རྙོགས་མེད་ཆུ་ཟླའི་རོལ་གར། སྒྲིབ་ཐོགས་མེད་པ་འཇའ་ཚོན་ལྟར་གསལ་ལ་སེམས་བཟུང༌། ཟིན་པ་ན་འོག་རླུང་ཅུང་ཟད་བསྐུམ། སྟེང་རླུང་དལ་བར་མནན་ལྟེ་འོག་ཏུ་ཁ་སྦྱར་ལ་བཟུང༌། མི་ཐུབ་པ་དང་དལ་བར་བཏང་ཞིང་སྒོམ། གསལ་སྣང་ལ་སེམས་ཟིན་པ་དང་རིག་འཛིན་བླ་མའི་སྐུ་ཡི་དབུས་ཨ་ཝ་དྷཱུ་ཏི་སྔོན་པོ་ཚངས་བུག་ནས་གསང་གནས་བར་ཀ་བ་ལྟར་ཡོད་པ་མཚན་ཉིད་བཞི་ལྡན་དེའི་གཡས་གཡོན་གཉིས་སུ་རོ་རྐྱང་དམར་དཀར་དྷཱུ་ཏི་ལས་ཉིས་འགྱུར་གྱིས་ཕྲ་བ། ཡར་སྣ་སྤྱི་བོ་ནས་ཐུར་དུ་གུག་པ་སྣ་བུག་གཉིས་སུ་ཟུག་ཅིང་མར་སྣ་ལྟེ་འོག་སོར་བཞིའི་ཐད་ནས་དྷཱུ་ཏིར་ཚུད་པ། དེ་གསུམ་ལ་བརྟེན་པའི་སྤྱི་བོར་རྩ་འདབ་སོ་གཉིས། མགྲིན་པར་བཅུ་དྲུག །སྙིང་གར་བརྒྱད། ལྟེ་བར་དྲུག་ཅུ་རྩ་བཞི་རྣམས་དྭངས་གསལ་སྦུབས་སྟོང་གི་རྣམ་པར་ལེགས་པར་གསལ་བཏབ་ནས་གོམས་པ་ན་རླུང་གི་རྣལ་འབྱོར་ལ་འཇུག་པར་བྱའོ། | |||
།གཉིས་པ་གཡོ་བ་རླུང་གི་སྦྱོར་བ་ནི། རླུང་རོ་ལན་གསུམ་བསལ་བ་ཡིས༔ འབྱུང་བའི་རླུང་དུག་སངས་པར་བསམ༔ ཞེས་ཁོང་པར་ཉོན་མོངས་ཀྱི་དུག་དབྱུང་བའི་ཕྱིར་རླུང་རོ་དགུ་ཕྲུག་གམ་སུམ་ཕྲུག་ཏུ་བསལ། མཉམ་རྒྱུའི་མེ་རླུང་སོགས་རླུང་གི་དུས་གནད་ལ་མཁས་པས་སྐྱོན་མེད་འབྱུང་ལྔ་དྭངས་མའི་རླུང་སྣ་སྒོ་ནས་ལྕགས་ཀྱུ་ལྟར་དགུག་པས་རྔུབ། སྟེང་རླུང་དང་ཐུར་སེལ་བསྐུམས་ཏེ་རླུང་གཉིས་ལྟེ་བར་ནར་གྱིས་དྲངས་ལ་དབུ་མར་ཁ་སྦྱོར་དུ་བསྐྱིལ་བ་བུམ་པ་ལྟར་དགང༌། མི་ནོན་པའི་ཚེ་གཡས་གཡོན་འཐེན་གནོན་དང་ཕྱི་ནང་དུ་གཞིལ། མི་ཐུབ་ཙ་ན་མདའ་ལྟར་འཕང་བའི་སྦྱོར་བ་བཞི་ལྡན་གྱི་རླུང་སྦྱོར་ལ་རྩོལ་བ་རིམ་གྱིས་ཇེ་དྲག་ཏུ་བསྐྱེད། ལུས་སེམས་དུབ་ཀྱང་རྟག་ཏུ་རྒྱུན་མི་ཆད་པར་བསྒོམ་པས་བུམ་ཅན་རབ་འབྲིང་ཐ་མ་གང་རུང་འགྲུབ་ཀྱི་བར་བརྩོན་པ་ནི་ཤིན་ཏུ་གལ་ཆེ་སྟེ། རྫོགས་རིམ་གྱི་ཉམས་ལེན་དངོས་གཞི་ཞུ་བདེ་མི་རྟོག་པའི་ཡེ་ཤེས་ཡིན་ལ། ཡེ་ཤེས་དེ་འདྲེན་པ་ལ་སེམས་ཐིག་གཉིས་ཀའི་བྱེད་རྩོལ་རླུང་འབའ་ཞིག་ལ་རག་ལས་ཤིང༌། དེས་ན་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་འཁོར་འདས་ཀྱི་སྣང་བ་ཐམས་ཅད་སྐྱེད་སྡུད་ཀྱི་བདག་པོ་རླུང་ཡིན་པས་དེ་གནད་དུ་ཆུན་ན་ཀུན་གོ་གཅིག་ཆོད་དུ་ངེས་པས་རླུང་གི་ཉམས་ལེན་གཙོ་བོར་བཏོན་ན་ཐིག་སེམས་གཉིས་ཞར་བྱུང་གིས་གནད་དུ་ཆུན་པ་ཤེས་དགོས་ཤིང༌། ཇི་ལྟར་ཉམས་སུ་ལེན་ཚུལ་དངོས་འབར་འཛག་གི་མཐར་འབྱུང་ལ་དེ་ལྟར་ཉམས་ལེན་གྱི་བར་སྐབས་རྣམས་སུ་རྡོ་རྗེའི་བཟླས་པའང་ཅི་རིགས་བྱས་པས་བོགས་འབྱིན་ཞིང་སེམས་གནས་འགྲུབ་པར་བྱེད་དོ། །གསུམ་པ་ཐིག་ལེ་བྱང་ཆུབ་སེམས་ཀྱི་འབར་འཛག་གི་བདེ་བའི་རྣལ་འབྱོར་ནི། ལུས་གནད་བསྲང་ཞིང་རྩེ་གཅིག་པའི༔ ཡིད་ནི་ལྟེ་འོག་སོར་བཞིའི་ཐད༔ ཨ་ཤད་མར་མེའི་རྩེ་མོ་ལྟར༔ ཕྲ་ཞིང་འབར་བ་ཉིད་ལ་གཏད༔ འཇམ་རླུང་བཟུང་ཞིང་ཡུན་རིང་བསྐྱང་༔ དེ་ལས་དྲོད་ཀྱི་ཉམས་སྐྱེས་ན༔ སྟེང་འོག་རླུང་གཉིས་ཁ་སྦྱར་ནས༔ ལྟེ་བའི་གཏུམ་མོར་བསྟིམས་པ་ཡིས༔ མེ་ལྕེ་གློག་གི་ཟེགས་མ་བཞིན༔ ཕྲ་ཞིང་རྣོ་མྱུར་རབ་ཚ་བ༔ འཁོར་ལོ་བཞི་རུ་རིམ་གྱིས་འབར༔ སྤྱི་བོའི་ཧཾ་ལ་རེག་པའི་མོད༔ དྲན་པས་བདེ་ཆེན་སྐྱེད་ནུས་པའི༔ བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན༔ དངུལ་ཆུ་དྭངས་མ་ལྟ་བུར་བབས༔ སྤྱི་བོ་ལ་སོགས་རྩ་འཁོར་དབུས༔ དགའ་བཞིའི་ཡེ་ཤེས་རིམ་གྱིས་སྐྱེས༔ གཏུམ་མོའི་མེ་ལ་རེག་པ་ལས༔ ཡེ་ཤེས་མེ་ལྕེ་ཤུགས་དྲག་པོས༔ དྭངས་མ་གྱེན་དུ་བཟློག་པ་དང་༔ ཧཾ་ལ་བསྟིམས་མཐར་མི་དམིགས་བཞག༔ སླར་ཡང་བདུད་རྩི་སྔར་བཞིན་དབབ༔ དེ་ལྟར་འབར་འཛག་སྦྱོར་བ་ལ༔ གོམས་པ་བརྟན་པོར་གྱུར་པ་ན༔ སྙིང་གི་དབུས་སུ་མི་ཤིགས་པའི༔ ཐིག་ལེ་དཀར་དམར་ཡུངས་འབྲུ་ཙམ༔ གསལ་ཞིང་འབར་བ་ལ་དམིགས་ནས༔ རླུང་སེམས་བསྡུས་ཏེ་དྭངས་མར་བསྟིམ༔ རླུང་གིས་གཏུམ་མོའི་དྲོད་འབར་ནས༔ བདེ་བའི་ཡེ་ཤེས་རྩོལ་མེད་འབྱུང་༔ ཞེས་པ་སྟེ་རྩ་རླུང་གི་རྣལ་འབྱོར་ལ་གོམས་ནས་ལུས་གནད་སྔར་ལྟར་ཆོས་བདུན་དང༌། རླུང་རོ་བསལ་ཏེ་ལུས་དང་རྩ་ཡི་སྟོང་ར་སྔར་བཞིན་ལ་ལྟེ་བའི་འོག་སོར་བཞིའི་ཐད་ཙམ་དུ་ཤེས་རབ་ཕར་ཕྱིན་རྣལ་འབྱོར་མ་སྦས་པའི་རང་གཟུགས་དཔྱིད་དམ་ཙཎྜ་ལཱི། དབྱིབས་ཨ་ཤད་ཀྱི་རྣམ་པ། ཁ་དོག་དམར་ལ་རེག་བྱ་ཚ་བ། ངོ་བོ་སྟོང་པ། ཉམས་བདེ་བའི་རང་བཞིན་ཅན་ཤིན་ཏུ་ཕྲ་ཞིང་གསལ་བ་ལ་སེམས་གཏད། འཇམ་རླུང་བུམ་པ་ཅན་བཟུང་ཞིང་བརྩོན་པས་ལྟེ་འོག་ཏུ་དྲོད་སྐྱེས་པ་དང༌། སྦྱོར་བ་བཞི་ལྡན་བུམ་ཅན་གྱི་རླུང་གིས་བསྐུལ་བས་མེ་ལྕེ་ཕྲ་ཞིང་རྣོ་ལ་འཁྱུག་པ་གློག་གི་ཟེགས་མ་ལྟ་བུ་ལྟེ་འོག་སོར་བཞི་ཙམ་ནས་རིམ་པར་ཇེ་རིང་ལ་འབར། དབུ་མའི་སྦུབས་ལམ་ཞུགས་ཏེ་ལྟེ་བ་སོགས་འཁོར་ལོ་བཞིར་མས་རིམ་གྱིས་འབར་ནས་གནས་སོ་སོར་ཆེས་ཆེར་དྲོད་སྐྱེས་པས་ཁམས་སྙིགས་མ་སྐམས། དྭངས་མ་འཕེལ། སླར་ཆེར་འབར་བས་རྩ་ཁམས་ཐམས་ཅད་དང༌། བ་སྤུའི་བུ་ག་ཚུན་ཁྱབ། དྲོད་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས་པར་བསམ་ལ་རླུང་བཟུང༌། མཐར་སྤྱི་བོར་དབུ་མའི་ཡར་སྣར་ཧཾ་ཡིག་ཡབ་ཧེ་རུ་ཀ་བདེ་བ་ཆེན་པོའི་ངོ་བོ་གསལ་འཚེར་སྣུམ་འདྲིལ་མཚན་ཉིད་བཞི་ལྡན་མགོ་ཐུར་བསྟན་དུ་བཞུགས་པ་ལ་རེག་པའི་མོད་ནས། དྲན་པ་ཙམ་གྱི་ལྷན་སྐྱེས་ཀྱི་བདེ་བ་བསྐྱེད་ནུས་པའི་བྱང་ཆུབ་སེམས་དཀར་ཆའི་རྒྱུན་ཆར་ཟིམ་མམ་བ་ཐག་ལྟར་ཕྲོམ་ཕྲོམ་བྱུང་སྟེ་ལྟེ་བའི་གཏུམ་མོར་རེག་པས་སྡོང་རྩ་མར་ཁུས་བརླན་པ་ལྟར་མེ་དྲོད་གསོས་བཏབ། སླར་ཆེར་འབར་བས་བྱང་སེམས་བསྐུལ་ཏེ་འཁོར་ལོ་བཞིར་མས་རིམ་དུ་མཆེད་པས་ལུས་རྩ་ཕྲ་མོའི་བར་ཐམས་ཅད་ཁམས་ཀྱིས་ཁྱབ། དགའ་བཞིའི་ཡེ་ཤེས་ཀྱི་ཉམས་རིམ་ཅན་དུ་སྐྱེས་པས་ཞུ་བདེ་བཟོད་མེད་དུ་རྒྱས་པར་བསམ། མཐར་དྭངས་མས་གཞིར་གནས་ཀྱི་གཏུམ་མོ་ལ་ཁྲིག་གིས་རེག་པ་དང་མེ་ལྕེ་ཤུགས་དྲག་ཏུ་མཆེད་པས་ཐིག་ལེའི་རྒྱུན་ལུགས་ལྡོག་ཏུ་གྱེན་ལ་དྲངས་ནས་དྭངས་མའི་སྙིང་བཅུད་ཐམས་ཅད་སྤྱི་བོའི་ཧཾ་ལ་སིབ་ཀྱིས་ཐིམ་པར་བསམ། དྲོད་དང་བདེ་བའི་རྒྱུན་དྭངས་མའི་དཀར་དམར་གྱི་ཐིག་ལེ་ལ་འདྲེས་པས་བདེ་སྟོང་རོ་མཉམ་གྱི་ཡེ་ཤེས་ཆེན་པོའི་ངང་བསྐྱང༌། སླར་ཡང་སྔར་བཞིན་རླུང་གིས་གཏུམ་མོ་འབར་ཞིང་བདེ་བའི་རྒྱུན་འཛག་པའི་ལོངས་སྐུ་བདེ་བ་ཆེན་པོའི་ཏིང་འཛིན་ལ་རྩལ་སྦྱངས་ནས་གོམས་པ་བརྟན་པོ་བྱུང་བ་དང༌། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་དྭངས་མ་མི་ཤིགས་པའི་ཐིག་ལེ་ཆེས་ཕྲ་བ་ཡུངས་འབྲུ་ཙམ་པ་དཀར་དམར་ཤིན་ཏུ་བཀྲག་འཚེར་བའི་དཔྱིད་ཐིག་འབར་ཞིང་གསལ་བ་ལ་སྣོད་བཅུད་འཁོར་འདས་ཀྱི་དྭངས་མ་ཐམས་ཅད་འུབ་ཀྱིས་འདུས་ནས་རླུང་སེམས་ཀྱི་རང་གཟུགས་ནམ་མཁའི་རླུང་སྔོ་སངས་ཀྱི་རྣམ་པ་སྣ་བུག་གཉིས་ནས་ཞུགས་སྙིང་གའི་ཐིག་ལེར་སིབ་ཀྱིས་ཐིམ་པར་བསམ་ལ་རླུང་རིག་སེམས་གསུམ་རོ་གཅིག་ཏུ་འདྲེས་པའི་ངང་ལ་མཉམ་པར་བཞག །ཞུ་བདེ་སྟོབས་སུ་གྱུར་པའི་ཉམས་གསུམ་ཀར་ཡང་ཆེད་འཛིན་མེད་པར་ཀ་དག་རང་བཞིན་འོད་གསལ་ཆོས་ཉིད་ཀྱི་དབྱིངས་སུ་བསྐྱལ་བ་ནི་རླུང་གི་ཉམས་ལེན་ཏེ་སྤེལ་མར་གནད་དུ་བསྣུན་དགོས་སོ། །བཞི་པ་མཐར་ཐུག་གསལ་སྟོང་མི་རྟོག་པའི་ཡེ་ཤེས་བསྐྱེད་པའི་རྣལ་འབྱོར་ལ། གསལ་སྟོང་གི་ཏིང་འཛིན་དང༌། མི་རྟོག་སྤྲོས་བྲལ་གྱི་ཡེ་ཤེས་བསྐྱེད་པ། གེགས་སེལ་བོགས་འབྱིན་ཕན་ཡོན་བཅས་བསྟན་པ་ལས། དང་པོ་ནི། སྐབས་སུ་སྙིང་དབུས་ཨ་ཡིག་ལས༔ འོད་འཕྲོས་དབུ་མའི་ནང་ཀུན་ཁྱབ༔ ཤེལ་ལྟར་དྭངས་པའི་འོད་སྣང་གིས༔ ཕུང་ཁམས་བརྟན་གཡོར་བཅས་པ་ཀུན༔ སྣང་སྟོང་ཆུ་ཟླའི་གཟུགས་སུ་བསམ༔ དེ་ལ་ཉམས་མྱོང་སྐྱེས་པ་ན༔ ལུས་བསྲང་རླུང་རོ་ཕྱིར་བསལ་ལ༔ སྲོག་རྩོལ་འགྲོ་འོང་དལ་བུའི་ངང་༔ མིག་གནད་བར་སྣང་ཧ་རེར་བཞག༔ སེམས་གནད་གང་ཤར་རྟོག་པ་ལ༔ རྩིས་གདབ་མི་བྱ་རང་ངོ་བསྐྱང་༔ གསལ་སྟོང་ཏིང་འཛིན་ངང་གིས་འཆར༔ ཞེས་པ་སྟེ། འབར་འཛག་གི་རྣལ་འབྱོར་བསྒོམས་པའི་བར་སྐབས་སུ་སྙིང་གར་དྭངས་མ་མི་ཤིགས་པའི་འོད་ལྔའི་ཐིག་ལེའི་སྦུབས་སུ་ཨ་ཡིག་དཀར་གསལ་ཆུ་ཤེལ་ལྟར་འཚེར་བ་ལས་འོད་འཕྲོས། དབུ་མའི་ནང་ཀུན་ཏུ་ཁྱབ། ཤེལ་སྦུག་ཏུ་མེ་ཟེར་ཞུགས་པ་བཞིན་དྭངས་གསལ་རྙོགས་པ་མེད་པའི་འོད་སྣང་གིས་ཕུང་ཁམས་ཐམས་ཅད་ལ་ཁྱབ། སྙིགས་མའི་ཟག་པ་ཐམས་ཅད་སྦྱང༌། རང་ལུས་སྣང་སྟོང་འཇའ་ཚོན་ལྟ་བུར་གྱུར། དེ་ལས་ཆེར་འབར་བའི་འོད་ཀྱིས་བརྟན་གཡོ་ཀུན་གསལ་བར་བྱས། སྣོད་བཅུད་ཐམས་ཅད་སྣང་སྟོང་དབྱེར་མེད་སྐུ་རྡོ་རྗེའི་དཀྱིལ་འཁོར་དུ་རྫོགས་ཤིང་གསལ་ལ་མ་འདྲེས་པའི་སྟོང་གཟུགས་ཆུ་ཟླ་ལྟ་བུས་ཀུན་ལ་ཁྱབ་པའི་ཚུལ་སྒྱུ་མའི་དཔེ་བརྒྱད་ཀྱི་རང་བཞིན་དུ་བསམ་ལ་སེམས་གཏད་པ་སྒྱུ་མ་ལྟ་བུའི་ཏིང་འཛིན་ལ་བསླབས་ཏེ་རླུང་ཡིད་སེམས་གསུམ་གཅིག་ཏུ་དྲིལ། མཐར་སྣོད་བཅུད་གཞི་ལུས་དང་བཅས་པ་ཐམས་ཅད་འོད་གསལ་གྱི་དབྱིངས་སུ་བསྡུ། སླར་ཡང་སྒྱུ་མའི་སྐུར་ལྡང༌། དགྲ་གཉེན་བར་མ་ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་གང་ཤར་སྒྱུ་མའི་ངོ་བོར་སྣང་སྟོང་དབྱེར་མེད་དུ་རྩལ་སྦྱང༌། དེ་ལ་གོམས་ནས་སྣང་བའི་བདེན་འཛིན་ཞིག་པའི་ཉམས་སྐྱེས་པ་དང༌། ལུས་གནད་དྲང་པོར་བསྲང༌། མིག་བར་སྣང་དུ་བལྟ། ཁ་ནས་རླུང་འབྱིན་འཇུག་ཤིན་ཏུ་དལ་བར་བྱས་ལ་འདི་ལྟར་ཚོགས་དྲུག་གི་སྣང་བ་ཐམས་ཅད་བཟང་ངན་གཉིས་སུ་མ་གྲུབ་པ་སེམས་ཀྱིས་སྒྲོ་བཏགས་ཤིང་འཁྲུལ་པ་ཙམ་དུ་བས། སེམས་ནི་གདོད་ནས་རང་བྱུང་སྣང་སྟོང་གཉིས་མེད་ཀྱི་ཡེ་ཤེས་སུ་ལ་བཟླ་བས་སྣང་རིག་ངོས་བཟུང་དང་བྲལ་བའི་གཤིས་ལ་བཞག །བཟང་ངན་ཐམས་ཅད་རེ་དོགས་ཀྱི་རྩིས་གདབ་མི་བྱ་བར་སྟོང་ཉིད་ཀྱི་དབྱིངས་སུ་ལམ་དུ་འཁྱེར་བ་ལ་བསླབས་པས་སྤྲུལ་སྐུ་གསལ་སྟོང་གི་ཏིང་འཛིན་བསྐྱེད་པ་སྟེ། དེ་ལྟར་གོམས་པས་ཉིན་སྣང་རྗེས་ཐོབ་ཀྱི་འཁྲུལ་སྣང་ལམ་བྱེད་སྒྱུ་ལུས་ཀྱི་ལམ་གནད་ཀྱང་ཚང་བའོ། | |||
།གཉིས་པ་མི་རྟོག་སྤྲོས་བྲལ་གྱི་ཡེ་ཤེས་བསྐྱེད་པ་ནི། སྐབས་སུ་སྙིང་གའི་ཨ་ཡིག་ལས༔ ཨ་ཡིག་གཉིས་པར་རིམ་བཞིན་ཆད༔ སྨིན་མཚམས་ནམ་མཁར་གཅིག་ཏུ་འདུས༔ གསལ་ཞིང་འོད་ཟེར་འཕྲོ་བ་ལ༔ ཧྲིལ་གྱིས་སེམས་བཟུང་ལྷོད་ཀྱིས་ཀློད༔ ཡུལ་དང་ཡུལ་ཅན་དབྱེར་མེད་པ༔ ཁྱབ་བརྡལ་གཉུག་མའི་ངང་དུ་བཞག༔ མི་རྟོག་སྤྲོས་བྲལ་ཡེ་ཤེས་སྐྱེ༔ ཞེས་པ་སྟེ། སྤྱིར་རྫོགས་རིམ་གྱིས་རྒྱུད་ལ་བསྐྱེད་བྱའི་གཙོ་བོ་བདེ་སྟོང་གི་ཡེ་ཤེས་ཏེ། བདེ་བ་མེད་ན་སྟོང་པའི་ཉམས་མྱོང་རྒྱུད་ལ་གསལ་བར་འདྲེན་མི་ནུས། སྟོང་པ་མེད་ན་བདེ་བ་དངོས་ཞེན་དུ་འགྱུར་བས་ན་དེ་གཉིས་ཟུང་འཇུག་གི་ཡེ་ཤེས་རྒྱུད་ལ་བསྐྱེད་དགོས་པས་སྔར་སྙིང་དབུས་སུ་བསྒོམས་པའི་ཨ་ཡིག་ལས་ཨ་ཡི་ཕྲེང་བ་བར་མ་ཆད་དུ་བརྡོལ་ཏེ་བྱུང་བ་རང་གི་སྨིན་མཚམས་ཀྱི་ནམ་མཁར་ཨ་ཐམས་ཅད་གཅིག་ཏུ་འདུས་ཏེ་ཨ་ཡིག་དཀར་གསལ་འོད་ཟེར་འབར་བ་ཞིག་ནམ་མཁའ་ལ་ཟླ་བ་ཤར་བ་ལྟར་ལྷང་ངེར་གནས་པར་བསམ། སྣོད་བཅུད་གཞི་ལུས་དང་བཅས་པ་འུབ་ཀྱིས་འདུས་ནས་ཨ་ལ་ཐིམ། ཨ་ཡང་སྟོང་ཉིད་ཀྱི་དབྱིངས་སུ་ཡལ་བར་བསམ་ལ་དེ་ཉིད་ཀྱི་ངང་དུ་བཞག །ཡང་མ་འགག་སྒྱུ་མའི་རོལ་པ་སྣོད་བཅུད་གཞི་ལུས་བཅས་གསལ་ལ་སྔར་ལྟར་ཨ་ཡིག་སྤྲོ་བསྡུ་ལ་སེམས་ཧྲིལ་གྱིས་གཏད་དེ་མི་རྟོག་པའི་ངང་བསྐྱང༌། ཨ་ཞེས་པའི་ཡི་གེའི་དོན་ཆོས་ཉིད་སྐྱེ་བ་མེད་པའི་སྟོང་པ་རྗེས་སུ་མཚོན་པ་དང༌། རང་སེམས་ཀྱི་གཤིས་སྟོང་ཉིད་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པ་དབྱེར་མེད་དུ་བསྲེས་ཏེ་མཉམ་པར་བཞག་པས། ཕྱི་ཡུལ་གྱི་སྣང་ཆ་ཐམས་ཅད་ཀྱང་རང་བཞིན་སྐྱེ་མེད་ལས་མ་འདས། ནང་སེམས་ཀྱི་རྟོག་ཚོགས་ཀྱང་རོལ་པ་འགག་མེད་དུ་འཆར་འཆར་འདྲ་ཡང་དོན་ལ་སྐྱེ་འགག་གནས་པ་ཀུན་བྲལ། དོན་ལ་སྟོང་ཉིད་གཅིག་ལས་གཟུང་འཛིན་གྱི་མཚན་མའི་སྤྱོད་ཡུལ་དུ་མ་གྲུབ་པར་རིས་མེད་ཀུན་ཁྱབ་ཆེན་པོར་ངོ་ཤེས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་མངོན་དུ་བྱེད་ནུས་ལ་ལྟ་བ་དེས་འབར་འཛག་གི་རྐྱེན་ལས་སྐྱེས་པའི་ཞུ་བདེའི་ཉམས་ལ་རྒྱས་ཐེབས་པ་གལ་ཆེའོ། །གསུམ་པ་དེའི་གེགས་སེལ་བོགས་འབྱིན་ཕན་ཡོན་བཅས་བསྟན་པ་ནི། དེ་ལྟར་རྩེ་གཅིག་བརྩོན་པ་ལས༔ ཉམས་མྱོང་གང་སྐྱེས་ངོས་བཟུང་ལ༔ རེ་དོགས་དགག་སྒྲུབ་མེད་པར་བཞག༔ གེགས་སེལ་བོགས་འདོན་ཤུགས་ཀྱིས་འཆར༔ ཁམས་གསུམ་འཛིན་པའི་ཞེན་པ་དག༔ བདེ་དང་གསལ་དང་མི་རྟོག་པའི༔ ཡེ་ཤེས་ནམ་མཁའ་གང་བར་འཕེལ༔ རྒྱས་པ་མཆོག་གི་ཏིང་འཛིན་ནོ༔ ཞེས་པ་སྟེ། སྤྱིར་རྫོགས་རིམ་གྱི་ལམ་ཐམས་ཅད་ཀྱི་རྩ་བ་གཏུམ་མོ་ཡིན་ཞིང་ཉམས་ལེན་གྱི་གཞུང་ཤིང་དེ་ལ་གོམས་པར་བསླབ་ཅིང༌། ཡན་ལག་གི་ལམ་ཉིན་སྣང་འཁྲུལ་པའི་གནས་སྐབས་སྦྱོང་བྱེད་སྒྱུ་ལུས། མཚན་སྣང་གཉིད་འཐུག་གི་གནས་སྐབས་སྦྱོང་བྱེད་འོད་གསལ། དེའི་རྗེས་ཐོབ་རྨི་ལམ་གྱི་གནས་སྐབས་སྦྱོང་བྱེད་རྨི་ལམ། བར་དོའི་འཁྲུལ་སྣང་ལམ་བྱེད་བསྲེ་འཕོའི་གདམས་པ་བཅས་རྫོགས་རིམ་གྱི་སྤྱི་ཆིངས་ཆོས་དྲུག་ཏུ་གྲགས་པ་ལས་དངོས་བསྟན་འབར་འཛག་གིས་གཏུམ་མོ། །མི་རྟོག་པའི་ཏིང་འཛིན་གྱིས་སྒྱུ་ལུས་ཀྱི་ལམ་གནད་བསྟན་ཅིང༌། དེ་དག་གིས་རླུང་དབུ་མར་ཐིམ་སྟེ་སྟོང་བཞི་འདྲེན་ནུས་དགོས་ཀྱང་འོད་གསལ་གྱི་རྣལ་འབྱོར་བསྒོམས་ན་ཉམས་མྱོང་སྐྱེ་སླ་བས་དུས་གནད་ཐོ་རངས་གཉིད་སྲབ་དུས། ལུས་གནད་ཙོག་པུ། འདུན་པ་གཉིད་ཁའི་དྲན་པ། ཡུལ་གནད་སྙིང་གའི་ཨ་ལ་སེམས་གཏད་པ་སྔར་གྱི་ཉམས་མྱོང་གིས་རྒྱུ་བྱས་ནས་དབུ་མར་རླུང་སེམས་འདུས་པས་དུ་བ་ལ་སོགས་པའི་རྟགས་བཅུ། དེ་ནས་སྣང་བ་སྟོང་པའི་སེམས། མཆེད་པ་ཤིན་ཏུ་སྟོང་པ། ཉེར་ཐོབ་སྟོང་པ་ཆེན་པོ། འོད་གསལ་ཐམས་ཅད་སྟོང་པ་བཞི་འཆར་བས་སོ་སོ་ངོས་ཟིན་པར་བྱ་ཞིང་ཁྱད་པར་འོད་གསལ་གྱི་ངང་ལ་ཅི་གནས་སུ་བསྐྱང༌། ཉམས་མྱོང་དེའི་རྒྱུན་ཉིན་མཚན་ཁ་སྦྱོར་དུ་དྲངས་པས་སྲབ་མཐུག་གི་ཉམས་རྟོགས་ཀྱིས་ཕྱེ་བའི་དཔེའི་འོད་གསལ་རང་དབང་ཐོབ་ནས། དོན་གྱི་འོད་གསལ་རྩོལ་མེད་དུ་འཆར་བ་བྱུང་ན། འཆི་ཚེ་འོད་གསལ་མ་བུ་འདྲེས་ནས་གཞི་ཐོག་ཏུ་སྐད་ཅིག་གིས་བྱེ་བྲག་ཕྱེད་ནུས་པ་རྣམ་བཞག་རྒྱས་པ་ཨ་ཏིའི་ཁྲིད་ཀྱི་སྐབས་འཆད་འགྱུར་ལྟར་དང༌། གཉིད་ཀྱི་འོད་གསལ་ལ་མཉམ་པར་བཞག་པའི་རྗེས་ཐོབ་ཏུ་རྨི་ལམ་འཆར་བར་བརྩམ་པ་ན་སྐད་ཅིག་གིས་སྒྱུ་ལུས་ལྷ་སྐུར་ལྡང་བ་ཡིན་ཀྱང་དང་པོའི་དུས་སུ་དེ་ལྟར་མི་ནུས་པས། གཉིད་འཐུག་འོད་གསལ་དུ་འཆར་མ་ནུས་པ་རླུང་རོ་རྐྱང་དུ་ཤོར་ནས་མགྲིན་པའི་རྩར་ཞུགས་ཏེ་བག་ཆགས་ཀྱི་ལུས་ལ་ཉིང་འཁྲུལ་གྱི་སྣང་བ་ཤར་མ་ཐག་རྨི་ལམ་དུ་ངོ་ཤེས་པས་བཟུང་སྤྲུལ་བསྒྱུར་སྦྱང༌། རྩལ་རྫོགས་ནས་སྟོང་ཆེན་དུ་བསྡུས་པའི་ངང་ལས་སྙིང་རྗེ་སྒྱུ་མས་རླུང་སེམས་ཀྱི་ལྷ་སྐུ་ཕྱག་རྒྱ་གཅིག་སྤྲོས་སོགས་བྱེད་ནུས་པའི་བར་བརྩོན་པ་དང༌། ལམ་མཐར་མ་ཕྱིན་པར་གློ་བུར་དུ་འཆི་བས་བར་ཆད་ན་འཕོ་བས་ལམ་དུ་བྱེད་དགོས་པས་དེའི་རྣམ་བཞག་ལ། རབ་འཆི་བ་དོན་དམ་བདེན་པ་འོད་གསལ་གྱི་ངང་དུ་འཕོ་བ། འབྲིང་བར་དོ་དག་པའི་ཀུན་རྫོབ་སྒྱུ་ལུས་ཀྱི་ལྷ་སྐུར་འཕོ་བ། ཐ་མ་བསྐྱེད་རིམ་གྱི་འཕོ་བས་དག་པའི་རྟེན་ལས་ལམ་གྱི་འཕྲོ་མཐུད་པ་རྣམས་ཀྱང་སྐབས་འདིར་དབང་བཞི་པའི་ལམ་ལས་རྒྱས་པར་སྟོན་ཅིང་དོན་ལ་དངོས་ཤུགས་ཀྱིས་ཉིན་དུས་ཀྱི་འཁྲུལ་སྣང་གཏུམ་མོའི་མཉམ་བཞག །སྒྱུ་ལུས་ཀྱི་རྗེས་ཐོབ། མཚན་སྣང་འོད་གསལ་གྱི་མཉམ་བཞག །རྨི་ལམ་གྱི་རྗེས་ཐོབ། ལམ་གྱི་ཆད་མཐུད་བར་དོ་དང༌། འཕོ་བ་བཅས་པས་ཡེ་ཤེས་ཀྱི་དབྱིངས་སུ་དག་པར་བྱེད་པའི་རྡོ་རྗེའི་ཆོས་དྲུག་གི་གནད་དོན་ཐམས་ཅད་འདུས་པའི་ཚུལ་ཞར་ལ་འཕྲོས་ཤིང༌། དེ་དག་གི་ཚེ་ལམ་རྟགས་ཀྱི་ཡོན་ཏན་བདེ་གསལ་མི་རྟོག་པའི་ཉམས་སོགས་གང་སྐྱེས་ཀྱང་ཆེད་འཛིན་དང་མངོན་རློམ་མི་བྱ། རེ་དོགས་དགག་སྒྲུབ་སྤངས་ཏེ་བརྩོན་པ་ལྷུར་བསྐྱེད་པས་ཆེད་འཛིན་མེད་པར་ལམ་དུ་ཁྱེར་བ་བདེ་ཆེན་ལོངས་སྐུ། འོད་གསལ་སྤྲུལ་སྐུ། མི་རྟོག་པ་ཆོས་སྐུའི་ཡེ་ཤེས་ངོ་འཕྲོད། བདེ་སྟོང་ནམ་མཁའ་ལྟ་བུའི་ཆོས་ཉིད་རིག་པའི་རྩལ་རྫོགས་པས་དེ་དག་རང་རྒྱུད་དུ་ཞེན་པ་ཁམས་གསུམ་འཁོར་བའི་འཁྲུལ་རྟོག་གཟུང་འཛིན་ལས་རླུང་གི་བག་ཆགས་རྒྱུན་ཆད་ནས་སྒོ་གསུམ་སྐུ་གསུང་ཐུགས་རྡོ་རྗེར་གོ་འཕོས་ཤིང་སྐྱེ་འཆི་བར་དོ་སྐུ་གསུམ་ལྷུན་གྲུབ་མངོན་པར་བྱང་ཆུབ་མཆོག་གི་དངོས་གྲུབ་འབད་རྩོལ་མེད་པར་ཐོབ་པས་རང་བྱིན་བརླབ་པའི་རྫོགས་རིམ་གྱི་བཅུད་དྲིལ་རྒྱས་པ་མཆོག་གི་ལས་སྦྱོར་གྱི་ཚུལ་དུ་བསྟན་པའོ། །གཉིས་པ་གཞན་ལུས་ལ་བསྟེན་པ་དཀྱིལ་འཁོར་འཁོར་ལོ་ལ། ལམ་དངོས་དང༌། རྗེས་བོགས་འབྱིན་ནོ། | |||
།དང་པོ་ནི། གསུམ་པ་ཤེས་རབ་དབང་གི་ལམ༔ ཕྱི་རུ་མཚན་ལྡན་གཟུངས་མ་ལ༔ འདུ་ཤེས་གསུམ་གྱིས་སྙོམས་ཞུགས་པས༔ ནང་དུ་ཡས་བབ་རྒྱུ་དང་ནི༔ གསང་བ་མས་བརྟན་དགའ་བཞི་ལས༔ དེ་ཉིད་དཔེ་ཡི་ཡེ་ཤེས་འཆར༔ དེ་ནི་གསུམ་པའི་དབང་གི་ལམ༔ རྗེས་སུ་རྣལ་འབྱོར་སྒྲུབ་པའོ༔ ཞེས་པ་ལྟར་དབང་གསུམ་པའི་ལམ་ལ། ཕྱི་སྙོམས་འཇུག་གིས་བདེ་བ་བསྐུལ། ནང་ཡས་བབ་རྒྱུ་ཡི་དགའ་བཞི་སྒྲུབ། གསང་བ་མས་བརྟན་འབྲས་བུའི་དགའ་བཞི་ངོས་བཟུང༌། དེ་ཉིད་དཔེའི་ཡེ་ཤེས་རྒྱུད་ལ་བསྐྱེད་པ་དང་བཞི་ལས། དང་པོ་ནི། རྩ་དང་རླུང་དང་ཐིག་ལེ་ཡི༔ རྟོག་པ་དབང་དུ་བསྡུ་བའི་ཕྱིར༔ མྱུར་ལམ་ཟབ་མོའི་ཏིང་འཛིན་ནི༔ རླུང་དང་གཏུམ་མོའི་རྣལ་འབྱོར་ལ༔ གོམས་པ་བརྟན་པོར་གྱུར་པ་ན༔ རང་ཉིད་རིགས་འདུས་བླ་མ་ནི༔ མཐིང་གསལ་ལོངས་སྤྱོད་རྫོགས་སྐུའི་ཆས༔ རྡོ་རྗེ་དྲིལ་བུ་བསྒོམ་པའི་པང་༔ རྣལ་འབྱོར་དམར་མོ་གྲི་ཐོད་ཅན༔ བདེ་བའི་ཉམས་ཀྱིས་འཁྱུད་པར་བསྒོམ༔ རྩ་གསུམ་འཁོར་ལོ་ལྔ་ཡི་དབུས༔ རིགས་ལྔ་ཡབ་ཡུམ་མཉམ་སྦྱོར་བ༔ འོད་དང་འོད་ཟེར་འཕྲོ་བར་གསལ༔ མཁའ་གསང་རྡོ་རྗེ་པདྨའི་རྩེར༔ ཧཱུྃ་དང་ཕཊ྄་ཀྱི་ཡི་གེས་དགག༔ ཞེས་པ་སྟེ། རང་ལུས་ཀྱི་ཉམས་ལེན་གྱིས་སྲོག་རྩོལ་སྒྲ་ཇི་བཞིན་གྲུབ་ཅིང་འཕོ་མེད་གདེང་དུ་གྱུར་པ་སོགས་མཉམ་རྗེས་ཀྱི་རྣལ་འབྱོར་གང་ཡང་རྟོགས་གོམས་ཀྱིས་ཉམས་རྟོགས་རྩལ་ཁ་ཆེས་ཆེར་མཆེད་ཅིང་རྒྱས་པར་གྱུར་པ་ན། ཤེར་དབང་གི་ཉམས་ལེན་ལ་འཇུག་པའི་དུས་ཡིན་ཞིང༌། དེ་ནི་མཆོག་ཏུ་མི་འགྱུར་བདེ་ཆེན་གྱི་ལམ་མྱུར་དུ་སྒྲུབ་པའི་ཐབས་རྒྱུད་སྡེ་ཀུན་ལས་ཡང་ཡང་བསྔགས་པ་སྟེ། གསེར་དང་དངུལ་ཆུ་བསྲེས་པ་ཟངས་སོགས་དངོས་པོ་ལ་བྱུགས་ནས་མེར་བསྲེགས་པས་དངུལ་ཆུ་ཡལ་ཞིང་གསེར་གྱི་རང་མདོག་མངོན་ནས་ཟངས་སོགས་དངོས་པོ་དམན་པ་ཡང་རིན་ཐང་ཅན་སྒྲུབ་ནུས་པ་བཞིན་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེའི་ཁམས་ལ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ཁྱབ་པ་རང་བྱིན་བརླབ་པའི་ལམ་གྱིས་ལས་རུང་དུ་བྱས་པ་ཉིད་བདེ་ཆེན་ཡེ་ཤེས་ཀྱི་རྟེན་ཕྱག་རྒྱ་དང་སྦྱོར་བའི་མཚོན་བྱེད་ཐབས་ལམ་ཟབ་མོས་མཚོན་བྱ་བདེ་སྟོང་ཕྱག་རྒྱ་ཆེན་པོ་ནམ་མཁའ་དང་མཉམ་པའི་ཡེ་ཤེས་འཁོར་འདས་བརྟན་གཡོ་སྣོད་བཅུད་ཀུན་གྱི་སྲོག་གམ་སྙིང་པོ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཉམས་སུ་མྱོང་བྱར་ཡོད་ཀྱང་སྨྲར་མི་བཏུབ། ཡིད་ཆེས་ཀྱི་ངེས་ཤེས་དང་ལྡན་ཀྱང་དཔེས་མི་མཚོན། མངོན་སུམ་ཉམས་སུ་མྱོང་ཡང་ཡུལ་ཤེས་ཀྱི་རྟོག་པས་མ་བསླད། སོ་སོར་རང་རིག་པའི་སྤྱོད་ཡུལ་རྒྱུ་རྐྱེན་གྱིས་འདུས་མ་བྱས་ཤིང་སྐྱེ་འགག་གནས་གསུམ་དང་བྲལ་བ་ཉིད་ཆུ་ཟླ་བཞིན་དུ་ཐབས་ལས་ཐབས་བྱུང་གི་ཚུལ་དུ་གསལ་བ་རྣམ་པ་ཐམས་ཅད་པའི་རང་བཞིན། ངེས་པའི་དོན་དུ་ཤེས་བརྗོད་འཇུག་གསུམ་གྱི་ཡུལ་ལས་འདས་པ། རྣམ་པ་བདེ་སྟོང་ཟུང་འཇུག་དཔེ་ཡི་ཚུལ་དུ་འཆར་བས་དོན་གྱི་ཡེ་ཤེས་དངོས་ལ་སྦྱོར་བས་རྗེས་སུ་རྣལ་འབྱོར་སྒྲུབ་པའི་ཡན་ལག་ཅེས་གསུངས་པའི་དོན་གྱི་སྙོམས་འཇུག །ནང་ཡས་བབ། གསང་བ་མས་བརྟན། དེ་ཉིད་དཔེ་ཡི་ཡེ་ཤེས་ཀྱི་རྣལ་འབྱོར་ལ་གོམས་པས་མི་སློབ་ཟུང་འཇུག་སྐུ་བཞིའི་ཁྱབ་བདག་བདེ་བ་ཆེན་པོ་ཧེ་རུ་ཀའི་གསང་བ་གསུམ་གྱི་ཡུལ་དང་རོ་གཅིག་ཏུ་བྱེད་པའི་གནད་ཁོང་དུ་ཆུབ་པར་བྱས་ནས་ཉམས་ལེན་དངོས་ལ། གང་བསྟེན་བྱའི་ཡུལ། ནམ་བསྟེན་པའི་དུས། ཇི་ལྟར་བསྟེན་པའི་ཐབས། དེའི་མཚོན་བྱ་བཞིས་དཔྱིས་ཕྱིན་པར་འགྲུབ་པའི་ཕྱིར་དེ་དག་རྒྱས་པར་བཤད་པ་ལ་སྔོན་དུ་ཡིད་རིག་ཡེ་ཤེས་ཕྱག་རྒྱ་ལ་བསྟེན་ནས་ལས་རྒྱའི་ཚུལ་ལྟར་ཉམས་སུ་བླངས་བས་ཀུན་རྫོབ་བྱང་སེམས་དབབ་བཟུང་ལྡོག་དགྲམ་གྱི་བྱ་བ་ལ་རང་དབང་ཐོབ་པར་ངེས་པ་ན་རང་ཉིད་སེམས་ཀྱི་ངོ་བོ། བདེ་བའི་རང་བཞིན། དྭངས་མ་རླུང་གི་རང་རྩལ་རིགས་ཀུན་འདུས་ཞལ་དཔལ་མགོན་བླ་མ་རྣམ་པ་སྤྱི་དཔལ་ཧེ་རུ་ཀ་མཐིང་ནག་ཞི་འཛུམ་རྗེས་སུ་ཆགས་པའི་ཉམས་ཅན་ལོངས་སྤྱོད་རྫོགས་སྐུའི་ཆས་ཅན་ཕྱག་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཐུགས་ཀར་བསྣོལ་བའི་པང་དུ་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ་དམར་མོ་སྔར་འདྲིས་པ་ལྟ་བུའི་ཡིད་དུ་འོང་བ། དྲན་པ་ཙམ་གྱིས་བདེ་བ་གཡོ་ནུས་པའི་བདེ་ཆགས་ལང་ཚོ་རྒྱས་པ་གཅེར་བུ་རུས་པའི་ཕྱག་རྒྱ་ལྔས་སྤྲས་པ་གྲི་ཐོད་ཅན་རང་གི་མདུན་དུ་བཞུགས་པའི་ཡབ་ཀྱི་སྐུ་ཡི་དབུས་རྩ་གསུམ་འཁོར་ལོ་ལྔ་ལྡན་གཏུམ་མོའི་སྐབས་ལྟར་ལས། ཁྱད་པར་གསང་བ་བདེ་སྐྱོང་འཁོར་ལོ་རྩ་འདབ་བདུན་ཅུ་རྩ་གཉིས་ཅན་གྱི་འོག་ཏུ་རྩ་གསུམ་སྦུབས་གཅིག་ཏུ་གྱུར་ཏེ་དབུ་མའི་མར་སྣེ་རྡོ་རྗེའི་བུ་གར་ཟུག་པའི་སྤྱི་བོར་རྣམ་སྣང༌། མགྲིན་པར་སྣང་མཐའ། སྙིང་གར་མི་བསྐྱོད་པ། ལྟེ་བར་རིན་འབྱུང༌། གསང་གནས་དོན་གྲུབ་སྟེ་རིགས་ཀྱི་ཡབ་ལྔ་ལ། དབྱིངས་ཕྱུག །གོས་དཀར། མཱ་ཀཱི །སྤྱན་མ། དམ་ཚིག་སྒྲོལ་མ་སྟེ་ཡུམ་ལྔ་དང་སྦྱོར་བ་ལོངས་སྐུའི་ཆས་ཅན་ཡབ་རྣམས་གཡས་རང་རྟགས་དང༌། གཡོན་དེའི་ཡུ་བ་བྱས་པའི་དྲིལ་བུ། ཡུམ་རྣམས་གཡས་རང་རྟགས་ཀྱི་གྲི་གུག །གཡོན་ཐོད་ཁྲག་བསྣམས་པ་དབུ་མའི་ཡར་སྣེ་སྤྱི་བོའི་རྩ་འཁོར་གྱི་སྟེང་དུ་ཧཾ་སྣང་སྟོང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གཟི་བྱིན་རྒྱས་པའི་སྐུ་ཅན་དུ་གསལ་བ་ཡབ་ཡུམ་ལྷའི་འདུ་ཤེས། ཡབ་ཀྱི་རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་བུ་ག་ཧཱུྃ་མཐིང་གས་བཀག་པ། ཡུམ་གྱི་མཁའ་པདྨ་དམར་པོ་འདབ་མ་བཞི་པ་ཟེའུ་འབྲུར་ཕཊ྄་དམར་པོས་བཀག་པར་བསམ་པས་བྱིན་གྱིས་བརླབས་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་མཁའ་ཁྱབ་ཀྱི་སེམས་ཅན་ཀུན་གྱི་དོན་དུ་བདེ་བ་ཆེན་པོའི་རྡོ་རྗེ་སེམས་དཔའ་བསྒྲུབ་པའི་འདོད་པ་ཆོས་ཀྱི་འདུ་ཤེས་ཏེ་དེ་གསུམ་དང་ལྡན་པས་ཟུར་མིག་གིས་བལྟས། ཧ་སིད་ཀྱི་སྒྲ་འབྱིན། ཁ་དང་ལུས་ལས་དྲི་ཞིམ་པོས་གྱུར་པ་ཁྱབ། ཡན་ལག་དང་ཉིང་ལག་རེག །མཆུ་དང་ལྕེ་འཛིན་པ་སོགས་ཀྱིས་སྒོ་གསུམ་རྡོ་རྗེ་ཆགས་པའི་རོལ་རྩེད་ལ་བསླབ་པ་གསུམ་གྱིས་ཐ་མལ་གྱི་སྣང་ཞེན་ལྡོག་པར་བྱའོ། | |||
།གཉིས་པ་ནང་ཡས་བབ་རྒྱུ་ཡི་དགའ་བཞི་སྒྲུབ་པ་ནི། དལ་བུས་བསྲུབ་པའི་སྦྱོར་བ་ཡིས༔ སྤྱི་བོའི་ཧཾ་ལས་བདུད་རྩིའི་རྒྱུན༔ དཀར་དམར་བདེ་བའི་རང་བཞིན་བབ༔ བདེ་ཆེན་འཁོར་ལོའི་དབུས་བཞུགས་པའི༔ བླ་མ་རྣམ་སྣང་ཡབ་ཡུམ་མཆོད༔ རྩ་འཁོར་ཐམས་ཅད་དྭངས་མས་གང་༔ བདེ་སྟོང་ཡེ་ཤེས་སྐྱེས་པར་བསམ༔ བུམ་ཅན་བཟུང་ཞིང་དབྱིངས་རིག་བསྲེ༔ དེ་ལྟར་རིམ་གྱིས་ཕབ་པའི་མཐར༔ ཞེས་པ་སྟེ། ཆགས་པའི་སྒྱུ་རྩལ་གྱིས་བསྐུལ་བས་ཡུམ་གྱི་གསང་རྩ་ངོམས་ཤིང་བདུད་རྩིའི་ཟིལ་པ་དང་བཅས་ཏེ་པང་དུ་སླེབས་པ་དང་མཁའ་གསང་སྤྲད་ནས་ཡབ་ཡུམ་རྩ་བསྐུལ་བའི་ཐབས་དང་ལྡན་པས་འཁྱུད་པ་དང༌། མཁའ་གསང་སྤྲད་པས་དྲོད་ནས་དྲག་ཏུ་མི་ཤོར་བ་རྡོ་རྗེ་པདྨར་དལ་བུས་བསྲུབ་པའི་སྦྱོར་ཐབས་གསུམ་གྱིས་བསྐུལ་བས་སྤྱི་བོའི་ཧཾ་ལས་བདེ་བ་ཆེར་གཡོས་ཏེ་བྱང་སེམས་ཀྱི་རྒྱུན་བབ། རྩ་ཁམས་གཞན་གྱི་དྭངས་མའང་ལྷན་ཅིག་ཏུ་འདུས། སྨིན་མཚམས་ཡན་ཆད་ཀྱི་དབུ་མའི་ནང་གང་བས་དགའ་བའི་ཡེ་ཤེས་སྐྱེས། དེ་ལས་ཆེར་འཕེལ་ཏེ་སྨིན་མཚམས་ཡན་ཆད་ཀྱི་རྩ་འཁོར་ཐམས་ཅད་ལ་ཁྱབ། སྐུ་རྡོ་རྗེ་རྣམ་སྣང་ཡབ་ཡུམ་ཀྱང་བདེ་སྟོང་གི་མཆོད་པས་མཉེས། སྐུ་ཡི་ཉམས་ཆག་སྦྱངས། དྭངས་མ་ཞུ་བའི་ཡེ་ཤེས་མཐར་ཐུག་སྐུ་རྡོ་རྗེ་མངོན་དུ་གྱུར་པས་དགའ་བ་མཐར་ཕྱིན་པར་བསམ། སེམས་སྤྱི་བོར་གཏད་དེ་བུམ་ཅན་དྲག་ཏུ་གཅུན། རྣམ་པར་མི་རྟོག་པ་དབྱིངས་རིག་གཅིག་པའི་ངང་དུ་བདེ་རླུང་སེམས་གསུམ་བསྲེས་ལ་བཞག །ཡང་སྙོམས་འཇུག་ཇེ་དྲག་ཏུ་བཏང་བའི་སྦྱོར་ཐབས་ཀྱིས་རིལ་བ་ཞབས་ཚགས་ཅན་གྱི་རླུང་སོགས་ཀྱིས་བསྐུལ་བས་མགྲིན་པར་བབ་པས་མཆོག་དགའ། སྙིང་གར་བབ་པས་ཁྱད་པར་གྱི་དགའ་བ། ལྟེ་བར་བབ་པས་དགའ་བྲལ་གྱི་དགའ་བ། གསང་བར་བབ་པས་ལྷན་སྐྱེས་ཀྱི་དགའ་བ་སྐྱེས་ཤིང་མཐར་ཕྱིན་པ་དང་མི་རྟོག་པའི་ངང་དུ་བཞག་པས་རིགས་ལྔ་ཡབ་ཡུམ་མཉེས། གསུང༌། ཐུགས། ཡེ་ཤེས་རྡོ་རྗེའི་ཉམས་ཆག་བསྐང༌། བདེ་བ་གསུང༌། མི་རྟོག་པ་ཐུགས། དབྱེར་མེད་ཡེ་ཤེས་རྡོ་རྗེའི་གོ་འཕང་མངོན་དུ་གྱུར་པའི་ཚུལ་རྣམས་སྔར་ལྟར་བྱ། དེ་ནས་དབབ་པ་ལ་མཁས་པ་རུས་སྦལ་གྱི་འགྲོས་ལྟ་བུ་སྟེ་མཐར་རྩ་གནས་ཐིག་ལེས་གང་བའི་ཟིལ་པ་ནོར་བུའི་རྩེར་སོན་པས། ཡུམ་གྱི་འཁོར་ལོ་ལྔར་ཡང་དེ་བཞིན་བྱུང་སྟེ་དགའ་བཞི་སྐྱེས་བརྟན་གྱིས་པདྨའི་སྦུབས་སུ་འཕེལ་བའི་དྭངས་མ་གཉིས་འཕྲད་པས་ཡབ་ཡུམ་གྱི་རྩ་དབུ་མ། རླུང་ལྡང་འཇུག །ཐིག་ལེ་དཀར་དམར། དབྱིངས་དང་ཡེ་ཤེས་ཞལ་སྦྱོར་བ་སྟེ་ཁ་སྦྱོར་བཞིའི་བདེ་སྟོང་གི་ཡེ་ཤེས་མངོན་དུ་བྱས་པར་བསམ་མོ། | |||
།གསུམ་པ་གསང་བ་མས་བརྟན་དགའ་བཞིའི་འབྲས་བུ་ངོས་བཟུང་བ་ནི། རྡོ་རྗེ་ནོར་བུའི་རྩེར་སོན་ཚེ༔ རྒྱ་མཚོ་རི་རབ་ལོགས་སུ་སྦྱར༔ དབང་པོའི་མཆོག་ནི་དབྱིངས་ལ་གཟིར༔ ཧཱུྃ་གི་གདངས་ཀྱིས་གྱེན་ལ་དྲངས༔ སྔར་བཞིན་སེམས་བཟུང་རླུང་རིག་བསྲེ༔ རྣམ་རོལ་རྒྱ་ཡིས་ལུས་ལ་དགྲམ༔ འཛིན་འགྲེམ་འཁྲུལ་འཁོར་དབང་ཐོབ་ནས༔ བླ་མ་ལྷ་ཡིས་གནང་བའམ༔ མཚན་ལྡན་རྒྱུད་དག་ཕྱག་རྒྱ་དང་༔ མཉམ་པར་སྦྱོར་བའི་རྣལ་འབྱོར་གྱིས༔ རྩ་རླུང་ཐིག་ལེ་རང་དབང་འགྱུར༔ ཞེས་པ་སྟེ་མས་བརྟན་གྱི་དགའ་བཞི་སྒྲུབ་པའི་སླད་དུ་ཧཱུྃ་ཞེས་སྟོད་འདྲེན་བྱས་སྟེ་ལྟེ་བར་སྒལ་པར་སྦྱར། རྐང་ལག་གི་ཉྭ་བཞི་བསྒྲིམ། སོར་ཚིག་བསྐུམ། ལྕེ་རྩེ་རྐན་ལ་སྦྱར། མིག་གྱེན་དུ་ཕྱོགས། ཧཱུྃ་གི་གདངས་ཀྱིས་སྟོང་འདྲེན་གསང་རླུང་གྱེན་དུ་དྲངས་པ་དང་ཆབས་ཅིག །ཡིད་དམིགས་སོག་སྦུབས་ནས་ཆུ་དྲངས་པ་ལྟར་ཐིག་ལེ་གྱེན་དུ་དྲང་བར་མོས་པའི་སྒོ་ཡི་གནད་གསུམ་གྱིས་དྲངས་པ་ནི་བཟུང་བ་ལ་མཁས་པ་རྫ་སྣོད་ཐེམ་བུས་བཀག་པ་ལྟར་བཟུང་བས་ལྟེ་བ་མན་ཆོད་དུ་བརྟན་པ་དགའ་བ། སྙིང་གར་མཆོག་དགའ། མགྲིན་པར་ཁྱད་པར་གྱི་དགའ་བ། སྤྱི་བོར་དགའ་བྲལ། ཧཾ་ཡིག་ལ་དྭངས་མ་ཐམས་ཅད་སིབ་ཀྱིས་ཐིམ་པ་ལྷན་སྐྱེས་ཀྱི་དགའ་བ་ཉམས་སུ་མྱང་བར་བསམ། འཁོར་ལོ་སོ་སོར་བུམ་ཅན་དྲག་ཏུ་གཅུན་པས་དགའ་བཞིའི་ཡེ་ཤེས་ཁྱབ་ཅིང་བརྟན་པར་བསམ། ཡིད་དམིགས་ཧཾ་ལ་རྩེ་གཅིག་ཏུ་གཏད། དུད་འགྲོའི་འགྱུར་བ་བཞི་སོགས་འཁྲུལ་འཁོར་བཅས་བཙན་ཐབས་ཀྱི་སྦྱོར་བ་གསུམ་ཐིག་ལེ་རང་གནས་སུ་ལྡོག་པ་ལ་མཁས་པ་སྐྱེན་པོའི་མདའ་འཕང་བ་ལྟ་བུ་དང༌། རྩ་གནས་ཐམས་ཅད་དུུ་ཁྱབ་པར་དགྲམ། བདེ་བའི་རང་ངོ་ལ་སེམས་བཟུང༌། འཛིན་མེད་ཀྱི་ངང་དུ་སེམས་རྒྱ་ཡན་དུ་ཀློད་དེ་ནམ་མཁའ་ལྟར་དག་པའི་ངང་དུ་བཞག་པའི་རྒྱས་འདེབས་གསུམ་གྱིས་སྣང་བ་ཐམས་ཅད་བདེ་བ་ཤར་ནས་རྩོལ་མེད་ཀྱི་བདེ་བ། འཛག་མེད་ཀྱི་ཚུལ་ཁྲིམས། ཟག་མེད་ཀྱི་ཉམས་མྱོང་བདེ་སྟོང་ཟུང་འཇུག་ལ་བསླབ་པ་ནི་འགྲེམ་པ་ལ་མཁས་པ་ཡུར་བ་ལ་ཆུ་དྲངས་པ་ལྟ་བུ་སྟེ་ཚུལ་དེ་དག་ལ་གོམས་པ་བརྟན་པོ་བྱུང་ན་རིགས་ཅན་ལྔ་ལས། ཕྱི་ལུས། ནང་རྩ། གསང་བ་སེམས་ཀྱི་རྟགས་གསུམ་ཚང་བའི་མཆོག་པདྨ་ཅན་གྱི་མཚན་དང་ལྡན་པ་ལོ་བཅུ་གཉིས་ནས་ཉེར་ལྔ་མན་གྱི་བསྟེན་དུ་རུང་བ། བླ་མ་དང་ལྷ་ཡིས་ལུང་བསྟན་པ་གཙོ་བོར་གྱུར་པ་ལ་རྒྱུད་སྦྱངས་ཏེ་ནང་གི་རྣལ་འབྱོར་རང་དང་མཉམ་པའམ་ཅུང་ཟད་དམན་ཡང་རུང་བར་ཡིད་རིག་གི་སྐབས་ལྟར་དངོས་རིག་ལ་སྦྱོར་བས་བདག་བྱིན་བརླབས་པས་བདེ་བའི་རྩལ་སྦྱོང༌། གཞན་ལུས་ཀྱི་ཉེས་རྒྱུས་མཚོན་བྱེད་དཔེའི་ཡེ་ཤེས་བདེ་བས་སེམས་རྒྱུད་མཉམ་རྗེས་ཀུན་ཏུ་གང༌། ཡུལ་ཐམས་ཅད་སྟོང་པའི་འོད་གསལ་ཏུ་ཤར། ཟུང་འཇུག་གི་ཡེ་ཤེས་མཚོན་བརྗོད་ལས་འདས་པ་འཆར་བར་གསུངས་སོ། | |||
།བཞི་པ་དེ་ཉིད་དཔེའི་ཡེ་ཤེས་རྒྱུད་ལ་བསྐྱེད་པ་ནི། ཞུ་བདེ་ལྷན་སྐྱེས་ཡེ་ཤེས་འཆར༔ སྣང་སེམས་དབྱེར་མེད་རོ་གཅིག་ཕྱིར༔ དབང་སྡུད་མཆོག་གི་ཕྲིན་ལས་སོ༔ ཞེས་པ་སྟེ་དེ་ལྟར་བདེ་བའི་ཐབས་ཀྱིས་དྲངས་པའི་ཟག་མེད་དྭངས་མའི་ཐིག་ལེ་སྙིང་ག་མི་ཤིགས་པའི་མཛོད་དུ་སྦས་ཏེ་བརྗོད་བྲལ་ཀ་དག་གི་ངང་དུ་ཡུན་རིང་མཉམ་པར་བཞག་པས་བདེ་བའི་རང་བཞིན་གྲོལ་བ་ལ་མཁས་པ་ན་བུན་ནམ་མཁའ་ལ་ཡལ་བ་ལྟར་གཤིས་ལུགས་སུ་ལ་ཟློ་དགོས་པས། ཟག་བཅས་ཐིག་ལེ་ཞུ་བའི་འཛག་བདེའི་བདེ་བ་རྟོགས་པའི་རོ་མྱོང་བས་ཟག་ཏུ་མི་འཇུག་པར་ཟག་མེད་མི་ཤིགས་པའི་ཐིག་ལེ་ཆེན་པོའི་ཀློང་དུ་སྦ། ཐིག་ལེ་དེའང་གདོད་ནས་ལྷུན་གྲུབ་འོད་གསལ་འཕོ་འགྱུར་མེད་པའི་དབྱིངས་སུ་སྦ། དེའང་ཀ་དག་རྣམ་པར་མི་རྟོག་པའི་ངང་དུ་སྦ་བ་སྟེ། དེ་ལྟ་བུའི་ཚུལ་ལ་གོམས་པས་ཉམས་མྱོང་སྔ་མའི་འཛིན་སྟང་ཕྱི་མས་བཤིག་སྟེ་ཆོས་དབྱིངས་རྗེན་པ་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་ཕྱག་རྒྱ་ཆེན་པོ་དོན་གྱི་ཡེཤེས་སོ་སོར་རང་རིག་པའི་སྤྱོད་ཡུལ་ཅན་མངོན་དུ་གྱུར་པ་ལ་སྦྱོར་དགོས་པས་ལམ་འདིའི་ཐོག་མཐའ་ཀུན་ཏུ་ལྟ་བ་འདིས་རྒྱས་ཐེབས་ན་སྔགས་ལམ་རྣལ་མར་ངེས་པས་གནད་དུ་ཆེས་ཟབ་ལ། ཕོ་ཉའི་མྱུར་ལམ་སྒྲ་ཇི་བཞིན་དུ་བསྙགས་ན་བདེ་སྟོང་ཏིང་འཛིན་གྱི་རོལ་མོས་སྣང་སྤྱོད་བདེ་བ་ཆེན་པོ་དཔལ་ཧེ་རུ་ཀའི་སྐུ་དང་རོལ་པར་ཤར་འཕོ་མེད་བདེ་ཆེན་གྱི་བཅུད་ལེན་གྲུབ་པས་རྡོ་རྗེའི་ཚེ་དང་ལང་ཚོ་གཟི་བྱིན་རྒྱས། སྤྱན་དང་མངོན་ཤེས་བདེན་ཚིག་གྲུབ་པ་སོགས་གྲུབ་པའི་རྟགས་མཚན་ཆེས་ཆེར་གསལ། ནང་གི་རླུང་སེམས་དབང་དུ་འདུས་པའི་རྟེན་འབྲེལ་ཕྱིར་ཤར་བས་སྣོད་བཅུད་ཀྱི་རྒུད་པ་ཞི་ཞིང་ལེགས་ཚོགས་འཕེལ་ཞིང་སྔགས་ལྷན་སྐྱེས་ཀྱི་ཕོ་ཉ་གསུམ་གྱི་འདུ་བ་ལ་སྤྱོད་པས་རྡོ་རྗེའི་ས་ལམ་མིག་འཕྲུལ་ལྟར་བགྲོད་པའི་ཕོ་ཉའི་མྱུར་ལམ་ཟབ་མོ་རླུང་སེམས་དྷཱུ་ཏིར་སྡུད་པ་མཆོག་གི་ཡེ་ཤེས་དང་འབྲེལ་བའི་དབང་གིས་ཕྲིན་ལས་ཟབ་པའི་ཏི་ལ་ཀ་རྨད་དུ་བྱུང་བའོ། | |||
།གཉིས་པ་རྗེས་བོགས་འབྱིན་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའི་རྣལ་འབྱོར་ནི། གཟུང་དང་འཛིན་པའི་སྣང་ཞེན་ཀུན༔ གང་ཤར་ཐད་ཀར་གཅད་པའི་ཕྱིར༔ བརྟུལ་ཞུགས་མཆོག་གི་ཏིང་འཛིན་ནི༔ ནང་གི་རྣལ་འབྱོར་དྲོད་ཐོབ་པས༔ གནས་ཡུལ་དུར་ཁྲོད་རྩུབ་འགྱུར་ཚལ༔ སོགས་ནས་རིམ་ཀྱིས་བསྟན་པ་ལྟར་ཉམས་སུ་ལེན་པ་ལ། ཐོག་མར་སྔོན་འགྲོས་རྒྱུད་སྦྱངས་པ་དང་ཁྱད་པར་བླ་མའི་རྣལ་འབྱོར་ལ་འབད་པ་རྩལ་དུ་བཏོན་པས་གསོལ་བ་གདབ། དབང་ལེན། ཐུགས་ཡིད་བསྲེས་ལ་ནང་རང་གི་རིག་པ་ཕུང་པོའི་གཟེབ་ལ་བཏུམ་ནས་ཡེ་ཤེས་ཟང་ཐལ་རྗེན་པར་བུད་མི་ནུས་པ་དེ། དམིགས་པས་རྟེན་དང་ཕྲལ་ནས་གཅེར་བུར་བཏོན་ཏེ་དབྱིངས་ལ་བསྲེ་བ་ནི་ཉམས་མྱོང་རྩལ་རྫོགས་པར་བྱེད་པས་གཅོད་ཅེས་ནང་གི་བོགས་འབྱིན་ཁྱད་པར་ཅན་ཏེ། འདི་ལའང་ཐོག་མར་ཡུམ་དོན་སྟོང་ཉིད་ཀྱི་ལྟ་བའི་གདེང་དང་མ་ལྡན་ན་གཉན་ས་དང་ལུས་མཆོད་སྦྱིན་ཙམ་གྱིས་ལམ་རྣལ་མར་མི་འགྱུར་བས་སྔར་རྫོགས་རིམ་གྱི་ཆོས་ཉིད་རྣམ་པར་མི་རྟོག་པ་ཆོས་དབྱིངས་རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མངོན་སུམ་གྱུར་པས་ཡུལ་རྐྱེན་དང་བསྲེས་ཏེ་གདེང་ཐོབ་པར་བྱས་སྟེ་མ་གོམས་ན་འཇིགས་སར་སྐྱེལ་མས་བོར་བ་ལྟ་བུར་འགྱུར་བས། ངན་རྐྱེན་ན་ཚ་གནོད་པ་སོགས་ཐམས་ཅད་སློང་བའི་རྒྱུ་དུར་ཁྲོད་སོགས་འཇིགས་ཤིང་ཡ་ང་བའི་གནས་སུ་ནད་གདོན་བར་ཆད་སོགས་བྱུང་བའི་དུས་སམ། མཚན་མོ་སོགས་ཉམ་ང་བག་ཚ་བའི་སྐབས་སུ་ཕོ་ཚོད་དང་ཆོས་བརྒྱད་ཀྱི་བསམ་པས་མ་ཡིན་པར་འཁྲུལ་རྟོག་བདུད་བཞིའི་བག་ཆགས་ཀྱི་རྒྱུན་གཅོད་པའི་ཕྱིར། ཟླ་གྲོགས་དང་ལག་ཆ་སྲུང་བ་སོགས་ཀྱི་སྙེམས་མེད་པར་ཕྱིན་ཏེ་སྙེམས་བྱེད་བདུད་རྒྱུ་བའི་ཡུལ་དང་ཉེར་བཅུག་ནས་དེ་ལ་བཙན་འགེལ་བྱས་པས་དེའི་ཐོག་ཏུ་སྙེམས་ཐག་ཆོད་ནས་འཁྲུལ་སྣང་སེམས། སེམས་ཉིད་སྟོང་པར་ཤེས་ཏེ། སྣང་སེམས་མཐའ་དག་དམིགས་མེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་ཆེན་མོ་ཆོས་སྐུའི་དབྱིངས་སུ་ཉེ་བར་ཞི་བའི་འཇིགས་མེད་ཀྱི་གདེང་ཐོབ་པ་སྨིག་རྒྱུ་ཆུར་འཁྲུལ་དུས་སྨིག་རྒྱུ་ཉེ་བར་ཕྱིན་ན་ཆུ་མེད་པ་ཐག་ཆོད་པ་ལྟ་བུའི་གནད་དོན་ཤེས་པས། ཕྱི་ལྷ་འདྲེ། དེ་ལས་བྱུང་བའི་ནད་གདོན། ནང་རང་སེམས། དེ་ལས་བྱུང་བའི་རྣམ་རྟོག །བར་ལུས་ངག །དེ་ལས་བྱུང་བའི་བྱ་བྱེད་ཐམས་ཅད་འཁྲུལ་པས་སྒྲོ་བཏགས་པ་ཙམ་ལས་གནས་ལུགས་གཏན་ལ་ཕབ་ན་ཆོས་ཉིད་དབྱིངས་ཀྱི་གཤིས་ནམ་མཁའ་ལྟ་བུ་བྱ་རྩོལ་དང་བྲལ་བར་ལ་བཟླ་བའི་ལྟ་བས་ཉམས་ལེན་གྱི་སྟངས་མ་ཤོར་བར་འཇིགས་དང་ཡ་ང་མེད་པ་སེང་གེ་བཞིན་དུ་རྒྱུ་སྟེ་ཕྱོགས་མཚམས་ཐམས་ཅད་དུ་ལྷ་འདྲེ་ལ་བལྟ་སྟངས་ཀྱིས་གཟིར། རྡོ་རྗེའི་གར་དང་ཧཱུྃ་གི་གླུ་བཅས་ཕྱིན་ནས་མཚོ་ཡི་སྟོད། ཕ་ཝང་གི་སྟེང༌། ཆུ་མིག་གི་འགོ །ཤིང་གི་དྲུང་དུ་ལུས་ཉྭ་བཞི་གློད་པས་ཉལ་ཏེ། སྒོམ་པས་ཉམས་སུ་ལེན་པ་ལ། རང་ལུས་ཆེ་བརྗིད་ལུང་པ་ཁེབས་པས་དེར་གནས་ཀྱི་ལྷ་འདྲེ་ཐམས་ཅད་ནོན་པར་བསམ། འཁོར་བ་མ་སྟོང་གི་བར་འདུག་ས་འདི་ལས་མི་གཡོ་སྙམ་པས་ལྟ་བའི་ངང་བསྐྱང༌། ཁྱད་པར་སྣོད་རྣམ་པར་དག་པ་ཨོ་རྒྱན་དྷཱུ་མ་ཐ་ལའི་གྲོང་ཁྱེར། བཅུད་རྣམ་པར་དག་པ་འབུམ་ཕྲག་ཡངས་པའི་དཔའ་བོ་དང་ཌཱ་ཀི་གནམ་ས་བར་སྣང་གི་ཁྱོན་ཐམས་ཅད་ཁེངས་ནས་སྐུ་རྡོ་རྗེའི་གར། གསུང་ཧཱུྃ་གི་གླུ། ཐུགས་བདེ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྩལ་གྱིས་སྣང་སྤྱོད་བདེ་བ་ཆེན་པོར་ཤར་བའི་རྡོ་རྗེ་གསང་བའི་བརྟུལ་ཞུགས་ཀྱི་སྤྱོད་པ་ཆབས་ཅིག་ཏུ་བསྐྱངས་པའི་ཟིལ་གྱིས་ལྷ་འདྲེ་གདོན་བགེགས་ན་ཚ་རྐྱེན་ངན། བར་ཆད་འཚུབས་སློང་སོགས་མ་དག་འཁྲུལ་པའི་མཚན་མ་བཙལ་ཀྱང་མི་རྙེད་པ་སྣང་སྲིད་ཆོས་སྐུའི་དབྱིངས་སུ་སད་པར་བསམ་ལ། ཕཊ༔ གཞི་གྲོལ་རིག་པ་འདུས་མ་བྱས་སོགས་ངག་ནས་བརྗོད་དེ་དབྱིངས་རིག་བསྲེས་ལ་མཉམ་བཞག་གི་ལྟ་བས་གཟིར། དེའི་ངང་དུ་མཉམ་པར་བཞག་པའི་ཚེ་ཚོགས་དྲུག་གི་ཡུལ་ལ་བརྟེན་ནས་རྣམ་རྟོག་ལྷོངས་པ་ཐོག་བཅས་ཀྱི་བདུད། ཕྱིའི་ཡུལ་རྐྱེན་ལ་མ་ལྟོས་པར་སྐྱོ་འཇིགས་སོགས་མྱོང་ཚོར་གྱི་རྟོག་པའི་འཕྲོ་འདུ་རང་སེམས་ལ་ལྷོངས་པ་ཐོགས་མེད་བདུད། བཟང་རྐྱེན་ལ་བཟང་འཛིན་གྱི་སྙེམས་ཤོར་བ་དགའ་བྲོད་ཀྱི་བདུད། བག་ཆགས་ཀྱི་འཛིན་ཞེན་ལ་སྙེམས་བྱེད་ཀྱི་བདུད་དེ་དེ་བཞིའི་རྟོག་པ་གང་སྐྱེས་ཀྱང་དེའི་རྗེས་སུ་འབྲང་བའི་འཛིན་ཞེན་སྐྱེས་ན་བདུད་ཀྱི་དབང་དུ་སོང་བ་ཡིན་པས། དཔེར་ན་འདྲེ་སྣང་བྱུང་ན་དབྱིངས་རིག་གི་ཉམས་མྱོང་གིས་མ་སླེབས་པར་འཇིགས་སྣང་སྐྱེས་ན་སྙེམས་ཤོར་བས་གནོད་པ་འབྱུང་བའི་ཕྱིར་དེ་མ་ཐག་རྟོག་པ་དེ་ངོས་ཟིན་པར་བྱས་ལ། ཕཊ༔ ཅེས་སྒྲ་དྲག་པོས་བརྗོད་ནས་གང་ཤར་འཛིན་མེད་སྤྲོས་བྲལ་གྱི་དབྱིངས་སུ་བཅད་དེ། སྙེམས་མེད་ཀྱི་རིག་པ་ཧུར་ཕྱུངས་ལ་མཉམ་པར་བཞག །དེས་མཚོན་ནས་བཟང་ངན་གྱི་རྟོག་པ་ཐམས་ཅད་དབྱིངས་རིག་གི་ཀློང་དུ་བསྐྱལ་བའི་གདེང་འཆོས་པས་བདག་གཅེས་འཛིན་གྱི་འཁྲི་བ་བཙན་ཐབས་སུ་ཆོད་པ་ནི་མཉམ་བཞག་གི་ཉམས་ལེན་ནོ། | |||
།རྗེས་ཐོབ་ཀྱི་སྐབས་སུ་ལུས་ཀྱི་མཆོད་སྦྱིན་བྱ་བ་ནི། གཞུང་ལྟར་སྐྱབས་སེམས་ལན་གསུམ་སྔོན་དུ་འགྲོ་བས། རང་རིག་རླུང་སེམས་དྭངས་མའི་ཐིག་ལེ་དཀར་ལ་དམར་མདངས་ཆགས་པ་སྤྱི་གཙུག་ནས་རྒྱང་གིས་ཐོན། སྟེང་གི་ནམ་མཁར་རྡོ་རྗེ་ཁྲོས་མ་ནག་མོའི་སྐུར་གྱུར་པའི་ཕྱག་གཡས་ཀྱི་གྲི་གུག་གིས་གཞི་ལུས་ཀྱི་ཕུང་པོའི་དཔྲལ་བར་རེག་ཙམ་གྱིས་ཐོད་པ་ལིངས་ཀྱིས་འཕར་བ་མདུན་དུ་སྐུ་གསུམ་མཚོན་པའི་ཐོད་སྐམ་གྱི་སྒྱེད་བུ་རི་རབ་ཙམ་གསུམ་གྱི་སྟེང་དུ་བཞག །ནང་དུ་རང་ལུས་ཆེ་ཚོ་སྣུམ་བག་ཅན་གྲི་གུག་གི་རྩེ་མོས་བླངས་ཏེ་སིལ་བུར་གཏུབ་ནས་བླུགས་པས་ཐོད་པ་ཕྱུར་བུར་གང༌། ཐོད་སྒྱེད་ཀྱི་བར་དུ་ཨ་ཐུང་རླུང་གིས་བསྐུལ་བས་མེ་ཆེར་འབར་ཐོད་པ་དྲོས། ནང་བཅུད་ཞུ་བའི་མ་དག་པ་ཐམས་ཅད་རླངས་པའི་རྣམ་པས་ཕྱིར་ཐོན། དྭངས་མ་བཅུད་དུ་འཁྱིལ་བ་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ནམ་མཁའ་དང་མཉམ་པར་འཕེལ་བའི་སྟེང་དུ་གནས་པའི་ཧཾ་ཡིག་དྲོས་ཏེ་བདུད་རྩིའི་རྒྱུན་བབ་པ་འདྲེས་པས་ངོ་བོ་ཡེ་ཤེས་ཀྱི་རང་བཞིན་ལ་རྣམ་པ་བདུད་རྩི་དཀར་ལ་དམར་མདངས་ཆགས་པ་དྲི་ཚོར་བ་དང༌། ཁར་མྱོང་བ་ཙམ་གྱིས་བདེ་བླག་ཏུ་ཡིད་ཚིམ་པའི་རྣམ་པ་ཅན་དུ་བསམ་ལ། འབྲུ་གསུམ། ཧ་ཧོ་ཧྲཱིཿམང་དུ་བརྗོད་པས་སྤེལ། ཁྲོས་མའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་མགྲོན་གྱི་གྲངས་དང་མཉམ་པར་སྤྲོས་ཏེ་མཆོད་སྦྱིན་གྱི་ཡུལ་ཐམས་ཅད་ལ་བྷནྡྷའི་སྐྱོགས་ཀྱིས་བདུད་རྩི་བཅུས་ནས་ཕུལ་བས་ཐམས་ཅད་མཉེས་ཤིང་ཚིམ། དགྱེས་པས་དོན་གཉིས་ལྷུན་གྱིས་གྲུབ་པར་བསམ་པ་དཀར་འགྱེད། ཡང་ན་ཐོད་པའི་བདུད་རྩི་ཉིད་ངོ་བོ་རང་ལུས་ཡིན་པ་ལ་རྣམ་པ་དཀོན་མཆོག་སྲི་ཞུའི་མགྲོན་ལ་སྲིད་ཞིའི་དཔལ་འབྱོར་འདོད་དགུའི་རོལ་པ་ཅན་ཕུལ་བས་སྐུ་གསུང་ཐུགས་དགྱེས་པ་བསྐྱེད། ཚོགས་རྫོགས། སྒྲིབ་པ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐོབ་པར་བསམ། མགོན་པོ་ཡོན་ཏན་མགྲོན་ལ་མཐུན་རྫས་སྐོང་རྫས་རྟེན་རྫས་སྒྲུབ་རྫས་སུ་ཕུལ་བས་ས་ལམ་གྱི་བར་ཆད་བསལ་ཞིང་ཕྲིན་ལས་སྒྲུབ་པར་མོས། རིགས་དྲུག་སྙིང་རྗེའི་མགྲོན་ལ་སོ་སོའི་སྡུག་བསྔལ་ཞི་བྱེད་ཡིད་དང་མཐུན་པའི་འདོད་ཡོན་གྱིས་དགའ་མགུར་ཚིམ། སྡུག་བསྔལ་ཐམས་ཅད་དང་བྲལ། བགེགས་རིགས་ལན་ཆགས་མགྲོན་ལ་ཤ་ཁྲག་རུས་པ་ནང་རོལ་དབང་ལྔ་སོགས་དྲི་སྣུམ་རོ་ནུས་ཅན་སོ་སོའི་ཡིད་མཐུན་ཟད་མེད་དུ་སྤྱོད་པས་ལན་ཆགས་སོད། བུ་ལོན་བྱང༌། ཤ་འཁོན་སྡིག་སྒྲིབ་ཞི་བར་བསམ་པ་ཁྲ་འགྱེད། ཡང་རང་ལུས་ཀྱི་པགས་པ་བཤུས་པ་བརྡལ་བས་སྟོང་གསུམ་དང་མཉམ་པའི་སྟེང༌། ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད། རྐང་མར་གྱི་འདམ་རྫབ། ནང་རོལ་གྱི་ནགས་ཚལ་སོགས་ཁ་དོག་དྲི་རོ་མ་ཉམས་པ་སྤུངས་ཤིང་བརྡལ་བ། ལས་བྱེད་ཀྱི་ཁྲོས་མ་བྱེ་བ་ས་ཡས་ཕྱོགས་མཚམས་ཀུན་ཏུ་བཀྲམ་ཤིང་གཏོར་བས་ཚེ་རབས་ཐོག་མེད་ནས་ལན་ཆགས། བུ་ལོན་གྱི་དབང་གིས་ལུས་སྲོག་དཔལ་འབྱོར་ཡོན་ཏན་ལ་རློམས་པའི་གནོད་བྱེད་གདོན་བགེགས་སྡེ་དཔུང༌། རྗེས་འབྲང་ཐམས་ཅད་དང༌། ཁས་ཞན། དབང་ཆུང༌། བརྐམ་ཆགས་ཀྱི་གདུང་བས་གཟིར་བ་ཐམས་ཅད་བག་ཕེབས་དགའ་མགུ་ལྷོད་པར་རོལ་པས་ཡིད་ཚིམ། ཤ་འཁོན་བྱང་བུ་ལོན་སོད། གནོད་སེམས་ཞི། ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེས་པར་བསམ་པ་ནི་དམར་འགྱེད། བདག་གཞན་སེམས་ཅན་ཀུན་གྱི་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་ཐམས་ཅད་ནག་བུན་གྱིས་བསྡུས་ཏེ་རང་ལུས་ལ་ཐིམ་པ་གནོད་བྱེད་ལྷ་འདྲེ་ཐམས་ཅད་ལ་བྱིན་པ་ཟོས་པས་ཐམས་ཅད་ཀྱི་ལུས་སོལ་བ་ལྟར་གྱུར་པར་བསམ་པ་ནག་འགྱེད་དེ་སོ་སོ་དམིགས་པ་རྩེ་གཅིག་ཏུ་བསྒྱུར་ནས་བྱ། དེ་ཡང་ཉིན་ཞག་གཅིག་ལ་མཚོན་ན་ཐོ་རངས་དཀར་འགྱེད། ཉིན་གུང་ཁྲ་འགྱེད། ནུབ་མོ་དམར་འགྱེད་སྲོད་ལ་ནག་འགྱེད་བྱས་པས་དགོས་པ་ཆེ་བར་གསུངས། མཐར་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན་རྫོབ་སྒྱུ་མ་སེམས་ཀྱི་ཆོ་འཕྲུལ་དུ་བརྡར་བཏགས་པ་ཙམ་ལས་དོན་དམ་ངེས་པའི་གཤིས་སུ་ཆོས་དབྱིངས་རྣམ་ཐར་སྒོ་གསུམ་ལས་གཞན་དུ་མ་འདས་པར་ཤེས་པའི་གདེང་བསྐྱེད་དེ་མཉམ་པར་བཞག་པས་ལ་བཟླ། མཉམ་རྗེས་ཀྱི་ཉམས་ལེན་དེ་དག་གིས་ལྟ་སྒོམ་ལ་གོམས་པ་བརྟན་ན་སྤྱོད་པས་བོགས་དབྱུང་བའི་ཕྱིར་འཇིགས་དང་ཡ་ང་འཁུ་འཕྲིགས་སྐྱེས་པའི་གནས་སུ་ཕྱིན་ལ་ཉམས་ལེན་ཡང་ཡང་བྱས་པས་ཕྱི་ལྷ་འདྲེ་ལྷོངས་རྟགས་འཇིགས་པའི་ཆོ་འཕྲུལ་དངོས་ཉམས་རྨི་ལམ་དུ་འབྱུང༌། བར་ན་ཚ་ལྷོངས་རྟགས་གློ་བུར་གྱི་ནད་སྣ་ཚོགས་འབྱུང༌། ནང་རྣམ་རྟོག་ལྷོངས་རྟགས་སེམས་ཐོག་ཏུ་རེ་དོགས་སྣ་ཚོགས་འཆར་བ་དང་འཛིན་མེད་སྤྲོས་བྲལ་གྱི་དབྱིངས་སུ་སྦྱང་བ་གཏད་མེད། ཆོ་འཕྲུལ་ལ་ཅེ་རེ་བལྟས་པས་རང་གྲོལ་དུ་འཆར་བ་གཏད་སྒོམ། དེ་དག་རང་སེམས་ཀྱི་ཆོ་འཕྲུལ། སེམས་གཞི་རྩ་བྲལ་བར་ཐག་བཅད་པ་དཔྱད་སྒོམ་གསུམ་གྱིས་ཕཊ྄ཿཅེས་བརྗོད་རིག་པ་གཏད་མེད་བཏང་༔ ཞེས་པའི་དོན་དང༌། གཞན་ལྷ་མིས་ཕྱག་མཆོད་འབུལ་བ་སོགས་དངོས་གྲུབ་ཀྱི་ལྟས། ལུས་ལས་སྲོག་ཆགས་ཐོན་པ་གདོན་ཐོན་པའི་ལྟས། བཤལ་སྐྱུགས་སྣ་ཁྲག་འཛག་པ་སོགས་ནད་ཐོན་པའི་ལྟས་རྣམས་ཐུན་མོང་གི་ཚར་ཚད། རང་ཉིད་ཁྲུས་བྱེད། གོས་དཀར་གྱོན། གྱེན་ལ་འཛེགས། ནམ་མཁར་འཕུར་བ་དང༌། ཉི་ཟླ་ཤར་བ། ལྷ་འདྲེའི་སྲོག་སྙིང་འབུལ་བ་སོགས་ཐུན་མིན་གྱི་ཚར་ཚད། ཆོ་འཕྲུལ་གྱིས་མཚོན་པའི་ཆོས་ཐམས་ཅད་རང་སེམས་སྤྲོས་བྲལ་དུ་ཤེས་པ་མཆོག་གི་ཚར་ཚད་རྫོགས་པས་ཆོས་བརྒྱད་དབྱིངས་སུ་སྙོམས། དབྱིངས་རིག་བཙན་ས་ཟིན་པ་སོགས་དགོས་པ་དུ་མ་དང་ལྡན་པ་ཡང༌། དེ་ལྟར་མཉམ་རྗེས་ཐམས་ཅད་དུ༔ ཉམས་ལེན་ཆུ་བོའི་རྒྱུན་བཞིན་བསྐྱང་༔ འཇིགས་དང་ཆོ་འཕྲུལ་ཅི་བྱུང་ཡང་༔ མི་ཕོད་པ་ལ་ཐོག་བརྫིས་བྱ༔ ཟས་ནོར་གཏམ་གྱི་འཁྲི་བ་བཅད༔ གནས་གྲོགས་གཉེན་འདུན་སྲེད་ཞེན་སྤང་༔ རེ་དོགས་སྦྲུལ་གྱི་མདུད་པ་བཤིག༔ ངར་འཛིན་སྙེམས་འཕྲིགས་གང་དགར་བོར༔ སྟོང་ཉིད་སྙིང་རྗེའི་སྲོག་ལྡན་པའི༔ ཟབ་མོའི་སྤྱོད་པ་སྤྱད་པ་ལས༔ ཉམས་རྟོགས་ཤན་འབྱེད་བོགས་དབྱུང་ཞིང་༔ གཟུང་འཛིན་འབྱུང་པོ་ཚར་བཅད་པས༔ མངོན་སྤྱོད་མཆོག་གི་ཕྲིན་ལས་སོ༔ ཞེས་གསུངས་པ་དེ་དག་གིས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ནམ་མཁའི་གཟུགས་ཅན་སྒྲུབ་པའི་བརྟུལ་ཞུགས་ལ་བསླབ་པ་དྲག་པོ་མཆོག་གི་ལས་སྒྲུབ་པའི་ཡན་ལག་གོ །གསུམ་པ་ལམ་གྱི་སྐྱེལ་སོ་མན་ངག་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་དམར་ཁྲིད་བཤད་པ་ལ། སྡེ་གསུམ་གྱི་ལམ་དངོས་དང༌། ཡན་ལག་རྗེས་ཀྱི་ཁྲིད་རིམ་མོ། དང་པོ་ལའང༌། བཞི་པ་དོན་གྱི་དབང་གི་ལམ༔ ཞེས་པ་སྔར་བསྟན་པའི་ལམ་ཐམས་ཅད་སེམས་ལམ་བྱེད་དེ། འདིས་སེམས་རིག་ཤན་ཕྱེས་ནས་བློ་ལས་འདས་པའི་ཡེ་ཤེས་རྗེན་པ་ལམ་དུ་བྱེད་པ་ཤིན་ཏུ་རྣལ་འབྱོར་གྱི་ལམ་ཞེས་པ་སངས་རྒྱས་འཕགས་པའི་མཉམ་བཞག་གི་དགོངས་པ་སྒྲ་ཇི་བཞིན་དུ་སྟོན་པ་སྟེ་དེ་ལའང་ཁྱད་པར་གྱི་སྔོན་འགྲོས་སེམས་རིག་ཤན་འབྱེད། དངོས་གཞི་འཁྲུལ་པ་རང་གྲོལ་གྱིས་ཡེ་ཤེས་ངོ་སྤྲོད། རྗེས་འཁྲུལ་པ་ཡེ་ཤེས་སུ་འཆར་བའི་ཁྲིད་ཀྱིས་སྣང་བཞི་མཐར་བསྐྱལ་བའོ། | |||
།དང་པོ་ལའང༌། ཕྱི་ནང་གི་འཁོར་འདས་རུ་ཤན་དབྱེ་བ་དང༌། སྒོ་གསུམ་སྦྱང་བའི་ཚུལ་ལོ། །དང་པོ་ལའང༌། ཁྱད་པར་སྔོན་དུ་འགྲོ་བ་ནི༔ རྒྱས་པར་ཕྱི་ནང་འཁོར་འདས་ཀྱི༔ སྤྱོད་པ་སྤྱད་ནས་རུ་ཤན་དབྱེ༔ ནང་དུ་ཚོགས་བརྒྱད་ཉོན་མོངས་དང༔ འཁྲུལ་པའི་བག་ཆགས་དག་པར་བྱ༔ ཞེས་སོགས་རྒྱས་པར་གསུངས་པ་ལྟར་རུ་ཤན་འབྱེད་པ་ལའང་ཕྱི་ནང་གི་རུ་ཤན་གཉིས་ལས། དང་པོ་ཕྱི་ལྟར་རུ་ཤན་འབྱེད་པ་ནི། སྤྱིར་ལམ་གྱི་ཐེག་རིམ་མཐར་ཐུག་གི་སྐྱེལ་སོ། །དོན་གྱི་ཡེ་ཤེས་རྗེན་ཅེར་དུ་སྟོན་པ། བཞི་པ་རིག་པ་རྩལ་གྱི་དབང་གིས་ཡེ་ཤེས་ལམ་དུ་བྱེད་པ་རྣལ་འབྱོར་ཀུན་གྱི་མཆོག་གམ་རྩེ་མོ་བྱ་བྲལ་འབྲས་བུའི་ཐེག་པ་ཨ་ཏི་ཡོ་གའི་ལམ་སྟེ་འདི་ནི་སེམས་ཀྱི་སྤྱོད་ཡུལ་ལས་འདས་པའི་ཡེ་ཤེས་ཆེན་པོའི་གཤིས་ལུགས་རྗེན་པ་ཉིད་ལམ་དུ་བྱེད་པས་མཐར་ཐུག་བར་ཆད་མེད་ལམ་གྱིས་བསྡུས་པ། རྡོ་རྗེའི་ཆོས་བདུན་དང་ལྡན་པའི་རྒྱུན་མཐའ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ། འདི་ཁོ་ན་ལའང་དབང་པོའི་ཁྱད་པར་གྱིས་ནང་གསེས་སུ་ཕྱི་སྐོར་ལུས་ལྟ་བུ་སེམས་སྡེ། ནང་སྐོར་སྙིང་ལྟ་བུ་ཀློང་སྡེ། གསང་སྐོར་སྙིང་ཁྲག་གམ་སྲོག་གི་དྭངས་མ་ལྟ་བུ་མན་ངག་གི་སྡེ། ཕྱི་མ་ལའང་ནང་གསེས་ཀ་དག་རྩ་བྲལ་དུ་ངོ་སྤྲད་ནས་རིག་པ་རྗེན་པ་ལྷང་ལ་ཕུད་དེ་འབད་མེད་དུ་གྲོལ་བའི་ལམ་ཁྲེགས་ཆོད་དང༌། སྒོ་ཡུལ་རླུང་རིག་གི་གནད་བཅུན་ནས་འོད་གསལ་གྱི་སྣང་བ་ལ་བརྟེན་ནས་རང་བཞིན་ལྷུན་གྲུབ་དུ་ངོ་སྤྲད་ནས་མངོན་སུམ་ལ་གཟིར་བས་གདོས་བཅས་འོད་ལུས་སུ་གྲོལ་བ་ཐོད་རྒལ་གྱི་ལམ་གཉིས་ཀྱིས་རབ་ཚེ་འདི། འབྲིང་བར་དོ་གསུམ། ཐ་མ་རང་བཞིན་སྤྲུལ་པའི་ཞིང་དུ་སྐུ་གསུམ་གདོད་མའི་ས་ལ་གྲོལ་བར་བྱེད་པའི་གསེང་ལམ་ཐུན་མོང་མ་ཡིན་པ་མན་ངག་མཐར་ཐུག་གི་སྐྱེལ་སོར་གྱུར་པ་ཉིད་སྐབས་འདིར་ཡང་རྒྱས་པར་སྟོན་པ་ལས། ཐོག་མར་རུ་ཤན་འབྱེད་པ་ལ་རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེས། འཁོར་འདས་ཞེས་པ་གཏན་གྱི་བདེ་སྡུག་གཉིས། །རུ་ཤན་ཞེས་པ་འཛིན་པ་ཡོད་མེད་དོ། །ཞེས་པ་ལྟར་འཁོར་འདས་སྤང་བླངགཉིས་སུ་ཞེན་པ་ཐབས་རུ་ཤན་འདིས་ཕྱེ་སྟེ། སྤྱིར་རྡོ་རྗེ་ཐེག་པའི་ལྟ་བ་མཐར་ཐུག་དག་མཉམ་བདེན་པ་དབྱེར་མེད་ཏེ་དེ་ཚིག་གི་བསྟན་པ་ཙམ་མ་ཡིན་པར་ཆོས་ཉིད་གཤིས་ཀྱི་གནས་ལུགས་བཞིན་ཉམས་སུ་བླངས་ན་སངས་རྒྱས་ཆོས་ཀྱི་སྐུའི་གཤིས་སུ་གྲོལ་བའི་དགོས་པའོ། །གནས་ལུགས་མངོན་སུམ་རྟོགས་མ་རྟོགས་ཀྱི་ཁྱད་པར་ལས་འཁྲུལ་གྲོལ་གྱི་གཞི་བྱེད་པས་རང་རྩལ་གྱི་ཕུག་མ་ཆོད་པར་གཏན་གྱི་བདེ་སྡུག་རང་མཚན་ལ་སྤྱོད་པ་ཡང་དོན་གཏན་ལ་ཕབ་ན་འཁོར་བ་ནི་མེད་སྣང་སྒྱུ་མའི་ཆོས་མྱང་འདས་རིག་པའི་རང་རྩལ་ལས་རང་མཚན་དུ་དོན་ལ་གྲུབ་པ་མེད་པས་གཞི་གཅིག་གི་ངོ་བོར་གཤིས་ལུགས་སུ་བསལ་བཞག་བྲལ་བས་གཟུང་འཛིན་གྱི་ཞེན་པའི་ཕྲེང་ཐག་བཅད་པ་སྟེ། དེ་ལྟར་ཉམས་སུ་ལེན་པ་ལའང་ཕྱི་ནང་གཉིས་སུ་གསུངས་པའི་སྔ་མ་ནི། རི་རྩེའམ་ལུང་སྟོང་དུ་ཕྱིན། ནང་དུ་གདེང་ཅུང་ཟད་ཐོབ་ན་དུར་ཁྲོད་དང་གཉན་ཟིལ་ཆེ་བའི་གནས་སུ་བཟང་གསུངས། ལས་དང་པོ་པས་དཀར་ཕྱོགས་ལ་གནས་པའི་གཞི་བདག་ལ་གཏོར་མ་དང་གསེར་སྐྱེམས་ཕུལ་ལ་ཀོ་ལོང་མེད་པའི་ཕྲིན་ལས་བཅོལ། ཐུན་མོང་གི་སྔོན་འགྲོ་སྤྱི་དང་ཁྱད་པར་བླ་མའི་རྣལ་འབྱོར་གྱིས་གསོལ་བ་རྩེ་གཅིག་ཏུ་གདབ་ལ། སྒོ་གསུམ་ཕྲུགས་གཅིག་ཏུ་རུ་ཤན་འབྱེད་དགོས་པས། ལུས་གཅེར་བུ་ཕྱུང་ལ་ལག་ན་ཌཱ་མ་རུ་དང་ཁ་ཊྭཱཾ་ཐོགས་པ་རུས་རྒྱན་གྱིས་བརྒྱན་པར་མོས་ལ་འགྲོ་དྲུག་སོ་སོའི་ལུས་ཀྱི་རྣམ་འགྱུར། ངག་གི་སྨྲ་བརྗོད། སེམས་ཀྱི་བདེ་སྡུག་བཅས་ཡིད་ལ་ཅི་ཤར་མངོན་སུམ་ལྟ་བུས་བླང་དོར་མེད་པར་བྱ། གཞན་ཡང་རྒྱུག་མཆོངས། ལུས་གསིག་པ་སྤྱིའུ་ཚུགས། རྒྱབ་འགྲོས་ཉལ་འཕྲས་སོགས་དང༌། ངག་གི་ཀུ་ཅོ། ངུ་རྒོད་སོགས་ཐང་ཆད་ཆད་ཀྱི་བར་བྱས་མཐར་ཕྱག་བསྐོར། ལྷ་ཡི་སྟང་སྟབས། ཕཊ྄ཿདྲག་པོ། ཧ་དང་ཧཱུྃ་ཨོཾ་སོགས་སྔགས་དང༌། ཆོས་ཀྱི་སྒྲ་དང༌། སེམས་ནམ་མཁའ་དང༌། རྒྱ་མཚོའི་དཀྱིལ། རི་བྲག་གི་ནང་ཟང་ཐལ་དུ་འཕངས། སངས་རྒྱས་བྱང་སེམས་ཉན་རང་མཇལ་བ་དང༌། དག་པའི་ཞིང་དུ་ཕྱིན་ནས་ཆོས་ཉན་པ་དང༌། ཡང་ལྟ་སྒོམ་གྱི་དོན་ཡིད་ལ་བྱེད་པ་སོགས་ཀྱིས་འཕྲོ་བཅད་ནས་བདེ་བའི་མལ་དུ་འགུལ་འཕྲིགས་མེད་པར་ཉལ་སྨྲ་བརྗོད་སྤང༌། སེམས་རྗེས་མེད་དུ་རྩལ་སྦྱངས་ཏེ་མཉམ་པར་བཞག །དེ་ལྟར་བགྱིས་པས་རུ་ཤན་ཕྱེད་པའི་རྟགས་སུ་ལུས་ཆགས་ཞེན་མེད་པ་དང༌། ལུས་མེད་སྙམ་པ། ནམ་མཁར་འཕུར་བ། བདེ་དྲོད་འབར་བ། ངག་སཾ་སྐྲྀ་ཏའི་སྐད་རྡོལ། སྔར་མ་བསླབས་པའི་ཆོས་ཤེས་པ་སོགས་དང༌། སེམས་བདེ་གསལ་མི་རྟོག་པའི་ཉམས་དང༌། རྟོག་པ་སྐྱེས་པ་སོགས་འབྱུང་བར་གསུངས། དགོས་པ་སྒོ་གསུམ་གྱི་བར་ཆད་ཞི། སྡིག་སྒྲིབ་དག །སྐུ་གསུམ་དུ་གྲོལ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་འགྱུར་རོ། | |||
།གཉིས་པ་ནང་ལྟར་དབྱེ་བ་ནི། ཐོག་མར་རིགས་དྲུག་བག་ཆགས་ཀུན༔ དབྱིངས་སུ་ཞི་བའི་ཏིང་འཛིན་བསྒོམ༔ ཞེས་པ་ལྟར་ཞི་བ་མཆོག་གི་ཏིང་འཛིན་ཇི་ལྟར་བསྒོམ་པ་ཡང༌། ཁྱད་པར་མཆོག་གི་ལས་སྦྱོར་ལ༔ ཉོན་མོངས་ཤེས་བྱ་སྙོམས་འཇུག་གི༔ སྒྲིབ་གཉིས་བག་ཆགས་ཀུན་སྦྱང་ཕྱིར༔ འཁོར་བ་དོང་སྤྲུགས་ཏིང་འཛིན་ནི༔ རླུང་རོ་བསལ། ལུས་གནད་ཆོས་བདུན་དང་ལྡན་པས། རང་ཉིད་ཐ་མལ་གནས་པ་ཡི༔ ལུས་ཀྱི་སྟོང་ར་འོད་འབར་དབུས༔ ཡེ་ཤེས་སྙིང་པོ་འོད་ཀྱི་རྩ༔ སྙིང་དཀྱིལ་ཨ་ཝ་དྷཱུ་ཏིའི་སྦུབས༔ ཤེས་བྱའི་སྒྲིབ་པ་ཐིག་ལེ་ནག༔ དེ་སྟེང་སྦྱོང་བྱེད་སྤྲོས་བྲལ་དབྱིངས༔ སྐྱེ་མེད་རང་བྱུང་ཡི་གེ་ཨ༔ དྭངས་གསལ་རྙོགས་བྲལ་འོད་ཟེར་འབར༔ སྙིང་གར་དབུ་མ་ལས་གྱེས་པའི༔ ཕྱི་རོལ་ཚོགས་བརྒྱད་རྟེན་གྱི་རྩལ༔ མདུན་དུ་འོད་རྩ་ཟླུམ་སེར་དབུས༔ སྦྱང་བྱ་ཕྲག་དོག་གཏི་མུག་གི༔ ས་བོན་ ལྷ་མིན སུ་ལྗང་ དུད་འགྲོ་ ཏྲི་དུད་ཀ༔ དེ་སྟེང་སྦྱོང་བྱེད་སྐུ་རྡོ་རྗེའི༔ ངོ་བོ་ཨོཾ་ཡིག་དཀར་ཞིང་འཚེར༔ གཡས་སུ་མཐིང་ག་གྲུ་བཞིའི་རྩར༔ སྦྱང་བྱ་ང་རྒྱལ་འདོད་ཆགས་ཀྱི༔ ས་བོན་ལྷ་ཡི་ཨ་དཀར་མི་ཡི་ཎྲྀ་སྔོ་སྐྱ༔ དེ་སྟེང་སྦྱོང་བྱེད་ཐུགས་རྡོ་རྗེའི༔ ངོ་བོ་ཧཱུྃ་མཐིང་འོད་དུ་འབར༔ གཡོན་དུ་དམར་པོ་ཟླ་གམ་རྩར༔ སྦྱང་བྱ་སེར་སྣ་ཞེ་སྡང་གི༔ ས་བོན་ ཡི་དྭགས་ པྲེ་དམར་ དམྱལ་བ་དུཿནག་པོ༔ དེ་སྟེང་སྦྱོང་བྱེད་གསུང་རྡོ་རྗེའི༔ ངོ་བོ་ཨཱཿདམར་གསལ་ལ་དྭངས༔ རྒྱབ་ཏུ་ཟླུམ་འཁྱིལ་འོད་ལྔའི་རྩར༔ སྙོམས་འཇུག་སྒྲིབ་པའི་ས་བོན་ཧཾ༔ དེ་སྟེང་སྦྱོང་བྱེད་ཧོཿལྗང་གུ༔ ཡེ་ཤེས་རྡོ་རྗེའི་བདག་ཉིད་ཅན༔ ཀུན་ཀྱང་རང་སྒྲ་སྒྲོགས་པར་བསྒོམ༔ ལུས་གནད་བསྲང་ཞིང་རླུང་རོ་བསལ༔ སྙིང་གའི་ཨ་ལ་སེམས་གཏད་པས༔ འབར་བའི་འོད་ཟེར་ཀུན་ཏུ་ཁྱབ༔ སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི༔ ཨོཾ་ཨཱཿཧཱུྃ་ཧོཿ ས་བོན་ཐམས་ཅད་གསལ་བར་བྱས༔ དེ་ལས་ལྔ་ལྡན་འོད་ཀྱི་སྤྲིན༔ མཁའ་ཁྱབ་དག་པའི་ཞིང་དུ་འཕྲོས༔ རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི༔ གསང་གསུམ་བྱིན་རླབས་རོ་གཅིག་ཐིམ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔ རྡོ་རྗེ་སྔགས་ཀྱི་ཡི་གེ་ལས༔ བདེ་སྟོང་རོལ་པའི་འོད་ཟེར་གྱིས༔ སྦྱང་བྱའི་ས་བོན་ཨ་ཎྲྀ་སུ་ཏྲི་པྲེ་དུ་ཧཾ་མཐའ་དག་བསྲེགས༔ འདབ་བརྒྱད་རྩ་གནས་ཀུན་གང་བས༔ ཉོན་མོངས་ཤེས་བྱ་སྙོམས་འཇུག་གི༔ སྒྲིབ་གཉིས་བག་ཆགས་ཡོངས་སྦྱངས་ཤིང་༔ ཚོགས་བརྒྱད་གཉིད་དང་བཅས་པ་ཡི༔ འཁྲུལ་པའི་དྲི་མ་ཀུན་དག་པས༔ དྲི་མེད་གཉུག་མ་བྱང་ཆུབ་སེམས༔ རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུའི༔ འོད་གསལ་ཆེན་པོར་རོ་གཅིག་བསམ༔ བུམ་པ་ཅན་གྱི་སྦྱོར་བ་དང་༔ ཨ་ཡིག་ཡིད་ཀྱི་བཟླས་པའི་མཐར༔ རྡོ་རྗེའི་བཟླས་པ་གནད་དུ་བསྣུན༔ སྐབས་སུ་རྩ་བའི་སྔགས་ཤམ་དུ༔ ཨོཾ་ཨཱཿཧཱུྃ་ཧོཿ ཨ་ཎྲྀ་སུ་ཏྲི་པྲེ་དུཿསརྦ་པཱ་པཾ་ཀླེ་ཤ་བི་ཤོ་དྷ་ནི་ཨ་ཨ་ཨ༔ ཞེས་བཟླས་བླཽ་བྲལ་ངང་དུ་ཀློད༔ འདི་ལྟར་རྒྱུན་དུ་ཉམས་བླངས་པས༔ ལུས་བདེ་རླུང་གི་རྒྱུ་བ་དལ༔ ཉོན་མོངས་རྟོག་པ་ངང་གིས་ཞི༔ གསལ་ལ་མི་རྟོག་ཡེ་ཤེས་འཆར༔ རིགས་དྲུག་འཁྲུལ་པའི་བག་ཆགས་ཟད༔ འཁོར་འདས་རུ་ཤན་འབྱེད་པའི་ཕྱིར༔ ཞི་བ་མཆོག་གི་ཕྲིན་ལས་སོ༔ ཞེས་སྒོམ་དོན་ཕན་ཡོན་བཅས་རྒྱས་པར་གསུངས་པ་ལྟར་ལ། འདི་དམིགས་པ་གཙོ་ཆེ་བའི་ཕྱིར་ཏིང་འཛིན་གསལ་ཞིང་རླུང་སྦྱོར་གཙོ་བོར་བྱ་ཞིང༌། བདག་ཉིད་ལ་སྒོམ་པ་ཇི་ལྟ་བ་བཞིན་སེམས་ཅན་གཞན་གྱི་ལས་དང་ཉོན་མོངས་སྦྱང་པར་བསམ་དགོས། སྔགས་ཀྱང་འབུམ་ཕྲག་བདུན་སོགས་ཅི་རིགས་རྟགས་ཐོན་པར་ཉམས་སུ་ལེན་པ་གལ་ཆེའོ། །བསྡུ་ན་ཕྱི་ཡི་རུ་ཤན་མ་གྲུབ་ཀྱང་ནང་གི་རུ་ཤན་འབའ་ཞིག་ལ་འབད་ཀྱང་རུང་བར་གསུངས་ཤིང༌། ཁྲིད་ཚུལ་གཞན་དུ་སྤྱི་བོ་ལ་སོགས་པའི་གནས་དྲུག་ཏུ་སྒོམ་པར་གསུངས་ཀྱང་འདིར་སྙིང་གའི་རྩ་འདབ་བརྒྱད་དུ་གསུངས་པའི་གནད་གྲོལ་འཁྲུལ་གྱི་གཞི་སེམས་རིག་རླུང་རྣམས་སྙིང་གར་གནས་ཤིང༌། དྭངས་མའི་རླུང་ཐིག་སེམས་གསུམ་སྙིང་གའི་འཁོར་ལོ་དྲན་པ་རྣམ་བཀོད་དུ་དག་པས་རིག་རྩལ་ཡེ་ཤེས། ཀྱི་སྟོབས་རྒྱས་པས་ཉམས་རྟོགས་ཀྱི་ཡོན་ཏན་རྩོལ་མེད་ཤར་བར་ངེས་པས་ན་དེ་ཉིད་སྦྱང་བྱ་སྦྱོང་བྱེད་རྣམས་རྩ་རླུང་སྔགས་དམིགས་ཀྱི་གནད་ཟབ་མོ་དུ་མས་རྒྱས་བཏབ་པ་འདི་ཐུན་མིན་གྱི་གསང་བ་ཟབ་ཁྱད་ཅན་སྔར་མ་གྲགས་པ་ཡིན་པས། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་དགོངས་པའི་ཟབ་གནད་དང་བླ་མའི་མན་ངག་ཟབ་མོའི་གནད་གཅིག་དྲིལ་དུ་བསྟན་པ་ཤེས་པས་རྩེ་གཅིག་ཉམས་ལེན་དུ་བརྩོན་པ་གལ་ཆེ་ཞིང་རྫོགས་ཆེན་གྱི་ཁྲིད་ཚུལ་གཞན་དུ་སྤྱོད་པའི་ཁྲིད་ཐོག་མར་འདེབས་པར་གསུངས་པའི་གནད་ཀྱང་ཕལ་ཆེར་རུ་ཤན་འདི་ལེགས་པར་སྦྱང་བ་ལ་དོན་འདུས་ཤིང་དགོས་པ་ཡང་གནས་སྐབས་སུ་འབྱུང་བ་འཁྲུགས་པའི་ནད་གདོན་ཞི་ཞིང༌། རྩ་རླུང་ཐིག་ལེའི་དྭངས་མའི་སྟོབས་འཕེལ་བས་ལུས་བདེ། རླུང་གི་རྒྱུ་བ་དལ་བས་ཏིང་འཛིན་སྐྱེ་སླ། མཐར་ཐུག་གཟུང་འཛིན་ཚོགས་བརྒྱད་དང་བཅས་པའི་རྒྱུ་རྐྱེན་དག་པས་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་ཞི། བདེ་གསལ་མི་རྟོག་པའི་ཡེ་ཤེས་རྒྱས་ཤིང༌། མདོར་ན་རིགས་དྲུག་འཁྲུལ་པའི་རྒྱུ་འབྲས་དག་པས་ན་ཁྱད་པར་གྱི་སྔོན་འགྲོ་འདི་ལྟ་བུ་དུས་དང༌། རྒྱུན་གྱི་རྣལ་འབྱོར་ལ་འབད་པ་རྩལ་དུ་བཏོན་པས་ཉམས་རྟོགས་ཀྱི་འགལ་རྐྱེན་ཞི་ཞིང༌། ཡེ་ཤེས་ཀྱི་རྩལ་རྫོགས་པའི་ཐབས་ཞི་བ་མཆོག་གི་ཕྲིན་ལས་རྨད་དུ་བྱུང་བའོ། །གཉིས་པ་ལ། ལུས་ངག་ཡིད་གསུམ་སྦྱང་བ་དང་༔ རྣལ་དུ་དབབ་ཅིང་སོར་ཡང་གཞུག༔ ཅེས་པ་ལྟར་སྒོ་གསུམ་སྦྱང་བ། རྣལ་དབབ། སོར་གཞུག་གོ | |||
།དང་པོ་ལའང་གསུམ་ལས། ཐོག་མར་ལུས་སྦྱང་ནི། ཡེ་ཤེས་རིག་རྩལ་རྒྱས་པའི་ཕྱིར༔ སྒོ་གསུམ་ཤིན་སྦྱངས་རྣལ་དུ་དབབ༔ ལུས་ནི་རྡོ་རྗེའི་འདུག་སྟངས་ལ༔ ཞེས་སེམས་ཀྱི་སྣ་ཁྲིད་པ་སྒོ་གསུམ་སྦྱང་པ་ཞེས་གསུངས་པ་ཡང་རགས་པའི་སྒོ་གསུམ་འདིའི་ལུས་ནི་སྐྱེ་ཤིའི་འཕོ་འགྱུར་ཅན་ཏེ་སྣང་ཙམ་མ་འགག་པ་ལས་དོན་ལ་ལུས་ཞེས་མ་གྲུབ། སྣང་ཙམ་འཁྲུལ་པའི་བག་ཆགས་ཀྱི་རྟེན་འདི་དང་སེམས་གཉིས་ཚོགས་པ་ལས་ངག་ཞེས་གྲུབ་པ་སྟེ་འདི་དག་ནི་གཞི་ཕྲ་བའི་རྩ་རླུང་ཐིག་ལེ་ལས་བྱུང་དེ་ཡི་གནས་ལུགས་སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་ཀྱི་ངོ་བོ་ཐབས་ཀྱིས་སྦྱངས་པས་རླུང་སེམས་རྣལ་དུ་ཕེབས་ནས་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བས་དྲངས་པའི་དོན་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་ཐོག་མར་ལུས་སྦྱང་ནི། མཐར་ཐུག་སངས་རྒྱས་ཀྱི་ས་ལ་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པའི་ཡེ་ཤེས་གཅིག་ལས་ལུས་ངག་ཡིད་གསུམ་རྫས་ཐ་དད་དུ་མ་དམིགས་ལ། ཀུན་ཀྱང་ཡེ་ཤེས་གཅིག་གི་ངོ་བོར་གྱུར་པས་འཁྲུལ་པའི་སྒོ་གསུམ་ཐམས་ཅད་ཐུགས་ཀྱི་ཡེ་ཤེས་ཆོས་སྐུ་གཅིག་ཏུ་དག་པའི་ཕྱིར་ལུས་ཡེ་ཤེས་རྡོ་རྗེའི་འདུག་སྟངས་དང་རྡོ་རྗེ་རྩེ་གསུམ་པ་བསྒོམས་པས་སྦྱང་བའི་ཕྱིར། གདན་འབོལ་ཞིང་རྒྱ་ཆེ་བ་བཏིང་བའི་སྟེང་དུ་གཅེར་བུ་ཨང་རག་ཙམ་དཀྲིས་པའི་ལུས་བསྲང༌། རྐང་མཐིལ་གཉིས་སྤྲད་པའི་སོར་རྩེ་སར་བཙུགས། པུས་མོ་ཕྱིར་བསྐྱེད། ལག་གཉིས་གྲུ་མོ་བརྒྱང༌། ཐལ་མོ་མགོ་ལ་མ་རེག་པ་སྤྱི་བོར་སྦྱར། མིག་བར་སྣང་དུ་ཧ་རེ་བལྟ། ལུས་རྡོ་རྗེ་སྔོན་པོ་མེ་འབར་བ་ཞིག་ཏུ་བསྒོམས་ལ་རྣམ་རྟོག་གི་འཕྲོ་འདུ་སྤངས་ཏེ་རང་ཤུགས་ཀྱིས་མ་འགྱེལ་བར་འདུག་སྟངས་དེ་ཀ་བྱ། ཧལ་གྱིས་གང་དུ་འགྱེལ་བ་དེར་བཟོ་བཅོས་མེད་པར་རྟོག་མེད་ཀྱི་ངང་དུ་རྒྱང་ཙམ་བཞག །སླར་བསྐྱར་ཏེ་ངལ་བས་ཐང་མ་ཆད་བར་འབད་པས་ཐོག་མར་ཟུག་རྔུ་སྐྱེ་ཡང་གོམས་ནས་བདེ་དྲོད་འཆར་བར་གསུང༌། ཤིན་ཏུ་ངལ་ན་མི་འགྱུར་རྡོ་རྗེའི་འདུག་སྟངས་ཞེས་བསྡད་དེ་རྐང་པ་བརྐྱང་པའི་རྐང་མཐིལ་ཁ་སྦྱར་ཐལ་མོ་སྔར་ལྟར་བྱ་བ་ཡང་གསུངས། གཉིས་པ་ངག་སྦྱོང་ནི། ངག་ནི་ཧཱུྃ་གི་ཕྱག་རྒྱས་གདབ༔ ཅེས་པ་སྟེ། ངག་ནི་རླུང་གི་རང་བཞིན་ཏེ་རླུང་ནི་སེམས་ཀྱི་བཞོན་པ་རྟ་ཡིན་པས་དེ་ཉིད་སངས་རྒྱས་ཀྱི་ཡེ་ཤེས་ཐུགས་ཀྱི་ས་བོན་ཧཱུྃ་གི་ཕྱག་རྒྱས་བཏབ་སྟེ་གཟུང་འཛིན་ལས་ཀྱི་རླུང་དབུ་མ་ཡེ་ཤེས་ཀྱི་ཀློང་དུ་དག་བྱེད་ཀྱི་ཐབས་ཟབ་མོ་བསྒོམ་པ་ལ། ལུས་རྣམ་སྣང་ཆོས་བདུན་ལ་ལྟ་སྟངས་སྣ་རྩེར་གཏད། ངག་སྨྲ་བ་བཅད། སེམས་ཀྱིས་སྙིང་གར་རླུང་རིག་སེམས་གསུམ་གཅིག་ཏུ་འདུས་པའི་ཡི་གེ་ཧཱུྃ་སྔོན་པོ་བསམ། ཧཱུྃ་གི་གླུ་ཆེ་ཆུང་སྙོམས་པར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་མང་པོ་འཕྲོས། སྣ་བུག་གཡས་ནས་བྱུང༌། ཉེ་སྐོར་དང་རིམ་ཀྱིས་སྣོད་བཅུད་ཐམས་ཅད་ཁྱབ་སྟེ་ཐམས་ཅད་ཧཱུྃ་གི་རང་བཞིན་མེར་མེར་ཤིག་ཤིག་གང་བས་ཧཱུྃ་སྒྲ་དི་རི་རི་སྒྲོགས་པར་བསམ་པ་ཕྱི་སྣང་བ་ལ་རྒྱས་འདེབས་པ་འདི་ལ་གོམས་པས་ཕྱི་སྣང་བའི་དབང་དུ་ནང་གི་རིག་པ་མི་འགྲོ་བའི་གནད་ཡོད་ཅིང༌། སྣང་བའི་བདེན་འཛིན་བཤིག་སྟེ་ཐམས་ཅད་བན་བུན་དུ་ཤར་བ་དང༌། ཧཱུྃ་གིས་གང་བ་སྙམ་དུ་འཆར་བ་འབྱོངས་ཚད་དུ་གསུང༌། ཕྱིའི་ཧཱུྃ་རྣམས་ཚུར་བྱུང་སྣ་བུག་གཡོན་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་མེ་རེ་རེ་གང་བ་ལ་སེམས་གཏད་པ་ནི་ནང་ཕུང་པོ་ལ་རྒྱས་འདེབས་ཏེ་གདོས་བཅས་ཀྱིས་རིག་པ་བཅིངས་པ་ལས་གྲོལ་བའི་གནད་དུ་གསུང༌། ལྟོ་བ་མི་བདེ་བ་དང་ཧཱུྃ་གིས་གང་བ་སྙམ་པ་འབྱོངས་ཚད་དུ་གསུང༌། ཡང་ལྟ་སྟངས་མཐོ་བར་བྱས་ལ་ཧཱུྃ་དྲག་ཏུ་བརྗོད་པས། སྙིང་གའི་ཧཱུྃ་ལས་ཧཱུྃ་ཡིག་ཚ་ཞིང་མྱུར་ལ་རྣོ་ཞིང་ཤུགས་དྲག་པོ་མང་པོ་འཕྲོས། ཕྱི་རོལ་སྣོད་བཅུད་ཀྱི་དངོས་པོ་དང་རང་ལུས་ཐམས་ཅད་ཁྲལ་ཁྲོལ་ཕུག་ནས་སྟོང་པར་སྦྱངས་ཏེ་ཕྱི་ནང་ཐམས་ཅད་ཧཱུྃ་འབའ་ཞིག་གི་རང་བཞིན་དུ་འཆར་བར་བསམ་པ་ཕྱི་སྣང་བ་དང༌། ནང་ཕུང་པོ་ལ་རྩལ་སྦྱང་བ་སྟེ་སྣང་བ་སང་སིང་ཁྲལ་ཁྲོལ་དུ་སོང་སྙམ་པ་དང༌། ཤ་འཕར་བ་དང་ལུས་ཁྲལ་ཁྲོལ་དུ་ཤར་བ་འབྱོངས་ཚད་དེ་སྣོད་བཅུད་དང་ཕུང་པོའི་བདེན་ཞེན་འཇིག་པའི་དགོས་པ་ཡོད་གསུང༌། མདུན་དུ་ཤིང་བུ་སོགས་དམིགས་རྟེན་ཞིག་བཙུགས་ལ་ངག་ནས་ཧཱུྃ་བརྗོད་པས། སྙིང་གའི་ཧཱུྃ་ལས་ཧཱུྃ་གི་ཕྲེང་བ་བྱུང་དམིགས་རྟེན་དེའི་རྩ་བ་ནས་སྦྲུལ་འཁྲིལ་བ་ལྟར་སོང་སྟེ་རྩེ་མོར་ཧཱུྃ་ཐོག་མ་དེ་སྔོ་མེ་རེ་གནས་པ་ལ་སེམས་གཏད། ཡང་ཧཱུྃ་གཅིག་ལ་གཅིག་བསྡུས་ནས་སྙིང་གའི་ཧཱུྃ་ལ་བསྡུ་ཞིང་སེམས་བཟུང་བ་ནི་ཤིང་གི་ལྕུག་མ་ལྟ་བུ་མཉེན་ལྕུག་དང་ལྡན་པས་འཆིང་སྡོམ་ཀྱི་ལས་བྱེད་པ་ལྟར་སེམས་ཀྱི་དམིགས་པ་གང་ཡང་བསྒྱུར་ཐུབ་པའི་མཉེན་བཙལ་བ་སྟེ་སེམས་གར་གཏད་དུ་ཟིན་པ་འབྱོངས་ཚད་དང༌། དམིགས་པ་གང་ཡང་བསྒྱུར་གཏུབ་པའི་དགོས་པ་ཡོད་གསུང༌། ཧཱུྃ་སྙན་ལ་རིང་བ་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་གཅིག་རྒྱང་གིས་ཆད་སྲིན་བུའི་འགྲོས་ཀྱིས་ལམ་ལ་ཞུགས་ཏེ་སོང་བས་རི་ལུང་མང་དུ་བརྒལ་མཚམས་ཧཱུྃ་ཞེས་བརྗོད་པས་གསལ་སྣང་བསྐྱེད་དེ་རེས་དལ་བུ། རེས་མྱུར་པོར་སོང་བར་བསམ་ལ་འགྲོ་ལུགས་དང་མཐུན་པའི་ཧཱུྃ་བརྗོད། རིགས་དྲུག་གི་གནས་སུ་ཧཱུྃ་སོང་བས་འཁྲུལ་སྣང་སྦྱངས། དག་པའི་ཞིང་རྣམས་སུ་ཧཱུྃ་སོང་བས་སངས་རྒྱས་ཀྱི་ཞལ་མཇལ་བ་སོགས་བསམ། ཡང་ཧཱུྃ་ཚུར་བསྡུས་ཏེ་སྙིང་གར་ཐིམ་པར་བསམ་པ་ནི་ལམ་དུ་ཞུགས་པ་སྟེ་ཤེས་པ་བདེ་འབོལ་བར་བྱུང་ན་འབྱོངས་ཚད་དེ་རིག་པ་ཚད་ལ་ཕེབས་པའི་དགོས་པ་ཡོད་དོ། །གསུམ་པ་སེམས་སྦྱོང་ནི། ཡིད་ནི་སེམས་བྱུང་མདུད་གྲོལ་ཕྱིར༔ བྱུང་གནས་འགྲོ་གསུམ་རྩ་གདར་བཅད༔ བཞི་པ་སྐུ་གསུམ་དོན་དང་འཕྲད༔ ཅེས་པ་སྟེ། འདི་ལྟར་འཁོར་འདས་བདེ་སྡུག་སྣ་ཚོགས་ལ་ལོངས་སྤྱོད་པ་པོ་ནི་ལུས་ངག་ཡིད་གསུམ་སྟེ། ལུས་ནི་སྐྱེ་འཆི་མང་པོས་འགྱུར་བས་མི་རྟག །ངག་ལུས་སེམས་གཉིས་ལ་ལྟོས་པས་རང་དབང་མེད། སེམས་ཞེས་བྱ་བ་འདི་ཡི་གཤིས་ལ་བལྟས་པས་སེམས་ཉིད་གདོད་ནས་ཀ་དག་གི་ངང་དུ་གནས་ཀྱང༌། རིག་རྩལ་སེམས་བྱུང་གི་རྟོག་པ་སྐད་ཅིག་མ་ཝལ་གྱིས་ཤར་ནས་ཡལ་གྱིས་སོང་བ་འདི་ཆགས་སྡང་དགག་སྒྲུབ་ཀྱི་རྟོག་པ་མང་པོར་ཨ་འཐས་ཏེ་འདུ་བྱེད་ཀྱི་ལས་བསགས་པའི་ཕྱིར་གཟུང་འཛིན་གྱི་འཁྲུལ་གཞི་ཡིན་པས་དེ་ཉིད་དང་པོ་ཕྱི་ནང་གི་དངོས་དངོས་མེད་གང་ལས་བྱུང༌། ད་ལྟ་གང་དུ་གནས། མཐར་གང་དུ་འགག་བལྟ་བྱའི་ཤེས་པ་ལ་ཕར་བལྟ། རྟོག་བྱེད་ཀྱི་སེམས་ལ་ཚུར་བལྟ། དེ་གཉིས་ཀྱང་ཅིག་གམ་ཐ་དད་སོགས་རྩད་ཞིབ་ཏུ་བཅད་དེ་དཔྱད་མཐར་ཀློད། ཅིར་ཡང་མ་གྲུབ་པའི་ཆོས་ཉིད་དུས་གསུམ་གྱི་རྟོག་པས་མ་བསླད་པ་གསལ་སྟོང་ནམ་མཁའ་ལྟ་བུའི་ངང་དུ་བཞག །ཡང་རྟོག་པ་ཞིག་ཐོལ་གྱིས་འཕྲོ་བ་དང་དེ་མ་ཐག་དྲན་པས་བཟུང་སྟེ་སྔར་ལྟར་དཔྱད་པས་རིག་པ་རྐྱང་འདེད་ཀྱིས་དོན་ལ་སྐྱེ་འགག་གནས་གསུམ་མེད་ཀྱང་སྐྱེ་འགག་གནས་པ་ལྟར་སྣང་བས་ཆོས་ཐམས་ཅད་དོན་ལ་མ་གྲུབ་ཀྱང་ཀུན་རྫོབ་རྟེན་འབྲེལ་གྱི་རོལ་པ་ཅིར་ཡང་ཤར་བའི་གནད་ཀྱི་ཕུ་ཐག་ཆོད་པར་བྱས་པས་སེམས་སྐྱེ་བ་མེད་པ་ཆོས་སྐུ། གནས་པ་མེད་པ་ལོངས་སྐུ། འགག་པ་མེད་པ་སྤྲུལ་སྐུར་ངོ་འཕྲོད་པས་སེམས་ཀྱི་གནས་ལུགས་གཏན་ལ་ཕབ་པའོ། །དེ་ལྟར་སྒོ་གསུམ་གྱི་སྦྱང་བ་གནད་དུ་ཆུན་པས་ཐུན་མོང་དུ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་ཅིང་བར་ཆད་ཞི། ཁྱད་པར་སྒོ་གསུམ་གྱི་མངོན་ཞེན་ལྡོག་ཅིང་འཁོར་བར་མི་ལྷུང༌། མཐར་ཐུག་སྒོ་གསུམ་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་སྐུ་གསུམ་དུ་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་ལ། རྣལ་དུ་དབབ་ཅིང་སོར་ཡང་གཞུག༔ ཅེས་པ་ལྟར་གཉིས་ལས་དང་པོ་རྣལ་དུ་དབབ་པ་ནི། རྣལ་དུ་དབབ་པས་རྒོད་པ་སྙོམས༔ ཞེས་པ་སྟེ། རྣལ་ནི་མ་བཅོས་པ་དང་དབབ་པ་དེའི་སྟེང་དུ་རང་བབ་དུ་འཇོག་པའི་དོན་ཡིན་པས་ལུས་བདེ་ལུགས་སུ་བཞག །ངག་ཅི་ཡང་མི་སྨྲ། ཡིད་རྟོག་དཔྱོད་ཀྱི་ཚོལ་འཕྲོ་མི་བྱ་བར་སྒོ་གསུམ་རང་བབས་སུ་བཞག་པས་སྔར་སྒོ་གསུམ་ངལ་དུབ་ཀྱིས་བཅུན་པས་ཐང་ཆད་ནས་རྣམ་རྟོག་གི་སྤྲོས་པ་ཞི་བ་ལན་ཚྭ་ཆུར་ཐིམ་པ་ལྟར་སོང་རྗེས། གསལ་སྟོང་ལྷན་སྐྱེས་ཀྱི་གནས་ལུགས་ངང་དུ་འཇོག་པས་རྟོག་དཔྱོད་ཀྱི་རྒོད་པའི་སྐྱོན་ཞི་བར་བྱེད་པ་སྟེ། དེའི་ཚེ་བློ་ལ་ཡུལ་སྣང་ངམ་ཡུལ་ལ་བློ་གང་ཡང་ཕར་སྣང་ཆ་མ་འགག་ས་ལེ། ཚུར་དེར་འཛིན་གྱི་དྲི་མ་མེད་པ་སང་ངེ༌། ཡུལ་ཡུལ་ཅན་ངོ་བོ་ངོས་བཟུང་བྲལ་བའི་གསལ་ཧྲིག་རྗེན་ནེ་བའི་སྟེང་སྣང་སེམས་དབྱེར་མེད་དུ་བཞག་པ་སྟེ་དམིགས་པས་སེམས་ཚོལ་གང་ཡང་མི་བྱ་བར་དེ་ལྟར་རྒྱུན་བསྐྱངས་པས་གང་སྣང་སྒོམ་གྱི་གྲོགས་སུ་འཆར་བའི་ཐབས་ཟབ་མོའོ། | |||
།གཉིས་པ་ནི། སོར་གཞུག་བྱིང་བའི་མལ་ནས་བསླང་༔ ཞེས་པ་ལྟར། ལས་དང་པོ་པའི་དུས་སུ་སྒོ་གསུམ་ཧ་ཅང་གློད་ཆེས་ན་བྱིང་རྨུག་ལུང་མ་བསྟན་ཀུན་གཞིའི་རྒྱ་མཚོར་གོལ་བས་ལུས་རྣམ་སྣང་ཆོས་བདུན། མིག་སྣ་རྩེར་གཏད་དེ་རིག་པ་མ་བཅོས་པའི་ངང་བསྐྱངས་པ་ཉན་ཐོས། འདུག་སྟངས་དེ་ཉིད་ལ་མིག་གཉའ་ཤིང་གང་ཙམ་དུ་བལྟ་བ་བྱང་སེམས། ལངས་ཏེ་རྐང་པ་གྱད་ཀྱི་དོར་སྟབས་སུ་བགྲད་པས་རིག་པ་མིག་ལ་གཏད། སྡང་མིག་གཡས་སུ་བལྟ། ཧ་ཧ་ཞེས་ཁྲོ་བོ། གཡོན་དུ་བལྟ་ཧི་ཧི་ཞེས་ཁྲོ་མོའི་གད་རྒྱངས་བསྒྲགས་པས་འཁྲུལ་སྣང་ཨར་གཏད་ཀྱི་རྫུན་ཕུག་རྡིབ་པ་ཁྲོ་བོའི་ལྟ་སྟངས་བཅས་བྱས་པས་རིག་པ་བྱིང་བ་སངས་པར་བྱེད་ཅིང་བདེ་གསལ་མི་རྟོག་པའི་ཏིང་འཛིན་སྐྱེ་བས་ལུས་སེམས་ཤིན་སྦྱངས་ཀྱི་ཡོན་ཏན་འགྲུབ་པ་སྟེ་ཡང་དག་པའི་ལམ་སྲོལ་དུ་འཇུག་པའི་ཐབས་ཁྱད་པར་ཅན་དུ་གྱུར་པ་རྩོལ་མེད་སྙིང་པོའི་ཉམས་ལེན་གྱི་སྔོན་འགྲོ་དམིགས་བསལ་དུ་བསྔགས་པས་ན། ཁྱད་པར་སྔོན་འགྲོས་ཤིན་སྦྱངས་པའི༔ བསམ་གཏན་དམ་པ་མངོན་གྱུར་ནས༔ ཞེས་པ་ལྟར་སྔོན་འགྲོ་དེ་དག་རབ་ཞག་བདུན། འབྲིང་ལྔའང་གསུམ། ཐ་ནའང་ཞག་རེ་གནད་དུ་འགྲོ་བར་མ་བྱས་ན་དངོས་གཞིའི་ཉམས་རྟོགས་ལེགས་པར་མི་སྐྱེ་ཞིང༌། སྐྱེས་ཀྱང་མི་བརྟན་པས་སོ་སོར་རྟགས་ཐོན་པ་ཤིན་ཏུ་གལ་ཆེའོ། །གཉིས་པ་དངོས་གཞི་འཁྲུལ་པ་རང་གྲོལ་གྱི་ཡེ་ཤེས་ངོ་སྤྲོད་པ་ལ། དངོས་གཞི་འདི་དང་འཆི་ཁ་དང་༔ བར་དོ་གྲོལ་བའི་ལམ་གྱི་རིམ༔ ཞེས་པ་ལྟར་དབང་པོ་རབ་ཚེ་འདི། འབྲིང་འཆི་ཁ། ཐ་མ་བར་དོར་གྲོལ་བའི་གདམས་ངག་གོ །དང་པོ་ནི། ཁྲེགས་ཆོད་དང་ནི་ཐོད་རྒལ་གཉིས༔ ཞེས་པ་ལྟར། སོར་བཞག་ཁྲེགས་ཆོད་ཀྱི་དགོངས་པ་དང༌། རྩལ་སྦྱང་ཐོད་རྒལ་གྱི་ལམ་མོ། །དང་པོ་ལ་ཡང༌། དངོས་གཞི་དབང་རབ་ཚེ་འདི་ལ༔ གྲོལ་བྱེད་རྫོགས་ཆེན་སྡེ་གསུམ་བཅུད༔ ཅེས་པ་ལྟར། རྫོགས་པ་ཆེན་པོ་སེམས་སྡེའི་ལྟ་བ་ངོ་སྤྲོད། ཀློང་སྡེའི་སྒོམ་པའི་ངང་སྐྱོང༌། མན་ངག་སྡེའི་དབྱིངས་ཀྱི་སྤྱོད་པ་དང༌། རིག་པའི་འབྲས་བུ་དང་བཅས་བསྟན་པས་བཞི་པ་ཡེ་ཤེས་ཀྱི་ལམ་བཞིའི་ཁྲིད་ཚུལ་ལོ། །དང་པོ་ནི། སེམས་ཀྱི་ཁང་བུ་རྡིབ་པ་ལས༔ སེམས་ཉིད་ལྟ་བ་གཏན་ལ་འབེབས༔ ཞེས་པ་སྟེ། འཁོར་འདས་སྣ་ཚོགས་སུ་སྣང་ཞིང་གྲོལ་འཁྲུལ་དུ་བྱེད་པ་པོ་ནི་སེམས་ཏེ། དེ་ནི་ད་ལྟ་ཝལ་གྱིས་ཤར་བ་འདི་ལས་གཞན་དུ་མེད། ཤར་དུས་ཕྱི་སྣང་བའི་ཡུལ་ལས་བྱུང་སྙམ་ན་སྣང་བའི་དངོས་པོ་ཡང་རྡུལ་ཕྲན་ཆ་མེད་ཀྱི་བར་རིག་པས་དཔྱད་པས་སྣང་བ་ཉིད་མ་གྲུབ་པས་བྱུང་བའི་གནས་མེད། ཡུལ་ཞེས་བློས་སྒྲོ་བཏགས་པས་མེད་སྣང་ཆུ་ཟླ་ཙམ་དུ་ཤེས་པས་རང་སེམས་ཀྱི་རྩལ་དུ་ངེས། ཡང་ན་སེམས་ལས་སེམས་བྱུང་སྙམ་ན། སེམས་ཐ་དད་པ་གཉིས་གཅིག་ལས་གཅིག་བྱུང་ན་གང་ཟག་གཅིག་ལ་ཤེས་རྒྱུད་གཉིས་མི་སྲིད། སེམས་སྔ་ཕྱི་གཉིས་ཕྲད་པ་ལས་བྱུང་ན་གཅིག་ཏུ་ཐལ། མ་ཕྲད་ན་བྱུང་བའི་ཐབས་མེད། སེམས་གཅིག་ལས་བྱུང་ན་སེམས་གཅིག་གིས་རྒྱུ་འབྲས་གཉིས་ཇི་ལྟར་བྱེད་ནུས། བྱུང་བའི་སེམས་ཉིད་ཀྱང་ཇི་ལྟ་བུར་དཔྱད་པས་གདགས་གཞི་བྲལ་བ་ནམ་མཁའ་ལྟར་གཏན་ལ་ཕབ། སེམས་བརྟེན་པའི་དབང་པོ་དྲུག་ཀྱང་འཁྲུལ་ངོར་ཀུན་བརྟགས་ཀྱི་ཆོས་ཡིན་པས་བདེན་མེད་སྒྱུ་མའི་སྐྱེས་བུ་བཞིན་རིག་པས་དཔྱད་ནས་བཤིག་པས་ཤེས་ལ། དེས་ན་ཡུལ་སེམས་གཅིག་ཐ་དད་སོགས་གང་ལྟར་དཔྱད་ཀྱང་སེམས་ནི་སྐྱེ་འགག་གནས་གསུམ་དང་བྲལ་བའི་ནམ་མཁའ་ལྟ་བུའི་ཆོས་ཉིད་ཀྱི་ངང་དུ་ཆོས་ཅན་ཐམས་ཅད་སྒྱུ་མ་དང་ཆུ་ཟླ་ལྟར་མེད་པ་གསལ་སྣང་ཙམ་དུ་རྫོགས་པས་འཁོར་འདས་ཐམས་ཅད་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཐག་ཆོད་པར་གཏན་ལ་དབབ་པ་དཔེར་ན་ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་དུས་སྦྲུལ་འཛིན་གྱི་ལོག་རྟོག་གི་ཤེས་པས་ཐག་པ་སྦྲུལ་དུ་བཏགས་པ་ལས་ཐག་པ་དངོས་ལ་སྦྲུལ་ཐོག་མཐའ་བར་གསུམ་དུ་སྐྱེ་འགག་གནས་པ་ཀུན་དང་བྲལ་བ་ལྟར་སེམས་ཉིད་ལས་ཕྱི་ནང་བར་གསུམ་གྱི་སྣང་བ་སྣ་ཚོགས་ཤར་ཡང་སེམས་ཉིད་ཀྱི་ངོ་བོ་ལ་སྐྱེ་འགག་གནས་གསུམ་དང་བྲལ་བར་གཏན་ལ་ཕབ་པ་ལྟ་བ་ཕྱག་རྒྱ་ཆེན་པོ་སྟེ་གནས་ལུགས་དེ་ངོ་སྤྲོད་པའི་ཕྱིར། ཡང་མེ་ལོང་གི་གཟུགས་བརྙན་ལ་བྱུང་གནས་འགྲོ་གསུམ། གཅིག་ཐ་དད་བརྟགས་པའི་དཔེས་ཚོགས་དྲུག་དབང་ཡུལ་ཀུན་ལ་དཔྱད་དེ་སྣང་སེམས་ཡེ་སྟོང་རྩ་བྲལ་དུ་གཏན་ལ་ཕབ་པ། ཡེ་གྲོལ་ཚངས་པའི་དབང་རི་མཐོན་པོའི་རྩེར་ཕྱིན་ཏེ་ཕྱོགས་བཞིར་ཅེར་ཅེར་ལྟོས་ལ་ལ་འུར་ཤོད་ཅེས་རིངས་སྟབས་སུ་དྲིས་པས་ཡུལ་སྣང་འདི་ཡིན་གྱི་མིང་མ་ཐོགས་པའི་རིག་པ་སལ་ལེ་བར་ངོ་སྤྲད་པ་ཡེ་ཤེས་ཀྱི་ཡུལ་རིག་པ། ཡང་ཁ་སྣའི་རླུང་བསྡམ་ལ་ཕྱིའི་ཡུལ་ལ་བལྟས་པས་ཡུལ་སྣང་ལ་མིང་དོན་བྲལ་བའི་རིག་པ་བཀྲ་ཡལ་ལེ་འཛིན་མེད་བྱིས་པས་ལྷ་ཁང་མཐོང་བ་ལྟ་བུ་སེམས་འགག་ཡེ་ཤེས་གསལ་བའི་དགོངས་པ་རང་སེམས། སེམས་ཡུལ། ཡུལ་སྟོང༌། བཅིངས་གྲོལ་སོགས་འབྲེལ་མེད་ཅི་ཐོན་དུ་བགྲངས་ནས་ལ་འུར་ཤོད་ཅེས་དྲིས་པས་སྒྲ་སྤྱི་ལས་ངོས་བཟུང་གང་ཡང་མེད་པའི་ཧད་དེ་ཕྱམ་མེར་སོང་བ་འབྲེལ་མེད་ཡེ་གྲོལ་གྱི་དགོངས་པ། ང་དང་ཁྱོད་གཉིས་ཚེ་སྔ་མ་གར་སྐྱེས། ཕྱི་མ་གང་དུ་སྐྱེ། ལ་འུར་ཤུགས་རྡོལ་ལ་ཤོད་ཅིག་བྱས་པས་ཅི་ཟེར་མེད་པ་ཧད་དེ་ལུས་པ་སེམས་འགག་རིག་པ་རང་གསལ་གྱི་དགོངས་པར་ཐག་བཅད་པ་དང༌། བླ་མས་སློབ་མ་ལ་ས་ཚོད་གཅིག་བསྟན་ནས་ཕ་གིར་སོང་ཞིག་བྱས་པས། ཕྱེད་ཙམ་སླེབ་པ་དང་ཚུར་ལོག་ཅིག་ཅེས་པའི་བར་འགྲོ་འདུག་དང་སྣང་ཡུལ་མ་འགག་ཀྱང༌། མིང་དོན་དུ་མའི་འཛིན་རྟོག་གིས་མ་བསླད་པའི་རིག་པ་ས་ལེར་ངོ་སྤྲད་པ་སྣང་སེམས་གཉིས་མེད་ལ་བརྟགས་པ་སྟེ། དེ་ལྟར་བརྡ་ཐབས་དུ་མས་སེམས་བློས་བྱས་ཀྱི་རྫུན་ཕུག་གཏིབས་ཏེ་འཁྲུལ་རྟོག་གི་མཚངས་བརྡོལ་ནས། ཡུལ་གཞི་གྲོལ་འཛིན་པ་ཡེ་གྲོལ་གང་ཤར་ཡང་བསྐྱར་གྲོལ་གྱི་གཉེན་པོས་མ་བཅོས་པ་རང་བཞག་ཡེ་སྟོང་ནམ་མཁའ་ལྟ་བུའི་ངང་དུ་སྒོ་གསུམ་བྱ་རྩོལ་མེད་པར་ལྷོད་ཀྱིས་ཀློད་པས། ཡུལ་ཅིར་སྣང་ཡུལ་ཅན་ཆོས་ཉིད་ཀྱི་རྒྱན་དུ་ཤར་བ་ལས་ནང་གི་སེམས་ཉིད་ཀྱི་སྒོམ་པའི་གེགས་མི་བྱེད་པས་ཉོན་མོངས་རང་གྲོལ་ཚོགས་དྲུག་གི་རྟོག་པ་གདོད་ནས་ལྷུན་གྲུབ་དཀྱིལ་འཁོར་གསུམ་དུ་རྫོགས་པས་འཁྲུལ་མི་ནུས་པའི་གནད་ཀྱིས་སྣང་བ་དབང་བསྒྱུར་གྱི་སྤྱོད་པ། རེ་དོགས་ཀྱི་འཕྲང་ལས་གྲོལ་བ་བརྟུལ་ཞུགས་ལམ་སློང་གི་སྤྱོད་པས་སྐུ་གསུམ་འདུ་འབྲལ་མེད་པའི་ངོ་བོ་ཉིད་རང་ལ་རྫོགས་པའོ། | |||
།གཉིས་པ་ཀློང་སྡེའི་སྒོམ་པའི་ངང་སྐྱོང་བ་ནི། ཀློང་ཆེན་སྒོམ་པའི་ལྷུམས་སུ་ཞུགས༔ ཞེས་པ་སྟེ། སེམས་ཉིད་གཏན་ལ་ཕེབས་པའི་གཤིས་ལུགས་ཀྱིས་གཞལ་ན་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་དུས་གསུམ་གྱི་སྣང་བ་ཅི་སྣང་ཡང༌། ཀུན་ཏུ་བཟང་མོ་ཡེ་ཤེས་ལྔ་ཡི་དབྱིངས་ཀློང་ཆེན་པོའི་ངོ་བོའི་མཁའ་དང་རང་བཞིན་གྱི་ཀློང་ཐུགས་རྗེའི་དབྱིངས་ལས་མ་གཡོས་པས་ཆོས་ཉིད་ཀྱི་དབྱིངས་ལས་ཕྱིར་སྣང་གཞན་དུ་འགྲོ་ས་མེད་པ་རང་སྣང་བཀོད་པའི་རྒྱན་དུ་བཀོད་པ་ལྷུན་གྱིས་གྲུབ་པ་ཡིན་མིན་ཕྱོགས་བྲལ་གྱི་དགོངས་པ་ཀློང་སྡེའི་ལྟ་བ་སྟེ་དེ་ཉིད་ཉམས་སུ་ལེན་པའི་ཚེ། དང་པོ་སྒོམ་མ་སྐྱེས་པ་སྐྱེ་བར་བྱེད་པའི་གནད་དུ། དབེན་པའི་གནས་སུ་སྔ་དྲོ་ཁ་ནུབ་ཏུ་བལྟ། པུས་མོ་གཡོན་ས་ལ་དབབ། གཡས་བསྒྲེངས་ཏེ་སྒོམ་ཐག་འཁྱུད། སྒོམ་རྟེན་གཡོན་གྱི་སྟ་ཟུར་ནས་ལག་པ་གཉིས་ཀྱི་བཟུང༌། དགོང་མོ་ཁ་ཤར་དུ་བལྟ། པུས་མོ་གཡས་ས་ལ་དབབ། གཡོན་བསྒྲེང་བས་སྒོམ་ཐག་འཁྱུད། སྒོམ་རྟེན་གཡས་ཀྱི་སྟ་ཟུར་ནས་བཟུང་སྟེ། སྒོམ་སྐྱེས་པ་བརྟན་པའི་གནད་བཞི་ནི། གསལ་བ་གནད་ཀྱི་བརྡ་མིག་སྣ་རྩེ་མཐོ་གང་ཙམ་གྱི་ཐད་ཀར་བལྟས་ཏེ་སྒོ་ལྔ་མ་བཀག་ཡན་པར་བཞག་པས་ཚོགས་དྲུག་གི་ཤེས་པ་ཐིམ་ལ་མ་རྨུགས་གསལ་ལམ་མེར་གནས། མི་རྟོག་གནད་ཀྱི་བརྡ་དབང་པོའི་སྒོ་རྣམས་འབྱེད་འཛུམ་སོགས་ཀྱིས་གཡོ་མེད་དུ་བཞག་པས་སེམས་ཉིད་མི་རྟོག་ཟང་ཐལ་ལེར་གནས། བདེ་བ་གནད་ཀྱི་བརྡ་འོག་རླུང་ཡིད་ཙམ་འཐེན་ཏེ་ཐུར་སེལ་འཆིང་བས་ལུས་སེམས་ཟག་མེད་ཀྱི་བདེ་བ་ཁྲི་ལེར་འཆར། དབྱེར་མེད་གནད་ཀྱི་བརྡ་ལྕེའི་རྩེ་མོ་གང་ལའང་མ་རེག་པས་ཤེས་པ་ཕྱོགས་ལྷུང་དང་བྲལ་བར་བསམ་བརྗོད་ལས་འདས་པའི་ངང་དུ་བཞག་པས་བློས་བཅོས་ཏེ་སྒོམ་མ་མྱོང༌། རང་ཐོག་ཏུ་འཇོག་པ་དང་བྲལ་མ་མྱོང༌། མི་སྒོམ་པའི་དོན་དེ་དང་རྒྱུན་དུ་མི་འབྲལ་བར་བསྐྱངས་པས་གསལ་བ་སྤྲུལ་སྐུ། བདེ་བ་ལོངས་སྐུ། མི་རྟོག་པ་ཆོས་སྐུ། དབྱེར་མི་ཕྱེད་པ་ངོ་བོ་ཉིད་སྐུ་བཞི་རང་ཆས་སུ་གྲུབ་པའོ། །སྒོམ་བརྟན་པ་གོང་འཕེལ་དུ་བྱ་བའི་ཕྱིར་བོགས་འབྱིན་དུ་ལུས་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་དང༌། སྙིང་གའམ་ལྟེ་བར་ཨོཾ་ཁ་དོག་ལྔ་པ་བསྒོམ་སྟེ་རླུང་ཐུབ་ཚད་བཟུང་བས་གེགས་སེལ་གསུངས་སོ། | |||
།གསུམ་པ་མན་ངག་སྡེའི་དབྱིངས་ཀྱི་སྤྱོད་པའི་ཁྲིད་ནི། རིག་པ་ཀ་དག་ལྷུག་པར་སྤྱོད༔ ཅེས་པ་སྟེ་སྔ་མ་གཉིས་སྣང་སྟོང་གི་ཡིད་དཔྱོད་ཕྲ་མོ་འདྲེས་པས་གཤིས་ཤོར་གྱི་གོལ་ས་འབྱུང་ཉེ་ཡང་འདིར་ཡིད་དཔྱོད་ཀུན་བྲལ་ཡེ་ཤེས་རིག་པ་རྗེན་པ་ཕུད་པའི་དབྱིངས་སུ་ལ་བཟླ་བས་གནད་ཐོག་གི་མེ་བཙའ་ལྟ་བུ་སྟེ་སྔར་སེམས་སྡེའི་ལྟ་བ་ངོ་སྤྲོད། ཀློང་སྡེའི་སྒོམ་པའི་ངང་སྐྱོང་བའི་ཡིད་དཔྱོད་ཀྱི་ཤུན་པ་བྲལ་བའི་ཀ་དག་རང་བབ་ཀྱི་དོན་ལ་མཉམ་རྗེས་ཀྱི་ཉམས་ལེན་སོ་སོ་མེད་པ་ཆོས་ཉིད་གཅིག་ཏུ་ལམ་དུ་ཁྱེར་བས་སྔ་མ་གཉིས་ཀྱི་བོགས་འབྱིན་དུ་སོང་བས་ན་སྤྱོད་པ་ཞེས་གྲགས་པ་སྟེ་མངོན་སུམ་ལམ་བྱེད་ཀྱི་ལྟ་བའི་རྩེ་མོ་མཐར་ཐུག་པའི་རྣལ་འབྱོར་བཤད་པ་ལའང་ནང་གསེས་སུ། གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བས་ཐག་བཅད། ཉིན་མཚན་ཁ་སྦྱོར་གྱི་སྒོམ་པས་ཉམས་སུ་ལེན། སྣང་བ་དབང་བསྒྱུར་གྱི་སྤྱོད་པས་བོགས་འབྱིན། བྱ་བྲལ་ལྷུན་གྲུབ་ཀྱི་འབྲས་བུ་རང་ལས་རྙེད་པའི་དོན་བཤད་པའོ། །དང་པོ་ནི། རྣལ་འབྱོར་མངོན་སུམ་དབྱིངས་ཀྱི་གཤིས༔ སོར་བཞག་ཁྲེགས་ཆོད་དགོངས་པས་བསྐྱང་༔ དེ་ཡང་ལུས་གནད་དྲང་པོར་བསྲང་༔ རི་བོ་བཞིན་དུ་ཅོག་གེར་བཞག༔ ཅེས་པ་སྟེ། དབྱིངས་རིག་གཉིས་མེད་ཡེ་ཤེས་སྙིང་པོའི་གསེང་ལམ་མཐར་ཐུག་པ་འདི་ལ་ཆོས་ཉིད་ངོ་བོ་ཀ་དག་གིས་གཞལ་ན་གཞི་ལམ་འབྲས་བུ་ཐམས་ཅད་ཐིག་ལེ་གཅྀག་ཏུ་རྫོགས་པ་ལས་རྣམ་དབྱེར་བྱར་མེད་ཀྱང་སོ་སོ་རང་རིག་པ་ལྷུན་གྲུབ་ཀྱིས་དབྱེ་ན་ལྟ་སྒོམ་སྤྱོད་འབྲས་ཅོག་བཞག་བཞི་ལྡན་དུ་གསུངས་པའི་ཐོག་མར་གལ་ཆེ་བ་ལྟ་བ་སྟེ་སྒོམ་སྤྱོད་འབྲས་ཀྱི་ཆོས་ཐམས་ཅད་དེའི་རྗེས་སུ་འབྲང་དགོས་པའི་ཕྱིར་གཞལ་བྱའི་ཡུལ་གང་ལ་ཤེས་རབ་ཀྱི་སྒྲོ་འདོགས་བཅད་ནས་གནས་ལུགས་ཇི་བཞིན་གཏན་ལ་འབེབས་པའི་ངེས་ཤེས་འདྲོང་དགོས་པས་ན་ཆོས་ཉིད་ཀ་དག་གི་བཞུགས་ཚུལ་ནི་ངོ་བོ་རིག་སྟོང༌། རང་བཞིན་གསལ་སྟོང༌། ཐུགས་རྗེ་སྣང་སྟོང་དབྱེར་མེད་གསུམ་དུ་གསུངས་པའི་དང་པོ་ནི། དངོས་པོ་དང་མཚན་མར་མ་གྲུབ་པའི་ཡེ་སྟོང་གཞི་མེད་རྩ་བྲལ་མཚོན་བརྗོད་ལས་འདས་པ། ཚིག་དང་དཔེའི་ཡུལ་དུ་མི་གནས་པ་སྟོང་པའི་རང་བབ་ལ་འཁྲུལ་གྲོལ་གཉིས་ཀ་ཡོད་མ་མྱོང་བས་འཁོར་བ་གཞི་མ་གྲུབ། མྱང་འདས་ལྟོས་ནས་བཏགས་པ་ཙམ་ཡིན་པས་ལས་དང་པོ་པའི་དུས་དངོས་མཚན་གྱི་བདེན་ཞེན་བཤིག་པ་ལ་འདི་ཉིད་ལ་ངེས་ཤེས་འདྲོང་པ་གནད་དུ་ཟབ་པར་དགོངས་ནས་བཀའ་འཁོར་ལོ་བར་པའི་དགོངས་དོན་སྤྲོས་བྲལ་དབུ་མ་ཆེན་པོ་དང༌། བསྐྱེད་རིམ་གྱི་སྐབས་སུ་དེ་བཞིན་ཉིད་ཀྱི་ཏིང་འཛིན་སོགས་འདི་ལས་འཕྲོས་ཏེ་གསུངས་པ་དང༌། རྫོགས་པ་ཆེན་པོའི་ངོ་བོ་ཀ་དག་གི་ཡེ་ཤེས་སྐྱེ་བ་མེད་པ་ཞེས་བསྟན་པ་དེ་ཉིད་གསལ་མདངས་འགག་མེད་ཀྱི་རང་རྩལ་བརྟན་གཡོ་འཁོར་འདས་ཀུན་གྱི་སྲོག་གི་སྙིང་པོའི་ཚུལ་དུ་ཁྱབ་ཀྱང་གང་གི་ཕྱོགས་སུ་ཡང་མི་གནས་པས། རྒྱ་ཆད་དང་ཕྱོགས་རིས་སུ་ནམ་ཡང་མ་ཆད་པས་ཆོས་ཉིད་ཀུན་ཏུ་འགྲོ་བ། སྒྲིབ་པ་དང་མཚན་མའི་སྤྱོད་ཡུལ་ལས་འདས་པ་ནི་འཁོར་ལོ་ཐ་མ་བདེ་གཤེགས་སྙིང་པོ་སྐུ་དང་ཡེ་ཤེས་ཀྱི་ཆོས་ཁམས་རྒྱ་མཚོས་སེམས་ཅན་ཀུན་ལ་ཁྱབ་བརྡལ་དུ་གནས་པ་རྒྱུ་འབྲས་ཐེག་པའི་མཚམས་སྦྱོར་གྱི་ཚུལ་དུ་གསུངས་ཤིང༌། རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོའི་གཞི་ཡི་གནས་ལུགས་སུ་བསྟན་པ་ལ་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ཞེས་བྱ་ཞིང༌། གསལ་སྟོང་དེ་གཉིས་ཀྱང་ཉི་མ་དང་འོད་ཟེར་བཞིན་དུ་རང་བབ་གཤིས་ཀྱི་གནས་ལུགས་གདོད་ནས་འདུས་མ་བྱས་པ་ཡུལ་དང་ཡུལ་ཅན་གྱིས་དམིགས་ནས་བལྟར་མེད་པའི་ཕྱིར་བློ་འདས་སོ་སོ་རང་རིག་པའི་ཡེ་ཤེས་ཆེན་པོ་སྟེ། འཁོར་ལོ་བར་མཐའ་དགོངས་པ་གཅིག་དྲིལ་གྱིས་གཏན་ལ་དབབ་བྱ་མཐར་ཐུག་པ་མདོ་སྔགས་གྲུབ་མཐའ་རྒྱ་མཚོའི་སྐྱེལ་སོ་ཡིན་ལ། སྐབས་འདིར་ལུང་རིགས་ཀྱིས་དཔྱད་པ་དང༌། དཔེ་ལ་བརྟེན་ནས་དོན་ངོ་སྤྲད་པ་སོགས་མ་ཡིན་པར་ཤེལ་དང་མེ་ལོང་སོགས་ཀྱི་བརྡ་ཐབས་མན་ངག་བྱིན་རླབས་ཀྱི་སྒོ་ནས་མངོན་སུམ་རང་ཐོག་ཏུ་ངོ་སྤྲད་པ་སྟེ་ལྟ་བ་དེ་མངོན་དུ་བྱ་བའི་ཕྱིར་ལུས་གནད་རང་བབ་བདེ་ལུགས་ཀྱི་ངང་དུ་དྲང་པོར་བསྲངས་ཏེ་འགྲོ་འདུག་བྱ་བྱེད་གཡོ་བསྐྱོད་སོགས་ཀྱིས་མི་འགྱུར་བར་རི་བོ་ལྷུན་ཆགས་པ་བཞིན་རང་བབ་གཤིས་སུ་ཅོག་གེར་བཞག་པས་ཤེས་པ་སྤྲོ་བསྡུ་མེད་པ་ས་ལེ་ཧྲིག་གེར་རང་རིག་ཟང་ཀའི་ངོ་བོར་བལྟས་པས་ཕྱི་སྣང་བ། ནང་འགྱུ་བ་གང་གིས་མ་བསླད་པའི་རིག་པ་ཟང་ཐལ་རྗེན་པ་མངོན་སུམ་དུ་གྱུར་པ་ལ་སོར་བཞག་ཁྲེགས་ཆོད་ཀྱི་དབྱིངས་སུ་བཙན་ས་གཟུང་ངོ༌། ལྟ་བ་དེ་ལ་གོམས་པས་སྲིད་པ་འཁྲུལ་པའི་གྲོང་ཁྱེར་དུ་གཏན་ནས་མི་འཇུག་པར་རྒྱུན་གཅོད་པར་བྱེད་པའོ། །དེ་ལྟ་བུའི་རིག་པ་དེ་ཅར་ཕོག་ཏུ་ངོ་སྤྲད་པ་ནི་རྫོགས་པ་ཆེན་པོའི་ཁྱད་ཆོས་ཏེ་རིག་པའི་ཆོས་ཉིད་ཚུལ་བཞིན་དུ་རྟོགས་པ་རྣམས་ཀྱི་གཞི་རིག་པའི་རྩལ་ལས་རོལ་པ་ཤར་དུས་ཕྱི་ཡུལ་དུ་མ་དཔྱད། ནང་སེམས་སུ་མ་བཟུང་བས་སྣང་ཤེས་ཀྱི་འཛིན་པ་ལས་གྲོལ། གཟུང་འཛིན་གྱི་མཁན་པོ་འགྱེལ་ཏེ་ལས་དང་ཉོན་མོངས་ལྡོག་ནས་འཁོར་བའི་ཆོས་ཐམས་ཅད་རིག་པ་རང་བཞིན་མེད་པའི་ངང་དུ་གྲོལ་ནས་ཆོས་ཉིད་ཟད་པའི་མཐར་ཐུག་པ་ན་ཀུན་ཏུ་བཟང་པོའི་ཞིང་དུ་ཕྱིན་ཏེ་ཆོས་སྐུའི་རྒྱལ་པོའི་གཏན་སྲིད་ཟིན་པ་ཆོས་ཉིད་ཡོངས་ཤེས་ཀྱི་ངོ་བོ་ལ་གོམས་པས་ཡང་སྲིད་ལེན་པའི་ལས་དང་བག་ཆགས་ཐམས་ཅད་ཟད་པར་འགྱུར་ལ། སེམས་མི་རྟོག་པ་ལ་གནས་ཀྱང་དམིགས་པའི་ཡུལ་བྱེ་བྲག་པ་གཅིག་ལ་བཟུང་བས་རྒྱ་ཆུང་ཞིང་མ་རིག་པ་མཚུངས་པར་ལྡན་པའི་གཟུང་འཛིན་གྱི་རྟོད་ཕུར་བག་ཉལ་གྱི་ཚུལ་དུ་ཡོད་པས་རིག་པ་རང་བྱུང་གི་དོན་ལ་སྒྲིབ་པར་བྱེད་ལ། རིག་པའི་རྩལ་སྣང་ཡིད་ཤེས་ཀྱི་ཡུལ་ལ་མི་འཇུག་པས་སོ་སོ་རང་རིག་པའི་ཡེ་ཤེས་ཞེས་བྱ་སྟེ་ཡུལ་གྱི་རང་བཞིན་ལ་དང་པོར་མི་རྟོག །རྗེས་སུ་མི་དཔྱོད་རྒྱུན་ཆགས་སུ་མི་འཛིན་པས་རང་ངོར་སྣང་ཡུལ་ཐམས་ཅད་མ་འགགས་པར་བཀྲ་ཡང་ཕར་ཡུལ་ཐོག་ཏུ་མི་འཆོར་བར་མངོན་སུམ་ལྷག་མཐོང་གསལ་བའི་ཆ་མ་རིག་པའི་རྙོགས་པ་མེད་པས་ཡུལ་གྱི་རྣམ་པས་མ་གོས་པ་རྩེ་གཅིག་ཏུ་གནས་པའི་ཞི་གནས་དང་ཡེ་ནས་བཅོས་པ་མེད་པ་ཟུང་འབྲེལ་དུ་ཡོད་པས་གཟུང་འཛིན་གྱི་གཞི་སྟོང་པ་རིག་པའི་ཡོན་ཏན་ཏེ་དེས་ན་སེམས་རྩེ་གཅིག་ཏུ་གནས་པ་ལ་ཞི་གནས་དང༌། རང་བཞིན་མེད་པར་དཔྱོད་པའི་ཆ་ལ་ལྷག་མཐོང་ཞེས་ཟུང་འཇུག་ཏུ་སྒྲུབ་པ་གཟུང་འཛིན་དང་བཅས་པ་འཇིག་རྟེན་པའི་བསམ་གཏན་ལས་ཁྱད་པར་འཕགས་པ་རྫོགས་པ་ཆེན་པོ་ཆོས་ཉིད་རང་ངོས་ནས་སྟོང་པ་དང༌། ཐེག་པ་གཞན་ཆོས་ཅན་གཞན་ངོས་ནས་སྟོང་པའི་ཁྱད་ཤེས་པར་བྱས་ནས། རིག་སྟོང་ཆོས་ཉིད་ཀྱི་དགོངས་པའི་ངང་ལ་གནས་པས་རྐྱེན་སྣང་རླུང་ཚོགས་ལྟ་བུས་ནམ་ཡང་མི་གཡོ་བའི་གདེང་རྙེད་པ་རི་བོ་ཅོག་བཞག་གི་ལྟ་བ་སྟེ། དེ་ཡང་རང་གནས་ཀྱི་ཡེ་ཤེས་རང་ལ་གནས་པ་ཉིད་ངོ་སྤྲད་པ་ཡིན་གྱི་ལུང་རིགས་མན་ངག་གཞན་ནས་ཕྱི་རོལ་དུ་བཙལ་དུ་མེད། རང་སེམས་མ་བཅོས་པར་བཞག་པ་ཉིད་འོད་གསལ་བའི་ཡེ་ཤེས་ཡིན་པས་སྔར་མེད་རྒྱུད་ལ་སྐྱེས་པ་ཡང་མ་ཡིན་པས་ངག་དང་ཡིད་ཀྱི་རྩོལ་རྟོག་གི་ཡུལ་ལས་འདས་པར་རང་ངོ་རང་ཐོག་ཏུ་སྤྲད་པའི་ལྟ་བ་ཞེས་བྱའོ། །འདི་ལྟ་བུའི་ལྟ་བ་ཡང་དག་པ་ངོ་འཕྲོད་ན་སེམས་ཀྱིས་བཟོས་པའི་འཁོར་བའི་གྲོང་ཁྱེར་ཐམས་ཅད་རྒྱུན་གཅོད་པར་བྱེད་པ་དང༌། ཐེག་པ་མཐའ་དག་གི་གནད་དོན་ཁོང་དུ་ཆུད་པས་རིའི་རྒྱལ་པོ་གླིང་བཞིའི་དབུས་ན་མཆོག་ཏུ་འཕགས་པ་ལྟ་བུའོ། | |||
།གཉིས་པ་ཉིན་མཚན་ཁ་སྦྱོར་གྱི་སྒོམ་པས་ཉམས་སུ་ལེན་པ་ནི། མིག་ནི་གསང་འབྲས་དབྱིངས་སུ་གཏད༔ རྒྱ་མཚོ་བཞིན་དུ་ཅ་རེ་བཞག༔ ཡིད་ཀྱི་རྙོགས་མས་མ་བསླད་པའི༔ རིག་པ་རྗེན་པ་གཅེར་བུར་བཞག༔ ཅེས་གསུངས་པ་ལྟར་ལྟ་བས་སེམས་རིག་ཤན་ཕྱེས་ཏེ་ངོ་ཤེས་པ་དེ་ནས་སྒོམ་པ་ཡིན་ཐོག་ཏུ་བཞག་སྟེ་རྩལ་མ་རྫོགས་ན་གཟུང་འཛིན་འཁྲུལ་པའི་འཁོར་ལོ་བཤིག་མི་ནུས་པ་གཡུལ་ངོར་ལུས་པའི་རྒྱལ་པོའི་བུ་ཆུང་འདྲ་བས་རིག་པ་གཤིས་ཐོག་ཏུ་ཕེབས་པར་ཉམས་སུ་བླང་བ་ནི། ལུས་གནད་དྲང་པོར་བསྲང༌། ཡེ་ཤེས་འཆར་བའི་སྒོ་མིག་གི་གསང་འབྲས་སྒུལ་གཡོ་མི་བྱ་བ་བར་སྣང་སྟོང་པའི་དབྱིངས་སུ་གཏད་དེ། ནང་དུ་རང་གི་སེམས་ཉིད་ངོ་བོ་ངོས་བཟུང་ལས་འདས་པ། རིག་པ་ཟང་ཐལ་མཚན་མར་མ་གྲུབ་པ་སྟོང་གསལ་རང་བྱུང་གི་ཡེ་ཤེས་དེ་གཉིས་ཡ་བྲལ་མ་ཡིན་པར་གདོད་ནས་ཟུང་དུ་འཇུག་པ་འདི་ལས་ཆོས་སྐུ་གཞན་དུ་མེད་པར་ཐག་གཅིག་ཐོག་ཏུ་བཅད་དེ། དྲན་བསམ་སྔ་མ་འགག་ཕྱི་མ་མ་སྐྱེས་ཤིང་ད་ལྟའི་ཤེས་པས་སྐད་ཅིག་མ་བཟོ་བཅོས་མ་བྱས་པར་དུས་གསུམ་གྱི་རྣམ་པར་རྟོག་པས་མ་བསླད་པའི་བཏང་སྙོམས་ལུང་མ་བསྟན་དུ་མ་འབྱམས་པའི་ཀ་དག་བློ་འདས་ཀྱི་དགོངས་པ་བཞི་ཆ་གསུམ་བྲལ་ཐ་མལ་གྱི་ཤེས་པ་སོ་མ་དེ་ཉིད་རང་བབ་རྣལ་མར་བཞག་པ་ལས་གཞན་པའི་བསྒོམ་བྱ་རྡུལ་ཙམ་མེད་པ་མངོན་སུམ་ཆོས་ཉིད་ཀྱི་རང་བབ་ལྷུག་པར་མཐོང་སྟེ་ངང་དྭངས་སྤྲིན་བྲལ་ནམ་མཁའ་ལྟར་གནས་པ་རིག་པ་ཟང་ཐལ་དབང་པོའི་གདངས་མ་འགགས་པ་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ་ལ། སྣང་ཡུལ་གཟའ་སྐར་གྱི་གཟུགས་བརྙན་ཤར་ཡང་ཡུལ་དབང་ཤེས་གསུམ་ལག་སྦྲེལ་ཏེ་ལས་བསགས་པའི་རྣམ་པར་རྟོག་པ་མེད་པས་གཟུགས་བརྙན་གྱིས་ཆུ་ལ་མ་གོས་པ་དང་མཚུངས་པས་ན་རྒྱ་མཚོ་ཅོག་བཞག་གི་སྒོམ་པ་སྟེ། དེའི་དུས་སུ་ཕྱི་ཆོས་ཅན་ཚོགས་དྲུག་གི་འཁྲུལ་སྣང་ལ་གཡེང་བའི་རྟོག་པ་ཤར་དུས་ནས་འཛིན་མེད་དུ་གློད་པ་རྦ་རླབས་ཆུར་ཐིམ་པ་ལྟར་འགྱུ་སྟོང་རྗེས་མེད་དུ་ཞིག །ནང་ཆོས་ཉིད་ཀྱི་ངང་དུ་ཡེངས་པ་མེད་པར་དགུག་པའི་དྲན་འཛིན་དགག་སྒྲུབ་རྩོལ་བཅས་ཀྱི་ན་བུན་མཁའ་ལ་དེངས་པ་ལྟར་རང་སར་གྲོལ་ཏེ་སྣང་ཤེས་གཉིས་ཀའི་ཕྱོགས་སུ་མ་ལྷུང་བ་ཅི་སྣང་ཆོས་སྐུའི་རང་བཞིན་རིག་སྟོང་བློ་བྲལ་རྗེན་པར་རྟོགས་པས། དམིགས་གཏད་མཚན་འཛིན་གང་ཡང་མེད་པའི་ངང་ལ་འབད་རྩོལ་ཅིར་ཡང་བྱར་མེད་པ་ཁ་ཡན་དུ་གློད་ནས་བཞག་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀ་དག་གཞི་རྫོགས་ཆོས་ཉིད་མཉམ་པ་ཆེན་པོ་མངོན་དུ་གྱུར་པ་ལ་སྒོམ་པའི་ཐ་སྙད་དུ་བཏགས་པ་ཙམ་ལས། སྒོམ་བྱེད་ཀྱི་བློས་བསྒོམ་པར་བྱ་བའི་ལྟ་བ་ཞེས་ཐ་དད་མེད་པ་གློ་བུར་གྱི་ཀུན་རྟོག་ཐམས་ཅད་སྤྲིན་དེངས་པ་ལྟར་རང་གྲོལ་དུ་འགྲོ་བའི་ཕྱིར་སྒོམ་པ་འཛིན་མེད་རང་གྲོལ་ཞེས་གསུངས་པའོ། | |||
།གསུམ་པ་སྣང་བ་དབང་བསྒྱུར་གྱི་སྤྱོད་པས་བོགས་འབྱིན་པ་ནི། མ་བཅོས་མ་བསླད་ཡུལ་སྣང་གི༔ ཞེན་པ་རང་གྲོལ་ལྷུག་པར་བཞག༔ བཞག་ཅེས་བྱ་བ་བརྡ་ཙམ་སྟེ༔ ཞེས་རྒྱ་མཚོ་ཅོག་བཞག་གི་སྒོམ་པ་ཀློང་དུ་གྱུར་པ་ན་རྗེས་ཐོབ་ཀྱི་སྒོ་གསུམ་གྱི་སྤྱོད་པ་གང་བྱུང་དུ་ཞུགས་ཀྱང་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཤེས་པའི་ཏིང་ངེ་འཛིན་གྱི་ངང་ལས་ནམ་ཡང་མ་གཡོས་ཏེ་དཔེར་ན་ཕྱི་རོལ་དུ་འབྱུང་བཞིའི་ཆོ་འཕྲུལ་ཇི་ལྟར་ཤར་ཡང་དོན་དུ་ནམ་མཁའི་ཀློང་ལས་འདས་པ་མེད་ཅིང་ནམ་མཁའ་ལ་འཕེལ་འགྲིབ་མེད་པ་བཞིན་ནོ། །དེས་ན་ཆོས་ཉིད་ཀྱི་ངོ་བོ་ལ་འཁྲུལ་གྲོལ་གྱི་རེ་དོགས་བྱར་མེད་པས་ཕྱི་ཚོགས་དྲུག་གི་ཡུལ་ལ་ནང་སེམས་ཀྱི་དེར་འཛིན་གྱིས་མི་ཞེན་པས་འཁྲུལ་སྣང་གི་ལས་མི་བསགས་པ་ཐུག་འཕྲད་རང་གྲོལ་རང་དག་རྒྱ་ཡན་ཏུ་བཏང༌། གཟུང་འཛིན་གྱི་བློས་སྣང་བཏགས་ཇི་ལྟར་སྣང་རུང་རིག་པའི་ཀློང་ལས་གུད་ན་གཡེང་འཁྲུལ་མེད་པས་འགྲོ་འཆག་ཉལ་འདུག་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཆེན་པོའི་རྩལ་ལམ་རོལ་པའི་ངང་དུ་འུབ་ཆུབ་རྩ་བྲལ་གྱི་ཆོས་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཀྱི་ཆོས་སྐུར་སངས་རྒྱས་པས་གཟུང་བྱ་འཛིན་བྱེད་སྤང་བྱ་སྤོང་བྱེད་བླང་བྱ་ལེན་བྱེད་མེད་པ་ཆོས་ཉིད་མཉམ་པ་ཆེན་པོར་ཁྱབ་པར་བརྡལ་བས། འབད་རྩོལ་དམིགས་བཅས་མཚན་མའི་བསྒཽམ་བྱ་རྡུལ་ཙམ་མེད་པར་སྒོམ་འདོད་ཀྱི་རྟོག་པ་ལས་གྲོལ་ཏེ། ཐ་མལ་གྱིན་འདར་འབྱམས་ཤིང༌། བཅོས་མའི་བློས་མི་སྒོམ་པའི་དོན་རིག་སྟོང་ཆོས་ཉིད་ཟང་ཐལ་རྗེན་པ་དང་རྒྱུན་ཏུ་འབྲལ་བ་མེད་པས་གང་ཟག་ཐ་མལ་པའི་ངང་ཚུལ་ལས་རིང་དུ་འདས་ཏེ་སྤྱོད་ཀུན་ཇི་ལྟར་སྤྱད་པ་ཐམས་ཅད་ཀུན་ཏུ་བཟང་པོ་ཡེ་ཤེས་ཟང་ཐལ་རང་སྣང་རིས་མེད་དག་པ་རབ་འབྱམས་སུ་ཤར་བ་ན། ཆོས་ཉིད་རྒྱུན་ཆད་མེད་པ་ཆུ་བོ་ཆེན་པོའི་རྒྱུན་དང་འོད་གསལ་གསལ་འགྲིབ་མེད་པ་རིའི་རྒྱལ་པོའི་རྩེ་མོ་བཞིན་ཏེ་དེ་ཁོ་ན་ཉིད་ཀྱི་གནས་ལུགས་རིག་པས་རྟག་ཏུ་མཉམ་པར་བཞག་པ་ལས་མ་གཡོས་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་བའོ། །བཞི་པ་བྱ་བྲལ་ལྷུན་གྲུབ་ཀྱི་འབྲས་བུ་རང་ལས་རྙེད་པའི་ཚུལ་ནི། རང་རིག་མངོན་སུམ་ངོ་འཕྲོད་ནས༔ དེ་ཉིད་ཁོ་ནར་ཐག་བཅད་དེ༔ རྟོག་ཚོགས་རང་གྲོལ་གདེང་འཆའ་བའི༔ ངང་ལས་མ་གཡོས་ལྷུམས་སུ་ཞུགས༔ ཞེས་གསུངས་པ་ལྟར་ལྟ་སྒོམ་སྤྱོད་པ་དུ་མ་རོ་གཅིག་ཏུ་ཉམས་སུ་བླང་བས་གདོད་ནས་འདུ་འབྲལ་མེད་པར་རང་ལ་གནས་པའི་རང་རིག་མ་བཅོས་པ་ཆོས་ཉིད་ཀྱི་གནས་ལུགས་ངོ་བོ་གདོད་ནས་འཁྲུལ་མ་མྱོང་བར་སངས་རྒྱས་ཡིན་པའི་གནས་སྣང་གཉིས་ཀའི་ངོ་བོ་མངོན་དུ་གྱུར་ཏེ། མཐར་ཐུག་གི་བསྒྲུབ་བྱའི་སངས་རྒྱས་སྐུ་གསུམ་འདུ་འབྲལ་མེད་པར་རང་ལ་གནས་པ་གདོད་ནས་ཡེ་གྲོལ་གྱི་དགོངས་པ་སངས་རྒྱས་རང་ལ་གནས་པའི་གདེང་ཐོབ་སྟེ་རྩོལ་སྒྲུབ་བློས་བྱས་ཀྱི་ལྟ་བའི་འཛིན་སྟངས་ཀྱི་འབྲས་བུ་ཕྱི་ཚོལ་རེ་དོགས་ཀྱི་མདུད་པ་རང་སར་གྲོལ་བས། རྣམ་པ་མ་འགག་པར་རང་བཞིན་གྱིས་འོད་གསལ་བའི་ལོངས་སྐུ་དང༌། ངོ་བོ་མ་སྐྱེས་པའི་ཀ་དག་ཆོས་སྐུ་གཉིས་ལྡོག་པས་དབྱེ་བ་ཙམ་ལས་ངོ་བོ་ཐིག་ལེ་ཆེན་པོ་རོ་གཅིག་མཉམ་རྫོགས་ཀྱི་ཁྱབ་བྱ་ལ། ཁྱབ་བྱེད་རིག་པའི་སྙིང་པོ་ཅན་གྱི་གྲོལ་གཞི་མ་ནོར་བའི་གནས་ལུགས་དེ་ཉིད་ལམ་ཡིད་བྱེད་ཀྱིས་མ་བཅོས་པ་གདོད་མའི་བཞུགས་ཚུལ་དང་མཐུན་པར་རང་བབས་སུ་བསྐྱངས་པས་གཤིས་ཀྱི་ཡིན་ལུགས་སྒྲ་ཇི་བཞིན་པ་མངོན་དུ་གྱུར་པས་རིག་པ་ལྷུམས་སུ་ཞུགས་པའི་ཚེ་གདོད་ནས་འཁྲུལ་མ་མྱོང་བ་སྐུ་གསུམ་ལྷུན་རྫོགས་ཀྱི་ས་ལ་གཏན་སྲིད་ཟིན་པས་ཆོས་སྐུ་རང་གནས་ཆེན་པོར་ལ་བཟླ་བ་མ་བཙལ་ལྷུན་གྲུབ་ཀྱི་འབྲས་བུ་རྒྱལ་པོའི་བཙན་ས་ཟིན་པའོ། །གཉིས་པ་རྩལ་སྦྱང་ཐོད་རྒལ་གྱི་རྣལ་འབྱོར་ལ། ལམ་གྱི་ཆེ་བ་བསྟན་པ་དང༌། ཉམས་ལེན་དངོས་བཤད་པ་གཉིས་ལས། དང་པོ་ནི། དེ་ལྟར་དགོངས་པ་མངོན་གྱུར་པས༔ དབང་པོའི་མངོན་སུམ་རིག་པའི་གདངས༔ རྩལ་སྦྱངས་ཐོད་རྒལ་རྣལ་འབྱོར་ནི༔ ཞེས་པ་སྟེ། མཐར་ཐུག་ཤིན་ཏུ་ཟབ་པའི་ཁྲེགས་ཆོད་ཀྱི་གདམས་པ་ལྷག་པར་འོད་གསལ་ཡེ་ཤེས་ཆེན་པོའི་གསང་མཛོད་ལུས་རྒྱའི་སྦུབས་སུ་གནས་ཀྱང་དེ་ཉིད་མངོན་སུམ་སྟོན་པའི་གནད་མ་བསྟན་པས་དེ་ལས་ཀྱང་ཡང་ཟབ་རྫོགས་པ་ཆེན་པོ་མན་ངག་སྡེའི་ཡང་གསང་ཐིག་ལེ་ཆེན་པོ་ནི་ཡི་གེ་མེད་པ་ལས། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང་ཆོས་ཀྱི་སྐུ་གདམས་ངག་ལ་ཐུག་གོ །ཞེས་པ་ལྟར་ཁྲེགས་ཆོད་ཀྱི་ལམ་འབའ་ཞིག་གིས་ས་རྡོ་རི་བྲག་ལ་སོགས་པ་འཁྲུལ་སྣང་གི་ཡུལ་དག་པར་མི་ནུས་པས་ཐོད་རྒལ་གྱིས་སྣང་བ་དེ་དག་འོད་ལྔར་འཆར་བར་བྱེད་པའི་ཁྱད་པར། རིག་པ་འོད་གསལ་དུ་གསུངས་པ་ཁྲེགས་ཆོད་ཀྱིས་སྟོང་ལ་གསལ་བ་ཙམ་ལས་བལྟར་མེད་དུ་ཐག་གཅོད་པ་ཐོད་རྒལ་དུ་སྒོ་ཡུལ་རླུང་རིག་གི་གནད་བཅུན་པ་ཡེ་ཤེས་ཀྱི་མཐོང་ཕྱེ་སྟེ་ཆོས་ཉིད་ཀྱི་ཟེར་གདངས་ལ་སྤྱོད་པའི་ཁྱད་པར། ཁྲེགས་ཆོད་དུ་དབང་པོ་དྲུག་གི་སྒོ་མ་དག་པ་འཁྲུལ་སྣང་ལ་ཞེན་པ་སྤོང་བའི་དྭངས་འཚོལ་བ་ལ། ཐོད་རྒལ་དུ་དག་པའི་འོད་གསལ་གྱི་སྒོ་ཡེ་ཤེས་ཀྱི་རླུང་གིས་ཕྱེ་བས་ཕྱི་ནང་ཟང་ཐལ་གྱི་དབང་པོས་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་སྒྲོན་བཞིའི་སྣང་བ་ལ་ལོངས་སྤྱོད་པའི་ཁྱད་པར། ཁྲེགས་ཆོད་དུ་རགས་པའི་རྩ་རླུང་ལ་བརྟེན་ནས་གེགས་དང་གོལ་ས་ཤིན་ཏུ་མང་ལ། དེ་ལྟར་བརྟེན་ཕྱིན་ཆད་འབྱུང་བའི་སྟོབས་ཆེ་ཆུང་གིས་ན་སོ་རྒན་གཞོན་ལའང་ལྟོས་ཤིང༌། འདི་ནི་རགས་པ་སྤང་བྱ་ཡིན་པས་གནད་མི་གཡོ་བ་གསུམ་གྱིས་བཅིངས་པ་ཙམ་ལས་དོན་དམ་ཡེ་ཤེས་ཀྱི་རླུང་འཛིན་རྩོལ་ལས་འདས་པ་ལམ་དུ་བྱས་པས་རགས་པ་ཐམས་ཅད་ཟད་ནས་ལུས་འོད་གསལ་དུ་གྲོལ་བའི་ཁྱད་པར། ཁྲེགས་ཆོད་ཀྱིས་གལ་ཏེ་སྣང་བ་ཚད་དུ་མ་ཕྱིན་ན་ཕུང་པོ་ལས་གྲོལ་བར་སྲིད་ནའང༌། ལུས་རྡུལ་ཕྲན་དུ་དེངས་པ་ཙམ་ལས་འོད་གསལ་དུ་འགྲོ་མི་སྲིད། འོད་གསལ་དུ་མ་སོང་ན་རེས་འགའ་བའི་སྒྱུ་ལུས་དང་ཟད་པར་གྱི་སྐྱེ་མཆེད་ལ་སོགས་པས་མཐར་ཐུག་གི་ས་མི་ཆོད་པས། སྤྱན་དང་མངོན་ཤེས་རྫུ་འཕྲུལ་རླབས་པོ་ཆེའི་བདག་ཉིད་འཕོ་བ་ཆེན་པོ་རྡོ་རྗེའི་སྐུ་མི་ཐོབ་པས་རྟེན་དེས་གཞན་དོན་རྒྱ་ཆེར་མི་འགྲུབ་པའི་ཚུལ་རྒྱལ་དབང་པདྨ་དང་རྒྱ་བོད་ཀྱི་གྲུབ་ཆེན་གཞན་གྱི་ཁྱད་པར་ལ་ལྟོས། མདོར་བསྡུ་ན་སེམས་སྡེའི་རང་གསལ་ལ་ཁ་འབྱམས། ཀློང་སྡེའི་གཞི་བྲལ་ལ་གདེང་བྱེད། མན་ངག་སྡེའི་སྐོར་གསུམ་ཡང་བར་དོར་གདེང་འཆའ་བ་ལས་མེད་པས། འདིར་འོད་ལུས་སུ་གྲོལ་བའི་གནད་ཡོད་པས་འཁྲུལ་སྣང་ལམ་དུ་བྱས་ནས་མ་འཁྲུལ་བའི་གནད་ཚོལ་བའི་ཁྱད་པར་བདུན་དང་ལྡན་པའི་ལམ། ཕྱི་ནང་གསང་བའི་ནམ་མཁའ་སྟོང་པའི་དབྱིངས་སུ་སྒོ་གསུམ་གྱི་གནད་གཅུན་ཅིང་མིག་འབྲས་མི་འགུལ་བར་རྡོ་རྗེ་ལུ་གུ་རྒྱུད་ཨར་ལ་གཏད་པས་རིག་པའི་གཟོང་བཅུག་སྟེ་ཡེ་ཤེས་ཀྱི་རང་གདངས་བསམ་གྱིས་མི་ཁྱབ་པའི་དབྱིངས་སྣང་ཤར་བ་ལ་ཕྱི་རུ་གཟུང་ཡུལ་ཡུལ་དང་ནང་དུ་འཛིན་པའི་ཤེས་པས་མཐོང་བྱ་མཐོང་བྱེད་གཉིས་རྟོག་བྲལ་བའི་ངང་དུ། ནང་འཆར་གཞི་སེམས་ཡིད། ཕྱི་འཆར་སྒོ་མིག་དབང༌། བར་བསྐྱོད་བྱེད་རླུང་གི་འགྲོ་ལྡོག་གསུམ་པོ་འཇུག་པའི་གནད་ལ་རྩེ་གཅིག་ཏུ་དྲིལ་ནས་མཉམ་པར་བཞག་ཅིང་རང་སོ་བཟུང་བས། ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས་པས་འོད་གསལ་གྱི་སྣང་བ་སྨིན་མཚམས་ནས་བྲལ་ཏེ་གསལ་འགྲིབ་མེད་པར་འཆར་བ་སྣང་བཞིའི་སྣང་ཤེས་ཀྱི་ཉམས་རྣམས་རིམ་གྱིས་སྐྱོང་བ་དང༌། དེ་ལ་བརྟེན་ནས་ནང་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་གསལ་བརྟན་གོང་འཕེལ་དུ་འགྲོ་བའི་ཉམས་སྟོང་གསལ་ནམ་མཁའ་དྭངས་པའི་དབྱིངས་ལྟ་བུ་བློས་བསམ་པ་དང་ངག་གིས་བརྗོད་མི་ནུས་པའི་སྤྲོས་པ་ཀུན་ལས་འདས་པ་རང་བབ་ཤུགས་འབྱུང་དུ་འཆར་བར་འགྱུར་རོ། །དེའི་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་གསལ་བས་མ་རིག་པ་དང་བྲལ། ཚེའི་དུས་བྱས་ཀྱང་སྤྲུལ་པའི་སྐུ་རུ་གྲོལ། མཐར་ཐུག་སྣང་བཞི་མཐར་ཕྱིན་ནས་ལྷག་མེད་དུ་འགྲུབ་པར་འགྱུར་རོ། །གཉིས་པ་ཉམས་ལེན་གྱི་ལམ་དངོས་ལ། སྔོན་འགྲོ། དངོས་གཞི། མཇུག་གི་བྱ་བའོ། | |||
།དང་པོ་སྔོན་འགྲོ་སྒོམ་པའི་གནས་སུ་བྱ་བ་དགུ་ཕྲུགས་སུ་བཏང་བ་ནི། སྒོ་གསུམ་ཕྱི་ནང་གསང་བ་ཡི༔ བྱ་བ་རིམ་པ་བཞིན་དུ་བཏང་༔ དབེན་ཞིང་དབྱིངས་རིག་མཚོན་ནུས་པར༔ བདེ་བའི་སྟན་ལ་བག་ཕབ་ནས༔ ཞེས་པ་སྟེ། བྱ་རྩོལ་དང་བྲལ་བའི་ལམ་ལ་ཞུགས་ནས་རླུང་རིག་པ་བཙན་ཐབས་སུ་སྒོ་གསུམ་རེ་རེ་ལ་ཕྱི་ནང་གསང་བ་གསུམ་རེས་ཕྱེ་བའི་བྱ་བ་དགུ་ཕྲུགས་རྣམས་རིང་དུ་བོར་ཞིང་བཏང་བ་སྟེ། དེའང་ལུས་ཀྱི་གསུམ་ནི། དུད་འགྲོ་དམུ་རྒོད་འདུལ་ཐབས་ལ་མཁས་པས་ལམ་སྲང་དུ་བདེ་བར་རྒྱུར་གཞུག་པ་ལྟར་སེམས་རྟོག་ཁ་ཡན་འཁྲུལ་པའི་ལམ་ལ་མི་འཇུག་པར་རྩོལ་བཅས་རྩོལ་མེད་ཀྱི་དགེ་སྦྱོར་ཆ་མཉམ་དུ་བརྩོན་པས། ཕྱི་འཇིག་རྟེན་འཁྲུལ་པའི་བྱ་བྱེད་དང་རྣམ་གཡེང་ཐམས་ཅད། ནང་ཕྱག་དང་སྐོར་བ་སོགས་དམན་པའི་དགེ་བ་རྣམས། གསང་བ་རྣམ་གཡེང་འགུལ་སྤྱོད་ཐམས་ཅད་སྤངས་ཏེ་འདུག་པའོ། །གཉིས་པ་ངག་གི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་ཁ་ཏོན་དང་བཟླས་བརྗོད་ལ་སོགས་པ། གསང་བ་སྨྲ་བརྗོད་ཐམས་ཅད་སྤང་སྟེ་མི་སྨྲ་བར་གནས་པར་བྱའོ། །གསུམ་པ་ཡིད་གྱི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་ཐམས་ཅད། ནང་བསྐྱེད་རྫོགས་ཀྱི་སེམས་འཛིན་སྣ་ཚོགས། གསང་བ་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ནས་རྟོག་མེད་ཀྱི་ངང་ལ་གནས་པར་བྱ་ཞིང་དེས་ནི་སྒོ་གསུམ་གནས་པ་དང༌། བརྟན་པ་དང༌། གྲོལ་བར་འགྱུར་བ་སྟེ། དེ་ཡང་གཏེར་གཞུང་ལས། རིམ་པ་བཞིན་དུ་བཏང་༔ ཞེས་གསུངས་པ་ལྟར་དགེ་སྦྱོར་སྲང་དུ་འཇུག་པ་ལ་རྒྱུད་ཀློང་གསལ་ལས་སྤྲོས་པ་ཅན་ཐུན་བཞིའི་རྣལ་འབྱོར་ལ་བསླབ་ཚུལ་ནི། ཐོ་རངས་དང་པོ་བླ་མའི་རྣལ་འབྱོར་བསྒོམ། བར་པ་ཁྲེགས་ཆོད་བསྐྱང༌། ཐ་མ་ལ་བདེ་སྟོང་དང་གཏུམ་མོ་བསྒོམ། ནམ་ལངས་ནས་ཉི་ཤར་གྱི་བར་ལ་ཁ་ཏོན་དང་སྒོམ་བཟླས་ལ་སོགས་པའོ། །ཉི་མ་ཤར་ནས་གུང་གི་བར་ལ་ཐོད་རྒལ་བལྟ། གུང་ལ་ཕྱག་དང་ཆོས་སྤྱོད་རིགས་བྱ། ཕྱི་དྲོའང་ཐོད་རྒལ་བསྒོམ། དགོང་མོ་གཏོར་མ་དང་རླུང་འཛིན། སྲོད་ཐུན་དང་པོ་ལ་འཆི་བ་མི་རྟག་པ་བསྒོམ། བར་པ་ལ་བསྐྱེད་རིམ་དང་བཟླས་བརྗོད་བྱ། དགུང་ཐུན་ལ་གཉིད་འོད་གསལ་གྱི་སྦུབས་སུ་སྦ། ཐམས་ཅད་ལ་ཐུན་འགོར་སེམས་བསྐྱེད། དངོས་གཞི་དམིགས་པ་མེད་པ། རྗེས་བསྔོ་སྨོན་གྱི་རྒྱས་ཐེབས་པ་ནི་དམ་པ་གསུམ་དང་འབྲེལ་བ་ཞེས་བྱ་སྟེ་མེད་ཐབས་མེད་དོ། །ཞེས་ཀུན་མཁྱེན་འཇིགས་བྲལ་གྱིས་གསུངས་པ་དང༌། གཞན་ཡང་ཁྲིད་གཞུང་གཞན་དུ་ཉམས་ལེན་བྱེད་པའི་གནས་དབྱར་དུས་རི་རྩེ་གངས་འདབས་སུ་མཐོ་ཞིང་དྭངས་པར་བསྒོམ། དགུན་དུས་ས་ཕུག་བྲག་ཕུག་སོགས་དྲོ་ཞིང་འཇམ་ས་ལ་བསྒོམ། དཔྱིད་དུས་རི་ངོགས་མཚོ་གླིང་སོགས་དགའ་ཞིང་སྤྲོ་བའི་ས་རུ་བསྒོམ། སྟོན་དུས་སྨན་ལྗོངས་ཆུ་ཀླུང་སོགས་ཡིད་མཐུན་ས་རུ་བསྒོམ། དུས་ཀྱི་རྟེན་འབྲེལ་དཔྱིད་དབྱིངས་རིག་རྒྱ་ཆེར་གསལ། སྟོན་སྒྲུབ་པ་འཕེལ་ཆེ། དགུན་ཁམས་བདེ་སྒོམ་སྙིང་འདོད། སོས་ཀ་ཡོན་ཏན་གསར་དུ་སྐྱེ། སྒྲུབ་པའི་ཁང་པ་དབྱར་རྩྭ་དང་སྨྱུག་མའི་བསིལ་ཁང༌། དགུན་དུས་ཕུག་པ་དྲོ་བོ། སྟོན་དཔྱིད་རྡོ་ཁང༌། བརྩོན་འགྲུས་རབ་གཅིག་པུ། འབྲིང་མཚམས་དང་འདག་སྦྱར། ཐ་མས་ཆོས་མཐུན་གྲོགས་བསྟན་གསུང་པའང་འཕྲོས་དོན་དུ་སྨོས་པའོ། །གཉིས་པ་དངོས་གཞིའི་ཉམས་ལེན་ལ། གནད་ལྔ་ཡིས་གཟིར་བས་མངོན་སུམ་རང་ཐོག་ཏུ་དབབ་པ་དང༌། སྒྲོན་མ་བཞིའི་ཆིངས་ཀྱིས་ལམ་གྱི་གནད་བསྟན་པ་དང༌། ལམ་སྣང་བ་བཞི་བཤད་པ་ལས། དང་པོ་ལ་བཅའ་བ་ལུས་ཀྱི་གནད་གསུམ་ནི། ལུས་གནད་སེང་གེ་གླང་ཆེན་དང་༔ དྲང་སྲོང་ཙོག་པུའི་བཞུགས་སྟངས་བྱ༔ ཞེས་པ་སྟེ། ཆོས་སྐུ་སེང་གེའི་བཞུགས་སྟངས་ནི། རྐང་པའི་མཐིལ་གཉིས་སྦྱར། པུས་མོ་ཕྱིར་བགྲད་ལག་པའི་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་པའི་རྡོ་རྗེའི་ཁུ་ཚུར་བཅངས་པ་རྟིང་པའི་རྩར་ས་ལ་འཛུགས་པ་ལ་ལག་ཡུ་དྲང་པོར་བསྲང༌། སྟོད་བསེང་སྟེ་དཔུང་པ་གྱེན་དུ་འཐེན། མཇིང་པ་ཡིད་ཙམ་གྱེན་དུ་གཏོད། མིག་གཉིས་མིག་འབྲས་མི་བསྒུལ་ཞིང་རྫི་མ་མི་བརྡེག་པར་ལྟ་སྟངས་ཀློད་ལ་སྨིན་ཕྲག་གི་ནམ་མཁར་བལྟ། ལྕེ་ཅུང་ཟད་གྱེན་ལ་བསྒྲིལ་ལོ། | |||
།གཉིས་པ་ལོངས་སྐུ་གླང་པོ་ཆེའི་བཞུགས་སྟངས་ནི། ཁ་སྦུབ་ཏུ་པུས་བྲང་སྦྱར། གྲུ་མོ་ས་ལ་བཙུགས་ཏེ་ལག་མཐིལ་གྱིས་ཨོས་ཀོ་བརྟེན་པའི་སོར་མོ་འགྲམ་པ་ལ་སྦྱར། སྒལ་ཚིག་དྲང་པོར་བསྲངས་ནས་ཐད་ཀའི་ནམ་མཁའ་ལ་ཟུར་མིག་ཧྲིག་གིས་མགོ་གྱེན་དུ་དགྱེ་ཙམ་བྱས་ནས་བལྟའོ། །གསུམ་པ་དྲང་སྲོང་གི་བཞུགས་སྟངས་ནི། རྐང་པའི་ལོང་བུ་གཤིབས་ཏེ་ཙོག་པུར་འདུག །ལག་གཉིས་པུས་མོ་ལ་བསྐོར། སྒལ་ཚིག་དྲང་པོར་བསྲངས་ཏེ། མིག་ཟིམ་བུར་བར་སྣང་ལ་བལྟའོ། །བཞུགས་སྟངས་དེ་དག་ཧ་ཅང་བསྡམས་ཆེས་པ་དང༌། བསྒྲིམས་དྲགས་པ་དང༌། བཅུན་པ་མ་ཡིན་པར་བདེ་ལུགས་སུ་བཅའ། དེ་ལྟར་བྱས་པས་བཞུགས་སྟངས་དང་པོས་འབྱུང་བ་རང་སར་དག །གཉིས་པས་གཡོ་བྱེད་ཀྱི་རླུང་ཟིན། གསུམ་པས་དྲོད་བསྐྱེད་ཅིང་འབྱུང་བ་སྙོམས་པར་བྱེད་མཐར་ཐུག་སྐུ་གསུམ་ལ་གྲོལ་ནས་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ཡང་རིག་པའི་ཡེ་ཤེས་ལུས་ལ་གནས་ཀྱང་ཐབས་ལུས་གནད་ཀྱིས་མ་གཟིར་ན་དབང་པོའི་མངོན་སུམ་དུ་སྣང་མི་ནུས་ཏེ། སྦྲུལ་ལ་ཡན་ལག་ཡོད་ཀྱང་མ་གཅུས་ན་མི་གསལ་བ་བཞིན་ནོ། །གཉིས་པ་གཡོ་བྱེད་ངག་གི་གནད་ནི། ངག་གནད་གནས་བརྟན་ལ་ཟླ་ཞིང་༔ ཁ་སྒོའི་རླུང་གི་འགྲོ་དང་འོང་༔ དལ་བུས་ཅུང་ཟད་ཕྱིར་འཛིན་བྱ༔ ཞེས་པ་སྟེ། རླུང་གིས་རིག་རྩལ་སྤུར་ཏེ་ཡུལ་ལ་གཡོ་བའི་རྐྱེན་བྱེད་པས་སྨྲ་བརྗོད་མང་ན་རྣམ་རྟོག་འཁྲུགས་པ་དང༌། རྩོད་པ་དང་བཅས་པ་དང༌། ངག་འཁྱལ་སོགས་མི་དགེ་བ་བཞིའི་སྒྲིབ་པ་དང་བཅས་པའི་ཕྱིར་སྨྲ་བ་བཅད་པས་རླུང་རིག་བྱེད་པ་གཅིག་པས་སེམས་རིག་པའི་སྙིང་པོ་ཅན་མི་གཡོ་བར་གནས་པ་དང༌། སྣང་བ་འཕེལ་འགྲིབ་མེད་པར་བརྟན་པར་བྱེད་ལ། རླུང་གི་འགྲོ་འོང་ཡང་མཆུ་སོ་མ་རེག་ཙམ་བྱས་ཏེ་ཁ་ནས་བྱ་ཞིང༌། དེ་ཡང་ཅུང་ཟད་ཕྱིར་འཛིན་པ་སེམས་ཀྱི་བཞོན་པ་རྟ་ལྟ་བུས་རླུང་ཕྱིར་གྱེས། དྲན་རྟོག་མི་ལྟ་བུ་རིག་པ་ལ་ཐིམ་པས་རང་བབ་ཀྱི་བསམ་གཏན་ལ་གནས་པ་གལ་ཆེའོ། །གསུམ་པ་འཆར་གཞི་ཡུལ་གྱི་གནད་ནི། ཡུལ་གནད་ནམ་མཁའ་དྭངས་པའི་དུས༔ སྔ་དགོང་ཤར་ནུབ་ཟེར་གཉིས་བལྟ༔ ཞེས་པ་སྤྲིན་མེད་པའི་ནམ་མཁའ་དྭངས་པ་ལ་སྔ་དྲོ་ཁ་ནུབ་དང་དགོང་ཀ་ཁ་ཤར་དུ་བལྟ་བའམ། འོད་གསལ་འཆར་སླ་བས་ཆོས་ཉིད་ཟེར་གཉིས་དང་སྦྱར་ནས་སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་ཉི་མ་ལས་འོག་ཏུ་ཁྲུ་གང་ཙམ་དུ་བལྟས་པས་འོད་གསལ་འཆར་སླ་བའི་དགོས་པ་ཡོད་དོ། །དེ་ཡང་ཐག་རིང་པོ་ལས་ཇེ་ཐུང་དུ་འཁྲིད་པར་བསླབ་པ་ནི་གནད་དོ། །བཞི་པ་འཆར་བྱེད་སྒོ་ཡི་གནད་ནི། མིག་གནད་གྱེན་དུ་ཟློག་པ་དང་༔ ཟུར་དུ་ཁྲིད་དང་ཐུར་དུ་དབབ༔ ཅེས་པ་སྟེ། དང་པོ་ཆོས་སྐུའི་གཟིགས་སྟངས་ནི། མིག་གི་ཨ་འབྲས་གྱེན་ལ་བཟློག་པ་གཙུག་ཏོར་རྣམ་པར་བལྟ་བའི་ཚུལ་གྱིས་བལྟས་པས་དབྱིངས་རིག་གི་འཕེལ་ཆེ། གཉིས་པ་ལོངས་སྐུའི་གཟིགས་སྟངས་ཐད་ཀར་བལྟ་བ་མདའ་མཁན་སྨྱུག་མ་སྲོང་བ་ལྟ་བུས་ཡེ་ཤེས་ཀྱི་སྣང་བ་མཐོང༌། གསུམ་པ་སྤྲུལ་སྐུའི་གཟིགས་སྟངས་ཅུང་ཟད་ཐུར་དུ་དབབ་པ་དྲང་སྲོང་བསམ་གཏན་བསྒོམ་པ་ལྟ་བུས་འོད་ཁྱིམ་གྱི་སྒྲོན་མ་མཐོང་ངོ༌། །སྤྱིར་ཕྱིའི་ནམ་མཁའ་ལ་དབང་པོ་མདུང་ཚུགས་སུ་གཏད་དེ་བསྒོམས་པས་ཕྱིའི་དབྱིངས་མཐོང༌། གཡས་གཡོན་ཟུར་མིག་དང༌། ཡང་ན་ཟིམ་བུར་ཉི་མ་ལ་བལྟས་པས་ནང་གི་དབྱིངས་རིག་མཐོང༌། དེ་ནས་དབང་པོ་བར་སྣང་ལ་ཁྲིད་ཅིང་བལྟས་པས་འཁྲུལ་སྣང་ཞིང་ཁམས་སུ་འཆར་བར་འགྱུར་རོ། །དེ་ལྟར་ལྟ་སྟངས་གསུམ་པོ་གང་རུང་གིས་བལྟ་བ་ལ་བསླབས་པས་མིག་ཡུལ་ལ་ཇི་ཙམ་གཏད་ཀྱང་ཚུགས་ནུས་པར་འགྱུར་རོ། །གཟིགས་སྟངས་གང་ལའང་ཧ་ཅང་རྩོལ་བ་དང་སྒྲིམ་ཞིང་བསྡམས་ན་རླུང་བཙན་ཐབས་སུ་བཅུན་པས་གེགས་སུ་འགྱུར་བའི་ཕྱིར་དལ་བུས་བྱ་བ་གནད་ཡིན་ནོ། །ལྔ་པ་ཡིད་ཀྱི་གནད་ནི། ཡིད་གནད་དུས་གསུམ་སྤྲོས་པ་བཅད༔ དབྱིངས་རིག་དབྱེར་མེད་ལྷུག་པར་བལྟ༔ ཞེས་པ་ལྟར་ཁྲེགས་ཆོད་ཀྱི་ལྟ་བ་གཞིར་བྱས་ཏེ་སྤྲིན་དང་ཁུ་རླངས་མེད་པའི་ནམ་མཁའ་སྟོང་སངས་ངེ་བ་ལ་དབང་པོ་མདུང་ཚུགས་སུ་གཏད་དེ་བསྒོམས་པས་ཕྱིའི་དབྱིངས་མཐོང༌། གཡས་གཡོན་ཟུར་མིག་དང༌། ཡང་ན་ཟིམ་བུས་ཉི་མ་ལ་བལྟས་པས་ནང་གི་དབྱིངས་རིག་མཐོང༌། དེ་ནས་དབང་པོ་བར་སྣང་འཁྲིད་ཅིང་བལྟས་པས་འཁྲུལ་སྣང་ཞིང་ཁམས་སུ་འཆར་བར་འགྱུར་རོ། | |||
།གཉིས་པ་སྒྲོན་མ་བཞིའི་ཆིངས་ཀྱིས་ལམ་གྱི་གནད་བསྟན་པ་ནི། དེ་ཚེ་སྙིང་ནས་མིག་གཉིས་ཀྱི༔ གསང་འབྲས་འབྲེལ་བའི་འོད་རྩ་ལས༔ རྒྱང་ཞགས་སྒྲོན་མས་མཚམས་སྦྱར་ནས༔ རྣམ་དག་དབྱིངས་ཀྱི་སྒྲོན་མའི་ཀློང་༔ ཐིག་ལེ་སྟོང་སྒྲོན་མུ་ཁྱུད་དབུས༔ རིག་གདངས་རྡོ་རྗེ་ལུ་གུ་རྒྱུད༔ འགུལ་ཞིང་འཕྲིག་པའི་རྣམ་པར་འཆར༔ དེ་ཚེ་དབྱིངས་ཀྱི་ཕྱག་རྒྱ་རུ༔ རིག་པ་གཞུག་ཅིང་འབྲལ་མེད་བསྐྱང་༔ ཞེས་པ་སྟེ་གནད་ལྔ་ཡིས་གཟིར་བས་མངོན་སུམ་འོད་གསལ་གྱི་སྣང་བ་དེ། གཞི་གང་ལས་འཆར་ན་སྙིང་དབུས་མི་ཤིགས་པ་དྭངས་མའི་ཐིག་ལེ་འོད་གསལ་རིག་པའི་ཡེ་ཤེས་ཉིད་བུམ་ནང་གི་མར་མེ་ལྟར་གསལ་བ་ཟེར་གདངས་སུ་འཆར་ཏེ། ངོ་བོ་སྟོང་གསལ་གཞོན་ནུ་བུམ་སྐུར་བཞུགས་པས་ཀ་དག་གི་དགོངས་པ་དང་མཐུན། རང་བཞིན་ཆོས་ཉིད་ཀྱི་ཟེར་གདངས་གསལ་འཚེར་འོད་ཀྱི་ཐིག་ལེའི་བརྡ་རུ་ཤར། ཐུགས་རྗེ་སྒྲོན་མར་སྣང་བའི་རྟགས་སུ་གསུངས་པ། ལམ་གང་དུ་འཆར་ན། རང་བྱུང་རྡོ་རྗེ་སེམས་དཔའི་གསང་བའི་ལམ་རྩ་ཀ་ཏི་ཤེལ་གྱི་སྦུག་ཅན་ཞེས་བྱ་བ་སྙིང་ནས་མིག་ཏུ་དར་དཀར་གྱི་སྐུད་པ་ལྟ་བུར་འབྲེལ་བའི་འོད་རྩའི་ལམ་ནས་བརྒྱུད་དེ་འཆར་བའི་མིག་གི་དབང་པོ་རྒྱང་ཞགས་ཆུའི་སྒྲོན་མའི་རྟེན་ལས་མངོན་སུམ་སྣང་ཡུལ་གང་དུ་འཆར་ན། ཕྱིའི་དབྱིངས་སུ་འཆར་སྟེ་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བས་སྣང་བའི་གོ་ཕྱེས་ནས། ནང་གི་དབྱིངས་རྣམ་དག་སྒྲོན་མ་བདག་པོའི་བྱད་དང་འདྲ་བ་འཆར་བས་སྤྲིན་དང་བསེར་བུ་སོགས་རྙོགས་པའི་རྡུལ་སློང་བྱེད་ཀྱི་རྐྱེན་དང་བྲལ་བའི་ནམ་མཁའ་དྭངས་ཤིང་གསལ་བ་ཉིད་ལ་བལྟས་པས། ཚུལ་ཇི་ལྟར་འཆར་ན། རྣམ་དག་དབྱིངས་སྒྲོན་ཉིད་ཐོག་མར་སྨིན་མཚམས་ནས་མཐིང་ག་ཁྱབ་པ་ཆེན་པོའི་འོད་ལས་རིམ་གྱིས་མཆེད་ནས་ནམ་མཁའི་འཇའ་ཚོན་ལྟ་བུ་འོད་ལྔའི་མུ་ཁྱུད་ཐིག་ཕྲན་དང་བཅས་པའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་རྫིང་བུར་རྡོ་བོར་བའི་རི་མོ་ལྟར་འལ་འོལ་ལས་མཐར་ཐིག་ལེ་མཐིང་གསལ་དྭངས་མའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་སེམས་དང་འདྲ་བར་འགྲོ་འོང་དལ་བྲེལ་ཅན་མུ་ཏིག་གི་ཕྲེང་བ་ལྟ་བུར་འཆར་བར་འགྱུར་ལ་སྤྱིར་ཐོད་རྒལ་གྱི་ལམ་དུ་བྱ་བ་སྒྲོན་མ་བཞིར་འདུས་ཀྱང༌། སྒྲོན་མ་དགུའི་དབྱེ་བ་ཡང༌། གནས་པ་གཞིའི་སྒྲོན་མ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། ཙིཏྟ་ཤ་ཡི་སྒྲོན་མ་སྙིང་དྭངས་མའི་ཐིག་ལེ། དཀར་འཇམ་རྩ་ཡི་སྒྲོན་མ་ཀ་ཏི་ཤེལ་སྦུག་ཅན། རྒྱང་ཞགས་ཆུའི་སྒྲོན་མ་མིག་གི་དབང་པོ་འདུས་པའི་རྒྱང་ཞགས་མིག་གི་རྣམ་ཤེས། ཡེ་ཤེས་འདུས་པའི་རྒྱང་ཞགས་འོད་རྩའི་སྒོ་མངོན་སུམ་དུ་དབྱེ། དབྱིངས་རྣམ་དག་གི་སྒྲོན་མ་མཐིང་ག་ཁྱབ་པ་ཆེན་པོ། ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཟེར་ལུ་གུ་རྒྱུད་གཉིས་སྦྲེལ་སུམ་སྦྲེལ། ཤེས་རབ་རང་བྱུང་གི་སྒྲོན་མ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང༌། ལྷག་མཐོང་གི་གསལ་ཆ་ཚིག་དོན་ཀློང་བརྡོལ་བཅས་ངོ་བོ་གཅིག་ལ་ལྡོག་ཆས་དབྱེ་ན་གསུམ། བར་དོ་དུས་ཀྱི་སྒྲོན་མ་ཐིམ་ལུགས་བརྒྱད། མཐར་ཐུག་འབྲས་བུའི་སྒྲོན་མ་ཁྱད་ཆོས་དྲུག་གིས་སངས་རྒྱས་པའོ། །བཞི་པ་དགེ་སྦྱོར་སྲང་དུ་འཇུག་པ་ནི། ཉིན་མོ་སྣང་སེམས་ཨར་ལ་གཏད༔ ནང་ནུབ་དབྱིངས་རིག་ཨར་ལ་གཏད༔ མཚན་གུང་འོད་གསལ་ཨར་ལ་གཏད༔ སྲོད་ལ་རླུང་ཐིག་བདེ་ཉམས་བསྐྱང་༔ ཐོ་རངས་རང་གསལ་དགོངས་ཉམས་བསྐྱེད༔ ཞེས་པ་སྟེ། སྤྲོས་པ་མེད་པའི་གང་ཟག་ལ་སྒྲོན་མ་སྣང་བྱེད་ལས་གསུངས་པ་ལྟར། འོད་གསལ་ཐོད་རྒལ་ཉག་གཅིག་ལ་བསླབ་པ་རྣལ་འབྱོར་པ་གནས་ལུགས་ལ་དྲོད་ཐོབ་པའི་སྤྱོད་ཡུལ་ཡིན་ཏེ་ཉིན་མོ་བྱ་བ་དགུ་ཕྲུགས་བཏང་ནས་བཞུགས་སྟངས་དང་མི་འབྲལ་བས་སྐུ་དང་ཐིག་ལེའི་ཀློང་དུ་རིག་པ་བརྗོད་མེད་དུ་བཞག་ནས་ཉིན་མོ་སྣང་བ་རང་རྒྱས་འདེབས། སྲོད་ལ་དབང་པོ་ནང་དུ་བསྡུ་བ་ནི་སྤྲུལ་སྐུ་དྲང་སྲོང་གི་འདུག་སྟངས་དང་བཅས་རང་གི་ལུས་དབུས་སུ་རྩ་དབུ་མ་ཕྱི་དཀར་ནང་དམར་བའམ། ཡང་ན་ཁ་དོག་དམར་སྐྱ་དྭངས་གསལ་སྦུབ་སྟོང་མདའ་སྨྱུག་ཙམ་སྤྱི་བོ་ནས་གསང་གནས་བར་དྲང་ཐལ་ལེར་གནས་པའི་ལྟེ་བར་པདྨ་དམར་པོ་འདབ་མ་བཞི་པའི་དབུས་སུ་ཨ་ཐུང་དམར་པོ་རེག་བྱ་ཚ་བ་སོལ་མེ་ངར་མ་ལ་ཕུས་བཏབ་པ་ལྟ་བུ། དབུ་མའི་ཡར་སྣར་ཧཾ་དཀར་པོ་མགོ་ཐུར་དུ་བསྟན་པ་སྣུམ་ལ་འདྲིལ་བ་བདེ་བའི་རང་བཞིན་འཛག་ལ་ཁད་པར་བསྒོམ། བདེ་དྲོད་ཀྱི་གཞི་བཅའ་བའི་དམིགས་པ་ལ་སེམས་དར་གཅིག་བསྐྱང་ངོ༌། དེ་ནས་རླུང་རོ་ལན་གསུམ་སང་གིས་བསལ། སྟེང་རླུང་དལ་གྱིས་རྔུབ། འོག་རླུང་གྱེན་དུ་འཐེན་པས་ལྟེ་བའི་ཨ་ལས་མེ་དམར་ཁྱུག་གིས་འབར། སྤྱི་བོའི་ཧཾ་ལ་རེག །ཧཾ་ལས་བྱང་སེམས་བདེ་བའི་རྒྱུན་ནར་བབས་པས་མེའི་གསོས་བྱས། མེ་ཆེར་འབར་བས་ལས་དང་བག་ཆགས་བསྲེགས། ཟླ་བ་བདུད་རྩིར་ཞུ་བའི་དྭངས་མས་དབུ་མ་དང་ལུས་ཀྱི་རྩ་ཁམས་ཐམས་ཅད་གང༌། བདེ་དྲོད་ཀྱི་ཡེ་ཤེས་ཁྱད་པར་བ་སྐྱེས་པ་ལ་སེམས་བཟུང་སྟེ་བུམ་ཅན་ཅི་ནུས་བཟུང༌། བུམ་ཅན་གྱིས་ངལ་ན་དམིགས་པ་དེ་རླུང་རང་བབས་ཀྱི་ངང་ནས་ཅི་ནུས་སུ་བསྒོམ་མོ། | |||
།གཉིས་པ་ནམ་གུང་ཤེས་བྱ་བུམ་པར་བསྡུ་བ་ནི། ལོངས་སྐུའི་བཞུགས་སྟངས་སམ་གཞོགས་གཡས་ས་ལ་ཕབ་པར་གསུངས་ཀྱང༌། ཕྱག་ལེན་དུ་དྲང་སྲོང་ཙོག་པུའི་སྟབས་ཀྱིས་ཉལ་བར་བཞེད་ལ། གོང་ལྟར་ལུས་ཀྱི་དབུས་སུ་རྩ་དབུ་མ་སྔར་ལྟར་གསལ་བཏབ། ཁྱད་པར་སྙིང་གར་པདྨ་དམར་པོ་འདབ་མ་བཞི་པ་ཅུང་ཟད་ཁ་བྱེ་བའི་དབུས་སུ་ཨ་ཡིག་དཀར་པོ་འོད་འབར་བ་ཞིག་བསྒོམས་ལ་སེམས་དར་གཅིག་བཟུང་ནས་སྤྱི་བོར་ཨ་དཀར་པོ་ཞིག་བསྒོམ། དེ་ནས་ཨ་གཉིས་ཀྱི་བར་དུ་ཨ་དཀར་པོ་ཤིན་ཏུ་ཕྲ་བ་ཉེར་གཅིག་ཕྲེང་བ་བརྒྱུས་པ་ལྟ་བུར་གནས་པར་བསམ་ལ་རླུང་བྱང་བར་ཡོད་ན་བུམ་ཅན་ཁ་སྦྱོར་དུ་བཟུང་ཞིང༌། དེ་ལྟར་མིན་ན་འཇམ་རླུང་རང་བབས་ཀྱི་ངང་ནས་གསལ་སྟོང་གི་ཡེ་ཤེས་ས་ལེ་བའི་ངང་ཅི་ནུས་བསྒོམ། གཉིད་དུ་འགྲོ་ཁར་ཨ་རྣམས་རིམ་གྱི་སྙིང་གའི་ཨ་ལ་ཐིམ། དེ་ནས་སྤྱི་བོའི་ཨ་དེ་ཡང་སྙིང་གའི་ཨ་ལ་སིབ་ཀྱིས་ཐིམ། སྙིང་གའི་པདྨ་ཁ་ཟུམ་པའི་ནང་དུ་ཨ་དེ་བུམ་ནང་གི་མར་མེ་ལྟར་གནས་པར་བསམ་ལ། རྨི་ལམ་འཛིན་པའི་འདུན་པ་བཅས་ཏེ་སེམས་ཧ་ཅང་མ་བསྒྲིམས་ཧ་ཅང་མ་ཀློད་པའི་ངང་ནས་གཉིད་དུ་འགྲོ་བར་བྱ། གལ་ཏེ་གཉིད་མ་བྱུང་ན་སྔར་གྱི་དམིགས་པ་དེ་ཡང་ཡང་བསྐྱར། རྨི་ལམ་དང་གཉིད་ཀྱི་བར་ནས་རྣམ་རྟོག་གཞན་གྱིས་མ་ཆོད་པར་སློབ་པ་གལ་ཆེ། རྣམ་རྟོག་ཤར་ཡང་སྤང་བླང་བསུ་སྐྱེལ་དགག་སྒྲུབ་མི་བྱ་བར་ཨ་ཡིག་གི་སྟེང་དུ་སེམས་བསླན་དེ་བཞག །གཉིད་འཐུག་པོ་མིན་པའི་གཉིད་དང་རྨི་ལམ་གྱི་བར་དེར་མི་དང་ཁང་ཁྱིམ་སོགས་རྣམ་རྟོག་གི་སྣང་བ་ར་རི་འབྱུང་བ་དེ་རྨི་ལམ་གྱི་རྒྱུ་ཡིན་པས་ན་མིག་མི་འབྱེད་པར་དེ་རྨི་ལམ་ཡིན་སྙམ་པའི་འདུན་པ་བཏང་ལ་ཨ་དེའི་སྟེང་དུ་སེམས་བཟུང་ལ་བཞག་ཅིང་ངོས་ཟིན་པར་བྱས་པས་དཔེ་ཁབ་མིག་ཏུ་སྐུད་པ་ཚུད་པ་ལྟར་དབང་འབྱོར་ཞིང་ཟིན་པར་སླ་བ་ཡིན། དེ་ནས་ཇི་ཞིག་ན་གཉིད་འཐུག་པའི་སྐབས་ཀྱི་སྟོང་པའི་ཡེ་ཤེས་རྨི་ལམ་མེད་པར་གསལ་སྟོང་ནམ་མཁའ་ལྟ་བུ་ལྷག་གེར་འཆར་ན་དེའི་ཉམས་མ་ཤོར་བའི་ངང་ལས་ལྷ་སྐུ་སྒྱུ་མ་ལྟ་བུའི་སྐུར་ལྡང་ཞིང་འཛིན་མེད་སྤྲོས་བྲལ་གྱི་ངང་དུ་འཇོག་གོ །རྨིས་ན་རྨི་ལམ་དང་རྣམ་རྟོག་ཐམས་ཅད་སྙིང་ནང་གི་ཨ་ལ་བསྡུས་ཤིང་གོང་ལྟར་བསྒོམས་པས་འོད་གསལ་བའི་ཡེ་ཤེས་འཆར་རོ། །ཉིན་མོའང་རྨི་ལམ་གྱི་འདུན་ཤུགས་དང་སྣང་བ་ཞི་ཁྲོ་སོ་སོའི་སྐུ་སྤྲོ་སྒྱུར་བྱེད་པ་དང༌། རེས་འཁོར་བའི་ལས་སྣང་སྣ་ཚོགས་ལ་སྤེལ་བསྒྱུར་བྱ་བ་དང༌། དག་དང་མ་དག་པའི་ཞིང་རྣམས་སུ་འགྲོ་ཞིང་གནས་ལུགས་བརྟགས་པ་དང༌། མེ་ཆུ་གཡང་ས་གཅན་གཟན་སོགས་ཀྱིས་མཚོན་འཇིགས་སྐྲག་གི་སྣང་བ་དང་སྦྱར་ཏེ་འདུན་ཤུག་དྲག་པོས་ཐོག་བརྫིས་རྩལ་སྦྱངས་ནས། རྨི་ལམ་གྱི་རྟེན་དེས་ཉིན་མོ་ཇི་ལྟར་སྦྱངས་པའི་དོན་རྣམས་མཚན་མོ་གང་འདོད་ཀྱིས་སྤྲུལ་བསྒྱུར་བྱེད་ནུས་ཤིང༌། དེ་ཡང་ཐོག་མར་འོལ་སྤྱི་ཙམ་དང༌། དེ་ནས་ཇེ་བརྟན་ཇེ་གསལ་འགྱུར་བ་ཡིན་གསུངས། དེ་ཡང་གཉིད་དུ་སོང་ལ་ཉེ་འཁོར་གྱི་གཟུགས་མཐོང༌། སྒྲ་ཐོས། དྲི་ཚོར། རོ་མྱོང༌། རེག་བྱ་ཚོར། གཏམ་གྱི་དོན་རིག་ལ་རྟོག་པ་མི་སྐྱེད། གཉིད་དུ་མ་སོང་བ་ཡང་མ་ཡིན་ཏེ། དེ་ལས་སད་རྒྱུ་འབྱུང་བ་ཡིན། དེ་ལྟར་བརྩོན་པ་ཆེན་པོས་ཡང་ཡང་བཟུང་ཡང་མ་ཟིན་ན་འབྱམས་པ་བཞིས་གཅོད་ཚུལ། འཛིན་པའི་དུས་གནད། སྲབ་མཐུག་འོད་གསལ་གྱི་དབྱེ་སྒོ་སོགས་ཁྲིད་ཡིག་སྤྱི་དང་མཚུངས་པ་ཡིན་ནོ། །གསུམ་པ་ཐོ་རངས་ཡེ་ཤེས་རང་གསལ་གདབ་པ་ནི། ཐོ་རངས་ཀྱི་ཐུན་ལ་བབ་པ་ན། སེང་གེའི་འདུག་སྟངས་བཅས་ལ། སྙིང་ནང་གི་ཨ་དེ་གསལ་སྣང་འདོན་སྐྱོར་ཞིག་བྱས། མིག་བར་སྣང་ལ་གཏད་དེ་ཧ་ཞེས་གསུམ་བུས་པས་སྙིང་གི་པདྨ་ཁ་བྱེ་བའི་ནང་ནས་ཨ་དེ་ཚངས་བུག་ཏུ་རྒྱངས་ཀྱིས་ཐོན། གཞུ་གང་ཙམ་གྱི་ནམ་མཁའ་ལ་ལིང་ངེར་འདུག་པ་ལ་སེམས་གཏད་ཅིང་ཅུང་ཞིག་ཕྱིར་འཛིན་པ་ལ་བསླབ་པས། གང་ལ་ཡང་མི་རྟོག་པའི་ཏིང་ངེ་འཛིན་བཟང་པོ་སྐྱེ་བར་འགྱུར་རོ། །ཤེས་པ་ཡེངས་ཤིང་རྒོད་ན་ཨ་དེ་ཇེ་དམར་གྱུར་ཏེ་སྙིང་ནང་དུ་འདུག་པ་ལ་སེམས་གཏད། མིག་ཕྱེད་བཙུམ་གྱིས་ཅུང་ཟད་དམ་དམའ་བར་བལྟ་ཞིང་བསྒོམ། ཡང་བྱིང་ན་སྔར་ལྟར་བསྒོམས་པས་བྱིང་རྒོད་དང་བྲལ་བའི་ཡེ་ཤེས་རྣམ་པར་མི་རྟོག་པ་ཆུ་བོའི་རྒྱུན་བཞིན་འཆར་བ་ཡིན་ནོ། །དེ་ལྟར་མཚན་མོ་ཐུན་གསུམ་གྱི་རིམ་པས་ཉམས་སུ་བླངས་བས་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་བཟང་པོ་སྐྱེ་ཞིང་མངོན་པར་ཤེས་པ་ལ་སོགས་པ་མངོན་དུ་འགྲུབ། བྱ་རྩོལ་བྲལ་བ་ཀུན་བཟང་གི་ཀློང་དེར་མྱུར་དུ་གྲོལ་བར་འགྱུར་བ་ཡིན་ནོ། །དེ་ལྟར་བསྒོམ་པའི་གནས་ཀྱང་ཡིད་དང་མཐུན་པ། དགྲ་རྐུན་གྱི་འཚེ་བ་དང་འདུ་འཛི་མེད་པ། བླ་མ་དང་མཁའ་འགྲོ་གྲུབ་ཐོབ་ཀྱིས་བྱིན་གྱིས་བརླབས་པའི་གནས། གངས་རི་ནགས་ཁྲོད་བྲག་རི་ལ་སོགས་པ་རང་བཞིན་གྱིས་རིག་པ་དྭངས་ཤིང་ས་ཕྱོགས་མཐོ་བ་ཤར་གྱི་མདངས་འཕྲོག་ཅིང་ནུབ་ཀྱི་ཟེར་སྡུད་པ་རུ། དུས་བཞི། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ཡིན། །ཞེས་གསུངས་པ་ལྟར་དུས་དེར་བསིལ་དྲོད་སྙོམས་པ་དང་དབང་ཤེས་བྱིང་རྨུགས་ཀྱི་རྐྱེན་ཉུང་ཞིང༌། བྱེ་བྲག་འཆར་ནུབ་ཀྱི་ཟེར་གཉིས་ཡེ་ཤེས་འཆར་བའི་རྐྱེན་དུ་འགྱུར་བས་ངོ་སྤྲོད་ཀྱི་དུས་སུ་བཤད་པའི་ཕྱིར་དེ་དང་བསྟུན་པས་མཐུན་རྐྱེན་ཚོགས་པས་གདམས་ངག་གི་སྒྲོམ་དུ་གཞུག་པར་བྱའོ། །གསུམ་པ་ལམ་སྣང་བ་བཞིའི་འཆར་ཚུལ་ལ་བཞི། ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པའོ། །དང་པོ་ནི། དེ་ལྟར་རྩེ་གཅིག་ཉམས་བླངས་པས༔ རིག་གདངས་རྡོ་རྗེ་ལུ་གུ་རྒྱུད༔ མཆེད་ཅིང་ཅུང་ཟད་བརྟན་པ་ནི༔ ཆོས་ཉིད་མངོན་སུམ་སྣང་བའོ༔ ཞེས་པས། ཐབས་སྒོ་གསུམ་འཁྲུལ་འཁོར་གྱིས་གཅུན་པ་དང༌། གནད་ལྔས་རིག་པ་ཨར་ལ་གཏད་པའི་སྦྱོར་བས་ལྷུན་གྲུབ་ཀྱི་འོད་གསལ། ཐབས་བྱུང་སྣང་བ་བཞིའི་ཉམས་རིམ་པར་འཆར་ཏེ། ཐོག་མར་ཆོས་ཉིད་ཀ་དག་གི་གཞི་ལས། གཞི་སྣང་དུ་རོལ་པའི་རང་རྩལ་དབང་པོའི་མངོན་སུམ་དུ་སྣང་སྟེ། དེའང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད། ཐུགས་རྗེའི་རྟགས་རང་གསལ། ངོ་བོའི་རྟགས་མི་རྟོག་པའི་ཡེ་ཤེས། དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་མཉམ་ཉིད་གཞི་རྫོགས་སུ་གྱུར་པའོ། | |||
།གཉིས་པ་ཉམས་གོང་འཕེལ་ནི། དབྱིངས་རིག་སྨིན་མཚམས་ལས་འདས་ཏེ༔ གར་བལྟས་ཁྱབ་ཅིང་བཀྲག་བཅས་མཆེད༔ རིག་པ་འབྲིང་དུ་སྡོད་པ་ནི༔ ཉམས་སྣང་གོང་དུ་འཕེལ་བའོ༔ ཞེས་དབྱིངས་རིག་གི་སྣང་བ་སྨིན་མཚམས་དང་བྲལ་ཏེ་དབང་པོའི་མངོན་སུམ་དུ་གསལ་ཞིང༌། དབྱིངས་སྣང་འོད་ཀྱི་རང་བཞིན་དེའང་མ་ངེས་པའི་གཟུགས་དབྱིབས་དུ་མ་དང༌། བཀྲག་ལ་འཚེར་བའི་ཟེར་ཐག །ཐིག་ལེ་ཇེ་གསལ་ཇེ་འཕེལ་དུ་གྱུར་པའི་ནང་དུ་རྡོར་སེམས་ལ་སོགས་པ་ཕྱེད་སྐུའམ། སྐུ་རྐྱང་དུ་ཤར་ནས་འགུལ་འཕྲིག་མེད་པ་ནི་ཉམས་གོང་དུ་འཕེལ་བའོ། །གསུམ་པ་རིག་པ་ཚད་ཕེབས་ནི། ཁྱབ་པའི་དབྱིངས་ལ་ལུ་གུ་རྒྱུད༔ སྐུར་སྨིན་བརྟན་ཅིང་ཞི་དང་ཁྲོ༔ གྲངས་མེད་སྐུ་དང་ཡེ་ཤེས་འཕེལ༔ རིག་པ་ཚད་ལ་ཕེབས་པའོ༔ ཞེས་དབྱིངས་ཀྱི་སྣང་བ་རྒྱས་ཐེབས་པས་ས་ཆུ་མེ་རླུང་གི་འབྱུང་བ་རྡོས་བཅས་ཀྱི་སྣང་བ་རང་དག་སྟེ། འོད་གསལ་ཆེན་པོའི་སྣང་བ་འབྱམས་ཀླས་པའི་དབྱིངས། ཐིག་ལེ་རེ་རེའི་ནང་དུ་རིགས་ལྔ་ཡབ་ཡུམ་གྱི་ཚོམ་བུ་ལྔ་ཚན་ལྔ་ཡི་དཀྱིལ་འཁོར་ཚད་མེད་པ་འཆར་ཞིང་སྣང་སྲིད་ཐམས་ཅད་སྐུ་དང་ཞིང་ཁམས་ཀྱི་རང་བཞིན་དུ་ཡོངས་སུ་བརྡལ་བ་རིག་པ་སྐུར་སྨིན་པའི་ཚད་ལ་ཕེབས་པས་མ་བསྒོམས་ཀྱང་འགྱུར་བ་མེད་པ་དང༌། བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། ཆོས་ཅན་ཕྱི་འབྱུང་ནང་ཕུང་པོ༔ གསང་བ་རླུང་སེམས་དབྱིངས་སུ་ཟད༔ ཤེས་དང་ཤེས་བྱ་རོ་གཅིག་འཁྱིལ༔ དེ་ཉིད་ཆོས་ཉིད་ཟད་པར་བཤད༔ ཅེས་ཆོས་ཅན་ཕྱི་སྣང་བའི་འཕེལ་ཟད། ནང་སྒྱུ་ལུས་ཀྱི་འཕེལ་ཟད། གསང་བ་རྟོག་ཚོགས་ཀྱི་འཕེལ་ཟད་པས་འཁྲུལ་སྣང་གི་ཆོས་ཐམས་ཅད་རང་ཟད་དེ་སྣང་དང་མི་སྣང་དུ་འཛིན་པའི་བློ་ལས་འདས་ཤིང་ཀ་དག་གདོད་མའི་བཙན་ས་ཟིན་པའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། དེའང་ཐོག་མའི་སྤྱི་གཞི་ལས་འཕགས་པའི་ལྷུན་གྲུབ་ཀྱི་གཞི་སྣང་འགྱུར་བ་མེད་པའི་ཐིག་ལེ་ཆེན་པོར་སྐད་ཅིག་གཅིག་གིས་རྣམ་པར་གྲོལ་ནས། ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པ་མངོན་དུ་འགྱུར་རོ། །བཞི་པ་རྗེས་ཀྱི་རིམ་པ་ལ། མི་འགུལ་བ་གསུམ་ལ་གཞི་བཅས། སྡོད་པ་གསུམ་གྱིས་ཚད་བཟུང༌། ཐོབ་པ་གསུམ་གྱི་གཟེར་གདབ། གདེང་བཞིས་གྲོལ་ཚད་བསྟན་པའོ། །དང་པོ་ནི། དེ་དག་རྣམས་དང་རྗེས་འབྲེལ་དུ༔ བཞུགས་སྟངས་གཟིགས་སྟངས་ཕྱི་ནང་དབྱིངས༔ རིག་པ་མི་འགུལ་གཞིར་བཟུང་ནས༔ ཞེས་ཆོས་ཉིད་མངོན་སུམ་གྱི་དུས་སུ་རླུང་སེམས་གནད་ལ་ཕེབས་པའི་རྟགས་སུ་ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བ་དང༌། མིག་གཟིགས་སྟངས་ལས་མི་འགུལ་བས་ཕྱི་ནང་གི་དབྱིངས་སྣང་ལ་གཟིར། རིག་པ་འོད་གསལ་གྱི་སྣང་བ་མངོན་སུམ་དུ་སྣང་བ་ལས་མི་འགུལ་བའམ་མི་གཡོ་བར་བྱས་པས་ཉམས་ལེན་གྱི་གཞི་ཐེངས་པའོ། །གཉིས་པ་སྡོད་པ་གསུམ་གྱི་ཚད་བཟུང་བ་ནི། གོང་འཕེལ་དུས་སུ་ཕྱི་དབྱིངས་རིག༔ རླུང་སེམས་སྡོད་པས་ཚད་བཟུང་བྱ༔ ཞེས་ཉམས་གོང་འཕེལ་གྱི་དུས་སུ། དབྱིངས་རིག་བརྟན་པའི་ཚད་དུ་འབྱུང་སྟེ། ཕྱི་སྣང་བ་སྐྱོད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད། གསང་བ་རྟོག་པ་གཡོ་བྱེད་ཀྱི་རླུང་ཟད་པས་རྣམ་རྟོག་འགྱུ་མི་སྲིད་པར་སྡོད་པས་དྲོད་ཚད་གྱི་མཚམས་བྱེད་པའོ། །སྐབས་འདིར་ས་ལམ་གྱི་རྟགས་ཚད་རྨི་ལམ་གྱིས་བཟུང་བ་ལ་བརྩོན་འགྲུས་རབ་ཀྱིས་རྨི་ལམ་གཏན་ནས་འགགས། འབྲིང་གིས་རྨི་ལམ་རྨི་ལམ་དུ་ངོ་ཤེས། ཐ་མས་རྨི་ལམ་ངན་པ་མེད་པར་བཟང་པོ་ཤ་སྟག་ཏུ་འགྱུར་བ་ཡིན་ནོ། །རྟགས་སྒོ་གསུམ་ལ་འཆར་བ་ནི། ཆོས་ཉིད་མངོན་སུམ་གྱི་དུས་ན་བུམ་དབང་གིས་ལུས་སྨིན་པས་ཆོས་ཉིད་བྱ་རྩོལ་མེད་པའི་དོན་ཡན་ལག་ལ་ཞུགས་པས་རྩ་དལ་བའི་རྟེན་འབྲེལ་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟར་བཞུགས་སྟངས་གསུམ་གང་རུང་ལས་འབྲལ་མི་ཕོད། རྩ་ནང་དུ་རྣམ་ཤེས་ཚུད་པས་བརྗོད་གཞི་དག་པའི་གདངས་ངག་ལ་ཞུགས་ནས་ངག་ལྐུགས་པ་ལྟར་བརྗོད་སྙིང་མི་འདོད། སེམས་མཁའ་འགྲོ་རྙི་ལ་ཟིན་པ་ལྟར་འཛིན་མེད་རང་གྲོལ་གྱི་དོན། སེམས་ལ་ཞུགས་པས་རྟོག་པ་འཕྲོ་བ་ལྟར་སྣང་ཡང་གཞི་ལ་ཐིམ་པའོ། །ཉམས་གོང་འཕེལ་གྱི་དུས་ན། ལུས་སྐྱེས་བུ་ནད་ཀྱིས་གདུང་བ་ལྟར་རླུང་དབུ་མར་ཐིམ་པས་བཟང་ངན་མེད་པའི་དོན་ལུས་ལ་ཞུགས་པས་རྒྱན་དང་བྱི་དོར་མེད། གསང་དབང་གིས་ངག་དག་པས་རྫོགས་པ་ཆེན་པོ་དགག་སྒྲུབ་མེད་པའི་དོན་ངག་ལ་ཞུགས་པས་སྨྱོན་པ་ལྟར་ལྟོས་མེད་བྱུང་རྒྱལ་ཟང་ཐལ་རྗེས་མེད་དུ་སྨྲ། སེམས་དུག་ནད་ཀྱིས་ཟིན་པ་ལྟར་རྟོག་པའི་འཕྲོ་འདུ་ཆད་སྐྱེ་མེད་རང་གྲོལ་གྱི་དྲན་སེམས་འཁོར་བར་མི་འཇུག་པའོ། །རིག་པ་ཚད་ཕེབས་ཀྱི་དུས་ན། ལུས་གླང་པོ་ཆེ་འདམ་དུ་བྱིང་ན་རང་སྟོབས་ཀྱིས་དེ་ལས་བརྒལ་ནུས་པ་ལྟར་ཤེར་དབང་གི་ནུས་པ་རྩ་རླུང་ལ་ཐེབས་པས་འབྱུང་བ་ལྔ་ལ་ཐོགས་པ་མེད་པར་ཟང་ཐལ་བས་སྐད་ཅིག་གིས་རི་བྲག་ལ་ཐོགས་མེད་དུ་འགྲོ་བ། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་ཤེས་རབ་ཀྱི་དབང་དུ་སྙིང་རྗེ་འདུས་པའི་རྟེན་འབྲེལ་གྱིས་གཏམ་འཇམ་རྩུབ་གང་སྨྲས་ཀྱང་ཀུན་གྱི་རྣ་བར་སྙན་ཅིང་ཡིད་དུ་འོང་བས་གཞན་ལ་ཕན་ཐོགས། ཤེར་དབང་གིས་སེམས་སྙིང་ལ་མདས་ཟིན་པ་ལྟར་དྲན་བསམ་གྱི་འཕྲོ་འདུ་ཆད། ཡེ་གྲོལ་བསྐྱར་གཞི་མེད་པའི་དོན་རྟོགས་ཏེ་ཕྱིན་ཆད་འཁོར་བར་མི་འཇུག་པར་ཐག་ཆོད་པའོ། །ཆོས་ཉིད་ཟད་པའི་དུས་ན། རྫོགས་པ་ཆེན་པོ་སྐྱེ་མཆེད་ལས་འདས་པའི་དོན་གྱིས་རྡོས་པ་དག་པའི་ལུས་དུར་ཁྲོད་ཀྱི་མི་རོ་ལྟར་གཤེད་མ་བརྒྱས་བསྐོར་ཀྱང་བག་ཚ་བ་དང་དགག་སྒྲུབ་ཀྱི་འཁྲུལ་པ་མེད་པའོ། །ངག་བྲག་ཆ་ལྟར་བརྗོད་པ་སྟོང་པའི་སྒྲ་གཞན་གྱི་རྗེས་སུ་ཟློ་བ་ལས་སྨྲ་མི་ཤེས། སེམས་རིམས་ནད་ཀྱིས་བྱང་བའི་སྐྱེས་བུ་ལྟར་དྲན་བསམ་དབྱིངས་སུ་དག་ནས་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པའི་རིག་པ་གདོད་མའི་ས་ལ་རང་གསལ་དུ་དག་པས་སངས་རྒྱས་ཀྱི་ཡེ་ཤེས་ལ་དབང་འབྱོར་པའོ། །གསུམ་པ་ཐོབ་པ་གསུམ་གྱི་གཟེར་གདབ་པ་ནི། ཚད་ལ་ཕེབས་ནས་སྐྱེ་དང་འཇུག༔ རླུང་སེམས་དབང་ཐོབ་རྩལ་རྫོགས་པས༔ ཞེས་པ། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ནང་ཕུང་པོ་ལ་དབང་ཐོབ་པས་སྒྱུ་ལུས་འོད་གསལ་དུ་གྲོལ། གསང་བ་དབྱིངས་རིག་ལ་དབང་ཐོབ་པས་འཁྲུལ་སྣང་འགག་པའོ། །བཞི་པ་གདེང་བཞི་ནི། འཁོར་འདས་རེ་དོགས་མཐའ་གྲོལ་ནས༔ གཞོན་ནུ་བུམ་པ་སྐུ་ཡི་དབྱིངས༔ ལྷག་བཅས་ལྷག་མ་མེད་པ་ཡི༔ ཡང་དག་མངོན་སངས་རྒྱས་པ་འཐོབ༔ ཀུན་ཏུ་ཁྱབ་ཅིང་འཕོ་མེད་རྟག༔ ལྷུན་གྲུབ་ཕྲིན་ལས་དབང་འབྱོར་བ༔ མཐར་ཐུག་ཤིན་ཏུ་རྣམ་དག་པའི༔ ཟུང་འཇུག་ཆེན་པོའི་གོ་འཕང་འགྲུབ༔ ཚེ་གཅིག་གྲོལ་བའི་ལམ་མཆོག་གོ༔ ཞེས་ཡར་གྱི་གདེང་གཉིས་ནི། མྱང་འདས་ཀྱི་ཡོན་ཏན་ཐོས་ཀྱང་ཐོབ་ཏུ་རེ་བ་དང༌། མ་ཐོབ་ཀྱང་དོགས་པ་མེད་དེ་རང་རིག་ལས་གཞན་པའི་སངས་རྒྱས་མེད་པར་རྟོགས་པའི་ཕྱིར་རོ། | |||
།མར་གྱི་གདེང་གཉིས་ནི། འཁོར་བའི་སྡུག་བསྔལ་ཐོས་ཀྱང་མི་ལྷུང་བའི་རེ་བ་དང༌། དེར་ལྷུང་གི་དོགས་པ་མེད་དེ་རང་རིག་ཡེ་ནས་འཁྲུལ་པ་མེད་པར་ཤེས་པས་འཁོར་བར་འཁྱམས་མཁན་མ་གྲུབ་པར་ཐག་ཆོད་པའི་ཕྱིར་རོ། །དེའང་ཀ་དག་ཁྲེགས་ཆོད་དུ་གྲོལ་བ་ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས། ལྷུན་གྲུབ་ཐོད་རྒལ་དུ་གྲོལ་བ་མེ་ཕུང་དང་རིག་འཛིན་གྱི་འཆི་ལུགས་དང༌། ཡང་དག་པར་རྫོགས་པར་སངས་རྒྱས་པ་ཕུང་པོ་ལྷག་མེད་པར་སངས་རྒྱས་པ་དང༌། མངོན་པར་རྫོགས་པར་སངས་རྒྱས་པ་ནི། འོད་དང༌། སྒྲ་དང༌། གདུང་དང༌། སྐུ་དང་ས་གཡོ་བ་ལ་སོགས་པ་འབྱུང་བར་གསུངས་ཤིང་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་སངས་རྒྱས་ནས་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་ཀྱིས་དངོས་དང་བརྒྱུད་ནས་སེམས་ཅན་གྱི་དོན་ནམ་མཁའ་ཇི་སྲིད་དུ་མཛད་པའོ། །དེ་དག་གིས་དབང་པོ་རབ་ཚེ་འདིར་གྲོལ་བའི་ལམ་མོ། །གཉིས་པ་དབང་པོ་འབྲིང་བར་དོར་གྲོལ་བའི་ལམ་ལ་གསུམ། རབ་འཆི་ཁ་བར་དོ་སྒེག་མོ་མེ་ལོང་ལ་བལྟ་བ་ལྟ་བུའི་གདམས་ངག །འབྲིང་ཆོས་ཉིད་བར་དོ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག །སྲིད་པ་བར་དོ་ཡུར་བ་རྐང་ཆད་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་གསུམ་ལས། དང་པོ་ནི། གལ་ཏེ་ཚེ་འདིར་མ་གྲུབ་ན༔ འཆི་ཁར་འོད་གསལ་སྦུབས་སུ་འཇུག༔ ལུས་གནད་དྲང་སྲོང་ཙོག་པུའམ༔ སེང་གེའི་ཉལ་སྟབས་གང་རུང་གིས༔ འདིར་སྣང་ཞེན་འཁྲིས་རྦད་ཀྱིས་བཅད༔ ནང་གི་ནམ་མཁའ་རིག་སྟོང་གཤིས༔ བར་དུ་འོད་རྩ་རྒྱང་ཞགས་ཀྱི༔ སྒྲོན་མས་མཚམས་སྦྱར་ཕྱི་ཡི་དབྱིངས༔ ནམ་མཁའ་དྭངས་པར་ལྟ་སྟངས་གཏད༔ དེ་ལྟའི་རིག་པ་རྗེན་པའི་ངང་༔ རྟོག་པས་མ་བསླད་འཕོས་གྱུར་ན༔ འོད་གསལ་མ་བུ་དབྱེར་མེད་པའི༔ འཆི་བ་ཆོས་སྐུར་གྲོལ་བར་འགྱུར༔ དེ་ཡང་ད་ལྟར་གོམས་པ་གཅེས༔ ཞེས་བརྩོན་འགྲུས་དང་སྐལ་བ་དམན་པས་སྐྱེ་གནས་རང་བཞིན་གྱི་བར་དོའི་གདམས་ངག་ཐི་བྱ་ཚང་ལ་འཇུག་པ་ལྟ་བུས་ཚེ་འདི་ཡི་དུས་གདོད་མའི་ས་ལ་གདོས་བཅས་ཟད་པའི་གྲོལ་བ་མ་ཐོབ་ན། དབང་པོ་རབ་འཆི་ཁའི་བར་དོར་སླེབ་པའི་ཚེ་ཚེ་འདིའི་སྣང་བ་གང་ལའང་སེམས་འཕྲེང་བ་མེད་པར་མཆོད་སྦྱིན་དུ་བཏང༌། བར་དོ་ལམ་ཁྱེར་གྱི་གདམས་ངག་ལ་བརྟེན་ནས་འཆི་བ་ཆོས་སྐུའི་ལམ་ཁྱེར་གྱིས་གྲོལ་བ་མངོན་དུ་བྱ་སྙམ་པའི་དྲོད་ཚད་ཀྱིས་ཤེས་པ་སྤྲོ་སིང་ངེ་བྱས་ལ། དྲང་སྲོང་ཙོག་པུའམ། སེང་གེའི་ཉལ་སྟངས་གང་རུང་བྱས་ལ་གསང་བའི་དབྱིངས་ནང་གི་ནམ་མཁའ་སེམས་ཉིད་སྟོང་ཆེན་རིག་པའི་སྙིང་པོ་ཅན་སྔར་ནས་ངོ་འཕྲོད་པའི་ལྟ་བས་ཕྱི་དབྱིངས་མཚོན་བྱེད་བར་སྣང་སྟོང་སང་ངེ་བ་འདིའམ། རྒྱན་གྱི་ནམ་མཁའ་གཡའ་བྲལ་གཉིས། ནང་དབྱིངས་རྩ་ཀ་ཏི་ཤེལ་སྦུག་ཅན་གྱིས་མཚམས་སྦྱར་ཏེ་དེ་གསུམ་ཆོས་རྣམས་ཀྱི་ཆོས་ཉིད་ཀ་དག་ཀློང་ཡངས་ཆེན་པོ་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པའི་ཆོས་ཉིད་དང་ཡེ་ནས་རོ་གཅིག་ཡིན་པའི་གནད་ངོ་ཤེས་པའི་སྟེང་ནམ་མཁའ་སུམ་ཕྲུག་གི་བསྒོམས་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་འཚོ་བའི་འདུ་བྱེད་བཏང་བས་བར་དོ་མེད་པར་སྐད་ཅིག་ལ་གྲོལ་བ་སྟེ་ད་ལྟའང་ནམ་མཁའ་དྭངས་པའི་ཚེ་རིག་པ་དབྱིངས་སུ་གཏད་དེ། བདག་ངེས་པར་འཆི་བའི་དུས་ལ་བབ་པ་ཡིན་པས་སྤྲོས་པ་མེད་པའི་ཀློང་དུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་དབུགས་ཕྱིར་འཕང་བའི་ཕྱི་ལ་ཤེས་པ་གཏད་མེད་དུ་འཇོག་པ་ཤིན་ཏུ་མྱུར་བའི་ལམ་ཡིན་པས་གོམས་པ་གཅེས་སོ། | |||
།གཉིས་པ་རྣམ་ཤེས་རླུང་ཞོན་གྱི་གདམས་པ་ནི། དེ་འདྲ་ཀློང་དུ་མ་གྱུར་ན༔ རྣམ་ཤེས་རླུང་ཞོན་གདམས་པ་ནི༔ ལུས་གནད་བཅོས་ཏེ་སྟོང་ར་གསལ༔ དབུ་མའི་ཡར་སྣེ་ཚངས་བུག་ཧར༔ མར་སྣ་ལྟེ་འོག་སོར་བཞིར་ཟླུམ༔ སྙིང་གར་ཚིགས་ཀྱིས་བཀག་པའི་སྟེང་༔ རླུང་སེམས་དབྱེར་མེད་ངོ་བོ་ཨ༔ དཀར་གསལ་དེ་ལས་རིམ་བཞིན་མཆེད༔ ཚངས་བུག་བར་དུ་ཉེར་གཅིག་བསམ༔ སྤྱི་བོར་བླ་མ་ཀུན་ཏུ་བཟང་༔ རྡོ་རྗེ་འཆང་གི་རྣམ་པ་ལ༔ རྩ་གསུམ་རྒྱ་མཚོས་བསྐོར་བར་བསྒོམ༔ མོས་གུས་དྲག་པོས་གསོལ་བ་གདབ༔ ཨེ་མ་ཧོཿ མཁའ་ཁྱབ་རྩ་གསུམ་ཞི་ཁྲོ་རབ་འབྱམས་དང་༔ དབྱེར་མེད་ཁྱབ་བདག་དཔལ་ལྡན་བླ་མ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས༔ རྣམ་ཤེས་དྭངས་མ་དབུ་མའི་ལམ་ནས་དྲོངས༔ ཐུགས་ཡིད་གཅིག་འདྲེས་དགོངས་པས་བྱིན་གྱིས་རློབས༔ སྒྲིབ་གཉིས་གཟུང་འཛིན་འཆིང་བ་དབྱིངས་སུ་ཞི༔ ཟབ་ལམ་འཕོ་བས་མཁའ་སྤྱོད་བགྲོད་པ་དང་༔ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས༔ ཧིཀ་ཅེས་ཉེར་གཅིག་བརྗོད་པ་དང་༔ རླུང་གནད་འོག་རླུང་དྲག་ཏུ་དྲངས༔ སྟེང་རླུང་སྟེང་དུ་འཕུལ་ཞིང་འཕངས༔ དམིགས་གནད་ཨ་རྣམས་གཅིག་ལ་གཅིག༔ ཐིམ་སྟེ་ཐ་མར་རྒྱངས་ཏེ་འཕོས༔ བླ་མའི་ཐུགས་ཀར་ཐིམ་པར་བསམ༔ སླར་ཡང་ཀ་ཞེས་མར་ཕབ་པས༔ སྔར་བཞིན་སྙིང་གར་འཁོད་པར་མོས༔ དེ་ལྟར་ཡང་དང་ཡང་དུ་བསྐྱར༔ མཐར་ནི་བླ་མ་འཁོར་དང་བཅས༔ འཆི་མེད་བདུད་རྩིའི་རྣམ་པར་ཞུ༔ སྙིང་གའི་ཨ་ལ་སིབ་ཀྱིས་ཐིམ༔ ཚངས་བུག་འོད་ཟེར་དྲྭ་བས་བཀག༔ རྡོ་རྗེའི་སྲོག་རྩ་འགྲུབ་པར་བསམ༔ སྤྱི་བོ་ཟ་ཞིང་སྐྲངས་པ་དང་༔ ཆུ་སེར་འཛག་སོགས་རྟགས་བྱུང་ན༔ དམིགས་པ་མ་བརྗེད་རྟག་ཏུ་བསྐྱང་༔ ནམ་ཞིག་དུས་ལ་བབ་པའི་ཚེ༔ རླུང་སེམས་བླ་མའི་ཐུགས་ཀར་འཕོ༔ བླ་མ་འོག་མིན་གཤེགས་པར་བསམ༔ བྱ་རྩོལ་སྤྲོ་བསྡུ་མེད་པར་བཞག༔ ངེས་པར་མཁའ་སྤྱོད་ལ་སོགས་ཀྱི༔ གོ་འཕང་མཆོག་ཏུ་དབུགས་འབྱིན་འགྱུར༔ ཞེས་འོད་གསལ་སྦུབས་འཇུག་གི་འོད་གསལ་མ་བུ་འདྲེས་པས་གྲོལ་བའི་གདེང་མ་ཐོབ་ན་རྣམ་ཤེས་རླུང་ཞོན་གྱི་གདམས་པ་ཉམས་སུ་ལེན་ཚུལ་ནི་བཅའ་བ་ལུས་ཀྱི་གནད་རྣམ་སྣང་ཆོས་བདུན་ནམ། སྐྱིལ་ཀྲུང་དྲང་པོར་གནས་པས་དམིགས་པའི་གནད་ཕྱི་ལུས་ཀྱི་སྟོང་ར་རྡོ་རྗེ་ཕག་མོ་དམར་མོ་གཅེར་བུ་གྲི་གུག་དང་ཐོད་ཁྲག་མཆན་དུ་རྡོ་རྗེའི་ཁ་ཊྭཱྃ་འཆང་བ་ཞབས་བརྐྱང་བསྐུམ་པད་ཉི་བམ་རོའི་སྟེང་བཞེངས་པའི་སྐུ་དབུས་དྲང་པོར་རྩ་དབུ་མ་མཚན་ཉིད་བཞི་ལྡན་གྱི་ཡར་སྣེ་ཚངས་བུག་ཏུ་རྒྱ་མཐོངས་ཁ་ཕྱེས་པ་ལྟར་ཧ་རེར་ཟུག་པ། མར་སྣེ་ལྟེ་འོག་སོར་བཞིའི་མཚམས་སུ་ཕུག་རྡུག་ཏུ་ཡོད་པའི་སྙིང་གའི་ཐད་དུ་ཚིགས་ཀྱིས་བཀག་པའི་སྟེང་དུ་རླུང་སེམས་གཉིས་སུ་མེད་པའི་ངོ་བོ་ཡི་གེ་ཨ་དཀར་གསལ་ཟླ་བ་ལྟ་བུར་གསལ། གཞི་གནས་ཀྱི་ཨ་དེ་ལས་སྙིང་ག་ནས་ཚངས་བུག་བར་ཨ་ཉེར་གཅིག་མཆེད་པར་བསམ། རང་གི་སྤྱི་བོར་རྩ་བའི་བླ་མ་པདྨ་ཀུན་ཏུ་འཆང་རྡོ་རྗེ་འཆང་ལྟར་ལོངས་སྤྱོད་རྫོགས་སྐུའི་རྣམ་པ་སྐུ་མདོག་མཐིང་གསལ། ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་ཐབས་སུ་འཛིན་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་འཁོར་དུ་རྩ་གསུམ་རྒྱ་མཚོས་བསྐོར་བར་གསལ་བ་ལ་མོས་གུས་གདུང་ཤུགས་དྲག་པོས། ཨེ་མ་ཧོཿ མཁའ་ཁྱབ་རྩ་གསུམ་སོགས་ཀྱིས་གསོལ་བ་ལན་གསུམ་དུ་བཏབ་ལ། ཧིཀ་རེ་བརྗོད་པ་དང༌། རླུང་གི་གནད་འོག་རླུང་དྲག་ཏུ་བསྐུམ་ཞིང་སྟེང་རླུང་སྟོད་དུ་འཕངས་པ་དང་ཆབས་ཅིག །དམིགས་པའི་གནད་སྙིང་ག་ནས་སྤྱི་བོའི་བར་གྱི་ཨ་རྣམས་ཁོག་ནས་ཡར་གཅིག་ལ་གཅིག་ཐིམ་སྟེ་མཐར་སྤྱི་བོའི་ཨ་གཅྀག་ཉིད་སྐར་མདའ་ཡར་བ་བཞིན་རྒྱངས་ཀྱིས་འཕོས་ཏེ་བླ་མ་རྡོ་རྗེ་འཆང་གི་ཐུགས་ཀར་སིབ་ཀྱིས་ཐིམ་པས་ཐུགས་ཡིད་དབྱེར་མེད་དུ་འདྲེས་པར་བསམ། སླར་ཡང་ཀ་ཞེས་བརྗོད་པས་མར་བབ་སྟེ་སྙིང་གར་སྔར་བཞིན་གནས་པ་སླར་ཧིཀ་གིས་སྤར་བ་ལན་ཉེར་གཅིག་བརྗོད་དེ་བསྐྱར་བས་མགོ་བོ་ལྗི་ཡོར་གྱིས་ན་བ་དང༌། ཚངས་བུག་ཟ་བ་དང་ཆུ་སེར་གྱི་ཟིལ་པ་བརྡོལ་བ་སོགས་རྟགས་མ་ཐོན་བར་ཡང་ཡང་བསྐྱར་ཏེ་སྦྱངས། ཐུན་གྱི་མཐར་སྤྱི་བོའི་བླ་མ་འཁོར་དང་བཅས་པ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་ཞུ་སྟེ་སྙིང་གའི་ཨ་ལ་སིབ་ཀྱིས་ཐིམ། སྤྱི་བོའི་ཚངས་བུག་འོད་ཟེར་གྱི་དྲྭ་བས་ཐེམ་བུ་བཞིན་བཀག་སྟེ་སྐྱེ་འཆི་མེད་པ་རྡོ་རྗེའི་སྲོག་ཐོབ་པར་བསམ་ལ་ཚེ་ལྷ་རྣམ་གསུམ་གྱི་སྙིང་པོ་བརྒྱ་རྩ་སོགས་བཟླ་ཞིང་བསྔོ་སྨོན་བྱ། རྟགས་ཐོན་ནས་ཉིན་རེ་བཞིན་དམིགས་པ་ལན་རེ་མ་ཆད་པར་བསྐྱར། ནམ་ཞིག་བཟློག་ཏུ་མེད་པའི་འཆི་བ་ཐོག་ཏུ་བབ་ཚེ་སྐྱོ་སུན་མེད་པར་འདིར་སྣང་གི་འཁྲི་བ་རྦད་ཀྱིས་བཅད། འཕོ་བའི་དམིགས་པ་དང་རླུང་གནད་སྔར་བཞིན་གསལ་བས་སྙིང་གའི་ཨ་ཡིག་བླ་མའི་ཐུགས་ཀར་རྒྱངས་ཀྱིས་འཕོ། ཀ་ཞེས་མར་མི་དབབ། མཐར་བླ་མ་འོག་མིན་དུར་ཁྲོད་མེ་རི་འབར་བར་སྟོན་པ་གཞོན་ནུ་དཔའ་བོའི་ཐུགས་ཀར་གཉིས་སུ་མེད་པར་གཤེགས་པར་བསམ་ལ་ཆོས་ཉིད་ཀྱི་རང་ངོ་བསྐྱངས་ཏེ་མཉམ་པར་བཞག་པས་མཁའ་སྤྱོད་དང་རང་བཞིན་སྤྲུལ་པའི་ཞིང་ཁམས་སུ་འཕོ་སྟེ་ལམ་གྱི་འཕྲཽ་མཐུད་པར་འགྱུར་བ་ནི་ངེས་པའོ། | |||
།གསུམ་པ་ངོ་སྤྲོད་ཀྱི་གདམས་ངག་དངོས་ནི། འདའ་ཀའི་རྣལ་འབྱོར་མ་ཐེབས་ན༔ རགས་པ་ཐིམ་དང་ཕྲ་བ་ཐིམ༔ ཐིམ་པའི་རྗེས་སུ་འོད་གསལ་འཆར༔ རྣམ་གྲོལ་ཆོས་སྐུ་རོ་གཅིག་འགྱུར༔ ཞེས་གདམས་ངག་སྔ་མ་གཉིས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའི་འཕོ་ལུགས་ཀྱི་གྲོལ་བའི་གདེང་མ་ཐོབ་ན་ཉི་ཟླ་ཁ་སྦྱོར་ལས། ས་ནི་ས་ལ་ཐིམ་པ་ཡིས། །ལུས་ནི་ལྕི་ཞིང་ཟས་མི་ལེན། །ལངས་དང་འགྲོ་བའི་སྟོབས་ཀུན་ཟད། །ཆུ་ནི་ཆུ་ལ་ཐིམ་པའི་ཚེ། །ཁ་ཆུ་སྣ་ཆུ་འཛག་པར་བྱེད། །དེ་བཞིན་མེ་ལ་མེ་ཐིམ་པས། །ཁ་སྣ་དག་ནི་རབ་ཏུ་སྐམ། །ལུས་ཀྱི་དྲོད་ཀྱང་མཐའ་ནས་འཆོར། །དེ་བཞིན་རླུང་ལ་རླུང་ཐིམ་པས། །དབུགས་ནི་ངར་ངར་ཡན་ལག་གཡོབ། མིག་ཀྱང་གྱེན་ལ་བཟློག་པར་འགྱུར། །རྟགས་ནི་སུ་ལ་བྱུང་བ་དེ། །ངེས་པར་ཕ་རོལ་འགྲོ་བས་ན། །དེ་ཚེ་བླ་མའི་གདམས་ངག་རྣམས། །རང་གི་རྒྱུད་ལ་དྲིལ་བར་བྱ། །ཞེས་གསུངས་པ་ལྟར་རགས་པའི་ཐིམ་རིམ་ཁྱབ་བྱ་འབྱུང་བ་ལྔ་དང༌། ཁྱབ་བྱེད་ཡེ་ཤེས་ཀྱི་ཁམས་རྒྱབ་གྱེས་ཏེ་དུ་བ། སྨིག་རྒྱུ། མེ་ཁྱེར། མར་མེའི་སྣང་བ་དང༌། ཕྲ་བའི་ཐིམ་རིམ་སྣང་མཆེད་ཐོབ་གསུམ་རིམ་གྱིས་ཤར་ནས་ནམ་མཁའ་དབྱིངས་རིག་ལ་ཐིམ་པའི་ཚེ་སྲོག་ལྔ་སྙིང་དབུས་རིག་པའི་སྦུབས་སུ་འཇུག་པར་བྱས་པས་རིག་པ་ཉིད་གཞི་ལས་ལྡོག་སྟེ་ཀ་དག་གི་ས་ལ་ཕྱིན་པས་བེམ་རིག་བྲལ་བ་དང་འཚང་རྒྱ་བ་དུས་མཉམ་པ་ཚེས་བཅོ་ལྔའི་ཉི་མ་ནུབ་པ་དང་ཟླ་བ་ཤར་བ་དུས་མཉམ་པ་བཞིན་ནོ། | |||
།གཉིས་པ་ཆོས་ཉིད་བར་དོ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་པ་ནི། དེ་ལ་བརྟན་པར་མ་གྱུར་ན༔ ལུགས་འབྱུང་སྒྲ་འོད་ཟེར་གསུམ་སོགས༔ ཆོས་ཉིད་གདངས་ཀྱི་བར་དོ་ཤར༔ ཐམས་ཅད་རང་གི་རིག་རྩལ་དུ༔ ངོ་ཤེས་ཐག་ཆོད་བརྟན་པ་ཐོབ༔ དབྱིངས་རིག་དབྱེར་མེད་ཐིག་ལེར་འཁྱིལ༔ ཞེས་འཆི་ཁར་ཀ་དག་གི་གྲོལ་སར་མ་སྙོགས་ནས་གཞི་ལས་འཕགས་པའི་ཆོས་ཉིད་དུ་སྣང་བའི་བར་དོ་རྣམ་ཤེས་ནམ་མཁར་ཐིམ་པའི་ཚེ། རིག་པ་འོད་རྩ་ལ་ཞུགས་ནས་མིག་ཏུ་གནས་སྐབས་སྐད་ཅིག་དང་པོར་ཀ་དག་གི་སྣང་བ་སྟོན་ཀའི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་འོད་གསལ་མཐའ་དབུས་མེད་པར་འཆར། ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེ་དུས་མ་འགྱུར་བར་སྣང་བ་འགྱུར་ནས་འོད་ལྔའི་སྣང་བ་དང་སྒྲ་འོད་ཟེར་གསུམ་གྱི་སྣང་བ་ནམ་མཁའ་ཁྱབ་པར་འཆར། དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པས་རིགས་ལྔའི་ཚོམ་བུ་རྣམས་བསམ་གཏན་གྱི་ཞག་ལྔར་རིམ་གྱིས་འཆར། དེ་ནས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པས་ཡེ་ཤེས་བཞི་སྦྱོར་གྱི་སྣམ་བུ་དང་ཐིག་ལེ་རྣམས་འཆར་རོ། །དེ་ནས་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པའི་དུས་སུ་ཡར་ཀ་དག་ཆོས་སྐུ་དང༌། ཐད་ཀར་ལོངས་སྐུ་རིགས་ལྔ། མར་འགྲོ་འདུལ་སྤྲུལ་སྐུ་ལ་སོགས་པའི་ཞིང་ཁམས་རྣམས་འཆར་ཞིང༌། དེའི་ཚེ་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་རང་སྣང་ཡེ་ཤེས་ཀྱི་རོལ་པར་ཐག་བཅད་དེ། དེའང་ཐིམ་ལུགས་ལྔ་པོ་མཐར་ཆགས་སུ་བགྲོད་པའི་ངེས་པ་མེད་དེ། གང་ཟག་གི་དབང་པོའི་རིམ་པས་རབ་ཉི་ཟླ་ཁ་སྦྱོར་ལྟར་ལུས་བོར་བ་དང་འོད་གསལ་འཆར་བ་དུས་མཉམ་དུ་གྲོལ། འབྲིང་ཟུང་འཇུག་དང་ཡེ་ཤེས་ཀྱི་སྣང་བ་གང་རུང་དུ་གྲོལ། ཐ་མ་ལྷུན་གྲུབ་ཀྱི་སྣང་བར་གྲོལ་ཞིང༌། སྣང་བའི་འཆར་ཚུལ་ཡང་གང་དུ་གྲོལ་བ་ཡན་ཆད་དུ་འཆར། དེ་མན་ཆད་དབྱིངས་སུ་ཐིམ་པས་མི་འཆར་ལ། དེ་དག་གང་དང་གང་དུ་གྲོལ་ཀྱང་སྐད་ཅིག་དང་པོར་རང་སྣང་དུ་ངོ་ཤེས། གཉིས་པ་ཤེས་ཐོག་ཏུ་གནས། གསུམ་པར་གནས་ཐོག་ཏུ་གྲོལ། བཞི་པ་གྲོལ་ཐོག་ནས་སེམས་ཅན་གྱི་ཞིང་ཁམས་རྣམས་སུ་སྤྲུལ་པ་བཀྱེ། ལྔ་པར་ནང་གསལ་བུམ་སྐུར་བཞུགས་ཤིང་སྐད་ཅིག་དེ་དག་ཀྱང་ཕལ་ཆེར་བྱ་རྫོགས་ཀྱི་སྐད་ཅིག་ཡིན་ཀྱང་མཐའ་གཅིག་ཏུ་མ་ངེས་ཏེ། བསམ་གཏན་གྱི་ཞག་ནི་སྔོན་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་ཕྱི་མའི་ཀུན་རྟོག་མ་སྐྱེས་པའི་བར་གྱི་གོམས་ཆ་ཡིན་ལ། དེ་རྣམས་ཀྱང་འདིར་ནི་རགས་བསྡུས་ཙམ་དུ་བསྟན་པ་ཡིན་ནོ། །གསུམ་པ་སྲིད་པ་བར་དོ་ལམ་གྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་ལ་ཝ་འཛུགས་པ་ལྟ་བུ་ནི། དེར་ཡང་གཉིས་འཛིན་གཞན་དབང་གིས༔ གོ་འཕང་མངོན་དུ་མ་གྱུར་ན༔ དབང་པོ་ཐ་མའི་གང་ཟག་སྟེ༔ སྲིད་པ་བར་དོའི་སྣང་ཆ་ནི༔ རླུང་སེམས་ཙམ་ལས་གྲུབ་པའི་ལུས༔ རྨི་ལམ་ལྟ་བུར་ཤར་བའི་ཚེ༔ བླ་མར་མོས་གུས་དྲག་པོ་ཡིས༔ དེ་ཡི་གདམས་ངག་རྗེས་དྲན་ནས༔ གང་གོམས་དེ་ལ་མཉམ་བཞག་པས༔ འཁྲུལ་སྣང་གྲོལ་ནས་ལམ་མཆོག་སྦྱོར༔ ཞེས་ངོ་སྤྲོད་ཀྱི་གནད་ཐོབ་ཀྱང་བསྒོམ་པ་འཕྲོ་ཅན་དུ་ལུས་ཏེ་སྐྱེ་བ་བརྒྱུད་ནས་གྲོལ་བ་དང༌། གོམས་ཀྱང་ལྷུན་གྲུབ་ཀྱི་སྣང་བ་ཤར་ཚེ་ཏིང་ངེ་འཛིན་གྱི་རྩལ་ཞན་ཏེ་སྔ་ཕྱིའི་འོད་གསལ་གཉིས་ཤར་ནུབ་དུས་མཉམ་པས་རང་སྣང་ངོས་མ་ཟིན་པར་སྣང་བ་རང་ཡལ་སོང་སྟེ་རྣམ་ཤེས་ལུས་རྒྱ་དང་བྲལ་སྟོབས་ཀྱིས་འབྱུང་བཞི་ཕྲ་བའི་ལས་རླུང་ལུགས་ལྡོག་ཏུ་ལངས་ཏེ། བར་དོའི་ཡིད་ལུས་གྲུབ་ནས་སྣང་བ་ཐམས་ཅད་བན་བུན། ཟ་ཟི་ཆད་ཆོད། བྱ་སྤུ་རླུང་གིས་བསྐྱོད་པ་ལྟར་སྣ་ཚོགས་འཆར་ཞིང༌། འབྱུང་བཞིའི་དངོས་པོ་གང་ལའང་ཐོགས་མེད་དུ་འཇུག་ནུས་ཤིང་ལས་ཀྱི་རྫུ་འཕྲུལ་གྱི་མཐུ་དང་ལྡན་པ། སྔར་མེད་ཀྱི་མངོན་ཤེས་ཕྲ་མོ་འཆར་ཞིང་དབང་པོ་རྣོ་ལ་དྲན་པ་གསལ་བ་རིགས་མཐུན་གྱི་འགྲོ་བ་གཞན་ལྷ་མིག་དག་པས་མཐོང་བ། སྔར་གོམས་བག་ཆགས་ཀྱིས་ཉེ་དུ་འབྲེལ་ཡོད་སོགས་ཀྱི་ཕྱོགས་སུ་ཕྱིན་ཏེ་གཏམ་སྨྲས་ཀྱང་དེ་རྣམས་ཀྱིས་མ་མཐོང་ཞིང་མ་ཐོས་པས་ལན་མེད་པ་ན་རང་ཉིད་ཤི་བ་ཤེས་ཏེ། སྔར་གྱི་གདམས་པ་རྣམས་དྲན་པས་བར་དོའི་འཁྲུལ་སྣང་དང་འཇིགས་སྐྲག་ཐམས་ཅད་རང་ངོ་ཤེས་ནས། དེ་ཡང་དབང་པོའི་རིམ་པས་བློ་རབ་རྣམས་བླ་མའི་མོས་གུས་ཀྱི་ལམ་ཁྱེར་དང༌། གཟུང་འཛིན་གཉིས་བསྡུས་ཀྱི་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་རྟོགས་པས་གྲོལ་བ་དང༌། བློ་འབྲིང་རྣམས་ཡི་དམ་གྱི་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་ལ་བརྟེན་ནས་གྲོལ་བ་དང༌། ཐ་མས་དག་པའི་ཞིང་ཡིད་ལ་བསམ་ནས། མདུན་མཁར་ཆོས་འབྱུང་དམར་པོ་གདེངས་ཀ་གྱེན་བསྟན་གྱི་དབུས་སུ་རང་སེམས་ཨ་ཡིག་དཀར་པོའི་རྣམ་པར་གསལ་བཏབ་ཅིང་སྨོན་ལམ་གྱིས་མཚམས་སྦྱར་ཏེ་ཆོས་འབྱུང་ནམ་མཁར་མདའ་འཕང་བ་ལྟར་དག་ཞིང་དུ་སོང་བར་བསམས་ཏེ་སེམས་སྤྲོས་བྲལ་གྱི་ངང་དུ་བཞག་པས་གྲོལ་ལོ། །གསུམ་པ་དབང་པོ་ཐ་མ་རང་བཞིན་སྤྲུལ་པའི་ཞིང་དུ་འཚང་རྒྱ་བའི་གདམས་པ་ལ་གསུམ། རང་བཞིན་གནས་པའི་དུས་སུ་སྦྱོང་བ། བར་དོའི་དུས་སུ་འཕོ་བ། སྤྲུལ་སྐུའི་ཞིང་དུ་གྲོལ་བའོ། །དང་པོ་ནི། དེ་ལྟར་མངོན་དུ་མ་གྱུར་ན༔ རིགས་ལྔའི་ཞིང་ཁམས་ཡིད་ལ་བྱ༔ བླ་མར་གསོལ་གདབ་འདུན་པ་སྦྱང་༔ ཞེས་མངོན་སུམ་གྱི་སྣང་བ་ཉིན་མཚན་གོམས་པར་བྱས་པས་རྨི་ལམ་ངན་པ་ནུབ་ནས་བཟང་པོ་ཤ་སྟག་རྨི་ཞིང་སེམས་ལ་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ལ་ཡུན་རིང་དུ་གནས་པ་དེའི་སྐབས་སུ་ཉིན་དུས་རང་བཞིན་སྤྲུལ་པའི་ཞིང་བསམས་ལ་རིག་པ་འོད་ཀྱི་གོང་བུ་མིག་ནས་ཐོན་ཏེ། གཙོ་བོའི་ཐུགས་ཀར་འཕང་བར་བྱ་ཞིང༌། མཚན་དུས་ཉལ་ཚེའང་ཐོ་ཀོར་ཐམས་ཅད་རང་བཞིན་སྤྲུལ་པའི་ཞིང་དང༌། ལུས་གཞལ་ཡས་ཁང་དང༌། སྙིང་པདྨ་དང་ཉི་ཟླའི་དབུས་ན་རིགས་ལྔའི་སངས་རྒྱས་བཞུགས་པ་ལ་སེམས་གཏད་ནས་མ་ཡེངས་པར་གཉིད་དུ་ཉལ་བས། དག་པའི་ཞིང་ཁམས་རྨི་ལམ་དུ་འབྱོངས་བར་འོང་ངེས་སོ། །ནམ་ཞིག་བཟློག་ཏུ་མེད་པའི་འཆི་ལྟས་ཤར་བ་ན། ལུས་ཕྱི་པགས་པའི་སྐྱ་རིས་ལས་ནང་སྟོང་ཆེན་སྒྲིབ་གཡོགས་དང་བྲལ་བའི་དབུས་སུ་དབུ་མ་དྭངས་གསལ་མདའ་སྨྱུག་ཙམ་པ་སྤྱི་བོ་ནས་གསང་གནས་བར་དྲང་ཐ་ལེར་གནས་པ། ཚངས་བུག་ཧ་རེ་ཡོད་པའི་སྙིང་དབུས་པདྨ་ཉི་ཟླའི་དབུས་ན་རིགས་ལྔའི་སངས་རྒྱས་བཞུགས་པ་ཇེ་མཐོ་ཇེ་མཐོར་གཤེགས་ཏེ་འོག་མིན་དུ་རྣམ་སྣང་གི་ཐུགས་ཀར་བསྟིམ་པའི་དམིགས་པ་ལན་གསུམ་སོགས་བྱས་ཏེ་མཐར་འཕོ་བྱ་འཕོ་བྱེད་བྲལ་བའི་ངང་དུ་བཞག་པས་ཆོས་ཉིད་བདེན་པའི་བྱིན་རླབས་དང༌། རིག་འཛིན་བླ་མའི་ཐུགས་རྗེས། བར་དོ་གང་དུ་བསམ་པ་དེར་སླེབ་པའི་གནད་ཀྱིས་བར་དོའི་འོད་གསལ་ངོས་ཟིན། སྲིད་པ་བར་དོའི་གཡང་ས་མི་མཐོང་བར་རང་བཞིན་སྤྲུལ་པའི་ཞིང་དུ་སྐྱེ་བར་གསུངས་སོ། །གཉིས་པ་སྤྲུལ་པའི་ཞིང་དུ་གྲོལ་བ་ལ། ལམ་དངོས་དང༌། སྐྱེ་བ་ལམ་ཁྱེར་རོ། །དང་པོ་ནི། དཔལ་མགོན་བླ་མའི་ཐུགས་རྗེ་དང་༔ དད་དང་འདུན་དང་དམ་ཚིག་མཐུས༔ རྨི་ལམ་གནས་སྐབས་སད་པ་ལྟར༔ མངོན་དགའི་ཞིང་དུ་ལྷ་ཞལ་མཐོང་༔ དཔལ་ལྡན་བརྩེགས་པར་ལུང་བསྟན་ཅིང་༔ པདྨ་བཀོད་པར་དབུགས་རབ་དབྱུང་༔ ལས་རབ་རྫོགས་པར་གཟེངས་བསྟོད་དེ༔ དབུས་ཕྱོགས་མེ་རི་འབར་བ་རུ༔ སྟོན་པ་ཁྱབ་བདག་ཧེ་རུ་ཀའི༔ དགྱེས་ཞལ་མཇལ་བའི་སྐད་ཅིག་ལ༔ ཤེས་བྱའི་སྒྲིབ་པ་མཐར་བྱས་ནས༔ ཡེ་ཤེས་དབྱིངས་སུ་རོ་གཅིག་འགྱུར༔ ཞེས་མངོན་སུམ་གྱི་དོན་མཐོང་ཡང་བརྟན་པ་མ་ཐོབ་པར་སྒོམ་པ་འཕྲོ་ཅན་དུ་ལུས་པའམ། བསྒོམས་ཀྱང་ཏིང་ངེ་འཛིན་གྱི་རྩལ་ཞན་པས་བར་དོའི་གྲོལ་ཚད་དང་མི་ལྡན་པ་རྣམས་ཆོས་ཉིད་ཀྱི་བར་དོ་ཤར་ཡང་ངོས་མ་ཟིན་པར་སྲིད་པ་བར་དོ་རྨི་ལམ་གྱི་འཁྲུལ་ངོ་ཙམ་དུ་ཤར་བ་ལས། ཆོས་འདིའི་སྒོ་མཐོང་བའི་བྱིན་རླབས་ཀྱིས་རྨི་ལམ་སད་པའི་ཆ་ཙམ་ལ་ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་པར་དག་པའི་ཞིང་དུ་སྐྱེ་བ་བླངས་ནས་སྟོན་པ་རྡོ་རྗེ་མི་བསྐྱོད་པའི་ཞལ་མཐོང་ནས་ས་དང་པོ་ཐོབ། ལྷོ་དཔལ་ལྡན་བརྩེགས་པ་ནས་རིན་ཆེན་འབྱུང་ལྡན་གྱིས་ལུང་བསྟན། ནུབ་པ་པདྨ་བཀོད་པར་སྣང་བ་མཐའ་ཡས་ཀྱིས་དབུགས་དབྱུང༌། བྱང་ལས་རབ་རྫོགས་པར་དོན་ཡོད་གྲུབ་པས་འོད་ཟེར་ཆེན་པོའི་དབང་བསྐུར་ཏེ་གཟེངས་བསྟོད། དབུས་སྟུག་པོ་བཀོད་པ་མེ་རི་འབར་བར་སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཧེ་རུ་ཀའི་ཞལ་མཇལ་བ་དང་ཤེས་སྒྲིབ་ཕྲ་བ་སྣང་གསུམ་འཕོ་སྒྲིབ་སྦྱངས་ཏེ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་སངས་རྒྱས་པར་འགྱུར་རོ། །གཉིས་པ་དབང་པོ་ཤིན་ཏུ་ཐ་མ་སྐྱེ་བ་ལམ་ཁྱེར་ནི། ཤིན་ཏུ་དམན་པའི་གང་ཟག་རྣམས། མངལ་སྒོ་ངན་པ་ཞེན་ལོག་དང་༔ ངེས་འབྱུང་དྲག་པོས་རབ་བཅད་ནས༔ ལས་འཕྲོ་བཟང་པོས་ཉིང་མཚམས་སྦྱར༔ ལམ་གྱི་འཕྲོ་མཐུད་གྲོལ་བར་འགྱུར༔ ཞེས་དབང་པོ་རབ་འབྲིང་ཐ་གསུམ་གྱི་གྲོལ་ཚད་མངོན་དུ་མ་གྱུར་ན་མངལ་སྒོ་ངན་པ་བཀག་སྟེ་བཟང་པོའི་འཕྲོ་མཐུད་པའི་ཕྱིར། ཆོས་ལྡན་གྱི་ཕ་མ་རིགས་བཟང་པོ་ངོ་ཤེས་པས་བླ་མ་ཡི་དམ་ཡབ་ཡུམ་རྣམ་པར་བསྒོམས་པའི་མངལ་དུ་པད་ཉི་ཟླ་སྟེང་ཧཱུྃ་ཡིག་དཀར་པོ་ཞིག་བསམ་ལ་དེར་རྣམ་ཤེས་འཇུག་དུས་སྐྱེ་བ་བླང་བའི་རྟེན་འདི་ལ་བསྟན་འགྲོའི་དོན་རླབས་པོ་ཆེ་བྱེད་ནུས་པར་ཤོག་ཅིག་སྙམ་པའི་འདུན་པ་རྩེ་གཅིག་པས་རང་ཉིད་རྡོ་རྗེ་སེམས་དཔར་བསྒོམས་ཏེ་དེ་ཉིད་མ་ཡི་མངལ་གྱི་ཧཱུྃ་ལ་ཐིམ་པར་བསམ་ཞིང༌། སྤྲོས་བྲལ་སྟོང་ཉིད་ཀྱི་ངང་དུ་བཞག་པས་ཕ་མ་དད་པ་ཅན་གྱི་བུར་སྐྱེས་ཏེ་ཆུང་ངུ་ནས་ཆོས་དང་འཕྲད་ཅིང་ཤེས་རབ་དང་བརྩོན་འགྲུས་ལྡན་པ། སྦྱངས་པའི་ལས་འཕྲོ་སད་པས་སྙིང་པོའི་བསྟན་པ་དང་མཇལ་ནས་ལམ་གྱི་འཕྲོ་མཐུད་པས་ཚེ་དེ་ཉིད་དམ་བར་དོར་ངེས་པར་འཚང་རྒྱ་བར་གསུངས་སོ། | |||
།གསུམ་པ་རྗེས་རིམ་ལ་བཞི་ལས་དང་པོ་དབང་པོ་རབ་འབྲིང་ཐ་གསུམ་གྱི་ཉམས་ལེན་གྱི་གྲོལ་ཚད་བཅས་སྤྱི་ཆིངས་རྒྱབ་ཡིག་བསྟན་པ་ནི། དེ་ལྟར་ཁྲིད་དུ་ལེགས་བཏབ་ནས༔ གཡེངས་བ་སྤངས་ཏེ་ཉམས་བླངས་ན༔ བརྩོན་འགྲུས་སྐལ་བའི་ཁྱད་པར་བཞིན༔ བྱང་ཆུབ་གོ་འཕང་འཐོབ་བྱེད་པ༔ ཤིན་ཏུ་རྣལ་འབྱོར་རྫོགས་པ་ཆེའི༔ གདམས་ངག་སྒྲུབ་པ་ཆེན་པོའོ༔ ཞེས་རྒྱུ་འབྲས་ཐེག་པ་ཐམས་ཅད་ཀྱི་སྐྱེལ་སོ་སངས་རྒྱས་འཕགས་པའི་མཉམ་བཞག་གི་ལམ་རྗེན་པར་སྟོན་པ་རྫོགས་པ་ཆེན་པོ་སེམས་ཀློང་གཉིས་ཀྱིས་ལམ་གྱི་སྒོ་ཕྱེས་ནས། མན་ངག་སྡེའི་ཉམས་ལེན་དམར་ཁྲིད་རྒྱས་པར་བསྟན་པ་བཞིན་ངེས་འབྱུང་གི་བློས་རྒྱུད་བསྐུལ་ཏེ་ཙབ་ཙུབ་བློ་སྣ་མི་མང་བར་གཞུང་རྩེ་གཅིག་ཏུ་ཉམས་སུ་བླངས་བས་བརྩོན་འགྲུས་དང་སྐལ་བ་རབ་འབྲིང་ཐ་གསུམ་གྱི་རྗེས་སུ་འབྲེལ་བས་ཚེ་འདིའམ་བར་དོ་སྐྱེ་བ་ཕྱི་མ་ལས་མི་འགྱང་བར་སྐུ་ལྔའི་དབྱིངས་སུ་མངོན་པར་བྱང་ཆུབ་ཀྱི་གོ་འཕང་མངོན་དུ་བྱེད་ནུས་པ་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་རྫོགས་པ་ཆེན་པོ་སྟེ། ལམ་དེ་ལ་བརྟེན་ནས་རང་གཞན་གྱི་དོན་གཉིས་འགྲུབ་ནུས་པ་སྒྲུབ་པ་ཆེན་པོའི་ཚུལ་རྒྱས་པར་བསྟན་པའོ། །དེ་ཡང་དབང་རབ་གཅིག་ཅར་པས༔ བཞི་པའི་ལམ་མཆོག་ཁོ་ན་བསྒྲུབ༔ དབང་འབྲིང་ཐོད་རྒལ་གང་ཟག་གིས༔ བསྐྱེད་རིམ་དྲན་པ་གཅིག་པ་ཙམ༔ རྟེན་དུ་བྱས་ནས་རྫོགས་རིམ་གསུམ༔ རིམ་པར་ཉམས་བླངས་དྲོད་རྟགས་དབྱུང་༔ ཐ་མ་རིམ་གྱིས་དཀྲི་བ་ནི༔ ཇི་སྐད་བཤད་བཞིན་ཉམས་སུ་བླང་༔ གང་ཡང་ཐུན་མོང་ཐུན་མིན་གྱི༔ སྔོན་འགྲོས་རྒྱུད་འབྱོངས་ཤིན་ཏུ་གཅེས༔ ཁྲིད་ཀྱི་རྒྱབ་ཡིག་གནད་ཆིངས་འདི༔ སྣོད་ལྡན་རྣམས་ཀྱི་སྙིང་ལ་ཕུར༔ ས་མ་ཡ༔ ཞེས་བྱིས་པ་དང་རྒན་གཞོན་ཁ་ཟས་ཐ་དད་པ་ལྟར་གདུལ་བྱའི་དབང་པོའི་རིམ་པ་རིམ་གྱིས་པ་དང༌། ཐོད་རྒལ་བ། གཅིག་ཅར་གསུམ་དུ་འབྱུང་བས་ཟབ་ལམ་ཉམས་སུ་ལེན་ཚུལ་ཀྱང་དེ་བཞིན་བྱས་ན་གེགས་དང་གོལ་ས་མེད་ཅིང་བར་ཆད་ཉུང་ལ། ཆོས་འབྱོར་པའི་གནད་དུ་ཟབ་པས་ན། དབང་པོ་རབ་ཀྱིས་ཐུན་མོང་ཐུན་མིན་གྱི་སྔོན་འགྲོ་ཇི་ལྟར་འོས་པ་དང༌། སྒོ་གསུམ་ཕྱི་ནང་གི་འཁོར་འདས་རུ་ཤན་དབྱེ་བ་ནས། དབང་པོའི་སྒོ་མི་གསལ་བ་སོགས་ལ་ཁྲེགས་ཆོད་ཁོ་ནའི་རིག་པ་རྗེན་པ་ཉམས་སུ་ལེན་པ་དང༌། འོད་གསལ་གྱི་སྣང་བ་ཐོད་རྒལ་གྱི་ལམ་དབང་བཞི་པ་ཁོ་ན་ཉམས་སུ་བླངས་བས་རྟོགས་གྲོལ་དུས་མཉམ་དུ་འགྱུར་ཞིང༌། དབང་འབྲིང་གིས་བསྐྱེད་རིམ་རྒྱུན་གྱི་རྣལ་འབྱོར་དྲན་པ་གཅིག་པ་ཙམ་རྣལ་འབྱོར་དུ་བྱ་བས་ལམ་གྱི་རྐང་རྟེན་དུ་བྱས་ན་རྩོལ་མེད་རྫོགས་རིམ་གསུམ་རིམ་པར་ཉམས་སུ་བླངས་བས་གྲོལ་ཚད་ཐོབ་པ་བྱ་དགོས་ལ། དབང་པོ་ཐ་མས་གཞུང་དུ་ཇི་ལྟར་བཤད་པ་མཐའ་དག་དྲོད་ཐོན་ཐོན་གྱིས་མཐར་དབྱུང་དགོས་ལ། གང་ཟག་གསུམ་ཀས་ཐུན་མོང་ཕྱིའི་སྔོན་འགྲོ་ལས་མི་རྟག་དང་ངེས་འབྱུང༌། ཐུན་མིན་ནང་གི་སྔོན་འགྲོ་ལས་སྐྱབས་འགྲོ། གཞན་ཕན་སེམས་བསྐྱེད་ཀྱི་ཐབས་མཁས་དང༌། ཁྱད་པར་གྱི་སྔོན་འགྲོ་དངོས་གཞིའི་དམིགས་རིམ་རྣམས་དམིགས་སྒོམ་རྡོ་རུས་འཕྲོད་པས་རྒྱུད་ལ་མྱོང་བ་ཐོན་ངེས་པ་གཅེས་པས་ཤེས་པར་བྱ་དགོས་སོ། །གཉིས་པ་ཐུན་མཚམས་བྱ་བའི་རྗེས་རིམ་ནི། རྗེས་ནི་གནས་སྐབས་ཐམས་ཅད་དུ༔ བསྔོ་སྨོན་བཟང་པོས་མཚམས་སྦྱར་ཞིང་༔ ཐུན་མཚམས་དྲན་དང་ཤེས་བཞིན་པས༔ དག་པའི་སྣང་བ་ལམ་དུ་ཁྱེར༔ ཞེས་སྔོན་འགྲོ་དངོས་གཞིའི་ཉམས་ལེན་ཐམས་ཅད་ཀྱི་རྗེས་སུ་རབ་འཁོར་གསུམ་ཡོངས་དག་དང༌། མ་བྱུང་ཡང་སྲས་བཅས་རྒྱལ་བ་ཀུན་གྱིས་ཡོངས་བསྔོ་ཇི་ལྟར་མཛད་པའི་རྗེས་སུ་སློབ་པའི་སེམས་བསྐྱེད་ཀྱིས་རྡོ་རྗེའི་བདེན་ཚིག་གི་སྨོན་ལམ་ཟབ་མོས་དགེ་རྩ་གོང་འཕེལ་དུ་བྱ་བ་སྟེ་ཐེག་ཆེན་ལམ་གྱི་རྩ་བ་དམ་པ་གསུམ་གྱིས་རྩིས་ཟིན་པ་དང༌། ཐུན་མཚམས་སུ་སྤྱོད་ལམ་བཞི་ཐམས་ཅད་ཀྱི་སྐབས་སུ་བག་མེད་དང་ལེ་ལོའི་དབང་དུ་མ་སོང་བར་དྲན་པ་དང་ཤེས་བཞིན་གྱིས་སྒོ་གསུམ་ལེགས་པར་བསྡམས་ཏེ་སྤྱོད་ལམ་ཐ་མལ་དུ་མ་ཤོར་བར་རང་རང་གི་ལམ་ཁྱེར་ལྟར་བསྐྱང་བ་དང༌། སད་རྨི་གཉིད་འཐུག་སྙོམས་འཇུག་གི་གནས་སྐབས་བཞི་ཀ་སྐུ་བཞི་ཡེ་ཤེས་ཀྱི་རྣམ་རོལ་དུ་སྦྱངས་པས་མྱུར་དུ་ཟུང་འཇུག་གི་གོ་འཕང་དམ་པ་མངོན་དུ་བྱེད་ནུས་པའོ། | |||
།གསུམ་པ་ཉམས་ལེན་སྤྱིའི་གེགས་སེལ་བོགས་འདོན་གྱི་གནད་བསྟན་པ་ནི། སྤྱིར་ནི་འཁོར་བར་ངེས་འབྱུང་དང་༔ བྱང་ཆུབ་སེམས་གཉིས་དྲག་ཏུ་བསྐྱེད༔ ཅིས་ཀྱང་དགོས་མེད་བློ་སྣ་བསྟུང་༔ བླ་མའི་མོས་གུས་སྲོག་ཏུ་བཙའ༔ ལམ་ལ་ཅུང་ཟད་དྲོད་ཐོབ་ནས༔ ཡུལ་གྱི་བདུད་རྩི་བསྟེན་པའི་ཕྱིར༔ ཀུན་སྤངས་སྤྱོད་པ་ཕྱོགས་བྲལ་རྒྱུ༔ དུར་ཁྲོད་ལ་སོགས་གཉན་ས་རུ༔ བརྟུལ་ཞུགས་སྤྱོད་པ་ཡང་དག་སྤྱད༔ གེགས་སེལ་འབོགས་འདོན་ཐབས་མཁས་པས༔ ཞེས་སྤྱིར་འཁོར་བ་ལ་ངེས་འབྱུང་གི་བློ་མེད་ན་ཆོས་ཀྱི་རྩ་བ་རུལ་ནས། རྩ་བ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་བཞི་ལུ་གུ་རྒྱུད་དང་འདྲ་སྟེ་གཅིག་གཤམ་དུ་གཅིག་འབྱུང༌། ཡན་ལག་གི་སྡུག་བསྔལ་དམྱལ་བ་ཚ་གྲང་སོགས་དྲུག་ནི་རྒྱ་མཚོའི་རླབས་དང་འདྲ་སྟེ་བུད་པ་དང་སངས་པའི་དུས་མེད། ཉིང་ལག་གི་སྡུག་བསྔལ་གནམ་གྱི་སྐར་མ་དང་འདྲ་སྟེ་གྲངས་དང་ཚད་མེད། དེས་ན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་ཡོ་ལང༌། སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས་པོ། །གང་དུ་ཕྱིན་ཀྱང་སྡུག་བསྔལ་གྱི་གནས། གང་ཡིན་ཀྱང་སྡུག་བསྔལ་གྱི་སྣོན་མ་ལ་བསམ་སྟེ་ད་ལྟ་ཉིན་རེའི་ནད་དང་སྡུག་བསྔལ་ཡང༌། མི་བཟོད་ན། འཁོར་བ་མཐའ་མེད་ཀྱི་སྡུག་བསྔལ་ཇི་ལྟར་བཟོད། དེ་བས་ད་རེས་རང་གཞན་འཁོར་བའི་སྡུག་བསྔལ་ཆེན་པོ་འདི་འབྱུང་བའི་རྒྱུ་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདིས་ནོན་ཏེ་འདི་དང་འབྲེལ་ཐག་མ་ཆོད་ན་སྡུག་བསྔལ་རྫོགས་དུས་དང་ཟད་དུས་མེད་པའི་རང་མཚངས་ལ་ཡང་ཡང་བསམས་ཏེ་དེ་ལས་ཐར་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་མི་བྱེད་རེ་ཤི་སྙམ་དུ་ངེས་འབྱུང་གི་བློ་འཁུལ་ངེས་བྱ། བྱམས་སྙིང་རྗེས་གཞན་ཕན་འབའ་ཞིག་སྒྲུབ་འདོད་བྱང་ཆུབ་ཀྱི་སེམས་མེད་ན་རྒྱུ་མཚན་ཉིད་ཐེག་པའི་ཐེག་ཆེན་ལམ་གྱི་རྩ་བ་སྟོར་བས་ན། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་སྙིང་པོ་མི་ཟིན་པ་ལྟ་ཅི་སྨོས། ཁྱད་པར་ཐེག་མཆོག་རྫོགས་པ་ཆེན་པོ་ནི་དོན་དམ་བྱང་ཆུབ་སེམས་ལམ་དུ་བྱེད་པ་ལ་ཀུན་རྫོབ་བྱང་སེམས་ཡང་དག་པ་ཞིག་ཅེས་ཀྱང་བསྐྱེད་དགོས། གཞན་ཕན་བྱང་སེམས་ཀྱི་དངོས་གཞི་སྙིང་རྗེ་ལ་རག་ལས། ཐམས་ཅད་མཁྱེན་པའི་དངོས་རྒྱུ་གཞན་ཕན་སྙིང་རྗེ་འབའ་ཞིག་ལ་འདྲིས་ཤིང་བརྟན་པར་བསླབས་ནས་བཟོད་པའི་གོ་གྱོན། གནོད་ལན་ཕན་པས་འཇལ། དྲན་དང་ཤེས་བཞིན་གྱིས་བག་ཡོད་བསྟེན་དགོས་ལ། འཇིག་རྟེན་ཚེ་འདིའི་བྱ་བྱེད་ཐམས་ཅད་ལ་ཞེན་པ་གཏིང་ནས་མ་ལོག་ན་ས་ལམ་གྱི་ཡོན་ཏན་མི་སྐྱེ་བས་ཚེ་འདིའི་བྱ་བྱེད་གང་ཡིན་ཀྱང་འགྲུབ་དུས་མེད་པས་ཅིས་ཀྱང་དགོས་པ་མེད། ཐར་པ་དང་ཐམས་ཅད་མཁྱེན་པའི་ཡོན་ཏན་ཐམས་ཅད་བླ་མ་ལས་འབྱུང་བས་ན་དེ་ཉིད་སངས་རྒྱས་དངོས་མཐོང་གི་མོས་གུས་བསྐྱེད་པའི་ཚུལ་ཀུན་མཁྱེན་སྒྲོལ་མགོན་ཞབས་ཀྱིས། རྩ་བའི་བླ་མ་དེ་ཉིད་དངོས་པོ་ལ་སུ་གང་ཡིན་རུང༌། སོ་སོ་སྐྱེ་བོའམ་འཕགས་པ་སློབ་པ་ལྟ་བུ། དགེ་བའི་བཤེས་གཉེན་ཕལ་པ་སོགས་སུ་བལྟ་བ་མ་ཡིན། སངས་རྒྱས་དངོས་སུ་བསྒོམ་དགོས། དོན་ལ་སངས་རྒྱས་གཅིག་དང་མང་པོ་ལ་ཁྱད་པར་མེད་ཀྱང༌། མོས་གུས་འཇུག་ཚུལ་གྱི་ཁྱད་ཡོད་པས། སངས་རྒྱས་གཅིག་གམ་གཉིས་ལྟ་བུ་མ་ཡིན། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀུན་འདུས་པའི་ངོ་བོ་ཡིན། དེའི་ཕྱིར་ཆོས་དང་དགེ་འདུན་ཀུན་ཀྱང་འདུས། དེ་བས་ན་བདག་གི་བླ་མ་འདི་དངོས་གནས་ལ་དཀོན་མཆོག་ཀུན་འདུས། བླ་མ་ཉིད་དཀོན་མཆོག་གསུམ། དཀོན་མཆོག་གསུམ་གྱི་བླ་མ་ཡིན། རང་རེའི་སྣང་ངོ་དང་བསྟུན་ན། དཀོན་མཆོག་གསུམ་བས་ཀྱང་བླ་མ་བཀའ་དྲིན་ཆེ། ཕྱོགས་བཅུའི་སངས་རྒྱས་རྣམས་ལ་སྤྱིར་བཏང་བཟང་སྟེ་བདག་ལ་ཞལ་མི་སྟོན། གསུང་མི་འབྱོན། སངས་རྒྱས་དང་ཡི་དམ་དང་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་སོགས་དངོས་སུ་བྱོན་ཀྱང་རུང༌། བདག་ལ་དཔལ་ལྡན་བླ་མས་མཛད་པ་ལས་ལྷག་པོར་མཛད་རྒྱུ་དང་སྟོན་རྒྱུ་མེད། དེ་དག་དངོས་སུ་འཇལ་བའི་སྐལ་བ་མེད་དུས་འདིར། དེ་རྣམས་ཀྱི་མཛད་རྒྱུ་ཐམས་ཅད་བླ་མས་མཛད་པ་ཡིན་བཀའ་དྲིན་རང་ཆེའོ་སྙམ། བླ་མ་སངས་རྒྱས་ཀུན་འདུས་སུ་ཤེས་ནས་ཡོན་ཏན་མཐའ་མེད་པའི་དད་པ་དང༌། བཀའ་དྲིན་ཤིན་ཏུ་ཆེ་བ་ཤེས་པ་གཉིས་འཛོམས་ན་མོས་གུས་ཀྱི་གོ་ལུགས་བཟང་པོ་ཡིན། གོ་ལུགས་བཟང་པོ་དེ་འདྲ་གཅིག་ཡོད་པའི་ལུགས་བྱས་ཀྱང༌། སྐབས་སྐབས་སུ་མིན་པ་བླ་མ་མི་དྲན་པར་བརྗེད། ལན་རེ་དྲན་པའི་སྐབས་ཀྱང་བ་སྤུ་གཡོ་ནུས་པའི་གདུང་ཤུགས་མི་འབྱུང་ན་གོ་བ་ཙམ་ལ་ལུས་པ་ཡིན། ཉམས་རྟོགས་འཕྲལ་མར་བསྐྱེད་ཐུབ་པ་དེ་མིན། གདུང་ཤུགས་དྲག་པོས་ཐ་མལ་སྣང་བ་འགོག་ནུས་པ། རིག་པ་བསྒྱུར་ནུས་པ་ཞིག་བྱུང་ན། བྱིན་རླབས་འཕྲལ་དུ་འཇུག །ཉོན་མོངས་པ་གློ་བུར་དུ་འགག །ཡེ་ཤེས་སྐད་ཅིག་གིས་འཕོས། དེ་ལྟ་བུ་ཡང་ཡང་དྲན་པས་རྟག་ཏུ་སྒོམ་པར་འགྲོ། གོམས་པ་ལས་སྐྱོན་ཐམས་ཅད་སྤང་ཞིང་ཡོན་ཏན་ཐམས་ཅད་སྐྱེ་བ་ཡིན། སངས་རྒྱས་དངོས་སུ་མཐོང་བ་མེད་ན། ཕྱོགས་ཞེན་དང་ཕོ་རུས་དང༌། ཡིད་འོང་གི་གདུང་ཤུགས་ཡོད་ཀྱང་ཟག་བཅས་འཇིག་རྟེན་པའི་རྣམ་རྟོག་ཡིན་པས་གྲོལ་མི་ཐུབ། དགེ་བཤེས་ཕལ་པ་དང་གྲུབ་ཐོབ་ཕལ་པར་བརྩི་བའི་དད་པ་ཡང་རྣམ་རྟོག་འཇིག་རྟེན་པ་དེ་ཀ་ཡིན། སྐྱེ་བོ་བླུན་པོས་བླ་མ་སངས་རྒྱས་ཟེར་བ་གཅིག་ཡོད་དེ། དེ་ཡང་མི་ངོ་བཟང་པོ་གཅིག་གམ། ཟས་ནོར་གྱི་ཕན་འདོགས་བྱེད་པ་གཅིག་ལ་སངས་རྒྱས་ཟེར་བས། སངས་རྒྱས་སངས་རྒྱས་ཞེས་པའི་ཚིག་ཙམ་མིན་པ་བློ་རྩེ་གཏད་མཚམས་ཅི་ཡང་མེད། དེ་འདྲ་བས་སེམས་རྒྱུད་གྲོལ་བ་མེད་ལ། དེས་ན་སངས་རྒྱས་ཀྱི་ཡོན་ཏན་ཤེས་ནས། དེ་ཉིད་བླ་མ་ལ་ཚང་བའི་མོས་གུས་དགོས་པ་ཡིན། དེ་ལྟར་བླ་མ་སངས་རྒྱས་སུ་ཤེས་པ་དེ། དམིགས་ཡུལ་འཇིག་རྟེན་ལས་འདས་པའི་མཆོག་སངས་རྒྱས་ལ་དམིགས་པ་ཡིན་པས་ལམ་སྒོམ་པ་ཐམས་ཅད་ཀྱི་སྙིང་པོ་ཡིན། སྤྱིར་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འཇུག །སྒོས་སུ་རང་རེའི་བླ་མ་དེ་ལ་ཞུས་པའི་ཡི་དམ་རྣམས་ཀྱི་བྱིན་རླབས་འཕྲལ་རང་ལ་འཇུག །བཀའ་དྲིན་དྲན་པ་མེད་ན་སྤྱིར་བྱས་པ་མི་བཟོ་ཞིང༌། ངོ་ཚ་ཁྲེལ་མེད་དེ་བྱུར་ཆགས་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན། བསོད་ནམས་དང་དཔལ་དང་གཡང་ལ་སོགས་པ་ཐམས་ཅད་ཕྱགས་མས་བཏབ་པ་བཞིན་ཉམས་འགྲོ། སྒོས་སུ་ཆོས་ཐོབ་པ་དྲིན་དུ་མི་སེམས་པ་དེ། ཆོས་ལའང་རྩིས་མེད་དད་པ་མེད་པ་ཡིན་པས། འབད་པ་བྱས་ཚད་དོན་མེད་དུ་འགྱུར། ཡང་སྒོས་སུ་རྩ་ལྟུང་དང་པོའི་ཞད་ཀྱིས་གོས་པ་ཡིན་ལ། བཀའ་དྲིན་དྲན་པས་དགེ་ལེགས་ཐམས་ཅད་ཀྱི་གཞིར་འགྱུར་ཞིང༌། གུས་པ་ཆེན་པོ་རང་ཤུགས་ཀྱིས་སྐྱེ་བ་ཡིན། དེ་ལྟར་ན་སངས་རྒྱས་སུ་ཤེས་པ། བཀའ་དྲིན་དྲན་པ། གདུང་ཤུགས་དྲག་པ། ཡང་ཡང་མ་བརྗེད་པར་དྲན་པ་སྟེ་ཁྱད་པར་བཞི་དང་ལྡན་པའི་མོས་གུས་ཡོད་ན་མོས་གུས་ཚད་དུ་ཕྱིན་པ་ཞེས་བྱ། དེས་ན་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ། སློབ་མ་དམ་ཚིག་དང་ལྡན་པས་མོས་གུས་དེ་ལྟ་བུའི་སྒོ་ནས་བླ་མ་བསྒོམས་ཤིང་གསོལ་བ་བཏབ་ན། ཐབས་གཞན་མེད་ཀྱང༌། མཆོག་ཐུན་མོང་གི་འདོན་དོན་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་ནོ། །ཞེས་གསུངས་པ་ལྟར་གནད་དུ་ཆེ་ཞིང་ཚོགས་དྲུག་གི་ཡུལ་སྣང་གཟུགས་སྒྲ་སོགས་བཟང་ངན་གང་ཤར་ཡང་ཡུལ་དྲུག་གི་བདུད་རྩི་ཕྱི་རུ་མི་དགག །ནང་དུ་མི་འཛིན། སྣང་ལ་ཞེན་པ་མེད་པས་ལམ་གྱི་གྲོགས་སུ་བསྟེན་ཏེ་ཤེས་པ་གཏད་མེད། སྐྱིད་སྡུག་རོ་སྙོམས། ན་དགའ་ཤི་སྐྱིད། རེ་དོགས་ཆམ་བརྡལ་གྱིས་ཞེན་མེད་རང་གྲོལ་དུ་སྤྱོད། ནང་གི་ཉམས་མྱོང་ལ་དྲོད་ཐོབ་ནས་སྣང་སྲིད་དབང་བསྒྱུར་གྱི་སྤྱོད་པ་སེང་གེ་ལྟ་བུས་དུར་ཁྲོད་དང༌། ལུང་སྟོང་ལ་སོགས་པ་འཇིགས་ལ་ཟིལ་ཆེ་བའི་གནས་ངེས་མེད་དུ་རྒྱུ་ཞིང་རྩེ་གཅིག་ཏུ་བསྒོམས་པས་ལམ་མཐར་ཕྱིན་པར་བསླབ་དགོས་སོ། | |||
།བཞི་པ་ཉམས་ལེན་གྱི་གྲོལ་ཚད་བསྟན་པ་ནི། གནས་སྐབས་སྔགས་ཀྱི་དྲོད་ཐོབ་ནས༔ ཚོགས་སྦྱོར་མཐོང་བའི་ལམ་དུ་འགྲོ༔ སྒོམ་པའི་ཉམས་མྱོང་མཐར་ཕྱིན་པས༔ མི་སློབ་འོད་གསལ་ཟུང་འཇུག་སྐུས༔ ཤིན་ཏུ་རྣམ་དག་རྡོ་རྗེ་སེམས༔ ཀུན་བཟང་ཡེ་ཤེས་བླ་མ་ཡི༔ གོ་འཕང་བརྩོན་འགྲུས་སྐལ་པ་བཞིན༔ ཟླ་དྲུག་ལོ་གསུམ་བཅུ་གཉིས་ནས༔ མངོན་དུ་འཐོབ་བྱེད་ཐེག་པའི་རྩེ༔ འབྲས་བུའི་ཐུས་ཀ་བླ་མེད་པའི༔ མཆོག་གི་ཕྲིན་ལས་རྨད་བྱུང་ངོ་༔ ཞེས་པ་ལྟར་མདོ་ཡི་ས་བཅུ་ལམ་ལྔ། སྔགས་མ་ཧཱ་ཡོ་གའི་རིག་འཛིན་རྣམ་པ་བཞི། ཨ་ནུ་ཡོ་གའི་ཚོགས་ལམ་འདུན་པ་སེམས་དཔའ། སྦྱོར་ལམ་རིགས་ཆེན་འབྱེད་པ། མཐོང་ལམ་དབུགས་ཆེན་འབྱིན་པ། སྒོམ་ལམ་ལུང་ཆེན་ཐོབ་པ། མཐར་ལམ་རྩལ་ཆེན་རྫོགས་པ་དང༌། ཕྱག་ཆེན་གྱི་རྣལ་འབྱོར་བཞི་རིམ། རྫོགས་ཆེན་གྱི་སྣང་བཞི་སོགས་དབྱེ་བསྡུ་དུ་མ་གསུངས་ཀྱང་ཐམས་ཅད་ལམ་ལྔའི་སྤངས་རྟོགས་ཀྱིས་བསྡུས་པ་དགོངས་པ་གཅིག་ཏུ་འབབ་པས། ཐོག་མར་སྨིན་གྲོལ་གྱི་གདམས་པས་རྒྱུད་སྣོད་རུང་བྱས་ཏེ་དམ་ཚིག་དག་པས་ཐོས་བསམ་གྱིས་ལམ་ཉམས་སུ་བླངས་ཏེ་ལྟ་སྒོམ་གྱི་དྲོད་ཐོབ་པ་ཚོགས་སྦྱོར་དང༌། སེམས་རིག་ཤན་འབྱེད་ཀྱི་ལྟ་བས་གཞི་བཟུང་ནས་བསྐྱེད་རྫོགས་རྫོགས་ཆེན་གྱི་ལམ་གནད་དུ་འགྲོ་བར་བསླབས་པས་དཔེ་དོན་གྱི་ཡེ་ཤེས་ངོ་འཕྲོད། ལྟ་སྒོམ་གྱི་གདེང་ཐོབ། ས་ལམ་གྱི་དྲོད་རྟགས་མངོན་དུ་གྱུར་པས་སྒོམ་ལམ་གྱི་ཉམས་མྱོང་མཐར་ཕྱིན་ནས་མི་སློབ་འབྲས་བུའི་ཡོན་ཏན་རབ་ཟླ་བ་དྲུག །འབྲིང་ལོ་གསུམ། ཐ་མ་ལོ་བཅུ་གཉིས་ནས་ཀུན་བཟང་ཡེ་ཤེས་བླ་མའི་ས་བརྙེས་ཏེ་ངེས་པར་གྲོལ་བར་རྒྱུད་དང་རིག་འཛིན་གྲུབ་པའི་ཚོགས་ཀྱིས་བསྔགས་པ་དོན་ལ་གནས་པའི་ཟབ་ཆོས་འདི་ལྟ་བུ་ནང་རྒྱུད་ཡོ་ག་གསུམ་གྱི་ཉམས་ལེན་གནད་གཅིག་ཏུ་དྲིལ་བ་ཚིག་ཉུང་དོན་ཟབ་བྱིན་རླབས་ཀྱི་གཟི་བྱིན་འབར་བར་གངས་ཅན་མཁས་གྲུབ་ཡོངས་ཀྱིས་ཚད་མར་བསྔགས་པས་ནོར་བུ་བོར་ནས་མཆིང་བུ་མི་འཚོལ་བར་ཟབ་ཆོས་ལ་ངེས་ཤེས་རྙེད་པ་བསོད་ནམས་སྐལ་བས་ཆུན་པར་རྩེ་གཅིག་ཏུ་ཉམས་སུ་བླངས་ན་དོན་ཆེ་བ་ལྷག་བསམ་གྱིས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པའོ། །ཆོས་རབ་རྣམ་འབྱེད་མཁྱེ༵ན་གཉིས་སྤྱན་སྟོང་བཀྲ། བརྩེ༵་ཆེན་རྡོ་རྗེའི་མཚོན་འཆང་སྙིགས་འགྲོ་སྐྱོང༌། །འཇིགས་བྲལ་ནུས་མཐུ་རྨད་བྱུང་ལྷའི་དབ༵ང་པོ༵། །ཐུབ་བསྟན་ཡོངས་འདུའི་ཚལ་ན་བརྗིད་ལ་འདུད། །མཆོག་གི་ཐུགས་བསྐྱེད་རྣམ་ཐར་ནོར་བུའི་སྤྲིན། །རྒྱལ་བསྟན་འཆི་མེད་ལམ་དུ་དཀྲིགས་པ་ལས། །ཟབ་རྒྱས་ཆོས་ཚུལ་ཡན་ལག་བརྒྱད་པའི་ཆར། །འཇིག་རྟེན་གསུམ་ན་ཀུན་དགའི་དཔྱིད་དུ་འཇོ། །དེ་ཡི་ཆ་ནས་དགོང༵ས་བརྒྱུད་གཏེར་གྱི་དབྱིག །རྒྱུད་ལུང་མན་ངག་གཉིང་ཁུའི་གཟི་བྱིན་ཅན། །སྐལ་བཟང་ཡིད་ཀྱི་ཤིང་རྟ་ཡོངས་གང་བའི། །ངོ་མཚར་ཚངས་ཆེན་ཞིང་ལས་རིན་ཐང་ལྕིད། །འཇམ་མགོན་ཆོས་རྗེ་བདག་གི་འདྲེན་མཆོག་ཏུ། །བསམ་བཞིན་བྱོན་པ་ལུང་རྟོག་ཆོ༵ས་ཀྱི༵་མཛོད། །སྤེལ་དང་སྲུང་ལ་བློ༵་གྲོ༵ས་གཟུངས་སྤོབས་གཏེར། །ཟད་མི་ཤེས་དེའི་གསུང་མཆོག་ལྷའི་རྔ་བོས། །བསྐུལ་ནས་རྡོ་རྗེའི་ཚིག་གི་ཨ་ཤྭ་ཏ། །དད་བརྒྱའི་བློ་ཡི་བདུད་རྩིས་བྲན་དང་བཅས། །འཐད་ལྡན་མཁས་གྲུབ་གོང་མའི་གསུང་བཟང་བཅུད། །ཡིད་འོང་མེ་ཏོག་འབྲས་བུས་མཛེས་པར་བརྒྱན། །དད་དང་ལྷག་བསམ་གཙང་མས་རྒྱུད་བསྐུལ་ཏེ། །རིན་ཆེན་གཏེར་གྱི་མཛོད་སྦུག་ཡིབ་པ་གང༌། །ཤེས་བརྩོན་ལག་པས་སྐལ་བཟང་མཆེད་ཀྱི་ཕྱིར། །སྣང་བར་བྱས་འདི་ལྷ་དང་བླ་མའི་དྲིན། །འདིར་སྣང་སྨིག་རྒྱུའི་ཆུ་རག་བརྩིགས་པ་ཡིས། །རྟག་བྲེལ་ལྟར་སྣང་བསྟན་འཛིན་ཆེན་པོ་རུ། །བརྫུ་བ་རྣམས་ཀྱི་སྤྱན་ཟུང་བྷྲཿམ་རའི། །འབབ་སྟེགས་མཛད་པའི་རེ་བ་བདག་ལ་མེད། །རང་ཉིད་ཆོས་འདིའི་སྐལ་བ་མ་ཆད་ཅིང༌། །འཇམ་མགོན་ཉི་ཟླའི་བཀའ་དྲིན་རྗེས་གསོ་ཕྱིར། །རྗེ་བཙུན་ཆོས་རྗེའི་ཕྲིན་ལས་ཞབས་ཏོག་ཏུ། །མཛུབ་མགོའི་མཆོད་པ་དད་དང་སྤྲོ་བས་བྱས། །དེང་སང་ཐེག་མཆོག་ཆོས་ལ་མོས་པ་མང༌། །གཏེར་ཆེན་བླ་མའི་རྫོགས་ཆེན་ཟབ་རྒྱས་བཅུད། །བརྒྱུད་ཐག་ཉེ་ཞིང་བྱིན་རླབས་གཟི་འབར་བ། །འདི་ཞེས་གུས་པའི་སོར་རྩེར་བསྒྲེང་བ་ཙམ། །ལེགས་བྱས་སྐྱ་རེངས་དང་པོས་བསུས་པ་ཡིས། །ཡོངས་རྫོགས་བསྟན་པའི་ཉིན་བྱེད་འཆར་བ་འདིས། །བདག་རྒྱུད་སྒྲིབ་བྱང་ཐར་གྲོལ་སྟེང་འཐུང་བཞད། །ཀུན་མཁྱེན་དགྱེས་པའི་སྣང་བས་སྐྱོང་གྱུར་ཅིག །རྣམ་གཡེང་འདུ་འཛི་མེད་པའི་དབེན་པ་བསྟེན། །སྒོ་གསུམ་སྤྱོད་པས་གཞན་ཕན་བསྟན་འགྲོ་སྐྱོང༌། །འཕོ་ཆེན་རྡོ་རྗེའི་ཡེ་ཤེས་སྐུ་བརྙེས་པ། །ཐེག་མཆོག་ཤིང་རྟ་རྣམ་གསུམ་ལྟར་གྱུར་ཅིག །ཚེ་རབས་ཀུན་ཏུ་དམ་ཆོས་འཚོལ་ཞིང་སྤེལ། །རིས་མེད་རྒྱལ་བསྟན་ཀུན་ལ་གུས་ཤིང་དད། །ཆོས་བཞིན་སྤྱོད་པས་མཐོང་ཐོས་དྲན་རེག་གྲོལ། །འཇམ་མགོན་ཆོས་ཀྱི་རྒྱལ་པོ་ལྟར་གྱུར་ཅིག །ཚུལ་འདི་ཐོས་བསམ་ཉམས་སུ་ལེན་པ་ཀུན། །གདོད་མའི་གྲོལ་གཞིར་རྟེན་འདིར་སྙོགས་པ་ཡིས། །གྲོལ་བ་དྲུག་གི་ཕྲིན་ལས་མཁའ་ཁྱབ་ཏུ། །བརྡལ་བའི་ངོ་མཚར་མངོན་སུམ་སྤྱོད་པར་ཤོག །བཀྲ་ཤིས་རྨད་བྱུང་མཆོག་ཏུ་མི་འགྱུར་བདེ་ཆེན་དབྱིངས། །བཀྲ་ཤིས་སྐུ་གསུམ་སྒྱུ་འཕྲུལ་སྤྲིན་ལས་མཁྱེན་བརྩེའི་ཆར། །བཀྲ་ཤིས་འགྲོ་རྒྱུད་རྣམ་གྲོལ་སྙེ་མ་གཡུར་ཟ་བས། །བཀྲ་ཤིས་རྒྱལ་བསྟན་རྫོགས་ལྡན་དགའ་སྟོན་དཔལ་འབར་ཤོག །ཅེས་ཀུན་གཟིགས་འཇམ་པའི་རྡོ་རྗེའི་དགོངས་གཏེར་རྒྱུད་ལུང་མན་ངག་གི་ཟབ་ལམ་ཡོངས་སུ་རྫོགས་པ་འདི་ལ་ཁྲིད་ཡིག་ཞིག་བྱུང་ན་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་མཆོག་རོང་རྨེ་དཀར་མོ་སྟག་ཚང་གི་སྒྲུབ་སྡེ་སོགས་ཉམས་ལེན་བྱེད་འདོད་ཀུན་ལ་ཉེར་མཁོ་ཤིན་ཏུ་གལ་ཆེ་བ་ཡོད་ཅེས་དྲན་པས་གདུང་སེལ་ཁྱབ་བདག་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་འོག་མིན་བླ་མའི་གདན་ས་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཟིམ་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཐོག་མར་སོན་པའི་སྐབས་སྨིན་གྲོལ་ཞིབ་རྒྱས་སུ་དགྱེས་བཞིན་བསྩལ་བ་དང་ཆབས་ཅིག་སྐུ་གསུང་ཐུགས་རྟེན། འཇམ་མགོན་གོང་མའི་ཕྱག་ཤོག་བྲིས་གཞི། སྣག་བུམ་བཅུད་ལྡན། སྨྱུ་གུ་བཅས་བསྩལ་བ་བཞིན་རང་གིས་ཀྱང་བསྙེན་སྒྲུབ་ཀྱི་འབྲེལ་འཇོག་དང་བཅས་རང་བློས་གང་དཔོག་བླ་མའི་ཞལ་རྒྱུན་ལྟར་བྲིས་ཏེ་སྤྱན་འབེབས་ཞུས་པ་དགྱེས་པ་ཆེན་པོས་དབུགས་དབྱུང་དང་ཆབས་ཅིག་སྤར་དུ་འགོད་པར་གསུངས་ཀྱང༌། དུས་ཀྱི་འགྱུར་བ་མི་བསྲུན་པས་རྩོམ་གཞིའི་དཔེ་ཡང་བརླག །ཚེ་མཇུག་རྒྱ་གར་དུ་རྐང་འཁྱམས་ཏེ་ལྷོ་འབྲུག་ཆོས་ལྡན་གྱི་རྒྱལ་ཁབ་ཏུ་བག་ཕེབས་པའི་སྐབས་དཔལ་མགོན་བླ་མ་རིན་པོ་ཆེའི་བཀའ་རྗེས་སུ་སྒྲུབ་སླད་སླར་ཡང་བློ་གྲོས་ཅུང་ཟད་སྨིན་པས་ཞིབ་རྒྱས་སུ་བྲིས་པ་དང༌། ཉིང་འཁྲུལ་དུ་རྣམ་འདྲེན་དྷརྨ་མ་ཏི་དགྱེས་མཇལ་གྱིས་དད་དང་སྤྲོ་བས་དབུགས་དབྱུང་བཞིན་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་རིན་ཆེན་གཏེར་མཛོད་ཆེན་པོའི་དབང་ཆིངས་དང་གོ་བསྡུར་ཞུས་ཏེ་མཐར་ཆགས་སུ་སྤེལ་བ་པོ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་དབྱར་བསིལ་དགུན་སྤྲོ་བའི་སྨན་ལྗོངས་ཉུལ་བཞིན་བྲིས་པ་ཡི་གེ་གཉིས་པའི་མཐུན་འགྱུར་ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་གི་ལྔ་རིག་སྨྲ་བའི་ཤཱཀྱའི་དགེ་སློང་ངག་དབང་མཆོག་ལེགས་ནས་མཛད་པ་འདིས་ཀྱང་ཐེག་མཆོག་རྡོ་རྗེ་སྙིང་པོའི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །། | |||
}} | }} |
Latest revision as of 14:46, 1 June 2024
Wylie title | 'phags ma'i snying thig gi cha lag bi ma'i bla sgrub byin rlabs snying po'i lam yongs rdzogs kyi khrid yig byin rlabs bdud rtsi'i snang ba | |
---|---|---|
Location | mkhyen brtse'i bka' babs Volume 14, Text 8, Pages 195-374 (Folios 1a to 90b1) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po) | |
Associated People | དྲི་མེད་བཤེས་གཉེན་, པདྨ་འབྱུང་གནས་, དཔལ་གྱི་སེངྒེ་ (Vimalamitra, pad+ma 'byung gnas, Śrīsiṃha) | |
Citation | Khyentse, Dilgo. 'phags ma'i snying thig gi cha lag bi ma'i bla sgrub byin rlabs snying po'i lam yongs rdzogs kyi khrid yig byin rlabs bdud rtsi'i snang ba. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 14: 195-374. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013. | |
Genre | Contemplative Guide Books and Instructional Manuals - khrid yig | |
Cycle | བླ་སྒྲུབ་བྱིན་རླབས་སྙིང་པོ་ (bla sgrub byin rlabs snying po) | |
Parent Cycle | འཆི་མེད་འཕགས་མའི་སྙིང་ཐིག་ ('chi med 'phags ma'i snying thig) | |
Karchag page | JKW-KABAB-Volume-14-PHA-Karchag | |
Recension Link | Other Versions on this site: འཕགས་མའི་སྙིང་ཐིག་གི་ཆ་ལག་བི་མའི་བླ་སྒྲུབ་བྱིན་རླབས་སྙིང་པོའི་ལམ་ཡོངས་རྫོགས་ཀྱི་ཁྲིད་ཡིག་བྱིན་རླབས་བདུད་རྩིའི་སྣང་བ། | |
Colophon |
།ཅེས་ཀུན་གཟིགས་འཇམ་པའི་རྡོ་རྗེའི་དགོངས་གཏེར་རྒྱུད་ལུང་མན་ངག་གི་ཟབ་ལམ་ཡོངས་སུ་རྫོགས་པ་འདི་ལ་ཁྲིད་ཡིག་ཞིག་བྱུང་ན་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་མཆོག་རོང་རྨེ་དཀར་མོ་སྟག་ཚང་གི་སྒྲུབ་སྡེ་སོགས་ཉམས་ལེན་བྱེད་འདོད་ཀུན་ལ་ཉེར་མཁོ་ཤིན་ཏུ་གལ་ཆེ་བ་ཡོད་ཅེས་དྲན་པས་གདུང་སེལ་ཁྱབ་བདག་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་འོག་མིན་བླ་མའི་གདན་ས་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཟིམ་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཐོག་མར་སོན་པའི་སྐབས་སྨིན་གྲོལ་ཞིབ་རྒྱས་སུ་དགྱེས་བཞིན་བསྩལ་བ་དང་ཆབས་ཅིག་སྐུ་གསུང་ཐུགས་རྟེན། འཇམ་མགོན་གོང་མའི་ཕྱག་ཤོག་བྲིས་གཞི། སྣག་བུམ་བཅུད་ལྡན། སྨྱུ་གུ་བཅས་བསྩལ་བ་བཞིན་རང་གིས་ཀྱང་བསྙེན་སྒྲུབ་ཀྱི་འབྲེལ་འཇོག་དང་བཅས་རང་བློས་གང་དཔོག་བླ་མའི་ཞལ་རྒྱུན་ལྟར་བྲིས་ཏེ་སྤྱན་འབེབས་ཞུས་པ་དགྱེས་པ་ཆེན་པོས་དབུགས་དབྱུང་དང་ཆབས་ཅིག་སྤར་དུ་འགོད་པར་གསུངས་ཀྱང༌། དུས་ཀྱི་འགྱུར་བ་མི་བསྲུན་པས་རྩོམ་གཞིའི་དཔེ་ཡང་བརླག །ཚེ་མཇུག་རྒྱ་གར་དུ་རྐང་འཁྱམས་ཏེ་ལྷོ་འབྲུག་ཆོས་ལྡན་གྱི་རྒྱལ་ཁབ་ཏུ་བག་ཕེབས་པའི་སྐབས་དཔལ་མགོན་བླ་མ་རིན་པོ་ཆེའི་བཀའ་རྗེས་སུ་སྒྲུབ་སླད་སླར་ཡང་བློ་གྲོས་ཅུང་ཟད་སྨིན་པས་ཞིབ་རྒྱས་སུ་བྲིས་པ་དང༌། ཉིང་འཁྲུལ་དུ་རྣམ་འདྲེན་དྷརྨ་མ་ཏི་དགྱེས་མཇལ་གྱིས་དད་དང་སྤྲོ་བས་དབུགས་དབྱུང་བཞིན་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་རིན་ཆེན་གཏེར་མཛོད་ཆེན་པོའི་དབང་ཆིངས་དང་གོ་བསྡུར་ཞུས་ཏེ་མཐར་ཆགས་སུ་སྤེལ་བ་པོ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་དབྱར་བསིལ་དགུན་སྤྲོ་བའི་སྨན་ལྗོངས་ཉུལ་བཞིན་བྲིས་པ་ཡི་གེ་གཉིས་པའི་མཐུན་འགྱུར་ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་གི་ལྔ་རིག་སྨྲ་བའི་ཤཱཀྱའི་དགེ་སློང་ངག་དབང་མཆོག་ལེགས་ནས་མཛད་པ་འདིས་ཀྱང་ཐེག་མཆོག་རྡོ་རྗེ་སྙིང་པོའི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། | |
ces kun gzigs 'jam pa'i rdo rje'i dgongs gter rgyud lung man ngag gi zab lam yongs su rdzogs pa 'di la khrid yig zhig byung na bod khams bkra shis 'byung ba'i gnas mchog rong rme dkar mo stag tshang gi sgrub sde sogs nyams len byed 'dod kun la nyer mkho shin tu gal che ba yod ces dran pas gdung sel khyab bdag bla ma 'jam dbyangs chos kyi blo gros rin po ches 'og min bla ma'i gdan sa rdzong sar bkra shis lha rtse'i gzim spyil bkra shis 'chi med grub pa'i dga' tshal du thog mar son pa'i skabs smin grol zhib rgyas su dgyes bzhin bstsal ba dang chabs cig sku gsung thugs rten/__'jam mgon gong ma'i phyag shog bris gzhi/__snag bum bcud ldan/__smyu gu bcas bstsal ba bzhin rang gis kyang bsnyen sgrub kyi 'brel 'jog dang bcas rang blos gang dpog bla ma'i zhal rgyun ltar bris te spyan 'bebs zhus pa dgyes pa chen pos dbugs dbyung dang chabs cig spar du 'god par gsungs kyang*/__dus kyi 'gyur ba mi bsrun pas rtsom gzhi'i dpe yang brlag__/tshe mjug rgya gar du rkang 'khyams te lho 'brug chos ldan gyi rgyal khab tu bag phebs pa'i skabs dpal mgon bla ma rin po che'i bka' rjes su sgrub slad slar yang blo gros cung zad smin pas zhib rgyas su bris pa dang/__nying 'khrul du rnam 'dren d+harma ma ti dgyes mjal gyis dad dang spro bas dbugs dbyung bzhin rgyal dbang mkha' khyab rdo rje'i rin chen gter mdzod chen po'i dbang chings dang go bsdur zhus te mthar chags su spel ba po 'jigs med mkhyen brtse'i 'od zer theg mchog bstan pa'i rgyal mtshan gyis dbyar bsil dgun spro ba'i sman ljongs nyul bzhin bris pa yi ge gnyis pa'i mthun 'gyur lha lung theg mchog rab rgyas gling gi lnga rig smra ba'i shAkya'i dge slong ngag dbang mchog legs nas mdzad pa 'dis kyang theg mchog rdo rje snying po'i bstan pa la bya ba mchog tu byed pa'i rgyur gyur cig__/sarba mang+ga laM// |
Footnotes
Other Information
- JKW-KABAB-14-PHA-008
- Tibetan Publications
- Tibetan Texts
- mkhyen brtse'i bka' babs
- bla sgrub byin rlabs snying po
- 'chi med 'phags ma'i snying thig
- Contemplative Guide Books and Instructional Manuals - khrid yig
- Khyentse, Dilgo
- 'jam dbyangs mkhyen brtse'i dbang po
- Vimalamitra
- pad+ma 'byung gnas
- Śrīsiṃha
- JKW-KABAB-Volume-14-PHA
- Khyentse Lineage Project