DKR-KABUM-12-NA-001: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(4 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=དགོངས་གཏེར་འོད་གསལ་སྙིང་ཐིག་ལས། བླ་མ་རྩ་གསུམ་སྤྱི་དང་བྱེ་བྲག་གི་སྨིན་ལམ་དབང་གི་ཕྲེང་བ་འཇུག་བདེ་དཀྱུས་གཅིག་ཏུ་བཀོད་པ་སྨིན་གྲོལ་ཡེ་ཤེས་བདུད་རྩིའི་གསང་མཛོད། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 12: . Delhi: Shechen Publications, 1994. | |fulltitle=dgongs gter 'od gsal snying thig las/ bla ma rtsa gsum spyi dang bye brag gi smin lam dbang gi phreng ba 'jug bde dkyus gcig tu bkod pa smin grol ye shes bdud rtsi'i gsang mdzod | ||
|citation=[[Khyentse, Dilgo]]. ''Dgongs gter 'od gsal snying thig las bla ma rtsa gsum spyi dang bye brag gi smin lam dbang gi phreng ba 'jug bde dkyus gcig tu bkod pa smin grol ye shes bdud rtsi'i gsang mdzod''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 12: 1-190. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer='jam dbyangs mkhyen brtse'i dbang po | |||
|sourcerevealer= | |sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
| | |||
|tibgenre=Empowerment Ritual - dbang chog - dbang skur | |tibgenre=Empowerment Ritual - dbang chog - dbang skur | ||
|terma= | |terma=Yes | ||
|dkroutline=Four | |dkroutline=Four | ||
|cycle=rtsa gsum 'od gsal snying tig | |||
|cycletib=རྩ་གསུམ་འོད་གསལ་སྙིང་ཏིག་ | |||
|language=Tibetan | |language=Tibetan | ||
|volumenumber=012 | |volumenumber=012 | ||
|volnumtib=༡༢ | |volnumtib=༡༢ | ||
|volyigtib=ན་ | |volyigtib=ན་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=001 | |||
|pagenumbers=1-190 | |||
|totalpages=379 | |||
|beginfolioline=1a | |beginfolioline=1a | ||
| | |endfolioline=190a2 | ||
|totalfolios=190 | |||
|multivolumework=No | |||
|rectonotes=dbang khrigs | |||
|versonotes=rtsa gsum 'od gsal snying thig | |||
|colophontib=།ཅེས་ཤར་མདོ་ཁམས་སྡེ་དགེའི་ཆོས་རྒྱལ་ཆེན་པོའི་མངའ་རིས་ཀྱི་ཤར་ཕྱོགས་ཤྲཱི་ན་ལེནྡྲ་གཉིས་པ་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཟིམས་སྤྱིལ་འོག་མིན་གཉིས་པ་སྤྲིན་གྱི་སྐྱེད་ཚལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ནས་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཁྱབ་བདག་རྡོ་རྗེ་སེམས་དངོས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མཆོག་གི་ཞལ་སྔ་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོའི་དགེ་མཚན་ཉི་ཟླ་ཁོར་ཡུག་ཏུ་འཆར་བའི་སྐབས། ཐུན་མོང་མ་ཡིན་པའི་ཟབ་ཆོས་འདི་དག་གི་སྨིན་གྲོལ་གྱིས་བདག་ཀྱང་རྗེས་སུ་བཟུང་བའི་སྐལ་བཟང་ཐོབ་པའི་སྐབས་འདི་བཞིན་ཞབས་ཏོག་སྲིད་ཞུ་སྤེལ་འོས་ཀྱི་བཀའ་ཕུན་སུམ་ཚོགས་པའི་རྟེན་དང་བཅས་དགྱེས་བརྩེས་ཚངས་གནས་ཀྱི་རྒྱན་དུ་བསྩལ་བ་དང་ཆབས་ཅིག །གཏེར་ཆེན་རོལ་པའི་རྡོ་རྗེའི་མཆོག་སྤྲུལ་དྭགས་རྙིང་གི་བསྟན་པའི་སྣང་བྱེད་ཆེན་པོ་ཀརྨ་དྲི་མེད་འོད་ཟེར་ཞབས་ཀྱིས་སྨིན་གྲོལ་བདུད་རྩི་ལྷན་ཅིག་བཞེས་པར་རྗེ་བླ་མའི་བཀའ་བཞིན་མྱུར་དུ་སྒྲུབ་འོས་པའི་བསྐུལ་མ་རྟེན་དང་བཅས་ཡང་ཡང་བསྩལ་བ་དང་རང་ཉིད་ཀྱིས་ཀྱང་དད་སྤྲོས་བསྙེན་སྒྲུབ་ཀྱི་ཞོར་ལ་ཟིན་ཐོ་ཁ་ཤས་བཏབ་ཀྱང༌། མཐའ་མིའི་ལོག་སྤྱོད་ཀྱིས་ཁམས་བོད་ཐམས་ཅད་རྔ་ཐོག་གི་སྲན་མ་བཞིན་ཉམས་ཉེས་སུ་གྱུར་པས་རྩ་བའི་ཟབ་ཆོས་འདི་ཉིད་ཀྱང་དབྱིངས་ཀྱི་མཁའ་འགྲོའི་ཕྱག་མཚན་དུ་བཞེས་པ་ལ་ཉེ་བར་རྩོམ་སྐབས། རྒྱལ་བའི་ཕྲིན་ལས་ཀྱི་རེ་ཁཱ་བསུབ་ཏུ་མེད་པས་རྗེ་བླ་མ་རིན་པོ་ཆེའི་ཕྱག་དཔེ་འཕགས་ཡུལ་དུ་གདན་འདྲེན་ཞུས་ཐུབ་པའི་བཀའ་དྲིན་ལས། རིམ་གྱིས་དཔེ་རྒྱུན་འཕེལ་བ་ལ་ཐེག་མཆོག་སྙིང་པོའི་བསྟན་དང་བསྟན་འཛིན་ལ་མཆོག་ཏུ་གུས་པ་བྱང་གནམ་མཚོའི་དོ་སྐྱ་མཆོག་སྤྲུལ་འགྱུར་མེད་པདྨ་དྲི་མེད་ནས་རྩ་དཔེ་ཞལ་བཤུས་ཀྱི་གླེགས་བམ་དབུས་གྱུར་རྡོ་རྗེ་གདན་གྱི་གཙུག་ལག་ཁང་ནས་གནང་བའི་རྟེན་འབྲེལ་གྱིས་མཚམས་སྦྱར་ཏེ། ཤར་མདོ་ཁམས་སྡེ་དགེའི་རྒྱལ་ཁམས་ཀྱི་མུ་ཏོ་བ། འདུ་ཤེས་གསུམ་གྱི་གཡར་དམ་འཆང་བས་གྲོང་གསེབ་ཏུ་འཁྱམས་པའི་རྙིང་སྔགས་རྒན་པོ། སྙན་ལ་བརྗིད་པའི་མིང་མང་པོའི་ཁུར་གྱིས་ནོན་པའི་རྨོངས་བརྟུལ་གྱི་ཟོག་པོས་རྒྱ་གར་གྱི་ཡུལ་གྲུ་མཐའ་དབུས་ཀུན་ཏུ་རྒྱུ་བའི་སྐབས་སུ་རང་བློས་དཔོག་ཚོད་ཇི་ལྟར་ནུས་པའི་ཞབས་ཏོག་ཞུས་པ་ལ། རྡུལ་བྲལ་ཆོས་སྤྱན་མངའ་ཞིང་ངེས་དོན་གྱི་བསྟན་པ་རིན་པོ་ཆེ་ཐུགས་ལ་བཅགས་པའི་གཟུར་གནས་མཁས་གྲུབ་རྣམས་ཀྱིས་དཔྱད་ཞུས་དང༌། སྨིན་གྲོལ་གྱི་སྲོག་རྩ་མི་ཆད་པའི་གཡར་དམ་བཞེས་གྲུབ་སྙིང་ནས་གསོལ་བ་འདེབས་པ་དང༌། ཡི་གེའི་མཐུན་སྦྱོར་བྱང་ཕྱོགས་རེབ་སྐོང་རིག་པའི་འབྱུང་གནས་ཀྱི་སྔགས་བན་འཇིགས་མེད་སྐལ་བཟང་བདེ་ཆེན་གྲུབ་པའི་རྡོ་རྗེས་དད་གུས་ཀྱི་བརྩོན་པས་བགྱིས་པའི་ངལ་བའི་ཁུར་འདིས་ཀྱང་བསྟན་འགྲོའི་དགེ་མཚན་ཉིན་བྱེད་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་འཕེལ་རྒྱས་བརྟན་པའི་རྒྱུར་འགྱུར་བར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་པར་མཛད་དུ་གསོལ། སརྦ་དཱ་སུ་ཤྲཱི་ཡེ་བྷ་ཝནྟུ།། | |||
|colophonwylie=/ces shar mdo khams sde dge'i chos rgyal chen po'i mnga' ris kyi shar phyogs shrI na len+d+ra gnyis pa rdzong sar bkra shis lha rtse'i gzims spyil 'og min gnyis pa sprin gyi skyed tshal bkra shis 'chi med grub pa'i dga' tshal nas thub bstan yongs rdzogs kyi mnga' bdag khyab bdag rdo rje sems dngos 'jam dbyangs chos kyi blo gros mchog gi zhal snga nas zab rgyas chos kyi 'khor lo'i dge mtshan nyi zla khor yug tu 'char ba'i skabs/_thun mong ma yin pa'i zab chos 'di dag gi smin grol gyis bdag kyang rjes su bzung ba'i skal bzang thob pa'i skabs 'di bzhin zhabs tog srid zhu spel 'os kyi bka' phun sum tshogs pa'i rten dang bcas dgyes brtses tshangs gnas kyi rgyan du bstsal ba dang chabs cig_/gter chen rol pa'i rdo rje'i mchog sprul dwags rnying gi bstan pa'i snang byed chen po karma dri med 'od zer zhabs kyis smin grol bdud rtsi lhan cig bzhes par rje bla ma'i bka' bzhin myur du sgrub 'os pa'i bskul ma rten dang bcas yang yang bstsal ba dang rang nyid kyis kyang dad spros bsnyen sgrub kyi zhor la zin tho kha shas btab kyang*/_mtha' mi'i log spyod kyis khams bod thams cad rnga thog gi sran ma bzhin nyams nyes su gyur pas rtsa ba'i zab chos 'di nyid kyang dbyings kyi mkha' 'gro'i phyag mtshan du bzhes pa la nye bar rtsom skabs/_rgyal ba'i phrin las kyi re khA bsub tu med pas rje bla ma rin po che'i phyag dpe 'phags yul du gdan 'dren zhus thub pa'i bka' drin las/_rim gyis dpe rgyun 'phel ba la theg mchog snying po'i bstan dang bstan 'dzin la mchog tu gus pa byang gnam mtsho'i do skya mchog sprul 'gyur med pad+ma dri med nas rtsa dpe zhal bshus kyi glegs bam dbus gyur rdo rje gdan gyi gtsug lag khang nas gnang ba'i rten 'brel gyis mtshams sbyar te/_shar mdo khams sde dge'i rgyal khams kyi mu to ba/_'du shes gsum gyi g.yar dam 'chang bas grong gseb tu 'khyams pa'i rnying sngags rgan po/_snyan la brjid pa'i ming mang po'i khur gyis non pa'i rmongs brtul gyi zog pos rgya gar gyi yul gru mtha' dbus kun tu rgyu ba'i skabs su rang blos dpog tshod ji ltar nus pa'i zhabs tog zhus pa la/_rdul bral chos spyan mnga' zhing nges don gyi bstan pa rin po che thugs la bcags pa'i gzur gnas mkhas grub rnams kyis dpyad zhus dang*/_smin grol gyi srog rtsa mi chad pa'i g.yar dam bzhes grub snying nas gsol ba 'debs pa dang*/_yi ge'i mthun sbyor byang phyogs reb skong rig pa'i 'byung gnas kyi sngags ban 'jigs med skal bzang bde chen grub pa'i rdo rjes dad gus kyi brtson pas bgyis pa'i ngal ba'i khur 'dis kyang bstan 'gro'i dge mtshan nyin byed phyogs kyi tha gru kun tu 'phel rgyas brtan pa'i rgyur 'gyur bar bla ma rgyal ba sras dang bcas pas byin gyis brlab par mdzad du gsol/_sarba dA su shrI ye b+ha wan+tu// | |||
|pdflink=File:DKR-KABUM-12-NA-001.pdf | |pdflink=File:DKR-KABUM-12-NA-001.pdf | ||
}} | }} | ||
Line 33: | Line 38: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །དགོངས་གཏེར་འོད་གསལ་སྙིང་ཐིག་ལས། བླ་མ་རྩ་གསུམ་སྤྱི་དང་བྱེ་བྲག་གི་སྨིན་ལམ་དབང་གི་ཕྲེང་བ་འཇུག་བདེ་དཀྱུས་གཅིག་ཏུ་བཀོད་པ་སྨིན་གྲོལ་ཡེ་ཤེས་བདུད་རྩིའི་གསང་མཛོད་ཅེས་བྱ་བ་བཞུགས་སོ།། | {{TibP|༄༅། །དགོངས་གཏེར་འོད་གསལ་སྙིང་ཐིག་ལས། བླ་མ་རྩ་གསུམ་སྤྱི་དང་བྱེ་བྲག་གི་སྨིན་ལམ་དབང་གི་ཕྲེང་བ་འཇུག་བདེ་དཀྱུས་གཅིག་ཏུ་བཀོད་པ་སྨིན་གྲོལ་ཡེ་ཤེས་བདུད་རྩིའི་གསང་མཛོད་ཅེས་བྱ་བ་བཞུགས་སོ།།<br><br> | ||
༄༅། །ཆོས་དབྱིངས་ཀུན་ཁྱབ་འོད་གསལ་ཡེ་ཤེས་སྤྲིན། །རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་རོལ་སྒེག་གིས། །བྱིན་རླབས་དངོས་གྲུབ་ཕྲིན་ལས་བདུད་རྩིའི་ཆར། །འབེབས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ་འཆང་རྒྱལ། །ཁྱོད་ཐུགས་ཡེ་ཤེས་གསང་བའི་མཛོད་བརྟོལ་ནས། །ངོ་མཚར་ཟབ་རྒྱས་གདམས་པའི་ལམ་སྲོལ་གྱི། །སྣང་བས་གངས་ཅན་བསྟན་འགྲོའི་ཕན་བདེའི་དཔལ། །འདོད་དགུ་འབྱེད་མཛད་མཁྱེན་བརྩེའི་དབང་པོར་གུས། །རྒྱལ་ཀུན་གསུང་གི་རྡོ་རྗེའི་ཁྱབ་བདག་ཕྱིར། །གསང་བ་རྒྱ་མཚོའི་འདོད་དགུའི་དཔལ་གྱི་དབྱིག །རྨད་བྱུང་སྨིན་གྲོལ་ངོ་མཚར་འཕྲུལ་གྱི་སྒོ། །འདི་ན་སྐལ་བཟང་ཀུན་དགའི་གསོས་སུ་སྦྱིན། །དེ་ལ་འདིར་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྐོར་ཡོངས་རྫོགས་ཀྱི་སྨིན་ལམ་དབང་གི་ཕྲེང་བ་འཇུག་བདེ་དཀྱུས་གཅིག་ཏུ་བཀོད་པ་ལ། བླ་མ་སྐུ་གསུམ་སྤྱིར་སྒྲུབ་པ་དང༌། རྩ་གསུམ་བྱེ་བྲག་ཏུ་སྒྲུབ་པའི་སྨིན་བྱེད་གཉིས་ཀྱི། དང་པོ་ལའང༌། ཕྱི་ནང་གསང་བ་ཡང་གསང་གི་དབང་བསྐུར་རོ། །དང་པོ་རྩ་བ་ཕྱི་སྒྲུབ་བླ་མ་གསང་འདུས་རྡོ་རྗེ་འཆང་ཐོད་ཕྲེང་རིགས་ལྔ་གུ་རུ་མཚན་བརྒྱད་བཅས་གཅིག་དྲིལ་སྒྱུ་འཕྲུལ་དྲྭ་བའི་དབང་བསྐུར་འབོག་པ་ལ། གྲུབ་པའི་སློབ་དཔོན་ཆེན་པོ་སྒེག་པའི་རྡོ་རྗེས། རྒྱུ་གཉིས་རྐྱེན་བཞིས་ཡན་ལག་བསྙད། །དྲུག་ལ་གནས་པའི་ཐོབ་བྱེད་དོ། །ངོ་བོ་ཉིད་ཀྱིས་རྣམ་པར་བཤད། །ཅེས་གསུངས་པ་ལྟར་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་ནི་དབང་བསྐུར་བ་སྟེ། གསང་སྔགས་ལམ་གྱི་བསྟན་དོན་མཐར་ཐུག་ཤིན་ཏུ་རྟོགས་པར་དཀའ་བ་དག་མཉམ་བདེན་པ་དབྱེར་མེད་གཞི་ཡི་དཀྱིལ་འཁོར་ཡེ་ནས་རང་ལ་གནས་པ་ཉིད་དབང་བསྐུར་བའི་ཆོ་ག་ཟབ་མོས་བཙན་ཐབས་སུ་འཆར་བར་བྱེད་པ་སྟེ། །རྡོ་རྗེ་བཞིའི་ཡེ་ཤེས་སྨིན་པར་བྱེད་པའི་ཐབས་ཁྱད་པར་ཅན་ཡིན་པའི་ཕྱིར་ཐོག་མའི་འཇུག་སྒོ་མེད་དུ་མི་རུང་བས། དབང་བསྐུར་མཚན་ཉིད་པ་ལ་རྒྱུ་གཉིས་རྐྱེན་བཞི་ཚོགས་པས་སྐུ་བཞིའི་གོ་འཕང་གི་ཆོས་གདུལ་བྱའི་རྒྱུད་ལ་འཇོག་པའི་བྱེད་ལས་ཀྱིས་ཡེ་ཤེས་དངོས་སུ་སྐྱེས་པའམ་སྐྱེ་ངེས་ཀྱི་ནུས་པ་ཅི་རིགས་ཐོན་དགོས་པས་ན། རྒྱུའི་རྐྱེན་དབང་གི་སྣོད་དུ་རུང་བའི་སློབ་མ་སྟེ། དད་དང་བརྩོན་འགྲུས་གསུམ་ལྡན་དང༌། །བརྟུལ་ཞུགས་གསུམ་ལྡན་སློབ་མ་ལར། །ཞེས་པ་ལྟར་དང༌། བདག་པོའི་རྐྱེན་ཕྱི་ནང་གསང་བའི་དེ་ཉིད་བཅུ་དང་ལྡན་པས་གཞན་རྒྱུད་སྨིན་ནུས་པའི་རང་བཞིན་བརྒྱད་ལྡན་གྱི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པས། དམིགས་པའི་རྐྱེན་དབང་རྫས། སྔགས། ཏིང་འཛིན་གསུམ་གྱི་ནུས་པ་ཁྱད་པར་ཅན་དང་ལྡན་པ་ཚོགས་པས། དབང་དང་ཆོ་ག་སྔ་མ་སྔ་མས་གོ་ཕྱེས་ནས་ཕྱི་མ་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ཏེ། དེས་ན་དབང་བཞི་སྤྱི་དང་བྱེ་བྲག་གོ་རིམ་མ་འཆོལ་བར་བསྐུར་བས། མཚུངས་ལྡན་གྱི་རྒྱུ་སློབ་མའི་རྩ་རླུང་ཐིག་ལེ་སེམས་དང་བཅས་པའི་བྱེ་བྲག་དབང་སོ་སོའི་རྗེས་མཐུན་གྱི་ཆོས་རེ་ཆོས་ཉིད་བདེ་བ་ཆེན་པོས་ཁྱབ་སྟེ་ཡོད་པ་ལ། ལྷན་ཅིག་བྱེད་རྒྱུ་དབང་བཞི་སོ་སོའི་དབང་རྫས་སྔགས་ཀྱི་ལྟ་དགོངས་ཁྱད་པར་ཅན་གྱིས་དུས་དེར་གང་ལ་དབང་བསྐུར་བ་དེའི་ཆེད་དུ་རབ་གནས་བྱས་པའི་བྱིན་རླབས་དང་ལྡན་པ་རྣམས་ཚོགས་པའི་མཐུ་ལས་རང་གནས་ཀྱི་ཡེ་ཤེས་མངོན་དུ་འཆར་བ་ནི། ཕུར་པའི་རྒྱུད་ལས། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་རླབས་སོ། སངས་རྒྱས་ཀྱི་མཐུའོ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་དབང་ཐོབ་པས་ལྟ་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་དང༌། དེའི་དོན་བཞིན་བསྐྱེད་རྫོགས་སྒོམ་པ་ལ་དབང་བ་དང༌། སྤྱོད་པ་ལ་ནུས་པ་ཐོབ་པ་དང༌། སྒྲུབ་པ་དང་མཆོད་པ་ཕྲིན་ལས་སྔགས་ཕྱག་རྒྱ་རྣམས་དོན་ཡོད་པ་དང་དམ་ཚིག་ཐོབ་པར་བྱེད་པས་གསང་སྔགས་ཀྱི་ལམ་ཀུན་གྱི་འབྱུང་གནས་སུ་གྱུར་པ་དང༌། གོ་འཕང་གི་རིམ་པ་ཐོབ་པར་བྱེད་པ་ལ་རྒྱལ་པོ་ལྟ་བུ་ཡིན་པས་ཚུལ་འདི་ཉིད་ཀྱི་རྣམ་བཞག་རྒྱུད་དང་སྒྲུབ་སྡེའི་མན་ངག་ལས་རྒྱ་ཆེར་འབྱུང་བ་ལྟར་ཉམས་འོག་ཏུ་ཚུད་པ་ནི་ཤིན་ཏུ་གལ་ཆེ་བའི་གནད་སྤྱིར་སྨོས་ནས། བྱེ་བྲག་རིམ་པ་དབང་གི་ཆོ་ག་དངོས་ལ། ཐུན་མོང་སྨིན་བྱེད་ཡེ་ཤེས་ཐིག་ལེ། དབང་བཞི་ཡེ་ཤེས་དཔལ་སྟེར། བྱིན་རླབས་བརྡ་ཡི་དབང་བཞི། གཏོར་དབང་བྱིན་རླབས་དཔལ་སྟེར་བཅས་བཞི་ལས། དང་པོ། སྨིན་བྱེད་ཡེ་ཤེས་ཐིག་ལེའི་སྔོན་འགྲོ་ཕྱི་ནང་གི་འཇུག་པའི་ཆོས། དངོས་གཞི་ཐུན་མོང་རིགས་དབང་ལྔ། མཐའ་རྟེན་རྣམ་རྒྱལ་བུམ་པའི་དབང་བཅས་དང༌། དབང་བཞི་ཡེ་ཤེས་དཔལ་སྟེར་ཟབ་དབང་དངོས་ཡིན་པས་དེ་གཉིས་དགོངས་པ་གུང་བསྒྲིལ་གྱིས་ཐོག་མར་བསྐུར་དགོས་པས་དེའི་ཚུལ་ལ། སྔོན་འགྲོ་ལྷག་གནས་གསུམ། དངོས་གཞི་དབང་དོན་སྒྲུབ་ཅིང་མཆོད་བསྙེན། བདག་ཉིད་འཇུག་ཅིང་སློབ་མ་གཞུག་པ། རྗེས་ཚོགས་དང་གཏོར་མ་གཏོང་ཞིང་ལས་རིམ་མཐར་དབྱུང་བའོ། །དང་པོ་ལའང༌། ཡུལ་ཅན་ལྷ་དང༌། བུམ་པ། ཡུལ་སློབ་མ་ལྷག་གནས་སོ། །དང་པོ་ནི། སྤྱིར་རྩ་གསུམ་འོད་གསལ་སྙིང་ཐིག་རང་གཞུང་གི་ཐུན་མོང་སྨིན་བྱེད་ཡེ་ཤེས་ཐིག་ལེར་སྟ་གོན་དངོས་བསྟན་དུ་མི་འབྱུང་ཡང་དངོས་གཞིའི་དབང་གི་སྔོན་འགྲོར་མེད་དུ་མི་རུང་བས་རྗེ་བླ་མའི་ཟབ་གཏེར་འཇམ་དཔལ་སྙིང་ཐིག་སྒྲོན་མ་བདུན་པའི་སྟ་གོན་འདིའི་སྔོན་དུ་སྦྱོར་བ་ཕྱག་བཞེས་སུ་མཛད་འདུག་ཀྱང་དེའི་དཔེ་མ་བཞུགས་སྟབས་དགོངས་གཏེར་འཆི་མེད་འཕགས་མའི་སྙིང་ཐིག་གི་རྩ་དབང་ཡེ་ཤེས་ཐིག་ལེ་ནས་ཁ་བསྐངས་ཏེ་འགོད་པ་ལ། མཚན་ཉིད་དང་ལྡན་པའི་གནས་སུ་སྒྲུབ་པའི་ཁང་པ་ཕྱགས་དར་རྒྱན་གྱིས་སྤྲས་པར་དཀར་ཕྱོགས་ཀྱི་ཚེས་བཅུ་སོགས་དུས་དགེ་ཞིང་ཤིས་པར་གུང་དུ་གཞུང་མཐུན་གྱི་རྟེན་བཀྲམ་པའི་སྤྱན་སྔར་བདག་བསྐྱེད་མཆོད་པ་ཆུ་གཉིས་ཉེར་སྤྱོད། སྨན་གཏོར་རཀྟ་རྣམས་ཅི་བདེར་བཀོད། དཀྱིལ་འཁོར་གྱི་གཞིར་སྟེགས་བུ་ཁེབས་ལྡན་གྱི་དབུས་རིན་པོ་ཆེའི་མཎྜལ་དྲིའི་ཐིག་ལེ་བཀོད་པ་ལ་མེ་ཏོག་གམ། འབྲུ་གཤེར་ལྡན་གྱི་ཚོམ་བུ་དབུས་སུ་ཆེ་བ་གཅིག །ཕྱོགས་བཞིར་དེ་ལས་དམའ་བ་བཞི། དེ་རྒྱབ་བརྒྱད། དེ་རྒྱབ་བཞི་བཅས་ཇེ་ཆུང་དུ་བཀོད། མདུན་རྒྱབ་གང་བདེར་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་བསྐོར་བཤམས། དཀར་གཏོར་གསེར་སྐྱེམས་དང་བཅས་པ། སློབ་དཔོན་གྱི་མདུན་དུ་ལས་བུམ། རྡོར་དྲིལ་སོགས་ཉེར་མཁོའི་ཡོ་བྱད་ཚོགས་པར་བྱས་ལ། བདེ་བའི་སྟན་ལ་འཁོད་པས་ཚིག་བདུན་གསོལ་འདེབས་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས་སྐྱབས་སེམས་ནས་བརྩམས་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བ་བཟླས་པ་བཅས་བསྡུས་ཙམ་བཏང་ལ། དཀར་གཏོར་བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་མགྲོན་སྤྱན་དྲངས། སྠ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས། གྷྲྀ་ཧྣ་དཾ་བ་ལིཾ་ཏ་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་ཕུལ་ཏེ། གང་དག་འདིར་གནས་སོགས་ཀྱིས་ཕྲིན་ལས་བཅོལ་ཞིང་གཏོར་མ་དང་གསེར་སྐྱེམས་ཕུལ་བས་ས་སློང་གི་དོན་ཡང་ཚང་བས་སྒྲུབ་གནས་རྙིང་པ་ལ་དེ་ཙམ་གྱིས་རུང་བར་ཕྱག་བཞེས་སུ་མཛད་དོ། །དེ་ནས་ལྷ་སྟ་གོན་དངོས་ལ་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བའི་ལས་བྱང་གི་མཆོད་པ་བྱིན་བརླབ། ཨོཾ་ཨཱཿཧཱུྃ༔ བདག་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས༔ འཕྲོས་པའི་འོད་ཀྱིས་མཆོད་རྫས་གཟུང་འཛིན་སྦྱངས༔ སྣང་སྲིད་གཞིར་བཞེངས་ཀུན་བཟང་མཆོད་པའི་སྤྲིན༔ དཔག་ཡས་ནམ་མཁའ་མཛོད་ཀྱི་གཏེར་དུ་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་དང༌། རཱུ་པ། ཤབྡ། གྷནྡྷེ། རཱ་ས། སྤརྴེ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། ཚོམ་བུ་ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་རྟེན་ཡོངས་གྱུར་ལས༔ ཕྱི་སྣོད་བདེ་ཆེན་པདྨ་འོད་ཀྱི་གླིང༔ ཤིན་ཏུ་ཉམས་དགའ་ངོ་མཚར་བཀོད་པས་མཛེས༔ སོགས་ཕྲིན་ལས་ལྟར་དམ་ཚིག་བསྐྱེད། ཡེ་ཤེས་པ་བསྟིམ། ཕྱག་མཆོད་བསྟོད་པའི་བར་དཀྱུས་ལྟར་བཏང༌། རྡོར་དྲིལ་དང་སྤོས་ཐོགས། པུས་བཙུག་ཐལ་མོ་སྦྱར་ལ། ཨོཾ༔ ཕྱོགས་དུས་རྩ་གསུམ་རྒྱལ་ཀུན་གྱི༔ ཁྱབ་བདག་འཆི་མེད་ཐོད་ཕྲེང་རྩལ༔ སྔོན་གྱི་ཐུགས་དམ་ཆེན་པོ་ཡིས༔ བདག་ལ་དགོངས་པར་མཛད་དུ་གསོལ༔ རིག་པ་འཛིན་པ་བདག་གིས་ནི༔ ཡོ་བྱད་རྣམ་པ་ཐམས་ཅད་པས༔ བདེ་བའི་ལོངས་སྤྱོད་རབ་སྦྱར་ཏེ༔ ལྷ་རྣམས་ཡོངས་སུ་མཆོད་པ་དང༔ སྣོད་ལྡན་རྣམས་ལ་ཕན་གདགས་ཕྱིར༔ སྔགས་ཀྱི་ཆོ་གའི་ཐབས་ཆེན་པོས༔ སྙིང་པོའི་དཀྱིལ་འཁོར་བསྒྲུབ་པ་དང༔ རང་གཞན་དོན་ཀུན་བགྱི་འཚལ་ན༔ ཡེ་ཤེས་སྙིང་རྗེ་ཆེན་པོ་ཡིས༔ བཟོད་པར་མཛད་དེ་གནང་ནས་ཀྱང༔ སྣོད་བཅུད་རིག་འཛིན་བླ་མ་རྗེའི༔ རྡོ་རྗེ་གསུམ་དང་དབྱེར་མེད་པར༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཞེས་གསོལ་བས་ལྷ་ཚོགས་རྣམས་དགྱེས་པ་ཆེན་པོས་རིག་པ་འཛིན་པ་ཁྱེད་ཀྱིས་དཀྱིལ་འཁོར་གྱི་ལས་ཇི་ལྟར་འོས་པ་གྱིས་ཤིག་ཅེས་བཀའི་གནང་བ་བསྩལ་ནས་བསྒྲུབ་པའི་ས་ལ་ཐིམ་པས་ཡེ་ཤེས་གཟི་བྱིན་ལྷག་པར་འབར་བར་གྱུར། ཞེས་དམིགས་ལ་མཎྜལ་ཚོམ་བུ་བཅས་བསྡུ། གཉིས་པ་ནི། རིན་པོ་ཆེའི་བུམ་པ་དྲི་ཡི་ཆབ་དང་ཉེར་ལྔའི་བཅུད་ལྡན་གཉིས་ཁ་རྒྱན་མགུལ་ཆིངས་བཅས་བཀོད་པ་ནས། མཆོད་པ་རྣམས་སྔར་ལྟར་གསར་དུ་བཤམས་པའམ་ཁ་གསོ། དུང་ཞལ་གཟུངས་ཐག་བཅས་འདུ་བྱས་ལ། བསང་སྦྱང༌། སྟོང་པའི་ངང་ལས་རྣམ་རྒྱལ་བུམ་པ་ནི། །བྷྲཱུྃ་ཡིག་ཡོངས་གྱུར་རིན་ཆེན་སྣ་ཚོགས་ལས། །ཡོངས་གྲུབ་ཕྱི་ནི་བུམ་གཟུགས་གཞལ་ཡས་ཁང༌། །ཚད་དང་མཚན་ཉིད་ཐམས་ཅད་རྫོགས་པ་ཡི། །ལྟེ་བར་རིན་ཆེན་པདྨ་ཉི་ཟླའི་སྟེང༔ རྡོ་རྗེ་ཧཱུྃ་ཡིག་མཉམ་སྦྱོར་འཕྲོ་འདུ་ལས༔ དབུས་སུ་ལྷུན་གྲུབ་རིག་འཛིན་ཐོད་ཕྲེང་རྩལ༔ སོགས་ཕྲིན་ལས་ལྟར་དམ་ཚིག་བསྐྱེད་ཡེ་ཤེས་པ་སྤྱན་འདྲེན་བཞུགས་གསོལ་མཆོད་ཅིང་བསྟོད་པའི་བར་བཏང༌། རང་གི་ཐུགས་ནས་སྔགས་ཀྱི་ཕྲེང༔ རྡོ་རྗེའི་གཟུངས་ཐག་ལས་བརྒྱུད་དེ༔ བུམ་ལྷའི་ཐུགས་དམ་རྒྱུད་བསྐུལ་བས༔ བདེ་སྟོང་རོལ་པའི་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ འཕགས་མཆོད་འགྲོ་བའི་དོན་ཀུན་བསྒྲུབས༔ ཚུར་འདུས་ཐུགས་ཀའི་དཔལ་བེར་འཁྱིལ༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ དཔག་མེད་བྱུང་ནས་བུམ་པའི་བཅུད༔ དངོས་གྲུབ་ཀུན་གྱི་སྙིང་པོར་གྱུར༔ ཞེས་པས་ཏིང་ངེ་འཛིན་གསལ་བཏབ། གཟུངས་ཐག་བླངས་ལ་བསྙེན་སྒྲུབ་ཀྱི་སྔགས་གཉིས་སུམ་བརྒྱ་ལས་མི་ཉུང་བ་དང༌། ཧཱུྃ་བཟླས་ཀྱང་ཅུང་ཟད་བྱ། མཐར། ཨོཾ་ཨཱཿཧཱུྃ། ཞེས་དུང་ཞལ་གྱི་ཆུ་མཆོད་ཡོན་དུ་ཕུལ་བས། ལྷ་ཚོགས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་བས་སློབ་མའི་རྒྱུད་དག་ཅིང་དབང་གི་ཡེ་ཤེས་བསྐྱེད་པའི་དངོས་གྲུབ་སྟེར་བའི་ནུས་ལྡན་དུ་གྱུར། ཞེས་མོས། ལས་བུམ་ནང་དུ་པད་ཉིའི་སྟེང༔ པདྨ་རྟ་མགྲིན་སྐུ་མདོག་དམར༔ དུར་ཁྲོད་ཆས་རྫོགས་དོར་སྟབས་བཞུགས༔ སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་གང་བར་གྱུར༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཞེས་བརྒྱ་རྩ་བརྒྱད་བཟླ། ཧཱུྃ་ཞེས་བསྐུལ་བས། དཔལ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱིས་དབང་གི་བྱ་བ་མ་གྲུབ་ཀྱི་བར་དུ་བར་གཅོད་ཀྱི་བགེགས་ཐམས་ཅད་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ལས་བཅོལ་ནས་བཞག །ཐུན་མོང་རིགས་དབང་ལྔའི་དབང་རྫས་དང༌། སྐུ་རྟེན་ཙཀླི་བདུད་རྩི་སོགས་སྐབས་འདིར་ཚོགས་པར་བྱས་ལ་དེར་དམིགས་པས། དབང་རྫས་རྣམས་ངོ་བོ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་རང་བཞིན་ཡེ་ཤེས་ཀྱི་སྣང་བ་ཅིར་ཡང་འཆར་བའི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་འབྱུང་བའི་དབྱིག་ཏུ་གྱུར་པར་མོས་ལ། དཀྱིལ་འཁོར་ཡོལ་བས་བསྒྲིབ། གསུམ་པ་དབང་བསྐུར་བའི་ཡུལ་སློབ་མ་ལྷག་གནས་ནི། སོ་ཤིང༌། ཁྱོར་ཆུ། དཔུང་སྐུད། ཀུ་ཤ། སློབ་མ་མཆོད་པའི་ཉེར་སྤྱོད་ལྔ་བཅས་འདུ་བྱས་ལ། སྨིན་གྲོལ་འབོག་པར་འོས་པའི་སློབ་མ་ཇི་ལྟར་རིགས་པ་བོས་ལ། སྒོའི་ཕྱི་རོལ་དུ་ཁྲུས་ནས་དབྱུང༌། ནང་དུ་ཞུགས་པ་ན་མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། དེ་ལའང་སྐྱེས་བུ་གསུམ་གྱི་ལམ་ཡོངས་སུ་རྫོགས་པའི་སྣོད་རུང་ལྷ་བས་ལྷག་པའི་རྟེན་རྡོ་རྗེའི་ཁམས་དྲུག་དང་ལྡན་པའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་དཔེ་གྲངས་རྒྱུ་དང་ངོ་བོས་ཤིན་ཏུ་རྙེད་དཀའ་ཞིང་དོན་མེད་དུ་ཆུད་ཟ་བར་ཕངས་བ་དང༌། ཁྱད་པར་སངས་རྒྱས་ལས་ཀྱང་དཀོན་པའི་བསྟན་པའི་སྙིང་པོ་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་དང་མངོན་སུམ་དུ་མཇལ་ཡང༌། འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་སྐད་ཅིག་ཀྱང་རྟག་པ་མེད་ཅིང་སྙིགས་མའི་བསྐལ་པར་འགལ་རྐྱེན་མང་བས་འཆི་བདག་གི་སུན་མ་ནི་ནམ་འོང་ཆ་མེད། འཆི་བའི་ཕ་རོལ་ཏུ་རྣམ་པར་ཤེས་པ་རྒྱུ་ལས་དཀར་ནག་གི་རྗེས་སུ་འབྲང་བ་ལས་རང་དབང་སྐད་ཅིག་ཀྱང་མེད། འབྲས་བུ་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ཁོ་ན་ལས་མ་འདས་པས་དེ་ལས་ཐར་པའི་ཐབས་ལ་བརྩོན་དགོས། འཁོར་བའི་སྡུག་བསྔལ་གཏིང་མཐའ་མེད་པ་ལས་ཐར་པའི་ཐབས་ནི་དམ་པའི་ཆོས་མ་གཏོགས་གཞན་གང་ཡང་མ་མཆིས་ཤིང༌། དེ་ལས་ཀྱང་ཐར་པ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་ཐེག་པ་ཆེན་པོའི་སྒོར་ཞུགས་དགོས། དེ་ལའང་རྒྱུ་ལམ་དུ་བྱེད་པ་མཚན་ཉིད་ཐེག་ལས་ཁྱད་པར་དུ་མས་འཕགས་པ་འབྲས་བུ་ལམ་བྱེད་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་ནི་ཚེ་གཅིག་ལུས་གཅིག་ལ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ངེས་པར་འགྲུབ་པར་བྱེད་པ་ཡིན་ལ། དེའི་ལམ་ཐམས་ཅད་ཀྱི་རྩ་བ་སྙིང་དང་མིག་ལྟ་བུ་ནི་རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དཔལ་ལྡན་བླ་མའི་རྡོ་རྗེ་གསུམ་གྱི་གསང་བ་ལམ་དུ་བྱེད་པ་ཉིད་བྱིན་རླབས་ཀྱི་ཚན་ཀ་ཆེ་ཞིང་ས་ལམ་མཆོག་གི་བགྲོད་པ་མྱུར་ཞིང་བདེ་བ་དང༌། གེགས་སེལ་བོགས་འབྱིན་ལམ་གྱི་དངོས་གཞི་ཐམས་ཅད་གཅིག་ཏུ་རྫོགས་པ་སོགས་དགོས་པ་དང་ཆེ་བ་དུ་མས་ཁྱད་དུ་འཕགས་པ་ནི་རིག་འཛིན་བླ་མའི་ཐུགས་སྒྲུབ་སྟེ། ཚུལ་དེ་ལ་དགོངས་ནས་སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་རྩལ་གྱིས་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱ་མཛད་དེ་ཟབ་མོའི་གཏེར་དུ་སྦས་པ། སྨོན་ལམ་དང་ཐུགས་བསྐྱེད་དུས་སུ་བབ་པའི་ལས་ཅན་སྤྲུལ་པའི་སྐུ་མཆོག་གཏེར་འབྱིན་གྲུབ་རྒྱའི་སྤྱི་མེས་རྣམས་ཀྱིས་གདུལ་བྱ་སོ་སོའི་ངོ་སྐལ་དང་མཐུན་པར་སྨིན་གྲོལ་ལས་ཚོགས་དང་བཅས་པ་དུས་དང་དུས་སུ་སྣང་བས་གངས་ཅན་ཕྱི་མའི་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པ་ལས་འདིར་གསུང་རྡོ་རྗེ་པདྨ་སཾ་བྷ་ཝ་ཉིད་བཀྲ་ཤིས་བྲག་ཕུག་མཱ་ར་ཏི་ཀར་ཚེ་ལམ་གསང་བའི་དགྱེས་སྡེ་མནྡྷ་ར་བ་དང་ལྷན་ཅིག་བདེ་ཆེན་ཉེ་རྒྱུའི་སྤྱོད་པས་འཆི་མེད་ཚེ་དབང་རིག་པ་འཛིན་པའི་སྐུར་བཞེངས་ཚེ། སྤྲུལ་གཞི་གསུང་མཆོག་པདྨའི་རིགས་ཀྱི་ཁྱབ་བདག་པདྨ་དྲྭ་བ་ཡབ་ཡུམ་གྱིས་སྟོན་པ་ཉིད་དང་གཉིས་སུ་མེད་པར་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའི་ཚེ་ལྷན་ཅིག་པའི་འཁོར་ཚོམ་བུ་ཚོགས་སྒྲུབ་ཀྱི་འདུས་པ་གྲུབ་པ་ཆེན་པོའི་ས་ལ་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་རང་བྱུང་ལྷུན་གྱིས་གྲུབ་པའི་ཆོས་ཀྱི་གསང་མཛོད་དུ་བསྟན་པ་ཉིད། སླར་ཡང་ཕྲིན་ལས་ཀྱི་སྒོ་འབྱེད་པའི་འཁོར་བོད་ཡུལ་གྱི་རྡོ་རྗེའི་འདུས་པ་ལས་ཅན་རྗེ་འབངས་གྲོགས་གསུམ་ལ་ཐུགས་ཀྱི་མན་ངག་མནོག་ཆོས་སུ་གདམས་པའི་ཟབ་ཆོས་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྐོར་རྣམས་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང་མངའ་བདག་ཁུ་དབོན་གཉིས་སུ་མེད་པའི་ཐུགས་བསྐྱེད་ཀྱི་རང་གཟུགས། གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན། ཀུན་མཁྱེན་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེས་ཟབ་རྒྱས་ཆོས་སྒོ་འཛད་མེད་དགོངས་གཏེར་ནམ་མཁའ་མཛོད་ཀྱི་གཏེར་རྒྱ་བཀྲོལ་ཏེ་ལས་ཅན་ཀུན་ལ་སྤེལ་བར་མཛད་པ་སྟེ། འདི་ལའང་སྨིན་གྲོལ་ལས་ཚོགས་དང་བཅས་པ་རྒྱ་ཆེར་བཞུགས་པ་ལས་ཀུན་གྱི་རྩ་བའི་ཆོས་སྡེ་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བ་དང་འབྲེལ་བའི་དབང་བསྐུར་བ་སྐབས་སུ་བབ་པ་སྟེ། དེ་ལའང་ཐུན་མོང་རྩ་བའི་སྨིན་བྱེད་རྒྱས་པ་ཡེ་ཤེས་ཐིག་ལེ། དབང་བཞི་ཡེ་ཤེས་དཔལ་སྟེར། གཏོར་དབང་བྱིན་རླབས་དཔལ་སྟེར། བྱིན་རླབས་བརྡ་ཡི་དབང་བཞི་རྣམས་སུ་བཞུགས་པ་ལས། འདིར་སྨིན་བྱེད་ཡེ་ཤེས་ཐིག་ལེའི་རིམ་པ་སྒྲུབ་པ་ཡིན། དེ་ཉིད་ལའང་སྔོན་འགྲོ་ལྷག་པར་གནས་པ་དང༌། དངོས་གཞིའི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། ཐོག་མར་སློབ་མ་ལྷག་གནས་ཀྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གུས་པ་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། འཆི་མེད་པདྨ་ཐོད་ཕྲེང་རྩལ༔ རྡོ་རྗེའི་བླ་མ་དགོངས་སུ་གསོལ༔ བདག་ཅག་འཁོར་བ་ལས་གྲོལ་ཕྱིར༔ ཐུགས་རྗེ་ཆེན་པོས་རྗེས་བཟུང་འཚལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་གདམས་པའི་གནད་དགྲོལ་ཞིང་བཀའི་གནང་བ་སྦྱིན་པ་ལགས་ཏེ། བསམ་ཡས་ཐེག་པའི་འཇུག་སྒོ་ནི༔ བློ་དང་འཚམས་པར་སྣང་བ་ལས༔ མཐར་ཐུག་རྡོ་རྗེའི་དཀྱིལ་འཁོར་དུ༔ འཇུག་པའི་སྐལ་ལྡན་ཤིན་ཏུ་དཀོན༔ དད་དང་དམ་ཚིག་མཆོག་ལྡན་ཞིང༔ རྡོ་རྗེ་འཛིན་པའི་བསླབ་པ་ལས༔ ནམ་ཡང་འདའ་བར་མི་བགྱིད་ན༔ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི༔ མངོན་པར་བྱང་ཆུབ་ལམ་གྱི་མཆོག༔ ཡང་དག་ངེས་པའི་གསང་བ་བཞིན༔ ཐར་པ་ཆེན་པོའི་གྲོང་ཁྱེར་དུ༔ བདག་གིས་སྣོད་དུ་རུང་བའི་ཕྱིར༔ ལྷག་པར་གནས་པའི་ཆོ་ག་བྱ༔ ཞེས་གདམས་པའི་ལན་གསོལ་བ་འདིའི་རྗེས་ཟློས། བདག་ནི་གཙོ་བོ་ཁྱེད་ཉིད་ལས༔ སྐྱབས་གནས་གཞན་ན་མ་མཆིས་ཕྱིར༔ ཇི་ལྟར་བཀའ་བསྩལ་སྒྲུབ་བགྱི་ན༔ ངེས་པར་དགོངས་ཏེ་གནང་དུ་གསོལ༔ དེ་ནས་ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། སྐྱབས་ཀྱི་ཡུལ་མདུན་གྱི་ནམ་མཁར་འཆི་མེད་པདྨ་ཐོད་ཕྲེང་རྩལ་རིག་འཛིན་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་སྤྲིན་གཏིབས་པ་བཞིན་བཞུགས་པ་ལ། སྐྱབས་བྱ་བདག་གཞན་མཁའ་ཁྱབ་ཀྱི་ཡིད་ཅན་མཐའ་དག །སྐྱབས་སུ་འགྲོ་ཚུལ་སྒོ་གསུམ་འཇུག་པ་གཅིག་པས། སྐྱབས་འགྲོའི་རྒྱུ་དེང་ནས་བྱང་ཆུབ་མ་ཐོབ་བར་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་བསྒྲལ་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་ཅི་མཛད་ཁྱེད་མཁྱེན་བློ་གཏད་ལིང་སྐྱུར་གྱིས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་མཁའ་མཉམ་སོགས་དབང་ཆོག་ལྟར་ལན་གསུམ། ཐོག་མེད་དུས་ནས་ཕ་མར་གྱུར་པའི་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སྲིད་ཞིའི་མཐའ་གཉིས་ལས་འདས་པ་སྐུ་གསུམ་བླ་མའི་གོ་འཕང་ལ་བདེ་མྱུར་གྱིས་འགོད་པར་བྱ། དེའི་ཕྱིར་དུ་བླ་ན་མེད་པའི་དཀྱིལ་འཁོར་གཉན་པོ་འདིར་འཇུག་ཅིང་དབང་གིས་རྒྱུད་སྨིན་པར་བྱས་ནས་ལམ་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་དང་མ་བྲལ་བས་རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་པོ་ཆེའི་རྗེས་སུ་སློབ་སྙམ་པས་སྨོན་འཇུག་གི་སེམས་བསྐྱེད་པ་གསལ་ཐོབ་ལ་འདིའི་རྗེས་ཟློས། མ་གྱུར་རིགས་དྲུག་སོགས་དབང་ཆོག་ལྟར་ལན་གསུམ། ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར། བདག་སོགས་སེམས་ཅན་གྱི་ཐམས་ཅད་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང༌། ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོས་མཆོད་པ་དང༌། སྡིག་ལྟུང་གི་བྱས་བསགས་ལ་འགྱོད་པའི་སེམས་ཀྱི་བཤགས་སྡོམ་དང༌། ཚོགས་གཉིས་ཀྱི་དགེ་སྤྱོད་ལ་རྗེས་སུ་ཡི་རང་བ། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་ཞིང་དགེ་རྩ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་བཅས་བདུན་རྣམ་དག་ཚུལ་བཞིན་བགྱི་བའི་བློས་རྗེས་ཟློས། ཕྱོགས་བཅུ་དུས་བཞི་སོགས་ལས་བྱང་ལྟར་ལན་གསུམ། དབང་གི་ཡེ་ཤེས་སྐྱེ་བརྟན་གོང་འཕེལ་དུ་འགྱུར་བ་ལ་རྒྱུད་རྣམ་པར་དག་ཅིང་སྡོམ་པ་དང་ལྡན་པ་དགོས་པས། ཚོགས་ཞིང་དེ་རྣམས་དཔང་པོར་བྱས་ཏེ་ཕྱི་སོ་སོར་ཐར་པའི་སྡོམ་པ། ནང་བྱང་ཆུབ་སེམས་ཀྱི་བསླབ་པ། གསང་བ་རྡོ་རྗེ་ཐེག་པའི་དམ་ཚིག་རྣམས་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། ཧོཿ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་དང༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ རིག་པ་འཛིན་པ་བདག་གིས་ནི༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ ངེས་པར་འབྱུང་བས་རྒྱུད་བསྐུལ་ནས༔ ཕྱི་ནང་གསང་བ་བླ་མེད་པའི༔ མཆོག་གསུམ་སྐྱབས་ཀྱི་སྙིང་པོར་བཟུང༔ ལུས་ངག་ཡིད་ཀྱིས་གཞན་རྣམས་ལ༔ གནོད་པའི་བསམ་སྦྱོར་ཡོངས་སྤངས་ཤིང༔ བྱམས་དང་སྙིང་རྗེ་ཆེན་པོའི་བློས༔ ཕ་རོལ་ཕྱིན་པ་དྲུག་ལ་སོགས༔ ཕན་བདེའི་སྤྱོད་པ་རླབས་ཆེན་སྤྱད༔ མ་བསྒྲལ་བསྒྲལ་དང་མ་གྲོལ་སྒྲོལ༔ དབུགས་མ་ཕྱུངས་རྣམས་དབུགས་དབྱུང་ཞིང༔ ཐམས་ཅད་སྲིད་ཞི་ལས་འདས་པའི༔ བླ་མེད་བྱང་ཆུབ་དམ་པར་འགོད༔ བདེ་གཤེགས་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་ཀྱི་སྡོམ་པ་དང༔ ཡན་ལག་དམ་ཚིག་ཉེ་ཤུ་ལྔ༔ རྩ་བ་སྐུ་གསུང་ཐུགས་ལ་སོགས༔ རྡོ་རྗེ་འཆང་གི་རྒྱུད་སྡེ་ལས༔ སྔགས་ཀྱི་འདུལ་བ་གང་གསུངས་པ༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ གཙོ་བོས་བདག་ལ་བཀའ་དྲིན་མཛོད༔ ལན་གསུམ། དེ་དག་གིས་དབང་བསྐུར་བའི་སྣོད་དུ་རུང་བར་བྱས་ནས། རྡོ་རྗེ་ཐེག་པ་བླ་མེད་ཀྱི་ལམ་འདིར་ཕུང་ཁམས་སྐྱེ་མཆེད་རྣམ་པར་དག་པ་གདན་གསུམ་ལྷའི་རང་བཞིན་དུ་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་ཏེ། དབང་ཤེས་གཟུང་འཛིན་འཁྲུལ་པ་ཡེ་ཤེས་ཀྱི་རོལ་པར་ཤེས་པས་འདོད་ཡོན་བདེ་ཆེན་གྱི་རྒྱན་དུ་ལམ་དུ་བྱེད་དགོས་པས་ན། སྣོད་བཅུད་རྣམ་པར་དག་པ་རྡོ་རྗེ་དབྱིངས་ཀྱི་འཁོར་ལོར་ལྷུན་གྱིས་རྫོགས་པའི་དབུས་སུ་པདྨ་ཟླ་བའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་རིགས་ཀུན་གྱི་ཁྱབ་བདག་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་ཞི་འཛུམ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་ཅན། ཕྱག་གཡས་པས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་གཏོད་ཅིང་གཡོན་པས་དྲིལ་བུ་དཀུར་བསྟེན་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་བྱིན་རླབས་མ་ལུས་པ་ཡི་གེ་གསུམ་གྱི་རྣམ་པར་སྤྱན་དྲངས་ཏེ་ཐིམ་པས་སློབ་མའི་ལུས་ངག་ཡིད་གསུམ་ཡེ་ཤེས་ལྷ་ཡི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་བྱིན་གྱིས་བརླབས་པར་གྱུར་པ་ལ་མཆོད་པའི་ཡོ་བྱད་རྣམས་ཀྱིས་མཆོད་ཅིང་མངའ་དབུལ་བར་མོས་ཤིག །མེ་ཏོག་སོགས་གནས་སོ་སོར་སྦྱིན་ལ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་ཉེར་སྤྱོད་ལྔས་མཆོད། དང་པོ་སོ་ཤིང་སྦྱིན་པ་ལ། དྲི་དང་བ་བྱུང་གིས་བྱུགས་པའི་མཎྜལ་ཚོམ་བུ་ལྔ་པ་མདུན་དུ་བཀོད། སོ་ཤིང་ཚད་ལྡན་ལས་སྔགས་དང་ལས་ཆུས་བསངས། དེ་ནས་དངོས་གྲུབ་ཀྱི་སྣོད་བརྟགས་པའི་ཕྱིར་དྲི་ལྡན་གྱི་སོ་ཤིང་སོར་བཅུ་གཉིས་པའི་ཚད་དང་མེ་ཏོག་གི་ཅོད་པན་ཅན་གྱི་སོ་ཤིང་འདི་ཉིད་ཁྱེད་རང་རྣམས་ལ་བྱིན་པས་མཁའ་དབྱིངས་ཀྱི་ཕྱག་རྒྱས་ཐོགས་ཏེ་རྩེ་མོས་སོ་བྲུ་བའི་ཚུལ་བྱས་པས་དེ་ལས་འཕྲོས་པའི་འོད་ཟེར་གྱིས་ལུས་ཀྱི་ནང་གང༌། སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སྐད་ཅིག་གིས་སྦྱངས་བར་མོས་པ་དང་བདག་ལ་དངོས་གྲུབ་ཀྱི་ལྟས་གསལ་བར་བསྟན་དུ་གསོལ་སྙམ་པས་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་མཎྜལ་དབུས་སུ་ལྟོས་མེད་དོར་མཛོད། ཧ་ས་ཧ། ཞེས་འདོར་དུ་གཞུག །དེ་ལྟར་དོར་བའི་སོ་ཤིང་གི་རྩེ་མོ་ཤར་དུ་བསྟན་ན་ཞི་བ། ལྷོར་རྒྱས་པ། ནུབ་ཏུ་དབང༌། བྱང་དུ་དྲག་པོའི་ཕྲིན་ལས། མཚམས་རྣམས་སུ་ཕྲ་མོའི་དངོས་གྲུབ། རང་དང་བླ་མ་ལ་བསྟན་ན་མཆོག་གི་དངོས་གྲུབ་འགྲུབ་པའི་ལྟས་ཡིན་པར་གསུངས་སོ། །གཉིས་པ་ཁྱོར་ཆུ་སྦྱིན་པ་ལ། དུང་ཞལ་དྲི་ཆུས་བཀང་བ་ལས་སྔགས་བཟླས་པས་བྱིན་གྱིས་བརླབས་ལ། རྨི་ལམ་བརྟགས་པའི་སྔོན་དུ་ཁྱོར་ཆུ་སྦྱིན་པ་ནི། དྲི་བཟང་དང་སྦྱར་བའི་ཆུས་ཁ་བཤལ་ལ་ལྷག་མ་རྒྱབ་ཏུ་དོར་བས་སྒོ་གསུམ་གྱི་ཉེས་པའི་ཚོགས་སྤྱི་དང་ཁྱད་པར་ངག་གི་ཉེས་སྐྱོན་ཐམས་ཅད་ལྷག་མེད་དུ་བྱང་བའི་མོས་པ་མཛོད། ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨ་སརྦ་པ་པཾ་ནི་ཤྩ་སརྦ་བི་ཀལྤཱ་ན་ཨ་བ་ན་ཡ་ཧཱུྃ༔ ཞེས་དུང་ཞལ་གྱི་ཆུ་སྦྱིན་ལ་ཁ་བཤལ། གསུམ་པ་སྲུང་སྐུད་འདོགས་པ་ལ། སྐུད་པ་དམར་པོ་སུམ་བསྒྲིལ་ལ་རྡོ་རྗེའི་མདུད་པ་གསུམ་བཏབ་པ་ལས་སྔགས་བཟླས་པས་བྱིན་བརླབས། བྱིན་གྱིས་བརླབས་པའི་རྡོ་རྗེའི་མདུད་པ་འདི་ཉིད་ཕོ་ཡི་དཔུང་པ་གཡོན་དང་མོ་ཡི་གཡས་སུ་བཅིངས་པས་སྒོ་གསུམ་ལ་བར་དུ་གཅོད་པའི་ཚོགས་སྤྱི་དང་ཁྱད་པར་ཁམས་འཕོ་བའི་གེགས་ལས་སྲུང་བར་བྱས་པར་མོས་ཤིག །ལས་སྔགས་བཟླ་བཞིན་དུ་འཆིང༌། མདུད་མཚམས་སུ་རྡོ་རྗེ་བཞག་ལ། བཛྲ་རཀྵ་ཞེས་བརྟན་པར་བྱ། བཞི་པ་ཀུ་ཤ་སྦྱིན་པ་ལ། ཀུ་ཤའི་ཕོན་པོ་ཆེ་ཆུང་གཉིས་བསང༌། དྷི་དང་ཧ་ལས་སྐྱེས་པའི་ཀུ་ཤའི་ཆུན་པོ་ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོན་དུ་ཟུངས་ཤིག །དྲི་མེད་ཡིད་འོང་དག་པའི་རྩྭ༔ བྱང་ཆུབ་མཆོག་གི་རྡོ་རྗེའི་སྟན༔ སྔས་དང་སྟན་དུ་སྦྱིན་པ་ཡིས༔ རྨི་ལམ་ལྟས་ཀུན་གསལ་བར་ཤོག༔ དྷི་ཧ་བཛྲ་ཨཱ་ས་ན་ས་མ་ཡ་སྟྭྃ༔ ཞེས་ལག་གཡས་གཡོན་དུ་སྦྱིན། ཕྱིར་མི་ལྡོག་པའི་སླད་དུ་ཟབ་མོའི་ཆོས་བཤད་ཅིང་སྤྲོ་བ་བསྐྱེད་ལ་གདམས་ངག་བརྗོད་པ་ལགས་པས་འདི་ལ་གསན་འཚལ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ༔ འདྲེན་པ་སངས་རྒྱས་འབྱུང་བ་དང༔ ཆོས་དང་འཕགས་པའི་ཚོགས་དཀོན་ཏེ༔ དེ་ལས་ཀྱང་ནི་རྡོ་རྗེ་ཐེག༔ ཟབ་མོ་སྟོན་དང་སྒྲུབ་པ་ནི༔ མ་བྱུང་འབྱུང་བར་ཤིན་ཏུ་དཀའ༔ བསམ་པ་བློ་གྲོས་དྲི་མེད་པའི༔ སྣོད་དུ་གྱུར་པ་རྙེད་པ་གང༔ ཚུལ་ཆེན་འདི་ལས་མི་འདའ་ན༔ དཀྱིལ་འཁོར་མཐོང་བ་ཙམ་གྱིས་ཀྱང༔ བསྐལ་མང་སྡིག་སྒྲིབ་ཟད་བྱེད་ཕྱིར༔ ཚུལ་བཞིན་དབང་བླང་དམ་ཚིག་དང༔ སྡོམ་པར་ལྡན་ན་སྨོས་ཅི་དགོས༔ དེ་བས་གཞན་དོན་སངས་རྒྱས་ཀྱི༔ གོ་འཕང་མཆོག་ཏུ་དོན་གཉེར་བས༔ རྡོ་རྗེའི་ལམ་འདི་བླང་བར་གྱིས༔ ཞེས་དང༌། བུ་ཀྱཻ་ཀུ་ཤའི་སྔས་སྟན་ལ༔ གཙང་ཞིང་དགེ་བའི་སེམས་ཀྱིས་ཉོལ༔ རྨི་ལམ་ཡུལ་དུ་གང་མཐོང་བ༔ ནང་པར་སྨོས་ཤིག་ལུང་བསྟན་འགྱུར༔ དེ་ནུབ་སྔར་བྱིན་པའི་ཀུ་ཤའི་སྔས་དང་སྟན་ལ་བླ་མ་དང་དཀྱིལ་འཁོར་པ་ལ་མགོ་ཕྱོགས་ཏེ་ཉོལ་ལ་ཐོ་རངས་རྨི་ལམ་གང་བྱུང་བ་དེ་བདག་ལ་སྨྲོས་ཤིག །དེ་དག་གིས་སྔོན་འགྲོ་སྟ་གོན་གྱི་བྱ་བ་རྣམས་གྲུབ་པ་ལགས་པས་དགེ་བ་གཞན་དོན་དུ་བསྔོ་བར་ཞུ། ཞེས་དགེ་བསྔོ་བྱས་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་བྱས་པས་གྲུབ་བོ། །གཉིས་པ་དངོས་གཞི་དབང་དོན་སྒྲུབ་ཅིང་མཆོད་བསྙེན་ལ་གཉིས། དཀྱིལ་འཁོར་དང་དབང་རྫས་བཀོད་པ། དབང་དོན་སྒྲུབ་ཅིང་མཆོད་པའོ། །དང་པོ་ནི་སྟེགས་བུའི་སྟེང་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་བཀྲམ། ཅིས་ཀྱང་མ་འབྱོར་ན་གོང་དུ་སྨོས་པ་ལྟར་འབྲུའི་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་མཉྫིའི་ཁར་སྟ་གོན་བྱས་པའི་རྣམ་བུམ་བཞག །ཤར་དུ་དབུ་རྒྱན། ལྷོར་རྡོ་རྗེ། ནུབ་ཏུ་དྲིལ་བུ། བྱང་དུ་རྡོར་དྲིལ་ལྷན་ཅིག་པ། དབུས་སུ་ཀུན་བཟང༌། བཀའ་བབ་རིག་འཛིན་བརྒྱད། བཀའ་བརྒྱད་དཔལ་དགུ །ཐོད་ཕྲེང་སྡེ་ལྔ། གུ་རུ་མཚན་བརྒྱད་བཅས་ཀྱི་ལྷ་ཙཀ་ལྷ་དབང་ཡེ་ཤེས་ཆར་འབེབས་ལྟར་དང༌། མཚམས་རྣམས་སུ་གསང་དབང་གི་ཐོད་པ་ཆང་དང་ཨ་མྲྀ་ཏ་མངར་གསུམ་དང་སྦྱར་བས་བཀང་བ། རིག་ཙཀ །མེ་ལོང༌། ཤེལ་རྡོ། སྒྲུབ་པོད། དུང་དཀར། དྲིལ་བུ། འཁོར་ལོ། སེང་ཁྲི་སོགས་སློབ་མ་མངའ་གསོལ་ཆས། དབང་གཏོར་རི་རབ་རིན་ཆེན་ཟུར་བརྒྱད་ཉི་ཟླའི་སྟེང་བླ་གཏོར་རྒྱན་སྤྲོས་ཙཀ་གདུགས་ཅན། སྨན་རཀ །ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ། ལས་བུམ། སྔོན་འགྲོ་བགེགས་གཏོར། ཚོགས་ཀྱི་ཡོ་བྱད། སྲུང་མའི་མཆོད་གཏོར། ཆད་བརྟན་སོགས་ལས་བྱང་ལ་དགོས་པ་དང༌། མིག་དར། མེ་ཏོག །མིག་ཐུར། ཕྱག་ཤིང༌། མཎྜལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་གཞུང་ལྟར་ཚོགས་པར་བྱའོ། །གཉིས་པ་དབང་དོན་སྒྲུབ་མཆོད་ནི། གསོལ་འདེབས་བྱིན་རླབས་མྱུར་ལམ་དང༌། བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་སྔོན་དུ་འགྲོ་བས་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བའི་སྐྱབས་སེམས་ནས་བརྩམས་བདག་མདུན་དབྱེར་དུ་བསྐྱེད་ལ་བསྟོད་པའི་གླུས་བསྟོད། བྷྲཱུྃ་བི་ཤྭ་བི་ཤུདྡྷེ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཕཊ྄་ཛཿ ཞེས་པས་ཛཔ྄་ཁང་ཕྱེ་ལ་བདག་མདུན་གཉིས་ཀར་དམིགས་ཏེ་བསྙེན་བཟླས་ཅི་འགྲུབ། སྒྲུབ་པའི་བཟླས་པ་ཐོད་ཕྲེང་རྩལ་དངོས་གཞི་བྱས་ལ་ཅི་མང་དང༌། ཧཱུྃ་བཟླས་ཁྱུག་ཙམ་དང༌། བུམ་བཟླས་དམིགས་བསལ་ཅི་འགྲུབ་དང༌། ཁ་སྐོང༌། སྟོང་ཚིག་བུམ་ལྷ་འོད་ཞུ། ལས་བུམ་སྒྲུབ་བཟླས། བཀའ་གཏེར་སྲུང་མའི་གཏོར་ཆོག་རྒྱས་བསྡུས་སྐབས་བསྟུན། དམིགས་བསལ་བཀའ་སྲུང་གསོལ་མཆོད་རྡོ་རྗེའི་དྲྭ་བ་སྦྱར། ཚོགས་བྱིན་རླབས་ནས་རོལ་པའི་བར་ཟུར་བྱང་ལྟར་སྦྱར། བསྐང་བཤགས་རྒྱས་བསྡུས་གང་འགྲུབ་བཏང༌། གཉིས་པ་ལ་བདག་ཉིད་འཇུག་པ་དང༌། སློབ་མ་གཞུག་པ་གཉིས་ལས། དང་པོ་ནི། རང་རྒྱུད་ཀྱི་སྔགས་སྡོམ་དག་པ་དང༌། ཉམས་ཆག་བྱང་བ། སྒོམ་དང་ཡེ་ཤེས་ཀྱི་སྟོབས་འཕེལ་བ་སོགས་ཀྱི་དགོས་པས་བདག་འཇུག་འདི་ནི་ཤིན་ཏུ་གལ་ཆེ་བར་གསུངས་པས་སློབ་མ་ལ་ཇི་ལྟར་བསྐུར་བ་ལྟར་རྒྱས་པའམ། དབང་བཞི་ཡེ་ཤེས་དཔལ་སྟེར་ལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྦྱར་བ་ལྟ་བུའི་དོན་དབང་གི་ཚུལ་དུ་བྱས་ལ། མི་ནུས་ན་རིག་པའི་མེ་ཏོག་དོར་བ་ནི་སྔ་འགྱུར་རྒྱུད་སྡེ་ནས་འབྱུང་ཞིང་གྲུབ་བརྙེས་རིག་པ་འཛིན་པའི་ཕྱག་བཞེས་ཡིན་པས་འགལ་བ་མེད་ཅིང༌། སྤྱིར་རྡོ་རྗེ་སློབ་དཔོན་ཕྱི་ནང་གི་ལྟ་དགོངས་དང་འཚམས་པར་གཅེས་སོ། །གཉིས་པ་སློབ་མ་གཞུག་པ་ལ། སྔོན་དངོས་རྗེས་གསུམ་ལས། དང་པོ་སྔོན་འགྲོ་ཕྱི་ནང་གི་འཇུག་པའི་ཆོས་ནི། དཀྱིལ་འཁོར་ཡོལ་བས་བསྒྲིབ། སྔར་སྟ་གོན་བྱས་པའི་སློབ་མ་རྣམས་བོས་ལ་སྒོའི་ཕྱི་རོལ་དུ་ཁྲུས་བྱ། བགེགས་གཏོར་བཏང༌། བཀའ་བསྒོ། དྲག་སྔགས་རོལ་མོ་གུལ་ཡུངས་བཅས་བགེགས་བསྐྲད། སྲུང་འཁོར་བཅིངས་ལ་མཚམས་བཅད། ནང་དུ་གྲལ་ལ་འཁོད་ནས་མེ་ཏོག་བཀྱེ་བསྡུ་སེམས་བསྐྱེད་གསལ་གདབ། སྐབས་སུ་བབ་པའི་ཆོས་བཤད་ཇི་ལྟར་རིགས་པ་དང་ཁྱད་པར་གྱི་ལོ་རྒྱུས། དེ་ཡང་བླ་མ་དགོངས་པ་འདུས་པའི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། དྲི་མེད་མཚོ་གླིང་གེ་སར་རྒྱས་པའི་སྟེང༔ མངལ་གྱིས་མ་གོས་པདྨ་བཛྲ་རྩལ༔ བདེ་བའི་རོ་འབྱིན་ལྷ་ལྕམ་མནྡཱ་ར༔ ཐབས་ཤེས་བདེ་སྟོང་གར་གྱི་དབང་ཕྱུག་མཆོག༔ རྒྱལ་བ་ཡོངས་ཀྱི་ཐུགས་བཅུད་འདུས་པ་སྟེ༔ དེ་ཡི་རྩལ་ལས་རྣམ་འཕྲུལ་དུ་མ་སྣང༔ ཞེས་གསུངས་པ་ལྟར་རབ་འབྱམས་རྒྱལ་བ་མ་ལུས་པའི་ཐུགས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་ཆོས་སྐུ་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་དུ་ཐོག་མའི་མགོན་པོ་འོད་མི་འགྱུར་བ་དང་དགོངས་ཀློང་གཉིས་སུ་མ་མཆིས་པ་ཁྱད་པར་དྲུག་གིས་མངོན་པར་བྱང་ཆུབ་བརྙེས་པས་ཡེ་ཤེས་ནང་གསལ་དབྱིངས་རིག་འདུ་འབྲལ་མེད་པའི་ཆོས་ཉིད་དུ་གདོད་ནས་འཕོ་འགྱུར་མེད་པར་བཞུགས་ཤིང༌། གཞི་སྣང་འོད་གསལ་ཡེ་ཤེས་ཕྱིར་གསལ་གྱི་འཆར་ཆ་སྐུ་དང་ཡེ་ཤེས་ཀྱི་སྒྲོན་མ་ཆོས་ཀྱི་དབྱིངས་དང་མཉམ་པར་སྤྲོས་ཤིང་བཀོད་པའི་ཁྱབ་བདག་ཚངས་པ་རྔ་སྒྲ་རིགས་ལྔ་གངས་ཆེན་མཚོའི་འཕྲོ་གཞི་དྲུག་པའི་རིགས་ཀྱི་འཁོར་ལོས་བསྒྱུར་བ་པདྨ་ཀུན་ཏུ་འཆང་ཆེན་པོའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་སྒྱུ་འཕྲུལ་རྡོ་རྗེ་བཀོད་པའི་རོལ་མོ་འབྱམས་ཀླས་ཤིང་ཐུགས་རྗེ་རིག་རྩལ་ཀུན་ཏུ་ཁྱབ་པས་འགྲོ་འདུལ་སྤྲུལ་པའི་རོལ་རྩེད་ཕྱོགས་བཅུའི་ཞིང་དང་དུས་གསུམ་གདུལ་བྱའི་སྤྱོད་ཡུལ་དང་འཚམས་པར་རྟག་ཏུ་སྣང་ཞིང་སྟོན་པ་ལས། རེ་ཞིག་མི་མཇེད་འཇིག་རྟེན་གྱི་བཀོད་པའི་ཞིང་གཅིག་གི་ཁྱོན་དུ་ཡང་བླ་མ་སྐུ་གསུམ། ཐོད་ཕྲེང་རིགས་ལྔ། སྤྲུལ་པའི་གུ་རུ་མཚན་བརྒྱད། འཕྲུལ་མཚན་ཉི་ཤུ། མདོ་སྔགས་ཀྱི་སྟོན་པ་བརྒྱ་རྩ། འགྲོ་འདུལ་གུ་རུ་རིགས་དྲུག་ལ་སོགས་པ་སྐུ་དང་མཚན་གྱི་བཀོད་པ་དུ་མ་ཞིག་སྟོན་པར་གྲགས་ཏེ་པདྨ་བཀའ་ཡི་ཐང་ཡིག་ལས། ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང༔ སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོ༔ རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིད༔ གཉིས་མེད་པདྨ་ང་རུ་ལྷུན་གྱིས་གྲུབ༔ འགྲོ་དོན་ཀུན་ལ་བྱིན་རླབས་རྨད་པོ་ཆེ༔ ཞེས་གསུངས་པས་མཚོན་ནང་གི་རྣམ་ཐར་གྱི་གསང་བ་སངས་རྒྱས་དངོས་དང་རྣམ་དབྱེར་མ་མཆིས་ཤིང་མཛད་པའི་ཕྲིན་ལས་ཀྱིས་གདུལ་དཀའ་འདུལ་བ་དང་བོད་འབངས་ཡོངས་ལ་བཀའ་དྲིན་ནི་སངས་རྒྱས་ལས་ཀྱང་ལྷག་པའི་མགོན་པོ་དེ་ཉིད་ཀྱིས་རྩོད་དུས་ཕྱི་མའི་འགྲོ་བ་སྐྱོབ་པའི་བཙས་སུ་ཟབ་གཏེར་གྱི་ཆོས་དང་སྟོན་པས་དུས་བབ་ཀྱི་གདུལ་བྱ་གང་འདུལ་གྱི་མཛད་པས་དབུགས་དབྱུང་བའི་ཐུགས་རྗེས་རྗེས་སུ་བསྐུལ་བའི་ལས་ཅན་ཐུགས་སྲས་རྗེ་འབངས་ཀུན་ལས་སྔོན་གྱི་སྨོན་ལམ་གྱི་མཐུ་བཙན་པ་ནི་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་ཉིད་ཡིན་ལ། དེའི་སྐུ་གསུང་ཐུགས་ཀྱི་སྤྲུལ་བསྒྱུར་དག་མ་དག་ཅིར་ཡང་སྟོན་ཅིང་ཐམས་ཅད་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་རྗེས་སུ་བཟུང་ཞིང་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོ་རྫོགས་སྨིན་སྦྱངས་མཐར་སོན་པས་སྟོན་འཁོར་དགོངས་ཀློང་གཅིག་ཏུ་འདྲེས་པས་དོན་གཉིས་ལྷུན་གྱིས་གྲུབ་པས་མངོན་སངས་རྒྱས་པར་ལུང་བསྟན་པ་བཞིན་དེང་དུས་འདིར་ཡང༌། མངའ་བདག་ཆོས་ཀྱི་རྒྱལ་པོའི་སྐུ། རང་བྱུང་སངས་རྒྱས་པདྨའི་གསུང༌། གནུབས་བན་ནམ་མཁའི་སྙིང་པོའི་ཐུགས། པཎ་ཆེན་བི་མ་མི་ཏྲའི་ཡོན་ཏན། ལང་གྲོ་ལོ་ཙཱ་ཆེན་པོའི་ཕྲིན་ལས་རྣམས་གཅིག་ཏུ་བསྡུས་པའི་བདག་ཉིད་ཆེན་པོ། མཁས་ཤིང་གྲུབ་པ་བརྙེས་པའི་ཚོགས་རྗེ། གངས་ཅན་རིས་མེད་པའི་བསྟན་པའི་ཤིང་རྟ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་གང་ཉིད་ལ་ཐུགས་དྲན་ཟིན་ཙམ་ནས་ལྷ་དང་བླ་མ་རིག་འཛིན་ཌཱ་ཀིས་བྱིན་གྱིས་བརླབས་པའི་དག་སྣང་འདུ་འབྲལ་མེད་ཅིང༌། དགུང་གྲངས་བཅུ་གསུམ་དུ་ཕེབས་པའི་སྐབས་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས་རྗེས་སུ་བཟུང་བའི་རྐྱེན་ལས་འཇམ་དཔལ་སྙིང་ཐིག་སྒྲོན་མ་བདུན་པ་ཐུགས་གཏེར་དུ་བརྡོལ་ཞིང་གཟུངས་སྤོབས་ཏིང་ངེ་འཛིན་མཐའ་ཡས་པ་ལ་དབང་ཐོབ། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གྱིས་བཀའ་བབ་ཆེན་པོ་བདུན་གྱི་མངའ་བདག་ཏུ་དབང་བསྐུར་ལུང་བསྟན་པའི་བདེན་དོན་མངོན་དུ་གྱུར་པས་དུས་ཀྱི་མཐའ་མར་སངས་རྒྱས་གཉིས་པར་མངོན་སུམ་དུ་གྲུབ་སྟེ་ཛམ་གླིང་ཡོངས་ལ་རྩོད་མེད་ཉི་ཟླ་ལྟར་གྲགས་ཤིང་ཁྱད་པར་མངའ་བདག་ཁུ་དབོན། མངའ་རིས་པཎ་ཆེན། ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་ཀྱི་སྐུའི་སྐྱེ་བ་སྔ་མའི་རྣམ་ཐར་ཁར་སང་གི་མཛད་པ་དེ་རིང་གསལ་བ་ལྟ་བུའི་སྔོན་གནས་རྗེས་དྲན་གྱི་ཡེ་ཤེས་ཆེན་པོའི་མཐུ་ཐོབ་པས། རིག་འཛིན་འཇིགས་མེད་གླིང་པ་ལ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོས་རང་བྱུང་སྤྲུལ་པའི་ཤོག་སེར་ཧྲིལ་མོ་ལྔ་གཏད་པའི་ཆོས་སྡེའི་བྱེ་བྲག །བཀའ་བབ་བདུན་གྱི་བཞི་པ། རྩ་གསུམ་འོད་གསལ་སྙིང་ཐིག་འདི་ཉིད་རྗེ་བཙུན་ཐམས་ཅད་མཁྱེན་གཟིགས་དགུང་གྲངས་བཅུ་དྲུག་པའི་སྐབས་དགོངས་ཀློང་ཡེ་ཤེས་ཀྱི་གསང་མཛོད་ལས་བརྡོལ་བ་ཐུགས་ཉམས་སུ་བཞེས་ཏེ་རིང་དུ་གསང་བས་རྒྱས་བཏབ། བསྟན་འགྲོར་ཕན་བདེའི་ཕྲིན་ལས་ཀྱི་སྒོ་མཐའ་དག་གི་གསོས་སྨན་དུ་མཛད། དུས་སུ་བབ་པ་ན་སྤྲུལ་པའི་ལོ་ཆེན་བཻ་རོ་དངོས་བྱོན་རྒྱལ་བས་ལུང་བསྟན་འཇམ་པའི་རྡོ་རྗེ་པདྨ་གར་དབང་གིས་བཀའ་ཡི་ལྡེའུ་མིག་གིས་རྗེས་སུ་བསྐུལ་བའི་རྟེན་འབྱུང་ཕུན་སུམ་ཚོགས་པས་མཚམས་སྦྱར་ནས། དགུང་གྲངས་ལྔ་བཅུར་ཕེབས་པ་ལྕགས་ལུག་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་གཏན་ལ་ཕབ་ནས་ཐོག་མའི་སྒོ་འབྱེད་དབྱེ་བར་མཛད་ཅིང༌། རྗེ་དེས་ཀྱང་དཔལ་གཉགས་ལོ་ཆེན་པོའི་རྣམ་འཕྲུལ་ཀཿཐོག་སི་ཏུ་པཎྜི་ཏ་ཆོས་ཀྱི་རྒྱ་མཚོ། འཇིག་རྟེན་དབང་ཕྱུག་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེ། མཁས་དབང་རྡོ་རྗེ་འཛིན་པ་བཀྲ་ཤིས་ཆོས་འཕེལ་སོགས་ལ་བསྩལ་ཏེ་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་རིན་པོ་ཆེའི་གཅེས་ནོར་དུ་བཞུགས་པ་ལ་བླ་མ་སྐུ་གསུམ་སྤྱི་དང༌། རྩ་གསུམ་བྱེ་བྲག་གི་སྒྲུབ་ཚུལ་གཉིས་ལས། དང་པོ་ལའང་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་ཐབས་བཞི་ལས། འདིར་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བ་སྟེ་གཞུང་ལས། རྩ་གསུམ་འཆི་མེད་ཐོད་ཕྲེང་རྩལ༔ བསྙེན་ཅིང་སྒྲུབ་པའི་ལས་ཀྱི་རིམ༔ ཤིན་ཏུ་ཟབ་པའི་མཐར་ཐུག་འདི༔ འདས་དུས་བཀྲ་ཤིས་བྲག་གི་ཕུག༔ མཱ་ར་ཏི་ཀའི་ཚོགས་ཁང་དུ༔ རིགས་སྔགས་གྲུབ་པའི་རྣལ་འབྱོར་དང༔ དཔའ་བོ་ཌཱ་ཀིའི་དོན་དུ་བསྟན༔ ད་ལྟ་ལས་ཅན་དག་པའི་འཁོར༔ མངའ་བདག་རྗེ་འབངས་གྲོགས་བཅས་ལ༔ སྨིན་ཅིང་གྲོལ་བའི་སྒོ་འཕར་དབྱེ༔ མ་འོངས་ལྔ་བརྒྱའི་ཐ་མ་རུ༔ ཟབ་མོའི་ལམ་རྣམས་འཆལ་འགྱུར་ཞིང༔ ངེས་དོན་རྟོག་གེའི་ཚིག་ལ་རེ༔ བློ་ཡིས་མཚོན་པའི་སྟོང་ལྟ་ཡིས༔ བདེན་གཉིས་རྒྱུ་འབྲས་ཁྱད་དུ་བསད༔ བོད་ཁམས་སྡུག་བསྔལ་གསུམ་གྱིས་མནར༔ དེ་ཡི་ཚེ་ན་བདག་ཉིད་དང༔ འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱིས༔ བྱིན་གྱིས་བརླབས་པའི་སྙིང་གི་བུ༔ འོད་གསལ་སྤྲུལ་པའི་རྡོ་རྗེའི་དོན༔ རིག་པ་དབྱིངས་ཀྱི་སྒྲོམ་བུར་སྦས༔ ནམ་ཞིག་རྟེན་འབྲེལ་དུས་བབ་ཚེ༔ ཡང་གསང་སྙིང་གི་ཐིག་ལེའི་སྐོར༔ སྐལ་པར་ལྡན་པའི་ཚོགས་རྣམས་ལ༔ རྒྱ་ཆེར་བཤད་དང་སྒྲུབ་པའི་མཐུས༔ གངས་ཅན་སྐྱེ་འགྲོ་བདེ་བས་འཚོ༔ འབྲེལ་ཚད་གཏན་བདེའི་ས་ལ་བཀོད༔ ཅེས་རྡོ་རྗེའི་ཚིག་གིས་བསྔགས་པའི་དོན་བཞིན་ཐོད་ཕྲེང་རིགས་ལྔ་གུ་རུ་མཚན་བརྒྱད་སྤྱི་དྲིལ་དུ་སྒྲུབ་པའི་དབང་བསྐུར་འབོག་པ་སྟེ་དེ་ལའང་སྨིན་བྱེད་རྒྱས་འབྲིང་བསྡུས་པ་གཏོར་དབང་མཐའ་རྟེན་དང་བཅས་ལྔ་ལས། དབང་བསྐུར་རྒྱས་པ་བྱ་བར་སྐབས་སུ་བབ་པ་ཡིན་ལ། དེ་ལ་ཡང་སྔོན་འགྲོ་ལྷག་གནས་གསུམ་དང༌། ཕྱི་ནང་གི་འཇུག་པ་གཉིས། དངོས་གཞི་ཕན་ནུས་ཟབ་དབང་དང་བཅས་པ། རྗེས་གཏད་རྒྱ་སོགས་ཞིབ་རྒྱས་ཀྱི་ཐོག་མར་དབང་གི་སྒོ་འབྱེད་པ་གལ་ཆེ་བའི་ཕྱིར་ཐུན་མོང་སྨིན་བྱེད་ཡེ་ཤེས་ཐིག་ལེ་དང༌། ཟབ་མོའི་དབང་བཞི་ཡེ་ཤེས་དཔལ་སྟེར་དགོངས་པ་གུང་བསྒྲིལ་གྱིས་འབུལ་བ་ལ་བདག་ཉིད་ཀྱི་བགྱི་འོས་རྣམས་གྲུབ་ནས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་དང༌། ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། ཐོག་མར་འཇུག་པའི་སྐབས་ཡིན། དེ་ལའང་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་དང༌། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་གཉིས་ལས། དང་པོའི་ཡན་ལག་ཁྲུས་དང༌། བགེགས་བསལ་བ་སོགས་ནས་འཇུག་པའི་ཆོས་རྣམས་ཞུ་བའི་དོན་དུ་དམིགས་ཏེ་མཎྜལ་དབུལ་བར་ཞུ། ཞེས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་སྤྱི་ལྟར་བྱས་ལ་མིག་དར་གྱིས་གདོང་དགབ་ཅིང་མེ་ཏོག་གཏད་ལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་དད་མོས་གདུང་ཤུགས་དྲག་པོས་པུས་བཙུགས་ཐལ་སྦྱར་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་འཁོར་བ་ལས་བསྒྲལ་ཕྱིར༔ དཀྱིལ་འཁོར་ཆེན་པོར་འཇུག་པར་འཚལ༔ ལན་གསུམ། སློབ་དཔོན་གྱིས། གསང་བ་བླ་མེད་དཀྱིལ་འཁོར་འདིར༔ སྨིན་པའི་དབང་མཆོག་དོན་གཉེར་ན༔ དབང་སྲོག་དམ་ཚིག་རྒྱ་མཚོའི་གནས༔ སྲོག་ལ་བབ་ཀྱང་སྲུང་ནུས་སམ༔ ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས་མཛོད། ལྷ་དང་དབྱེར་མེད་སློབ་དཔོན་གྱི༔ བཀའ་བཞིན་རྗེས་སུ་སྒྲུབ་ལགས་ཀྱིས༔ སོ་ཐར་བྱང་སེམས་རིག་འཛིན་གྱི༔ སྡོམ་པས་བདག་རྒྱུད་གཏམས་པར་མཛོད༔ ཅེས་གསོལ་བ་ལ་སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། དུས་གསུམ་བདེ་གཤེགས་སངས་རྒྱས་ཀུན༔ རྡོ་རྗེའི་ལམ་མཆོག་འདི་ལ་བརྟེན༔ དེ་ཕྱིར་གསང་ཆེན་དཀྱིལ་འཁོར་འདིར༔ བུ་ཁྱོད་འཇུག་ཅིང་སྨིན་པར་བྱ༔ ཞེས་གནང་བ་སྦྱིན། འདིར་སྐྱབས་སེམས། ཚོགས་བསགས། སྡོམ་པ་བཟུང་བ་རྣམས་གོང་གི་སྟ་གོན་སྐབས་སུ་འབྱུང་བ་ལྟར་དམིགས་པའི་མཚམས་སྦྱོར་བཅས་རྗེས་ཟློས་བྱར་གཞུག །གསང་སྔགས་ནང་གི་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་ཐུན་མོང་མ་ཡིན་པ་ནི། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེས་མཚན་པར་བསྒོམས་ལ་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་པར་མོས་པས་འདིའི་རྗེས་ཟློས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། ལན་གསུམ། རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་བཞག །སེམས་བསྐྱེད་པ་དེ་ཉིད་བརྟན་པར་བྱས་པར་མོས་ཤིག །སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁྃ། གསང་བའི་དེ་ཁོ་ན་ཉིད་བསྒོ་བའི་དོན་ཐུགས་ལ་ངེས་པར་མཛོད་ཅིག །ཧོཿ ཚུལ་ཆེན་གསང་བ་སྔགས་ཀྱི་ལམ༔ ཐབས་མཁས་ངོ་མཚར་སྤྱོད་པ་ནི༔ གཞན་དུ་སྨྲས་ན་ཉམས་པར་འགྱུར༔ དེ་ཕྱིར་གཞན་ལ་མ་སྨྲ་ཞིག༔ ཅེས་གདམས། དེ་ནས་དཀྱིལ་འཁོར་དུ་འཇུག་པ་དངོས་ལ། ཐོག་མར་ཕྱི་ལྟར་དུ་འཇུག་པར་གསོལ་བ་གདབ་པའི་ཕྱིར། སློབ་མ་རྣམས་དཀྱིལ་འཁོར་གྱི་ཕྱི་རོལ་ཤར་སྒོའི་ཐད་དུ་འཁོད་པར་མོས་ལ། དེ་ཡང་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ལྷ་དང་བདག་ཉིད་གཉིས་མེད་དུ་སྒྲུབ་པའི་ཕྱིར་འཇུག་པ་ལ་ཐོག་མར་ཀུན་རྫོབ་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱང་བས་གཞི་བཟུང་དགོས་པ་མཚོན་པའི་ཕྱིར་གཞལ་ཡས་ཁང་གི་སྒོ་བཞིའི་ཕོ་ཉ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོཿ སྨོན་པ་ཚད་མེད་རྣམ་བཞིའི་དངོས༔ དཀྱིལ་འཁོར་ཆེན་པོའི་སྒོ་ཕྱེ་ནས༔ གཉིས་མེད་འཇུག་པའི་བྱང་ཆུབ་སེམས༔ ཡེ་ཤེས་ལྷ་ཚོགས་བསྟན་དུ་གསོལ༔ ལན་གསུམ། ཞེས་གསོལ་བ་བཏབ་པས་ཆོས་དབྱིངས་བདེ་བ་ཆེན་པོའི་ཡེ་ཤེས་དགའ་བ་བཞི་ཡི་རང་གཟུགས་དཀྱིལ་འཁོར་ཕྱིའི་སྒོ་མ་བཞིས་སྒོ་ཤག་གིས་ཕྱེ་བ་ལ་འཇུག་པས་གཞན་ཕན་ཕྲིན་ལས་རྣམ་བཞིས་འགྲོ་ཀུན་སྒྲོལ་ནུས་ཀྱི་རྟེན་འབྲེལ་མངོན་དུ་གྱུར་པར་མོས་མཛོད། བདེ་ཆེན་རོལ་པའི་དཀྱིལ་འཁོར་ནས༔ དགའ་བཞིའི་ཡེ་ཤེས་གཟུགས་འཆང་བ༔ གང་འདུལ་ཕྲིན་ལས་སྒོ་མ་བཞིས༔ སྐལ་པ་ལྡན་རྣམས་འཇུག་པར་འཚལ༔ ཛཿཧཱུྃ་བྃ་ཧོཿ པྲ་བེ་ཤ་ཡ་ཕཊ྄༔ ཞེས་ཡོལ་བ་བསལ། དེ་ལྟར་སྔགས་དང་ཕྱག་རྒྱས་སྒོ་ཕྱེས་ཏེ་ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེས་སྣ་དྲངས་ཏེ་དཀྱིལ་འཁོར་གྱི་ཤར་སྒོ་ནས་བརྩམས་ཏེ་གཡས་བསྐོར་དུ་རིམ་གྱིས་ཞུགས་པས་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཕྱག་འཚལ་བའི་མོས་པས་ཐལ་མོ་གནས་གསུམ་དུ་སྦྱར་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ན་མ་ཏེ་ཧཱུྃ༔ ན་མ་མི་ཧཱུྃ༔ ན་མོ་ན་མ་ཧཱུྃ༔ ལན་བཞི། སླར་ཡང་ཤར་གྱི་སྒོ་དྲུང་དུ་སྣ་ཚོགས་རྡོ་རྗེའི་གདན་སྟེང་དུ་འཁོད་པ་ལ་དཀྱིལ་འཁོར་ནང་དུ་ཞུགས་ནས་ལྷ་དང་སྐལ་མཉམ་དུ་སྒྲུབ་པའི་ཆོ་ག་དངོས་ནི་དབང་གི་ཆོ་གས་སྔགས་སྡོམ་འབོག་པ་སྟེ། དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་ལ་རག་ལས་པས་ཚུལ་བཞིན་བསྲུང་བའི་ཕན་ཡོན། དེ་ལས་འདས་པའི་ཉེས་དམིགས། གཉིས་ཀ་དང་སློབ་དཔོན་བཀའ་གཉན་པར་བསྒྲགས་པའི་དམ་བཞག་བཞི་པོ་རིམ་པར་འབྱུང་བ་ལ་སྙན་གཏོད་ཅིག །རྡོ་རྗེ་སྤྱི་བོར་བཞག་ལ། ཧོཿ དེང་ཁྱོད་རང་སྣང་དཀྱིལ་འཁོར་ཆེར༔ མཆོག་ཏུ་གསང་བས་རབ་ཞུགས་ན༔ ཡེ་ཤེས་དངོས་གྲུབ་ཐོབ་འགྱུར་གྱི༔ གཞན་དུ་སྨྲས་པ་དེ་ལྟར་མིན༔ བཛྲ་གུ་ཧྱ་ས་མ་ཡ་ཧོཿ རྡོ་རྗེ་སྙིང་གར་བཞག་ལ། ཧོཿ གཉིས་མེད་ཡེ་ཤེས་རྡོ་རྗེ་སེམས༔ ཁྱོད་ཀྱི་སྙིང་དབུས་ཡང་དག་ཞུགས༔ ཚུལ་མིན་སྨྲས་ན་ཉམས་པར་འགྱུར༔ དེ་བས་གསང་ཆེན་ཐུབ་པར་གྱིས༔ བཛྲ་སཏྭ་ཛྙཱ་ན་ས་མ་ཡ་ཨཱཿ ནང་མཆོད་སྦྱར་བའི་དུང་ཆུ་སྦྱིན་ལ། རྡོ་རྗེའི་དམ་ཚིག་བདུད་རྩིའི་ཆུ༔ འཐུངས་ཤིག་འཐུངས་ཤིག་སེམས་དཔའ་ཆེ༔ དམ་ཚིག་འདས་ན་སྲེག་བྱེད་ཅིང༔ བསྲུངས་ན་དངོས་གྲུབ་རྣམ་གཉིས་ཐོབ༔ བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ས་མ་ཡ་ཧོཿ རྡོ་རྗེ་གདེངས་ཤིང་མགོར་བཞག་ལ། དེང་ནས་ཁྱོད་ཀྱི་ཧེ་རུ་ཀ༔ རྡོ་རྗེ་སློབ་དཔོན་ང་ཡིན་གྱི༔ ཇི་ལྟར་བསྒོ་བའི་ཐ་ཚིག་ལས༔ ནམ་ཡང་འདའ་བར་མ་བྱེད་ཅིག༔ བཛྲ་ས་མ་ཡ་རཀྵནྟུ༔ དེ་ནས་དངོས་གཞི་དབང་གི་གཞི་འགོད་པ་ལ་ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོཿ རབ་འབྱམས་རྩ་གསུམ་ལྷ་ཚོགས་ཀྱི༔ རྡོ་རྗེའི་ཡེ་ཤེས་བདེ་བ་ཆེ༔ དེང་འདིར་བདག་ལ་དབབ་ནས་ཀྱང༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཞེས་གསོལ་བ་གདབ་པ་སྔོན་དུ་འགྲོ་བས་ཁྱེད་རང་རྣམས་ལུས་གནད་དྲང་པོར་བསྲང༌། ངག་གནད་རླུང་ཁ་སྦྱོར་དུ་འཆིང༌། སེམས་ཀྱི་གནད་ཚོགས་དྲུག་གི་ཡུལ་ལ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ལས་སྔགས་ཀྱིས་བསང༌། ཨོཾ་མ་ཧཱ་ཤཱུ་ནྱ་ཏས་སྟོང་པར་སྦྱངས། གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྟོང་པར་གྱུར། སྟོང་པའི་ངང་ལས་སྣོད་རྣམ་པར་དག་པ་འོག་མིན་པདྨ་འོད་ཀྱི་ཞིང་ངོ་མཚར་གྱི་བཀོད་པ་རྒྱ་མཚོས་མཛེས་ཤིང་བལྟ་ན་སྡུག་པའི་གཞལ་ཡས་ཁང་གི་དབུས་སུ། བཅུད་རྣམ་པར་དག་པ་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་རང་རིག་ཧཱུྃ་ཡིག་གི་རྣམ་པས་མཚན་པའི་རྡོ་རྗེ་རྩེ་ལྔ་པ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་ཕྱོགས་དུས་རྒྱལ་བ་འདུས་པའི་སྤྱི་གཟུགས་སྐུ་ལྔ་ལྷུན་གྲུབ་རིག་འཛིན་ཆེ་མཆོག་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པ་སྐུ་མདོག་ཐིང་གསལ་ལས་བཞི་ལྷུན་གྲུབ་སྤྱན་གསུམ་ཞི་འཛུམ་ཡིད་ཙམ་ཁྲོ་ཆགས་སྒེག་པའི་ཉམས་འགྱུར་ཡོངས་སུ་རྫོགས་པ། སྐུ་གཅེར་བུ་དར་དང་རིན་ཆེན་རུས་པའི་རྒྱན་གྱིས་བཀླུབས་པ། ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང་གཡོན་དྲིལ་བུ་ཀུར་བརྟེན་ནས་ཡུམ་ལ་འཁྱུད་ཅིང་ཞབས་བརྐྱང་བསྐུམ་ཕྱེད་པའི་སྐྱིལ་ཀྲུང་ཅན། གསང་བའི་ཡུམ་མཆོག་མནྡྷ་ར་དམར་མོ་གཞོན་སྒེག་ལང་ཚོའི་ཚུལ་ཅན་གྲི་ཐོད་འཛིན་པ་དང་གཉིས་མེད་སྦྱོར་བའི་རིགས་ཀྱི་བདག་པོ་ཀུན་བཟང་ཡབ་ཡུམ་ལས་རིག་འཛིན་བླ་མའི་སྤྲིན་ཕུང་འཕྲོ་བ། སྐུ་ཡི་གནས་རྣམས་སུ་དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་དང་གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ་འབུམ་ཕྲག་ཡངས་པའི་ཚོགས་ཡོངས་སུ་རྫོགས་པའི་ཡི་དམ་ཌཱ་ཀིའི་ཚོགས་སྤྲོ་བསྡུའི་ཁྱབ་བདག་ཆེན་པོར་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གསལ། དེ་ནས་རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷ་ཡི་གཟི་བྱིན་དབབ་པའི་སླད་དུ་སློབ་དཔོན་དང་རྩ་གསུམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་མོས་གུས་གདུང་ཤུགས་ཚད་མེད་པའི་རྡོ་རྗེའི་གླུ་གར་རོལ་མོས་བསྐུལ་བས། ཕྱོགས་བཅུ་དུས་བཞིའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་ཆེན་པོའི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་སྐུ་ཕྱག་རྒྱའི་གར་སྟབས་ཤིགས་སེ། གསུང་སྔགས་ཀྱི་ཛཔ྄་དབྱངས་བརྡ་གླུ། ཐུགས་བདེ་སྟོང་ཕྱག་རྒྱའི་རོལ་པས་ལྷ་སྔགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་ཆར་དྲག་ཏུ་བབ་པ་བཞིན་བྱོན་ནས་ཁྱེད་རང་རྣམས་ལ་དབྱེར་མེད་དུ་ཐིམ་པས་ལྷག་པའི་ཡེ་ཤེས་ཆེན་པོའི་གཟི་བྱིན་སྙིང་ལ་དབབ་སྟེ་གཉིས་སུ་མེད་པར་བྱིན་གྱིས་བརླབས་པར་མོས་མཛོད། འབེབས་རྫས་བསྲེགས། དབྱངས་དང་ཅང་ཏེའུ་དྲིལ་བུ་སོགས་རོལ་མོས་བསྐུལ་ལ་ལས་བྱང་གི་སྤྱན་འདྲེན་དང་དབབ་སྔགས་ཡང་ཡང་བརྗོད། སྒོ་གསུམ་བདེ་བ་ཆེན་པོའི་ཉམས་འབར་བ་སོགས་ཡེ་ཤེས་ཕེབས་པའི་རྟགས་བྱུང་ན་རྩོལ་མེད་དུ་བསྐྱང་དུ་གཞུག །དེ་ལྟར་ཕབ་པའི་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་རབ་ཏུ་གནས་པར་བྱས་པར་མོས་ཤིག །ཏིཥྛ་བཛྲས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག །མེ་ཏོག་དོར་བའི་དཀྱིལ་འཁོར་འདུ་བྱས་ལ། ཁྱེད་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད། ཡེ་ཤེས་པའི་དཀྱིལ་འཁོར་ལ་གཙོ་འཁོར་རང་རྒྱུད་བཟང་ངན་གྱི་བྱེ་བྲག་མེད་ཀྱང་རྣམ་པ་རང་རང་གི་ཚེ་རབས་སྔོན་ནས་འབྲེལ་བའི་རིགས་གང་ཡིན་པའི་ལྷ་ལ་ཕོག་པར་ཤོག་སྙམ་པས་ཚིག་འདིའི་རྗེས་ཟློས་དང་བཅས་འདོར་བར་ཞུ། ཧོཿ རང་སྣང་རྣམ་དག་འོག་མིན་དུ༔ བདེ་ཆེན་རྡོ་རྗེའི་མཎྜ་ལར༔ རིག་པའི་མེ་ཏོག་འདི་དོར་བས༔ ལྷག་པའི་ལྷ་ལ་འབབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་པུཥྤེ་པྲ་ཏཱིཙྪ་ཧོཿ ཞེས་དོར་དུ་གཞུག །དེ་ལྟར་དོར་བའི་མེ་ཏོག་དབུས་སུ་བབ་ན་བདེ་གཤེགས་རིགས་ཀྱི་ཁྱབ་བདག་བུདྡྷ་ཐོད་ཕྲེང་རྩལ། ཤར་དུ་རྡོ་རྗེ་ཐོད་ཕྲེང༌། ལྷོར་རཏྣ་ཐོད་ཕྲེང༌། ནུབ་ཏུ་པདྨ་ཐོད་ཕྲེང༌། བྱང་དུ་ཀརྨ་ཐོད་ཕྲེང་རྩལ་གྱི་རིགས་སུ་ངེས་པ་སྟེ་དེ་དག་གང་ལ་བབ་པ་ཉིད་ལྷག་པའི་ལྷར་ཟུངས་ཤིག །དབུས་སུ་བབ་ན་ཀུན་བཟང་ཐུགས་མཆོག་རྡོ་རྗེ་རྩལ། ཤར་དུ་མི་བསྐྱོད་རྡོ་རྗེ་རྩལ། ལྷོ་རུ་རིན་ཆེན་དབང་ཕྱུག་རྩལ། ནུབ་ཏུ་གར་དབང་བཞད་པ་རྩལ། བྱང་དུ་ལས་རབ་ཡོངས་གྲུབ་རྩལ་སོགས་རིགས་དང་མཐུན་པའི་གསང་མཚན་གདགས། མེ་ཏོག་གི་ཅོད་པན་སླར་ཡང་སྤྱི་བོར་བཅིངས་ལ། མེ་ཏོག་ལྷག་པའི་ལྷས་བཞེས་ཏེ་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་མཛོད། ཁྱོད་ནི་བླ་མེད་བྱང་ཆུབ་ཀྱི༔ ཡེ་ཤེས་དམ་པའི་སྣོད་ཡིན་ཕྱིར༔ རྡོ་རྗེའི་དམ་ཚིག་འདི་ཟུངས་ལ༔ རང་གཞན་དོན་གཉིས་སྒྲུབ་པར་གྱིས༔ པྲ་ཏི་གྲྀ་ཧྣ་ཨི་མཾ་སཏྭ་བ་མ་ཧཱ་བཱ་ལ༔ ཞེས་བརྗོད་པས་ལྷག་པའི་ལྷ་དང་བྱང་ཆུབ་བར་དུ་འབྲལ་བ་མེད་པར་བྱིན་གྱིས་བརླབས་ཏེ་བརྟན་པར་བྱས་པར་མོས་ཤིག །སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་མིག་ལ་ཕོག་པས་མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་ཏེ་དག་པ་ཆེན་པོ་རྡོ་རྗེའི་ཡེ་ཤེས་ཀྱི་སྤྱན་ཕྱེས་པས་འོད་གསལ་ཡེ་ཤེས་ཀྱི་དཀྱིལ་འཁོར་མཐོང་བའི་སྐལ་ལྡན་དུ་བྱས་པར་མོས། མིག་ཐུར་ཐོགས་ལ། ཨེ་མ་ཧོ་གདོད་ནས་རྣམ་དག་པའི༔ དྲི་མེད་འོད་གསལ་རྡོ་རྗེའི་སྤྱན༔ གློ་བུར་འཁྲུལ་པས་སྒྲིབ་པའི་མུན༔ ཡེ་ཤེས་ཐུར་མས་དབྱེ་བར་བྱ༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ྄༔ ཅེས་གདོང་གཡོགས་བསལ་ལ། ཕྱག་ཤིང་གིས་དཀྱིལ་འཁོར་བསྟན་ཏེ། ལྟོས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ ད་ནི་དད་པ་རབ་ཏུ་བསྐྱེད༔ རྩ་བ་གསུམ་གྱི་དཀྱིལ་འཁོར་འདིར༔ རྡོ་རྗེའི་རིག་པ་འཛིན་པར་འགྱུར༔ ཧོ་སརྦ་ཏ་ཐཱ་ག་ཏ་མཎྜལ་པ་ཤྱ་ཧོཿ དེ་ལྟར་རྣམ་དག་ཡེ་ཤེས་ཀྱི་སྤྱན་གསར་དུ་ཐོབ་པ་ལ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་བལྟ་བར་བསྐུལ་ཞིང་བརྡ་དོན་རྟགས་ཀྱི་ཕན་ཡོན་བརྗོད་པས་ཐུགས་སྤྲོ་བ་བསྐྱེད་པ་ནི། དེ་ཡང་བདེ་ཆེན་དབྱིངས་ཕྱུག་ཡུམ་ལྔའི་མཁའ་ཀློང་འབྱུང་བ་རིམ་ལྔ་རི་རབ་དང་བཅས་པའི་སྟེང་དུ་རྡོ་རྗེའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་འོག་མིན་བདེ་ཆེན་པདྨ་འོད་ཀྱི་གཞལ་མེད་ཁང་བྱང་ཆུབ་ཕྱོགས་ཆོས་རྣམ་པར་དག་པའི་ཐར་པ་ཆེན་པོའི་གྲོང་ཁྱེར་རྒྱན་དང་བཀོད་པའི་ངོ་མཚར་རབ་འབྱམས་ཡོངས་སུ་རྫོགས་པ་གྲུ་བཞི་སྒོ་བཞི་རིན་ཆེན་སྣ་ལྔའི་རྩིག་པ་ལ་ཕ་གུ་དྲ་ཕྱེད་ཤར་བུ་མདའ་ཡབ་དབུས་ཕྱུར་བུ་ཡེ་ཤེས་རིན་པོ་ཆེའི་ཏོག་གིས་མཛེས་པ། རྟ་བབ་ཆོས་འཁོར་རི་དྭགས་ཀྱིས་སྤྲས་པའི་དབུས་རིན་ཆེན་ཟུར་བརྒྱད་པདྨ་ཉི་ཟླའི་སྟེང་དུ་ཡེ་ཤེས་ལྔའི་རིགས་ཀྱི་བདག་པོ་ཐམས་ཅད་ལྷུན་གྲུབ་མཆོག་གི་ལས་མཛད་བུདྡྷ་ཐོད་ཕྲེང་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པ་སྐུ་མདོག་མཐིང་ནག །ཁྲོ་ཆགས་སྒེག་ཚུལ་ཧེ་རུ་ཀའི་ཆས་ཅན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གཟི་བྱིན་རབ་ཏུ་འབར་བའི་ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་བ། ཞབས་བརྐྱང་བསྐུམ་གར་སྟབས་དང་བཅས་ཏེ་རང་འོད་ཀྱི་ཡུམ་མནྡྷ་ར་དམར་མོ་གྲི་ཐོད་འཛིན་པ་དང་སྦྱོར་བ། གཉིས་ཀའང་དར་དང་རིན་ཆེན་རུས་པས་བརྒྱན་པའི་དབུ་གཙུག་ཏུ་ཆོས་སྐུ་ཀུན་ཏུ་བཟང་པོ་ལ་རྒྱུད་ལུང་མན་ངག་གི་རིག་འཛིན་བླ་མས་བསྐོར་བ། རྡོ་རྗེའི་སྐུའི་གནས་རྣམས་སུ་དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀྱི་ཡི་དམ་ལྷ་ཚོགས་དང༌། གནས་ཡུལ་ཉེར་བཞིའི་དཔའ་བོ་མཁའ་འགྲོའི་ཚོམ་བུ་རྣམས་འཕྲོ་ཞིང་འདུ་བའི་ཕྱོགས་ཀྱི་པད་འདབ་བཞིར་ཐོད་ཕྲེང་རིགས་བཞི་ཡབ་ཡུམ། དེའི་ཕྱིར་རིན་ཆེན་ཟུར་བརྒྱད་ལ་སྤྲུལ་པའི་གུ་རུ་མཚན་བརྒྱད། སྒོ་བཞིར་རིགས་བཞིའི་དབང་ཆེན་ཧེ་རུ་ཀ་ཡབ་ཡུམ་རྣམས་རིགས་ཀྱི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམ་འགྱུར་མ་འདྲེས་ཡོངས་སུ་རྫོགས་པ། བར་མཚམས་རྣམས་སུ་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་རྣམས་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་ཡེ་ཤེས་ཀྱི་རོལ་པ་ཚད་མེད་པར་བཞུགས་ཏེ། དེ་ལྟར་རྩ་གསུམ་ཀུན་འདུས་བླ་མ་ཆོས་སྐུ་གསང་བ་འདུས་པ་ལྷ་བཅུ་བདུན་གྱི་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཇལ་བར་མོས་ལ་དད་གུས་སྤྲོ་བ་ཆེན་པོ་བསྐྱེད་པ་ནི་མཚོན་བྱེད་དཔེ་ཡི་བཅོས་མའི་དཀྱིལ་འཁོར་རྡུལ་ཚོན་དང་རྫས་ལ་བརྟེན་ཏེ་དང་པོའི་ལས་ཅན་དབང་གིས་སྨིན་པར་བྱས་ནས་ལམ་བསྒོམས་པས། མཚོན་བྱ་རང་བྱུང་ལྷན་སྐྱེས་ཀྱི་དཀྱིལ་འཁོར་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དུ་གདན་གསུམ་ཡོངས་རྫོགས་ཆེན་པོའི་མ་དྷ་ལར་གདོད་ནས་དག་པ་ཉིད་དུ་བཞུགས་པར་ཤེས་པས། ཡིན་ཚུལ་གཤིས་ཀྱི་དཀྱིལ་འཁོར་བདེ་སྟོང་སྒྱུ་འཕྲུལ་དྲྭ་བ་མ་བཅོས་མཉམ་རྫོགས་ཆེན་པོའི་བདག་ཉིད་རང་རིག་གཉུག་མའི་ངོ་བོར་ལྷུན་གྱིས་གྲུབ་པ་རྣམས། བཞུགས་ཚུལ་དོན་གྱི་དཀྱིལ་འཁོར་ཕྱི་ནང་གཞན་གསུམ་གཉིས་མེད་དབྱིངས་རིག་བརྡལ་བ་ཆེན་པོར་རོ་གཅིག་པའི་དོན་རྟོགས་ཏེ་ལ་བཟླ་དགོས་པས། ཧོཿ ཀ་དག་གཏིང་གསལ་ཆོས་ཀྱི་སྐུ༔ སྤྲོས་པ་བྲལ་བའི་ཡེ་ཤེས་ལས༔ ལྷུན་གྲུབ་འོད་ལྔའི་ཞིང་ཁམས་སུ༔ ལོངས་སྤྱོད་ཡོངས་རྫོགས་འཁོར་ལོར་ཤར༔ ཟུང་འཇུག་སྤྲུལ་པའི་རྣམ་རོལ་ནི༔ ལྷག་པ་གཟུགས་བརྙན་དཀྱིལ་འཁོར་འདིར༔ ས་བཅུ་ལམ་ལྔའི་ཡོན་ཏན་ཀུན༔ མ་བཙལ་ལྷུན་གྱིས་གྲུབ་པ་ཡི༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ ཡིད་འོང་ཉམས་དགའི་གནས་མཆོག་ཏུ༔ སྐུ་དང་ཡེ་ཤེས་དབྱེར་མེད་པའི༔ རབ་འབྱམས་རྩ་གསུམ་ལྷ་ཡི་ཚོགས༔ སྣང་ལ་རང་བཞིན་མ་གྲུབ་པར༔ གང་འདུལ་ཚུལ་གྱིས་བཞུགས་པ་རྣམས༔ མངོན་སུམ་ལྟ་བུར་མཐོང་བའི་བློས༔ གཉིས་སུ་འཛིན་པའི་རྟོག་པ་སྤང༔ ཐམས་ཅད་རང་སྣང་ཉིད་ཡིན་ཕྱིར༔ གཉིས་མེད་ཡེ་ཤེས་ཆེན་པོར་སྦྱོར༔ ཕྱི་རུ་མཚོན་བྱེད་དཀྱིལ་དང་འཁོར༔ ནང་ལྟར་རྡོ་རྗེ་ཕུང་པོའི་གྲོང༔ གཞན་དུ་བསྐྱེད་རྫོགས་ཟུང་འཇུག་པའི༔ ཟབ་མོའི་ལམ་མཆོག་ལ་བརྟེན་ནས༔ རང་བྱུང་ལྷུན་གྲུབ་ལུས་ཀྱི་དཀྱིལ༔ རྡོ་རྗེའི་འོག་མིན་ཆེན་པོའི་ཀློང༔ རྩ་དག་སྣང་སྟོང་སྤྲུལ་པའི་སྐུ༔ རླུང་དག་བདེ་སྟོང་ལོངས་སྤྱོད་རྫོགས༔ ཐིག་ལེ་འོད་གསལ་ཚོམ་བུར་ཤར༔ བཅིང་གྲོལ་མེད་པར་ཁྱོད་ཀྱིས་མཐོང༔ བཛྲ་ཛྙཱ་ན་ས་མ་ཡ་ཧོཿ ཞེས་སྤྲོ་བ་བསྐྱེད། སྟོན་འཁོར་རྣམ་དཔྱོད་དང་ལྡན་པ་སོགས་དགོས་པ་དང་འབྲེལ་ན། ཞེས་བརྗོད་ཕྱི་ནང་གཞན་གསུམ་གྱི༔ དཀྱིལ་འཁོར་རྣམ་དབྱེ་རྒྱས་པར་བཤད༔ ཅེས་གསུངས་ཤིང་གང་ལྟར་ཡང༌། དེ་དག་གིས་ཇི་ལྟར་བརྗོད་དོན་བཞིན་མངོན་སུམ་ཉིད་དུ་རྟོགས་པའི་བློས་དད་ཅིང་སྤྲོ་བ་ཆེན་པོས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཞེས་ང་རྒྱལ་བརྟན་པོར་བཟུང་ངོ༌། །དེ་དག་གིས་ལྷ་དང་སྐལ་པ་མཉམ་པའི་ཆོས་སྔོན་འགྲོ་ཕྱི་ནང་གི་འཇུག་པའི་ཆོས་རྣམས་ཡོངས་སུ་གྲུབ་སྟེ། སྤྱི་དོན་གཉིས་པ་ཞུགས་ནས་མངོན་པར་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ནས་དངོས་གཞིའི་དབང་དངོས་བསྐུར་བའི་རིམ་པ་ལ་ཐུན་མོང་ཕྱི་ཕན་པ་རིག་པའི་དབང་ལྔ། ཐུན་མིན་ནང་ནུས་པ་འཇུག་པ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་བྱིན་རླབས་དང་དབང་བསྐུར། གསང་བ་སྐལ་པ་མཆོག་ལྡན་ལ་ཟབ་མོའི་དབང་རྣམས་སྔ་མས་གོ་ཕྱེ་ནས་ཕྱི་མ་གདུལ་བྱ་གང་ཟག་གཅིག་གི་རྒྱུད་ལ་དབང་རྣམས་རིམ་པར་བསྐུར་བ་ལ། དང་པོ་ཕྱི་སྒྲོ་འདོགས་གཅོད་པའི་བླ་མས་བུམ་དབང་ཡན་ལག་དང་བཅས་པ་སྦྱིན་པ་ལའང་རྡོ་རྗེ་སློབ་མའི་ཐུན་མོང་རིག་པའི་ནང་དབང་ལྔ་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་འདུས་རྡོ་རྗེ་འཛིན༔ བདག་ལ་རྩེ་བས་ཉེར་དགོངས་ནས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། གཞུང་ལས། ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ གདན་གསུམ་ཚང་བའི་དབང་གི་ལྷ༔ ནམ་མཁའ་གང་བར་སྤྱན་དྲངས་པར༔ མཆོད་ཅིང་བསྟོད་ནས་གསོལ་གདབ་པས༔ ཀུན་ཀྱང་དབང་གི་བྱ་བ་ལ༔ དགོངས་པ་མངོན་སུམ་གཏད་པར་མོས༔ དབང་རྫས་སློབ་མར་བཅས་པ་ཡང༔ སོ་སོའི་རིགས་ཀྱི་ལྷར་གསལ་ཞིང༔ མི་མཐུན་ཕྱོགས་ལས་རྒྱལ་བའི་སླད༔ ཤིས་པ་བརྗོད་པ་སྔོན་འགྲོ་བས༔ ཞེས་གསུངས་པ་ལྟར། བདག་མདུན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་པའི་རྣམ་པར་སྤྱན་དྲངས། བཛྲ་ས་མཱ་ཛཿ ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ དེས་འགྲེས་ཏེ། པཱདྱཾ་ནས། ཤབྡའི་བར་བརྗོད། ཕུང་ཁམས་དག་པ་གཤེགས་པ་གཤེགས་མའི་གདནཿ དབང་ཤེས་དག་པ་སེམས་དཔའ་སེམས་མ་སྟེཿ ལས་ཀྱི་བདག་པོ་ཁྲོ་བོ་ཁྲོ་མོའི་ཚོགསཿ གདན་གསུམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ གསོལ་བ་གདབ་པ་ནི། རྡོ་རྗེ་ཅན་གྱི་སངས་རྒྱས་ལ༔ འགྲོ་བ་སྐྱོབ་པའི་ཆེད་དུ་དབང༔ ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ༔ དེ་ལྟར་འདི་ལའང་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་གི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་དབང་བསྐུར། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་གར་བསྒྱུར། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད་ཅིང་དབང་གི་ཕྲིན་ལས་ལ་འཇུག་པས་འཇིག་རྟེན་གསུམ་དུ་དགེ་ལེགས་ཀྱི་སྣང་བས་ཁྱབ་པར་བྱས་ནས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཤིས་པའི་ཚིག་གིས་མངའ་གསོལ་བར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར་ཞིང་རོལ་མོ་བྱ། སློབ་མ་སྐད་ཅིག་གིས་ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ་སྐུ་མདོག་དཀར་གསལ་ཞི་ཞིང་དྭངས་བའི་ཉམས་ཅན། ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་ཆེན་རུས་པའི་རྒྱན་ལྡན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་རང་འོད་རྡོ་རྗེ་མཁའ་འགྲོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བས་པད་ཟླ་གླང་པོའི་ཁྲི་ལ་བཞུགས་པར་བསྒོམས། ནམ་མཁའ་གང་བའི་ལྷ་ཚོགས་རྣམས་ཀྱིས་རྣམ་རྒྱལ་བུམ་པའི་ཆུ་མི་བསྐྱོད་པའི་བདག་ཉིད་ཅན་གྱིས་སྤྱི་བོ་ནས་དབང་བསྐུར་བར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ༔ ཞེ་སྡང་རྣམ་དག་རྡོ་རྗེའི་རིགས༔ མི་བསྐྱོད་ཆུ་ཡིས་དབང་བསྐུར་བས༔ རྣམ་ཤེས་ཕུང་པོ་རང་གྲོལ་ནས༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པས་དབང་བསྐུར་བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང་ཡིད་ཀྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་རྒྱན་པ་ལ་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས། རྡོ་རྗེའི་ཡེ་ཤེས་རྟོག་པ་མེད༔ འོད་གསལ་རང་བཞིན་མཁའ་དང་མཉམ༔ སྤྲོས་དང་སྤྲོས་མེད་ཚུལ་ལས་འདས༔ བསམ་མི་ཁྱབ་པས་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད། དེས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ། ཉོན་མོངས་པ་ཞེ་སྡང་དག །རྣམ་ཤེས་ཀྱི་ཕུང་པོ་མེ་ལོང་ཡེ་ཤེས་སུ་གནས་གྱུར། ཐུགས་རྡོ་རྗེ་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །ཞེས་རྟོགས་པ་བརྗོད། དེ་བཞིན་དུ། སློབ་མ་སྐད་ཅིག་གིས་རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ་སྐུ་མདོག་སེར་གསལ་བརྗིད་ཅིང་དཔའ་བའི་ཉམས་ཅན། ཕྱག་གཡས་རིན་པོ་ཆེ་ཐུགས་ཀར་གཏོད་ཅིང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་ཆེན་རུས་པའི་རྒྱན་ལྡན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་རང་འོད་རིན་ཆེན་མཁའ་འགྲོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ་པད་ཟླ་རྟ་མཆོག་གི་ཁྲི་ལ་བཞུགས་པར་བསྒོམས། ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་རྣམས་ཀྱིས་དབུ་རྒྱན་རིན་ཆེན་འབྱུང་ལྡན་གྱི་བདག་ཉིད་ཅན་སྤྱི་བོར་བཅིངས་ཏེ་དབང་བསྐུར་བར་མོས་ཤིག །དབུ་རྒྱན་བསྐོན་ལ། ཧཱུྃ༔ ང་རྒྱལ་རྣམ་དག་རིན་ཆེན་རིགས༔ རིན་འབྱུང་དབུ་རྒྱན་དབང་བསྐུར་བས༔ ཚོར་བའི་ཕུང་པོ་རང་གྲོལ་ནས༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་ཨ་བྷི་ཥིཉྩ་ཏྲཱྃ༔ བཛྲ་ཀ་ལ་ཤ་སོགས་ཆུ་དབང༌། དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང༌། ཤེས་བྱའི་སྒྲིབ་པ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱི་དབུར་བརྒྱན་པ་ལ་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། འདོད་འབྱུང་ཡེ་ཤེས་རྩོལ་བ་མེད༔ ཤེས་དང་ཤེས་བྱ་ཐམས་ཅད་པ༔ ལྷུན་གྱིས་གྲུབ་པའི་ཡོན་ཏན་རྩལ༔ འཕེལ་འགྲིབ་བྲལ་བའི་བཀྲ་ཤིས་ཤོག༔ དེས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ། ཉོན་མོངས་པ་ང་རྒྱལ་དག །ཚོར་བའི་ཕུང་པོ་མཉམ་ཉིད་ཡེ་ཤེས་སུ་གནས་གྱུར། ཡོན་ཏན་རིན་ཆེན་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །སློབ་མ་སྐད་ཅིག་གིས་དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ་སྐུ་མདོག་དམར་གསལ་སྒེག་ཅིང་ཆགས་པའི་ཉམས་ཅན། ཕྱག་གཡས་པདྨ་ཐུགས་ཀར་གཏོད་ཅིང་གཡོན་པས་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་ཆེན་རུས་པའི་རྒྱན་ལྡན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་རང་འོད་པདྨ་མཁའ་འགྲོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བས་པད་ཟླ་རྨ་བྱའི་ཁྲི་ལ་བཞུགས་པར་བསྒོམས། ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་རྣམས་ཀྱིས་ཐབས་བདེ་བ་ཆེན་པོ་མཚོན་པའི་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་རང་བཞིན་ཅན་ཕྱག་གཡས་སུ་གཏད་པར་མོས་ཤིག །རྡོ་རྗེ་གཏད་ལ། ཧཱུྃ༔ འདོད་ཆགས་རྣམ་དག་པདྨའི་རིགས༔ མཐའ་ཡས་རྡོ་རྗེའི་དབང་བསྐུར་བས༔ འདུ་ཤེས་ཕུང་པོ་རང་གྲོལ་ནས༔ སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ བཛྲ་ཀ་ལ་ཤ་སོགས་ཆུ་དབང༌། དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང༌། ངག་རླུང་གི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་ཏུ་མེད་པས་དབུར་བརྒྱན་པ་ལ་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། པདྨའི་ཡེ་ཤེས་འགགས་པ་མེད༔ སྒྲ་དབྱངས་རྒྱ་མཚོའི་རྗེས་སུ་འགྲོ༔ སེམས་ཅན་ཁམས་རྣམ་སད་མཛད་པ༔ ཡི་གེ་འཁོར་ལོའི་བཀྲ་ཤིས་ཤོག༔ དེས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ། ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་སོར་རྟོགས་ཡེ་ཤེས་སུ་གནས་གྱུར། གསུང་པདྨའི་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །སློབ་མ་སྐད་ཅིག་གིས་དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ་སྐུ་མདོག་ལྗང་ནག་གཏུམ་ཞིང་ཁྲོས་པའི་ཉམས་ཅན། ཕྱག་གཡས་རྒྱ་གྲམ་ཐུགས་ཀར་གཏོད་ཅིང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་ཆེན་རུས་པའི་རྒྱན་ལྡན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་རང་འོད་ལས་ཀྱི་མཁའ་འགྲོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བས་པད་ཟླ་ཤང་ཤང་གི་ཁྲི་ལ་བཞུགས་པར་བསྒོམས། ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་རྣམས་ཀྱིས་ཤེས་རབ་སྟོང་པ་ཉིད་མཚོན་པའི་དྲིལ་བུ་ཕྱག་གཡོན་དུ་གཏད་པར་མོས་ཤིག །དྲིལ་བུ་སྦྱིན་ལ། ཧཱུྃ༔ ཕྲག་དོག་རྣམ་དག་ལས་ཀྱི་རིགས༔ དོན་གྲུབ་དྲིལ་བུའི་དབང་བསྐུར་བས༔ འདུ་བྱེད་ཕུང་པོ་རང་གྲོལ་ནས༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ བཛྲ་ཀ་ལ་ཤ་སོགས་ཆུ་དབང༌། དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང༌། ཀུན་གཞིའི་སྒྲིབ་པ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུར་བརྒྱན་པ་ལ་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ལས་ཀྱི་ཡེ་ཤེས་ཐོགས་པ་མེད༔ འདུལ་བྱའི་ཁམས་དང་མཐུན་པར་སྟོན༔ ཕན་འདོགས་ཚར་གཅོད་རྗེས་བཟུང་བའི༔ བདེ་མཆོག་སྒྱུ་མའི་བཀྲ་ཤིས་ཤོག༔ དེས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ། ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་བྱ་གྲུབ་ཡེ་ཤེས་སུ་གནས་གྱུར། ཕྲིན་ལས་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །སློབ་མ་སྐད་ཅིག་གིས་མཆོག་གི་ལས་མཛད་བུདྡྷ་ཐོད་བྲེང་རྩལ་མཐིང་གསལ་ཞི་འཛུམ་སྒེག་པའི་ཉམས་ཅན། ཕྱག་གཡས་འཁོར་ལོ་ཐུགས་ཀར་གཏོད་ཅིང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་ཆེན་རུས་པའི་རྒྱན་ཅན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་རང་འོད་མཆོག་གི་རིགས་ཀྱི་མཁའ་འགྲོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བས་པད་ཟླ་སེང་གེའི་ཁྲི་ལ་བཞུགས་པར་བསྒོམས། །ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེ་དང་བཅས་པའི་དྲིལ་བུ་ཐོགས་ཏེ། རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཅན་གྱི་མིང་གི་དབང་བསྐུར་བར་མོས་ཤིག །རྡོར་དྲིལ་ལྷན་ཅིག་པ་སྤྱི་བོར་འཁྲོལ་ལ། ཧཱུྃ༔ གཏི་མུག་རྣམ་དག་བདེ་གཤེགས་རིགས༔ སྣང་མཛད་མིང་གི་དབང་བསྐུར་བས༔ གཟུགས་ཀྱི་ཕུང་པོ་རང་གྲོལ་ནས༔ ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ གསང་བའི་མཚན་བསྒྲགས། བཛྲ་ཀ་ལ་ཤ་སོགས་ཆུ་དབང༌། དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་གང༌། ལུས་ཀྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པ་ལ་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བདེ་གཤེགས་ཡེ་ཤེས་འགྱུར་བ་མེད༔ བརྟན་གཡོ་ཀུན་ལ་ཁྱབ་པའི་སྲོག༔ ཕྱག་རྒྱའི་གཟུགས་སུ་རང་སྣང་བའི༔ དཀྱིལ་འཁོར་ཆེན་པོའི་བཀྲ་ཤིས་ཤོག༔ དེས་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡི་དབང་ཐོབ། ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་ཆོས་དབྱིངས་ཡེ་ཤེས་སུ་གནས་གྱུར། སྐུ་བདེ་གཤེགས་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །གཞུང་ལས། སོ་སོའི་དག་པ་ངོ་སྤྲད་ཅིང༔ ཤིས་པ་བརྗོད་པས་མངའ་གསོལ་བྱ༔ ཞེས་པ་ལྟར་རོ། །གཉིས་པ་ནང་ནུས་པ་འཇུག་པ་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་རིགས་ཀུན་ཁྱབ་བདག་ཆེས༔ ཕན་པའི་དབང་བསྐུར་བསྩལ་ལགས་ན༔ ད་ནི་ནུས་པ་འཇུག་པའི་དབང༔ མ་ལུས་བདག་ལ་བསྩལ་དུ་གསོལ༔ ལན་གསུམ། དེ་ནས་དབང་དངོས་ལ་སྤྱི་དང་བྱེ་བྲག་ཁྱད་པར་གྱི་དབང་གསུམ་ལས། དང་པོའི་དོན་དུ་ཁྱེད་རང་རྣམས་གཙོ་བོའི་མདུན་དཀྱིལ་འཁོར་གྱི་ཐད་དྲང་པོར་སེང་གེའི་ཁྲི་ལ་གནས་པར་སྟེང་དུ་གདུགས་ཕུབ། འདོད་ཡོན་གྱི་མཆོད་པས་མདུན་བདར་ཏེ་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་ཁྱབ་བྱེད་དྲུག་པའི་རིགས་མཆོག་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པ་རང་འོད་ཀྱི་ཕྱག་རྒྱ་མ་དང་སྦྱོར་ཞིང་སྐུ་ལ་རྩ་གསུམ་དཀྱིལ་འཁོར་མ་ལུས་ཡོངས་རྫོགས་ཏིལ་གྱི་གོང་བུ་ཁ་བྱེ་བ་བཞིན་བཞུགས་པ་རྒྱན་དང་ཕྱག་མཚན་ཡོངས་སུ་རྫོགས་པའི་བདག་ཉིད་དུ་སྙེམས་པ་བཟུང་བ་ལ་ཐབས་བདེ་བ་ཆེན་པོ་རྡོ་རྗེ་ཐུགས་ཀྱི་དམ་ཚིག་ཕྱག་གཡས་སུ་གཏད་པ་གསོར་ཏེ་ཐུགས་ཀར་གཏོད། ཤེས་རབ་སྟོང་པ་ཉིད་དྲིལ་བུ་གསུང་གི་དམ་ཚིག་གཡོན་དུ་གཏད་པས་དཀྲོལ་ལ་དཀུར་བརྟེན། བདེ་སྟོང་ཟུང་འཇུག་ཕྱག་རྒྱ་སྐུ་ཡི་དམ་ཚིག་རྡོར་དྲིལ་ཐུགས་ཀར་བསྣོལ་ཏེ་འཁྱུད་པའི་རྒྱས་ཡབ་ཡུམ་གཉིས་མེད་བདེ་བ་ཆེན་པོའི་སྦྱོར་བས་རྒྱུ་དུས་ཀྱི་ཡན་ལག་བདུན་ལ་གོམས་པས་འབྲས་བུ་སྐུ་གསུམ་ཁ་སྦྱོར་བདུན་དུ་སངས་རྒྱས་པར་མོས་ཤིག །ཨོཾ་ཨཱཿཧཱུྃ༔ ཐབས་དང་ཤེས་རབ་དབྱེར་མེད་པའི༔ རྡོ་རྗེ་དྲིལ་བུ་འདི་ཟུངས་ལ༔ ཡེ་ཤེས་ཕྱག་རྒྱར་མཉམ་སྦྱོར་བའི༔ བདེ་བ་ཆེ་ལ་རྟག་ཏུ་རོལ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་གསང་བ་དང༔ དབྱེར་མེད་རྡོ་རྗེ་འཛིན་ཁྱེད་ཀྱིས༔ གང་འདུལ་འགྲོ་ཀུན་སྒྲོལ་བར་མཛོད༔ ཨོཾ་མ་ཧཱ་བཛྲ་ཧཱུྃ༔ རྡོ་རྗེ་ཐུགས་ཀར་གསོར། ཨོཾ་མ་ཧཱ་གཎྜེ་ཧོཿ དྲིལ་བུ་འཁྲོལ་ཏེ་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔ ཞེས་འཁྱུད་རྒྱ་བྱར་གཞུག །སླར་ཡང་དབང་གི་ལྷ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་ཤིག །རྣམ་བུམ་གྱིས་དབང་བསྐུར་ལ། ཧཱུྃ་ཧྲཱིཿ སྣང་སྟོང་བུམ་པའི་དཀྱིལ་འཁོར་དུ༔ རྩ་བ་གསུམ་གྱི་ལྷ་ཚོགས་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕུང་ཁམས་ལྷ་སྐུར་སྨིན་པར་ཤོག༔ རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང༌། སྒྲིབ་པ་བཞིའི་ས་བོན་བག་ཆགས་དང་བཅས་པ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་གྱུར། གཉིས་པ་བྱེ་བྲག་ཏུ་རྗེས་སུ་གནང་བ་ལ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཀྲ་ཤིས་པའི་གདུགས་ཕུབ་ལག་གཡས་སུ་ཆོས་དུང་གཏད་ཅིང་འབུད་དུ་གཞུག །གཡོན་པས་ཤེས་རབ་ཀྱི་དྲིལ་བུ་འཁྲོལ། མཆན་དུ་རྒྱུད་ཀྱི་གླེགས་བམ་གཏད། རྐང་འོག་ཏུ་ཕྲིན་ལས་རྒྱུན་མི་ཆད་པའི་འཁོར་ལོ་བྱིན་པ་བསྐོར་ཏེ་དེ་ཉིད་བཅུ་སོགས་རྡོ་རྗེ་རྒྱལ་པོའི་བཀའ་རབ་འབྱམས་ཀྱིས་དབང་བསྐུར་བར་མོས་ཤིག །ཆས་རྣམས་གཏད་དེ། ཧཱུྃ་ཧྲཱིཿ བདེ་ཆེན་ཐབས་མཆོག་རྡོ་རྗེ་སེམས་དཔའ་དང༔ ཤེས་རབ་སྟོང་ཉིད་དབང་ཕྱུག་སྙེམས་མ་ཡུམ༔ དབྱེར་མེད་མཉམ་སྦྱོར་རྡོ་རྗེ་སློབ་དཔོན་དབང༔ དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ ཟབ་གསང་རྡོ་རྗེ་རྩེ་མོའི་ཉེ་ལམ་གྱི༔ ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་ནས་ཀྱང༔ སྣ་ཚོགས་ཐབས་ཀྱིས་གདུལ་བྱ་མ་ལུས་ཀུན༔ བདེ་ཆེན་ཐར་པའི་གྲོང་དུ་དབུགས་དབྱུངས་ཤིག༔ ནམ་མཁར་བཞུགས་པའི་དབང་གི་ལྷས་ཤིས་པའི་གླུ་དབྱངས་དང་མེ་ཏོག་གི་ཆར་བསྙིལ་བས་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས་བརྟན་གོང་འཕེལ་དུ་མཛད་པས་མངའ་གསོལ་བར་མོས། དཀོན་མཆོག་གསུམ་གྱི་ཤིས་བརྗོད་བྱ། རྟེན་སྙིང་དང་སུ་པྲ་ཏིཥྛ་བརྗོད། དབང་གི་ལྷ་རྣམས་གཉིས་མེད་དུ་ཐིམ་པར་མོས། དེ་ཡང་སྔགས་ཀྱི་སྨིན་གྲོལ་སྒྲ་ཇི་བཞིན་དུ་སྤྱོད་པ་དག་གིས་འདི་ཡན་ཆད་ཀྱི་དབང་གི་ཆོ་གས་རྒྱ་ཆེ་བའི་ལམ་གྱི་སྣོད་ལྡན་རྗེས་སུ་བཟུང་ཞིང༌། ཐུན་མོང་གི་བསྐྱེད་བཟླས་ཀྱི་མན་ངག་འབོགས་ཤིང༌། མཆོག་དབང་གོང་མ་གསུམ་ནི་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་ཤིང་ཟབ་མོའི་མན་ངག་མཐར་ཐུག་དོན་དུ་གཉེར་བ་ལ་དེའི་དབང་དང་གདམས་པ་སྟེར་བར་གསུངས་པས་གཞུང་འདིར་ཡང༌། དེ་ནས་ཟབ་མོའི་དབང་གསུམ་པོ༔ ཡེ་ཤེས་དཔལ་སྟེར་ཇི་བཞིན་ལ༔ སྤྲོས་དང་འབྲེལ་བ་དཀྱིལ་འཁོར་བ༔ ཡོངས་སུ་རྫོགས་པའི་ལྷ་དབང་བསྐུར༔ སོ་སོའི་སྔགས་ཀྱི་རྗེས་གནང་དང་༔ འོད་གསལ་ཡེ་ཤེས་དོན་ངོ་སྤྲད༔ ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་བྱ༔ ཞེས་གསུངས་ཀྱང་དེང་སང་དབང་ཁྲིད་ཀྱི་རྒྱུན་མི་ཉམས་པ་གནད་དུ་ཟབ་པས་དབང་བཞི་སྦྲེལ་ཏེ་གསུང་པའི་ཕྱག་བཞེས་བཞིན་དེ་དག་གིས་བུམ་དབང་མཐའ་རྟེན་དང་བཅས་པ་སྔོན་དུ་སོང་ནས། གསུམ་པ་ཁྱད་པར་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ནུས་པ་རྒྱུད་ལ་འཇུག་པའི་ཕྱིར་ལྷ་སྔགས་རིག་པའི་དབང་བསྐུར་སྦྱིན་པའི་ཐོག་མར་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་རིགས་ཀུན་ཁྱབ་བདག་མཆོག༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་སྨིན་ཅིང་གྲོལ་བའི་ཕྱིར༔ ཡེ་ཤེས་ལྷ་ཡི་དབང་བསྐུར་སྩོལ༔ ལན་གསུམ་བྱ། མདུན་བསྐྱེད་ལྷ་ཚོགས་གཙོ་འཁོར་རྣམས་ཀྱི་རྡོ་རྗེའི་སྐུ་ཡི་གནས་སོ་སོ་ནས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་གི་སྐུ་ཡི་གནས་སོ་སོར་ལུས་དཀྱིལ་གྱི་རྣམ་པ་རྗེས་སུ་དྲན་པའི་ལྷ་གནས་ཀྱི་པད་ཉིའི་གདན་རེ་རེ་གསལ་བ་ལ་ལྷ་ཚོགས་དཔག་ཏུ་མེད་པ་སློབ་དཔོན་དང་མདུན་བསྐྱེད་ཐ་མི་དད་པའི་ཐུགས་ཀ་ནས་བྱུང་སྟེ་ལུས་གནས་རྣམས་སུ་ཐིམ་པས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་གཉིས་མེད་དུ་གྱུར་པར་མོས་ཤིག །ཧཱུྃ་ཧྲཱིཿ སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ནས༔ རྩ་གསུམ་ཀུན་འདུས་ཐོད་ཕྲེང་རྩལ༔ ཡབ་ཡུམ་གཉིས་མེད་དབང་བསྐུར་བས༔ བདེ་གཤེགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ སྤྲོས་བྲལ་ཆོས་སྐུའི་དཀྱིལ་འཁོར་ནས༔ རིགས་ཀྱི་བདག་པོ་ཆེ་བའི་མཆོག༔ ཀུན་བཟང་ཡབ་ཡུམ་དབང་བསྐུར་བས༔ དབང་བཞིའི་ཡེ་ཤེས་སྨིན་པར་ཤོག༔ ཨོཾ་ཨཱཿཧཱུྃ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ སྣང་སྟོང་དབྱེར་མེད་དཀྱིལ་འཁོར་ནས༔ འཇམ་དཔལ་གྲུབ་པའི་རིག་པ་འཛིན༔ མཉྫུ་མི་ཏྲས་དབང་བསྐུར་བས༔ རྩ་ཁམས་ལྷ་སྐུར་སྨིན་པར་ཤོག༔ ཨོཾ་མ་ཧཱ་གུ་རུ་ཤཱ་རི་རཱཾ་མཉྫུ་ཤྲཱི་མི་ཏྲ་ཨཱཿཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ གྲགས་སྟོང་དབྱེར་མེད་དཀྱིལ་འཁོར་ནས༔ རྟ་མཆོག་གྲུབ་པའི་རིག་པ་འཛིན༔ ནཱ་གརྫུ་ནས་དབང་བསྐུར་བས༔ སྲོག་རྩོལ་སྔགས་སུ་སྨིན་པར་ཤོག༔ ཨོཾ་མ་ཧཱ་གུ་རུ་ཤཱ་རི་རཾ་ནཱ་གརྫུ་ན་ཨཱཿ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ རིག་སྟོང་དབྱེར་མེད་དཀྱིལ་འཁོར་ནས༔ ཡང་དག་གྲུབ་པའི་རིག་པ་འཛིན༔ ཧཱུྃ་ཆེན་ཀཱ་རས་དབང་བསྐུར་བས༔ རྟོགས་ཚོགས་ཆོས་སྐུར་སྨིན་པར་ཤོག༔ ཨོཾ་མ་ཧཱ་གུ་རུ་ཤཱ་རི་རཱཾ་ཧཱུྃ་ཀཱ་ར་ཨཱཿཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ ཡོན་ཏན་སྣ་ཚོགས་དཀྱིལ་འཁོར་ནས༔ བདུད་རྩི་གྲུབ་པའི་རིག་པ་འཛིན༔ བི་མ་མི་ཏྲས་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་མ་ཧཱ་གུ་རུ་ཤཱ་རི་རཱཾ་བི་མ་ལ་མི་ཏྲ་ཨཱཿ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ ཕྲིན་ལས་རྣམ་བཞིའི་དཀྱིལ་འཁོར་ནས༔ ཕུར་པ་གྲུབ་པའི་རིག་པ་འཛིན༔ པྲ་བྷ་ཧསྟིས་དབང་བསྐུར་བས༔ ཁམས་གསུམ་དབྱིངས་སུ་སྒྲོལ་བར་ཤོག༔ ཨོཾ་མ་ཧཱ་གུ་རུ་ཤཱ་རཱི་རཾ་པྲ་བྷ་ཧསྟི་ཨཱཿཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ ཀློང་ལྔ་དབྱིངས་ཀྱི་དཀྱིལ་འཁོར་ནས༔ མ་མོ་གྲུབ་པའི་རིག་པ་འཛིན༔ དྷ་ན་སཾ་ཀྲྀས་དབང་བསྐུར་བས༔ སྣང་སྲིད་སེམས་སུ་རྫོགས་པར་ཤོག༔ ཨོཾ་མ་ཧཱ་གུ་རུ་ཤཱ་རཱི་རཾ་དྷ་ན་སཾ་ཀྲྀཏ་ཨཱཿཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ དྲེགས་པ་ཟིལ་གནོན་དཀྱིལ་འཁོར་ནས༔ མཆོད་བསྟོད་གྲུབ་པའི་རིག་པ་འཛིན༔ རམྦུ་གུ་ཧྱས་དབང་བསྐུར་བས༔ གཟུང་འཛིན་འབྱུང་པོ་འདུལ་བར་ཤོག༔ ཨོཾ་མ་ཧཱ་གུ་རུ་ཤཱ་རཱི་རཾ་རམྦུ་གུ་ཧྱ་ཨཱཿཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ མངོན་སྤྱོད་དམོད་པའི་དཀྱིལ་འཁོར་ནས༔ དྲགས་སྔགས་གྲུབ་པའི་རིག་པ་འཛིན༔ ཤཱནྟིཾ་གྷརྦྷས་དབང་བསྐུར་བས༔ གཉིས་སྣང་དགྲ་བགེགས་ཚར་གཅོད་ཤོག༔ ཨོཾ་མ་ཧཱ་གུ་རུ་ཤཱ་རཱི་རཾ་ཤཱནྟིཾ་གྷརྦྷ་ཨཱཿཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བདེ་ཆེན་འཁོར་ལོའི་དཀྱིལ་འཁོར་ནས༔ མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ འཇམ་དཔལ་སྐུ་ཡི་དབང་བསྐུར་བས༔ གཤིན་རྗེ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཏ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ལོངས་སྤྱོད་འཁོར་ལོའི་དཀྱིལ་འཁོར་ནས༔ སོར་རྟོག་ཡེ་ཤེས་ངོ་བོ་ཉིད༔ པདྨ་གསུང་གིས་དབང་བསྐུར་བས༔ རྟ་མགྲིན་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་པདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཆོས་ཀྱི་འཁོར་ལོའི་དཀྱིལ་འཁོར་ནས༔ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ ཡང་དག་ཐུགས་ཀྱིས་དབང་བསྐུར་བས༔ ཁྲག་འཐུང་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྤྲུལ་པའི་འཁོར་ལོའི་དཀྱིལ་འཁོར་ནས༔ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ བདུད་རྩི་ཡོན་ཏན་དབང་བསྐུར་བས༔ ཆེ་མཆོག་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བདེ་སྐྱོང་འཁོར་ལོའི་དཀྱིལ་འཁོར་ནས༔ བྱ་བ་གྲུབ་པའི་ངོ་བོ་ཉིད༔ རྡོ་རྗེ་གཞོན་ནུས་དབང་བསྐུར་བས༔ ཕུར་པ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ རྡོ་རྗེ་ནོར་བུའི་དཀྱིལ་འཁོར་ནས༔ ཀློང་གྱུར་ཡེ་ཤེས་ངོ་བོ་ཉིད༔ བླ་མེད་ཁྲག་འཐུང་དབང་བསྐུར་བས༔ མ་མོ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རི་སྟྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བདེ་ཆེན་ཐབས་ཀྱི་དཀྱིལ་འཁོར་ནས༔ དབྱིངས་གྲོལ་ཡེ་ཤེས་ངོ་བོ་ཉིད༔ དྲེགས་པ་ཀུན་འདུལ་དབང་བསྐུར་བས༔ མཆོད་བསྟོད་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྟོང་ཉིད་ཤེས་རབ་དཀྱིལ་འཁོར་ནས༔ མཐའ་གྲོལ་ཡེ་ཤེས་ངོ་བོ་ཉིད༔ སྟོབས་ལྡན་ནག་པོས་དབང་བསྐུར་བས༔ དྲག་སྔགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གནས་ཡུལ་ཉེར་བཞིའི་དཀྱིལ་འཁོར་ནས༔ བྱང་ཆུབ་སེམས་ཀྱི་ཐིག་ལེའི་གཟུགས༔ དཔའ་བོ་མཁའ་འགྲོས་དབང་བསྐུར་བས༔ བདེ་སྟོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་མ་ཧཱ་སུ་ཁ་སརྦ་ཊཱ་ཀ་ཌཱ་ཀི་ནཱི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ནས༔ ཞི་བའི་ཕྲིན་ལས་སྒྲུབ་མཛད་པ༔ བཛྲ་ཐོད་ཕྲེང་དབང་བསྐུར་བས༔ ནད་གདོན་འཇིགས་བརྒྱད་ཞི་བར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ རིན་ཆེན་རིགས་ཀྱི་དཀྱིལ་འཁོར་ནས༔ རྒྱས་པའི་ཕྲིན་ལས་སྒྲུབ་མཛད་པ༔ རཏྣ་ཐོད་ཕྲེང་དབང་བསྐུར་བས༔ ཚེ་བསོད་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ པདྨ་རིགས་ཀྱི་དཀྱིལ་འཁོར་ནས༔ དབང་གི་ཕྲིན་ལས་སྒྲུབ་མཛད་པ༔ པདྨ་ཐོད་ཕྲེང་དབང་བསྐུར་བས༔ ཁམས་གསུམ་དབང་དུ་འདུ་བར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ནས༔ དྲག་པོའི་ཕྲིན་ལས་སྒྲུབ་མཛད་པ༔ ཀརྨ་ཐོད་ཕྲེང་དབང་བསྐུར་བས༔ དགྲ་བགེགས་འབྱུང་པོ་ཚར་གཅོད་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ བདེ་བྱེད་བརྩེགས་པའི་དུར་ཁྲོད་དུ༔ མ་ཆགས་སྐྱོན་བྲལ་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་སྐུ་འགྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨཱ་ཀ་ར་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས༔ པདྨ་སཾ་བྷས་དབང་བསྐུར་བས༔ དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ རཱ་ག་རཀྟའི་གནས་མཆོག་ཏུ༔ ཐམས་ཅད་མཁྱེན་པའི་དངོས་གྲུབ་བརྙེས༔ བློ་ལྡན་མཆོག་སྲེད་དབང་བསྐུར་བས༔ ཇི་ལྟ་ཇི་སྙེད་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པྲཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བརྙེས༔ པདྨ་རྒྱལ་པོས་དབང་བསྐུར་བས༔ རླུང་སེམས་དབུ་མར་ཐིམ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་རཱ་ཛ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ སོ་ས་གླིང་གི་དུར་ཁྲོད་དུ༔ འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས༔ ཉི་མ་འོད་ཟེར་དབང་བསྐུར་བས༔ གང་འདུལ་ཐབས་ལ་མཁས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སཱུརྻ་རསྨི་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ བདུད་འདུལ་དྲག་པོའི་དངོས་གྲུབ་བརྙེས༔ ཤཱཀྱ་སེང་གེས་དབང་བསྐུར་བས༔ ཉོན་མོངས་བདུད་བཞི་འདུལ་བར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤཱཀྱ་སིཾ་ཧ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ མ་ག་དྷ་ཡི་གྲོང་ཁྱེར་དུ༔ མུ་སྟེགས་འདུལ་བའི་དངོས་གྲུབ་བརྙེས༔ སེང་གེ་སྒྲ་སྒྲོགས་དབང་བསྐུར་བས༔ འཇིགས་ཚོགས་ལྟ་བ་འཇོམས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སིཾ་ཧ་གཎྜེ་སརྦ་སིདྡྷི་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ སྟག་ཚང་སེང་གེ་བསམ་འགྲུབ་ཏུ༔ དྲེགས་པ་འདུལ་བའི་དངོས་གྲུབ་བརྙེས༔ རྡོ་རྗེ་གྲོ་ལོད་དབང་བསྐུར་བས༔ གཟུང་འཛིན་འབྱུང་པོ་ཚར་གཅོད་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཀྲོ་དྷ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧྲཱིཿ ཚད་མེད་བཞི་ལྡན་དཀྱིལ་འཁོར་ནས༔ དབང་ཆེན་རིགས་བཞི་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ར་ཙ་ཧྲི་ཡ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་ཀུན་བཟང་པདྨ་ཐོད་ཕྲེང་བདེ་གཤེགས་ཡོངས་འདུས་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་རྫོགས་ཀྱི་དབང་བསྐུར་བས་ཐ་མལ་གྱི་འཁྲུལ་རྟོག་ཡེ་ཤེས་ལྷའི་འཁོར་ལོར་བསྡོམས་ཏེ་ངོ་སྤྲད་པའི་མཐུས་དེང་ནས་བཟུང་སྟེ་སྣང་སྲིད་སྣོད་བཅུད་ཐམས་ཅད་དག་པ་རབ་འབྱམས་སྣང་སྟོང་ལྷའི་སྐུ་སྒོམ་པ་དང་མ་བྲལ་བས་སྣང་བ་ཐམས་ཅད་ལ་ལྷ་སྐུ་ཕྱག་རྒྱའི་གཟེར་གྱིས་ཐེབ་པར་གྱིས་ཤིག །གསུང་བཟླས་པའི་ལུང་སྦྱིན་པ་ལ་དམིགས་པ་འདི་རྣམས་གསལ་ཐོབ་མཛོད། བདག་མདུན་གྱི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་གསལ་བའི་ཐུགས་ཀར་པདྨ་ཉི་ཟླའི་སྟེང་དུ་ཏིང་འཛིན་སེམས་དཔའ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཐུགས་སྲོག་ཧཱུྃ་ཡིག་མཐིང་གསལ་ལ་རྡོ་རྗེའི་ཡིག་འབྲུ་བཅུ་གཉིས་པས་བསྐོར་བ་དང༌། ཁྱེད་རང་རྣམས་ལྷར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་སུམ་བརྩེགས་ཧཱུྃ་ཡིག་སྔགས་ཕྲེང་བཅས་པ་གསལ་ཐོབ། སློབ་དཔོན་དང་ལྷ་ལ་མོས་གུས་བྱས་པའི་རྐྱེན་གྱིས་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་ཐོན་ཁྱེད་རང་རྣམས་དང་ཐུགས་ཀའི་ལྷའི་ཞལ་དུ་ཞུགས་ནས་ཐུགས་སྲོག་ཧཱུྃ་ཡིག་གི་མཐར་འཁོད། བཟླས་པའི་རྐྱེན་གྱིས་དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཕྱོགས་དུས་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་པདྨ་ཐོད་ཕྲེང་རྩལ་གྱི་སྐུ། སྔགས། ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་གསང་བ་གསུམ་གྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་ལ་བསྙེན་སྔགས་འདིའི་རྗེས་ཟློས་མཛོད། བཛྲ་གུ་རུ་ལན་གསུམ། ཐུགས་ཀའི་སྔགས་ཕྲེང་ལས་རྡོ་རྗེའི་སྲོག་སྔགས་ལུ་གུ་རྒྱུད་ཀྱི་ཕྲེང་བ་ཡབ་ཡུམ་གྱི་ཞལ་དང་མཁའ་གསང་ནས་བརྒྱུད་དེ་མགལ་མེ་ལྟར་འཁོར་བ་སྐུ་ཡི་གནས་བཞིར་སོན་པས་བདེ་སྟོང་དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་འོད་ཀྱིས་ཁམས་གསུམ་བརྟན་གཡོ་ཐམས་ཅད་ལྷ་སྔགས་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས་པར་མོས་ལ་སྒྲུབ་སྔགས་རྩ་གསུམ་སྤྱི་དྲིལ་གྱི་བཟླས་པ་ལན་གསུམ་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་ཝ་ཌཱ་ཀི་ནི་བཛྲ་ས་མ་ཡ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཨཿ སླར་ཡང་འོད་ཟེར་ལྔ་ལྡན་གྱི་སྤྲོ་བསྡུས་ཞི་རྒྱས་དབང་དྲག་མཆོག་གི་ཕྲིན་ལས་ཐམས་ཅད་ཡིད་བཞིན་དུ་སྒྲུབ་པར་མོས་ལ་ལས་སྔགས་འདིའི་རྗེས་ཟློས་མཛོད། ཐོད་ཕྲེང་རྩལ་གྱི་ཤམ་བུར། ཤཱིཾནྟ་པུཥྚིཾ་ཝཱ་ཤཾ་མ་ར་ཡ་ཕཊ྄༔ སྦྱར་བ་ལན་གསུམ་བཟླ། སྣང་གྲགས་རིག་པ་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པ་ཡེ་ཤེས་རྡོ་རྗེ་གཅིག་གི་བདག་ཉིད་དུ་ལྷུན་གྱིས་གྲུབ་པའི་དགོངས་པ་ལ་བློ་བཞག་པས་ཡེ་ཤེས་ཧཱུྃ་ལྔའི་བཟླས་པ་མཛོད། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཅུང་ཟད་བཟླ། ཕྲེང་བ་མགྲིན་པར་བཞག་ལ། སྔགས་ཀྱི་ཕྲེང་བ་གཏད་པས་བཟླས་བརྗོད་ཀྱི་ནུས་པ་བསྐྱེད་ཅིང་བརྟན་པར་བྱས་པར་མོས་ཤིག ཨཱཿ ཇི་སྙེད་བརྗོད་པ་ཐམས་ཅད་ཀུན༔ རྡོ་རྗེའི་སྔགས་སུ་རྣམ་པར་དག༔ ནུས་པ་བསྐྱེད་པའི་དབང་བསྐུར་བས༔ དངོས་གྲུབ་རྣམ་གཉིས་མྱུར་འགྲུབ་ཤོག༔ ཨོཾ་སརྦ་མཎྜལ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ དེང་ཕྱིན་ཆད་གྲགས་སྟོང་སྔགས་ཀྱི་བཟླས་པ་ཆུ་བོའི་རྒྱུན་བཞིན་དུ་བརྩོན་པས་བརྟན་གཡོའི་སྒྲ་སྐད་ཐམས་ཅད་རྡོ་རྗེའི་སྔགས་ཀྱི་གཟེར་ཐེབ་པར་གྱིས་ཤིག །ཐུགས་རང་བྱུང་གི་དགོངས་པ་ངོ་སྤྲད་པའི་སླད་དུ་མེ་ལོང་དྭངས་པའི་ངོས་སུ་གཟུགས་བརྙན་སྣ་ཚོགས་སུ་སྣང་ཡང་རང་བཞིན་མ་གྲུབ་པའི་དཔེས་མཚོན་ནས། རང་སེམས་སྟོང་པའི་རང་རྩལ་ལས་གཟུང་འཛིན་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་ཤར་ཡང་གདོད་མ་ནས་སྐྱེ་འགག་གནས་གསུམ་བྲལ་བའི་དོན་རང་རིག་སྐད་ཅིག་མའི་རང་རྩལ་དུ་ངོ་ཤེས་པར་གྱིས་ལ་སྣང་རིག་ཟུང་འཇུག་འོད་གསལ་ཆེན་པོའི་ངང་དུ་མཉམ་པར་ཞོག་ཅིག །མེ་ལོང་བསྟན་ལ། ཧཱུྃ༔ གཟུང་དང་འཛིན་པའི་རྟོག་པ་ཀུན༔ གདོད་ནས་རང་བཞིན་འོད་གསལ་ངང༔ ཡེ་ཤེས་རྟོགས་པའི་དབང་བསྐུར་བས༔ ཟུང་འཇུག་གནས་ལུགས་མངོན་གྱུར་ཤོག༔ ཨོཾ་སརྦ་མཎྜལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ནས་བཟུང་སྟེ་རིག་སྟོང་ཡེ་ཤེས་ཆེན་པོའི་ངང་ལ་རྟག་ཏུ་མཉམ་པར་བཞག་པ་ལས་མ་གཡོས་པས་རྟོག་ཚོགས་ཐམས་ཅད་ལ་དགོངས་པ་མི་འགྱུར་བའི་གཟེར་དང་འཕྲོ་འདུ་ཏིང་ངེ་འཛིན་གྱི་གཟེར་གྱིས་ཐེབ་པར་གྱིས་ཤིག །དེ་རྣམས་ཀྱིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ་ཅིང་གཞི་རགས་པ་ལུས་དང་ཕྲ་བ་རྩ་ཡི་དྲི་མ་སྦྱངས། ལམ་བསྐྱེད་རིམ་ལྷའི་འཁོར་ལོ་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་གསང་བ་ཟབ་མོའི་དབང་གསུམ་མཐའ་རྟེན་གཏད་རྒྱ་དང་བཅས་པ་བསྐུར་བ་ལ་སྦྱོར་དངོས་རྗེས་གསུམ་དུ་ཡོད་པའི་དང་པོ་ནང་རང་བྱུང་གི་ཡེ་ཤེས་སྟོན་པའི་བླ་མས་སྦྱོར་བ་རྩ་ཁམས་རང་བྱིན་བརླབ་པ་གསང་བའི་དབང་གི་སླད་དུ། བླ་མ་འཆི་མེད་པདྨ་ཐོད་ཕྲེང་དང་ཕྱག་རྒྱ་དབྱིངས་ཕྱུག་མནྡྷ་ར་དང་མཉམ་པར་སྦྱོར་བའི་དགའ་བའི་སྒྲ་དང་བདེ་བའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་སྤྱན་དྲངས་ཏེ་སྐུ་ལ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས། དཀར་དམར་ལྷག་པའི་བྱང་སེམས་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བྱིན་པར་མོས་ཤིག །གསང་ཐོད་ཀྱི་བདུད་རྩི་སྦྱིན་ལ། ཧཱུྃ་ཧྲཱིཿ ཨེ་ཝཾ་ཟུང་འཇུག་དཀྱིལ་འཁོར་ནས༔ ཞུ་བདེས་དྲངས་པའི་ཀུནྡ་ལི༔ སྐལ་ལྡན་ཁྱོད་ལ་བྱིན་པ་ཡིས༔ རླུང་སྔགས་དབུ་མར་ཐིམ་པར་ཤོག༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་མྱངས་བས་བྱང་སེམས་ཀྱིས་རྩ་ཁམས་ཐམས་ཅད་ལ་ཁྱབ། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །དེས་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། གཞི་རགས་པ་ངག་དང་ཕྲ་བ་རླུང་གི་སྒྲིབ་པ་སྦྱངས། ལམ་རང་བྱིན་བརླབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་གསང་བ་ལྷན་སྐྱེས་ཡེ་ཤེས་སྟོན་པའི་བླ་མས་དངོས་གཞི་དཔེ་ཡི་ཡེ་ཤེས་མཚོན་པའི་སླད་དུ་གཟུགས་དང་ལང་ཚོའི་མཛེས་སྡུག་ཕུལ་དུ་བྱུང་ཞིང༌། མཚན་ཉིད་མཆོག་དང་ལྡན་པའི་རིག་མ་ཕྱག་གཡོན་དུ་བྱིན་པར་མོས་ཤིག །ཕྱག་རྒྱའི་གཟུགས་བརྙན་གཏད་ལ། ཧྲཱིཿ ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ༔ བདེ་སྟོང་ཡེ་ཤེས་ཉམས་མྱོང་ཕྱིར༔ སྣ་ཚོགས་གཟུགས་ཅན་འདི་གཏད་པས༔ ཐིག་ལེ་ཆོས་སྐུར་སྒྲོལ་བར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་མ་བདེ་བ་ཆེན་པོ་ཐོད་ཕྲེང་རྩལ་དང་གཏད་པའི་རིག་མ་མནྡྷ་ར་བར་གསལ་བའི་ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་བུ་གར་ཕཊ྄། ཡུམ་མཁའ་པྃ་ལས་པདྨ་འདབ་མ་གསུམ་པ་ཟེའུ་འབྲུ་ཨཱཾ་གྱིས་མཚན་པར་གསལ་ཐོབ། ཐབས་འདི་ལ་བརྟེན་ནས་རང་གནས་ཀྱི་ཡེ་ཤེས་བདེ་བ་ཆེན་པོ་མངོན་དུ་བྱའོ་སྙམ་པའི་ཡབ་ཡུམ་འདོད་པ་མཉམ་པས། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ཨ་ནུ་རཱ་ག་ཡ་ཧོཿ ཨ་ནུ་རཱ་ག་ཡ་མི༔ ཞེས་ཕན་ཚུན་བརྡ་བཞིས་བསྣོལ་མར་བསྐུལ། ཛཿཧཱུྃ་བྃ་ཧོཿ ཞེས་འཁྱུད་སྡོམ་སྤྲད་ནས་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་མེས་བྱང་སེམས་ཐིག་ལེ་གཡོས། སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་ཡས་བབ་རྒྱུ་ཡི་དགའ་བ་བཞི་ཉམས་སུ་མྱོང༌། རྡོ་རྗེ་ནོར་བུའི་རྩེར་ལྷན་ཅིག་སྐྱེས་པའི་བདེ་ཆེན་དཔེའི་ཡེ་ཤེས་མངོན་དུ་བྱས། སླར་གྱེན་དུ་ལྡོག་པས་མས་བརྟན་འབྲས་བུའི་དགའ་བ་བཞི་དང་ཟུང་དུ་འཇུག་པའི་སྟོང་པ་བཞིའི་འོད་གསལ་གྱི་མཐར་ཐུག་བརྗོད་བྲལ་ཡེ་ཤེས་མངོན་དུ་མཐོང་བར་མོས་ཤིག །དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཐིག་ལེའི་དྲི་མ་དག །གཞན་ལུས་ཕོ་ཉའི་ལམ་བསྒོམ་པ་ལ་དབང༌། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་མཐར་ཐུག་དེ་ཁོ་ན་ཉིད་སྟོན་པའི་བླ་མས་བཞི་པ་དོན་གྱི་ངོ་སྤྲོད་གདབ་པ་ནི། སྔར་དཔེ་ལས་སྐྱེས་པའི་ཡེ་ཤེས་དྲན་པར་བྱས་ཏེ་དེའི་རང་ངོ་ལ་མཉམ་པར་འཇོག་པ་དང༌། དབྱིངས་རིག་ཟུང་འཇུག་གི་བརྡ་རྟགས་རྡོ་རྗེ་སེམས་དཔའི་མེ་ལོང་གིས་མཚོན་ཏེ་དཔེ་ལས་འདས་པའི་རིག་སྟོང་གཞི་གྲོལ་ཀུན་ཏུ་བཟང་པོའི་དགོངས་ཀློང་དུ་མཉམ་པར་ཞོག་ཅིག །ཤེལ་རྡོ་བསྟན་ལ། ཨཱཿ ཀ་དག་གཞི་ཡི་དཀྱིལ་འཁོར་དུ༔ ལྷུན་གྲུབ་ལམ་གྱི་སྣང་བ་གསལ༔ གཉིས་སུ་མེད་པར་དབང་བསྐུར་བས༔ ཆོས་ཟད་འབྲས་བུ་མངོན་གྱུར་ཤོག༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་ཅུང་ཟད་མཉམ་པར་འཇོག །ཁྱད་པར་ཅན་གྱི་སྣོད་རུང་ལ༔ དབྱིངས་དང་རིག་རྩལ་དོན་ངོ་སྤྲད༔ ཅེས་གསུངས་པས། དེ་ལྟར་རང་བྱུང་གཤིས་ཀྱི་གནས་ལུགས་དབྱིངས་རིག་དབྱེར་མེད་ཀུན་བཟང་དགོངས་པ་གཅེར་མཐོང་དུ་ངོ་སྤྲོད་པ་འདི་ཉིད་ལྟ་སྒོམ་སྤྱོད་པ་ཐུན་མོང་མ་ཡིན་པས་ལམ་དུ་ཁྱེར་ཏེ་འབྲས་བུ་གཞིར་རྫོགས་ཆེན་པོར་ལ་ཟློ་བའི་ཚུལ་རྡོ་རྗེའི་ཚིག་གིས་གསལ་འདེབས་པ་ལགས་པས་སྙན་གཏོད་འཚལ། ཨ༔ ལྟ་བ་བློ་འདས་གདོད་མའི་བབ༔ སྒོམ་པ་མ་བཅོས་ལྷུག་པར་བཞག༔ སྤྱོད་པ་རང་གྲོལ་གཉུག་མའི་ངང༔ འབྲས་བུ་གཞི་སྣང་ཆེན་པོར་རྫོགས༔ ཨ་ཨ་ཨཿ དེས་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བཞི་པ་ཚིག་གི་དབང་ཐོབ། གཞི་རགས་པ་སྣང་གསུམ་འཕོ་བ་དང་ཕྲ་བ་ཤེས་བྱའི་སྒྲིབ་པ་སྦྱངས། ལམ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །བཞི་པ་དབང་བཞི་ཡོངས་རྫོགས་མཐའ་རྟེན་གཏད་རྒྱའི་དབང་ནི། སྒྲུབ་པའི་གླེགས་བམ་སྤྱི་བོར་བཞག༔ བརྒྱུད་གསུམ་བྱིན་རླབས་དབུགས་དབྱུང་བྱ༔ ཞེས་གསུངས་པས། འདི་ཉིད་ཀྱི་སྒྲུབ་པོད་སློབ་མའི་སྤྱི་བོར་བཀོད་ལ། མདུན་གྱི་ནམ་མཁར་ཕྱོགས་དུས་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ཞི་ཁྲོ། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོ་རྣམས་མངོན་སུམ་བཞིན་དུ་བཞུགས་པའི་གནས་གསུམ་ནས་སྐུ་དང་སྔགས་ཕྲེང་ཕྱག་མཚན་འོད་ཟེར་ཐིག་ལེ་དཀར་དམར་མཐིང་གསུམ་ཆར་བབ་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་དགོངས་བརྡ་སྙན་ཁུང་མཁའ་འགྲོ་གཏད་རྒྱ་སོགས་བརྒྱུད་པ་དྲུག་ལྡན་གྱི་དགོངས་བརྒྱུད་བྱིན་རླབས་རྡོ་རྗེའི་ཡེ་ཤེས་ཁྱེད་རང་གི་རྒྱུད་ལ་འཕོས་པར་མོས་ཤིག ཨོཾ་ཨཱཿཧཱུྃ༔ བི་མའི་བླ་སྒྲུབ་བྱིན་རླབས་སྙིང་པོ་ལས་སོ། ཀུན་བཟང་རྡོ་རྗེ་སེམས་དཔའ་དགའ་རབ་རྗེ༔ དགོངས་པ་རོ་གཅིག་སྐུ་གསུམ་རྣམ་དབྱེར་མེད༔ ཤྲཱི་སིཾ་ཧ་རིག་རྩལ་རང་དབང་ཐོབ༔ བི་མ་མི་ཏྲ་འཕོ་ཆེན་ཡེ་ཤེས་སྐུ༔ པདྨ་འབྱུང་གནས་རྩ་གསུམ་རྒྱ་མཚོ་དངོས༔ བརྡ་བརྒྱུད་བླ་མ་འཆི་མེད་རིག་འཛིན་རྗེ༔ ཚིག་དོན་བྱིན་རླབས་ཆུ་རྒྱུན་མ་ཆད་པའི༔ བཀའ་དྲིན་ཅན་གྱི་སྙན་བརྒྱུད་བླ་མ་སོགས༔ ཕྱོགས་བཅུ་དུས་བཞིའི་རྩ་བརྒྱུད་བླ་མ་དང༔ ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་མ༔ དབྱིངས་དང་ཡེ་ཤེས་ཆོས་སྲུང་རྒྱ་མཚོའི་ཚོགས༔ སྐལ་ལྡན་སློབ་མ་རིགས་ཀྱི་བུ་རྣམས་ལ༔ ཐུགས་རྗེའི་རྩེར་དགོངས་ཡེ་ཤེས་བྱིན་ཆེན་ཕོབ༔ ཕྱི་ནང་གསང་བའི་ལམ་གྱི་བར་ཆད་སོལ༔ ཐུགས་རྒྱུད་དགོངས་པའི་བྱིན་རླབས་དབང་མཆོག་བསྐུར༔ རྩ་རླུང་ཐིག་ལེ་སེམས་ཀྱི་སྒྲིབ་པ་སྦྱོངས༔ ཕུང་པོ་རྩ་ཁམས་སྣང་སྟོང་ལྷ་སྐུར་དག༔ ངག་རླུང་མི་ཤིགས་བདེ་ཆེན་ལོངས་སྤྱོད་རྫོགས༔ ཡིད་དང་ཐིག་ལེ་འོད་གསལ་ཆོས་སྐུར་སྨིན༔ དབྱེར་མེད་ཡེ་ཤེས་བླ་མའི་ས་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཀཱ་ཡ་ཀ་ལ་ཤ་ཝཱཀ་གུ་ཧྱ་ཙིཏྟ་པྲཛྙཱ་ཛྙཱ་ན་དྷ་ཏུ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧོཿ དབྱངས་གསལ་རྟེན་སྙིང་བརྗོད། དཔོན་སློབ་གཉིས་ཀས་དགོངས་པའི་རྩལ་བསྐྱེད། ཐུགས་ཡིད་བསྲེས་ལ་མཉམ་པར་བཞག་གོ །དེ་ནས་མཚམས་སྦྱོར་སྤྱི་ལྟར་བྱས་ལ་བཀྲ་ཤིས་ཀྱི་ཚིག་བཅད་རྒྱས་པར་བརྗོད་ཅིང་མེ་ཏོག་འཐོར། རོལ་མོ་བསྒྲག་གོ །གསུམ་པ་རྗེས་དམ་ཚིག་ཁས་བླང་གཏང་རག་ཡོན་འབུལ་རྣམས་ལས། དང་པོ་ནི། རྗེས་སུ་དབང་སྲོག་དམ་ཚིག་གི༔ རྣམ་དབྱེ་རྒྱས་པར་བཤད་པ་དང༔ ཞེས་གསུངས་པས། དེ་དག་གིས་ལམ་གྱི་རྩ་བ་རིག་འཛིན་བླ་མ་རྩ་གསུམ་འདུས་པའི་སྲོག་སྒྲུབ་ལ་བརྟེན་ནས་རྩ་བའི་དབང་བསྐུར་ཆེན་པོ་རྒྱས་པར་གྲུབ་པ་སྟེ། དེའི་དགོས་པའང་རྒྱུད་ལས། དེ་ལྟར་དབང་རྣམས་ཡོངས་རྫོགས་པར༔ བསྐུར་བའི་ཕན་ཡོན་བསམ་མི་ཁྱབ༔ གསང་སྔགས་དངོས་གྲུབ་དབང་ལས་འབྱུང༔ ཞེས་ཆེས་ཆེར་བསྔགས་ཤིང་དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་འབའ་ཞིག་ལ་རག་ལས་ཤིང༌། དམ་ཚིག་སྲུང་བ་ལ་ཡང་ཐོག་མར་དེའི་རྣམ་གྲངས་ཤེས་དགོས་པས་ན། སྤྱི་སོ་བྱང་སྔགས་ཀྱི་བསླབ་པ། ཁྱད་པར་རྡོ་རྗེ་ཐེག་པ་ཕྱི་ནང་བླ་མེད་ཀྱི་རྒྱུད་སྡེའི་དགོངས་པས་ས་མ་ཡ་འབུམ་སྡེ། ཀུན་གྱི་རྩ་བ་སྐུ་གསུང་ཐུགས། ཡན་ལག་གི་དམ་ཚིག་ཉེར་ལྔ། བྱེ་བྲག་ཉི་ཤུ་ལ་སོགས་པའི་དབྱེ་བསྡུའི་རྣམ་བཞག་གི་སྲུང་བྱའི་རྣམ་གྲངས། འདས་རལ་ཉམས་པའི་མཚམས། ཇི་ལྟར་སྲུང་བའི་ཐབས། ཉམས་པའི་ཉེས་དམིགས། སྲུང་བའི་ཕན་ཡོན། ཉམས་པ་སྐོང་བའི་ཐབས་ལ་སོགས་པ་རྒྱུད་དང་གྲུབ་པའི་མན་ངག་ལས་འབྱུང་བ་ལྟར་ཞིབ་ཏུ་ཤེས་པར་གལ་ཆེ་ཞིང༌། མདོར་ན་དམ་ཚིག་དང་སྡོམ་པ་མཐའ་དག་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པའི་གཡར་དམ་བླང་བ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་མཚམས་སྦྱོར་རྣམས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས་སོ། །གསུམ་པ་རྗེས་རིམ་ནི། སློབ་དཔོན་གྱིས་ལས་གཞུང་ལྟར་ཚོགས་ལ་རོལ་ནས་ལྷག་མ་བཏང༌། སྨོན་ལམ་གདབ། བཀའ་སྲུང་དང་ཆད་བརྟན་རྟ་བྲོ། གཏང་རག་མཆོད་བསྟོད་དངོས་གྲུབ་བླང་བ་ནོངས་བཤགས། མདུན་བསྐྱེད་བརྟན་བཞུགས། དམ་ཚིག་པ་རང་ལ་བསྡུ་ཞིང་བདག་བསྐྱེད་བསྡུ་ལྡང༌། བསྔོ་སྨོན་ཤིས་བརྗོད་བཅས་གཞུང་ལྟར་མཐར་ཆགས་སུ་བཏང་བས་གྲུབ་པའོ། །དེ་ཡང་དབང་བཞི་ཆིག་རྫོགས་ཡེ་ཤེས་དཔལ་སྟེར་འདི་ནི་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་ཐབས་ཀུན་གྱི་དོན་དབང་སྙིང་པོ་ཡིན་པས་ན་གཞུང་ལས། འདི་ནི་ཐོག་མར་དཀྱིལ་འཁོར་ཆེར༔ ཞུགས་ཏེ་སྨིན་པའི་སློབ་མ་ལ༔ རྡོ་རྗེའི་ཡེ་ཤེས་ངོ་སྤྲོད་ཕྱིར༔ སྦྱིན་གྱིས་རྣམ་པ་ཀུན་ཏུ་མིན༔ ཞེས་གསུངས་པས་ན། གཞུང་འདིའི་ཐུན་མོང་སྨིན་བྱེད་ཡེ་ཤེས་ཐིག་ལེ་སྔོན་དུ་འགྲོ་བས་རྒྱུད་ལས་རུང་དུ་མ་བྱས་ན་ཟབ་དབང་བཞི་མཐར་ཆགས་སུ་བསྐུར་མི་རུང་བར་གསུངས་པའི་གནད་ཀྱང་ཤེས་པར་གལ་ཆེ་ཞིང་སྦྱར་བས་རྩ་དབང་འབྲིང་པོའི་ཚུལ་དུ་ཟབ་པ་འབའ་ཞིག་ཏུ་སློབ་མའི་དབང་པོའི་ཁྱད་པར་གྱིས་དབང་གསུམ་ལས་འབྲིང་པོ་མཆོག་གི་དབང་བཞི་ལས་སྐུ་གསུང་ཐུགས་གཏོར་དབང་དང་བཅས་པ་དབང་བཞི་ཡེ་ཤེས་དཔལ་སྟེར་ལ་བྱེད་ན་སྔོན་འགྲོ་འཇུག་པའི་ཆོས། ཁྲུས་བྱ་བགེགས་སྲུང་མཎྜལ་འབུལ། །ཆས་འཇུག་གསོལ་གདབ་གནང་བ་སྦྱིན། །རྒྱུད་སྦྱོང་སྡོམ་བཟུང་དམ་ལ་བཞག །དབབ་ཅིང་རིགས་བརྟགས་གདོང་གཡོགས་བཀྲོལ། །མཐོང་བ་བསྟན་དང་བཅུ་གསུམ་མོ། །ཞེས་དང༌། དབང་དངོས་ལ། བུམ་དབང༌། གསང་དབང༌། ཤེར་ཡེ། དབང་བཞི་པ། ཡོངས་རྫོགས་གཏོར་མའི་དབང་བསྐུར་བརྒྱད། རྗེས་དམ་ཚིག་ཁས་བླང༌། གཏང་རག །ལུས་ལོངས་སྤྱོད་འབུལ་བ་དགེ་བསྔོ་བཅས་དབང་རྒྱས་པ་ལས་ཁོལ་དུ་ཕྱུང་བ་དབང་བཞི་ཡེ་ཤེས་དཔལ་སྟེར་འབྲིང་པོའི་ཚུལ་དུ་ཁ་རྐྱང་ལོགས་སུ་བསྐུར་ཚུལ་ཀྱང་ཞར་བྱུང་དུ་སྨོས་པ་སྟེ་དེ་ཙམ་དུ་མ་ཟད་འདི་ནི་གཏེར་གཞུང་ལྟར་དབང་ཆོག་རྒྱས་བསྡུས་གཏོར་དབང་བཅས་སོ་སོར་བཀོད་པ་ལས་དབང་བསྐུར་རྒྱས་པའི་ཁོངས་སུ་བྱིན་རླབས་བརྡ་ཡི་དབང་བཞི་དང་གཏོར་དབང་བྱིན་རླབས་དཔལ་སྟེར་རྣམས་དཀྱུས་གཅིག་ཏུ་སྦྲེལ་ན་འཇུག་པ་བདེ་ཞིང་རུང་བས་དེ་ལྟར་ན་སྔོན་འགྲོ་སྐྱབས་སེམས། ཚོགས་བསགས། སྡོམ་བཟུང༌། ཡེ་ཤེས་དབབ་བསྟིམ་རྣམས་རེ་རེ་བཞིན་མི་དགོས་པས་བྱིན་རླབས་བརྡ་ཡི་དབང་གཞུང་བཞིན། འདི་ལྟར་བུམ་པ་ལ་སོགས་པའི་དབང་རྫས་ལྔ་པོ་རེ་རེ་བཞིན་སོགས་དང༌། གཏོར་དབང་གི་སྤྱིར་གཏོར་མ་ལ་བསྙེན་སྒྲུབ་ཀྱི་དུས་སུ་དཀྱིལ་འཁོར་སོགས་སོ་སོའི་དགོས་ཆོས་རྣམས་སྦྱར་ཞིང༌། དམ་ཚིག་ཁས་བླང་སོགས་དབང་རྒྱས་པ་ཡེ་ཤེས་ཐིག་ལེ་ལྟར་མཐར་དབྱུང་དགོས་པ་འཕྲོས་དོན་དུ་སྨོས་པའོ། །འཇིྃགས་བྲལྃ་གྲུབ་པའི་སློབ་དཔོན་གསུང༌། །མཁྱེནྃ་བརྩེྃའི་ཡེ་ཤེས་གསང་མཛོད་བཅུད། །སྨིན་ལམ་འོདྃ་ཟེརྃ་སྤྲོས་འདིས་ཀྱང༌། །སྐལ་ལྡན་བཀྲྃ་ཤིསྃ་དཔྃལ་གྱིས་འབྱོརྃ། །དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཕྱིྃ་ལྟར་བླ་མའི་ཐུགས་སྒྲུབྃ་སྒྱུྃ་འཕྲུལྃ་དྲྭྃ་བྃ་ལ་བརྟེན་པའི་རྩ་དབང་རྒྱས་པ་རྡོ་རྗེ་བཞི་ཡི་བཅུད་འབེབས་ཏེ་ལེའུ་ཚན་དང་པོ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་སྦྱར་བའོ། ༈ རྡོྃ་རྗེྃའི་མཚན་གྱི་དབྱངས་སྙན་ཁོ་ནས་ཀྱང༌། །རྣམ་གྲོལ་ལང་ཚོའི་གཟིྃ་བརྗིྃད་དཔལ་བསྐྱེད་ཅིང༌། །སྲིད་པའི་གདུང་སེལ་ཨོ་རྒྱན་ཐོད་ཕྲེང་རྩལྃ། །ཀུན་འདུས་རྒྱལ་བའི་སྤྱི་གཟུགས་ཆེན་པོ་རྒྱལ། །དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་བྱིན་རླབས་བརྡ་ཡི་དབང་བཞི་འབོགས་པ་ལ། སྦྱོར་བ་ཡོ་བྱད་ཀྱི་བཤམས་པ་ནི། རྩ་དབང་ཆེན་མོ་དང་འབྲེལ་ན་བཤམས་བཀོད་དང་དབང་སྒྲུབ་ལོགས་སུ་མི་དགོས་ལ་ཡེ་ཤེས་གཟི་བྱིན་བསྐྱེད་པའི་ཕྱིར་བྱིན་ཆེན་དབབ་པ་ལ་ནན་ཏན་དུ་བྱ་བར་གསུངས། འདི་ཉིད་ཁོ་ནའི་ཚེ་རྡུལ་ཚོན་དང་རས་བྲིས། ཚོམ་བུ་གང་རུང་གི་དཀྱིལ་འཁོར་སྟེང་བུམ་པ་བཅུད་ལྡན། དེའི་ཁར་བདུད་རྩིའི་ཐོད་པ། མེ་ལོང་སིནྡྷུ་རའི་ཐིག་ལེ་ལྔ་ཚར་ཧྲཱིཿས་མཚན་པ། དེའི་སྟེང་གཏོར་མ། སྐུ་འབག་དང་བཅས་པ་འཕྲུལ་སྟེགས་ལ་བཀོད། མི་བདེ་ན་དབང་གཏོར་མདུན་དུ་བཞག །དེ་དག་གི་གཡས་གཡོན་དུ་སྨན་དང་རཀྟ། ཉེར་སྤྱོད་ལྔ་སོགས་མཆོད་པས་བསྐོར། མིག་དར། མེ་ཏོག །འབེབས་རྫས་སོགས་དགོས་པའི་ཡོ་བྱད་ཚོགས་པར་བྱས་ལ། བསྙེན་སྒྲུབ་ལས་སྔགས་མང་ཉུང་སྐབས་ཕྱེད་པར་བཟླ། ལས་བུམ་དུ་སྐད་ཅིག་གིས་ཁྲོ་བོ་རྟ་མགྲིན་དམར་པོ་གཡས་པདྨའི་དབྱུག་ཐོ་དང་གཡོན་མེ་ཡི་ཞགས་པ་ཐོགས་པར་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་བབས་པས་བུམ་པ་གང་བར་བསམ་ལ། ཨོཾ་ཧ་ཡ་གྲཱྀ་བ་ཧཱུྃ་ཕཊ྄༔ ཅེས་བཟླས་ལ། ཧཱུྃ་ཞེས་བསྐུལ་བས་ལས་ཀྱི་ཁྲོ་བོས་དབང་གི་བྱ་བ་མ་གྲུབ་བར་བར་ཆད་ཀྱི་བགེགས་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ལས་བཅོལ། སྲུང་མའི་གཏོར་འབུལ་དང༌། ཚོགས་མཆོད་འདིར་རམ་དབང་གི་མཐའ་གང་འོས་སུ་བྱ། འོག་གི་སློབ་མའི་བྱ་བ་རྣམས་བདག་འཇུག་གི་ཏིང་ངེ་འཛིན་དབང་བསྐུར་གྱི་ཚུལ་དུ་ལེན་པའམ་རིག་པའི་མེ་ཏོག་དོར་བ་གང་འོས་བྱའོ། །དངོས་གཞི་སློབ་མའི་བྱ་བ་ནི། གནས་ཁང་གི་སྒོར་ཁྲུས་བྱ། བགེགས་གཏོར་བཏང་ལ་མཚམས་བཅད། ལས་རྡོར་གྱིས་མེ་ཏོག་བཀྱེ་བསྡུ་བྱས་ལ། སློབ་དཔོན་གྱིས་སེམས་བསྐྱེད་གསལ་འདེབས་དང་བཅས། གང་གསན་པར་བྱ་བའི་ཆོས་གསར་རྙིང་གི་ལམ་སྲོལ་བསམ་གྱིས་མི་ཁྱབ་པ་མཆིས་པ་ལས། སྐབས་འདིར་སྔ་འགྱུར་རྙིང་མའི་རིང་ལུགས་བབས་སོ་གསུམ་དུ་གྲགས་པའི་ནང་ཚན་ཟབ་མོ་གཏེར་གྱི་ཆོས་སྡེ་ཆེན་པོར་གཏོགས་པ། དེ་ལའང་རྩ་བ་སྒྲུབ་པ་སྡེ་བརྒྱད། ཡན་ལག་ཕྲིན་ལས་རབ་འབྱམས། སྙིང་པོ་བླ་རྫོགས་ཐུགས་གསུམ་གྱིས་མཚོན་པའི་རྣམ་གྲངས་དང་བྱེ་བྲག་མཐའ་ཡས་པ་མཆིས་པ་ལས་རྡོ་རྗེ་ཐེག་པའི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ནི་བླ་མའི་ཐུགས་སྒྲུབ་ཁོ་ན་ཡིན་ལ། དེ་ལའང་སྔགས་གསར་རྙིང་རྣམས་སུ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་བཀའ་སྲོལ་ཇི་སྙེད་ཅིག་བྱོན་པ་ཐམས་ཅད་ལས་ཟབ་ཅིང་ཁྱད་པར་དུ་མས་འཕགས་པ་སངས་རྒྱས་ཀུན་དངོས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་རང་གི་སྒྲུབ་ཐབས་རང་ཉིད་ཀྱིས་མཛད་པ་ཉིད་ཆེས་ཟབ་ཅིང་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་དངོས་གྲུབ་སྒྲུབ་པ་ལ་བསླུ་བ་མེད་པར་ཡོངས་སུ་གྲགས་པ་སྟེ་རྡོ་རྗེའི་གསུང་ལས། གང་ཞིག་ལས་ཅན་སྐྱེས་བུ་དད་པ་ཅན༔ བདག་ལ་གདུང་བའི་སེམས་ཀྱིས་གསོལ་འདེབས་ན༔ རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ་ཁྱད་པར་གྱིས༔ སངས་རྒྱས་གཞན་བས་བདག་ཉིད་ཐུགས་རྗེ་མྱུར༔ མཚོ་རྒྱལ་མོས་པས་རྒྱུན་དུ་གསོལ་བ་ཐོབ༔ ཅེས་གསུངས་པས་མཚོན་ཛམ་གླིང་འདིར་བྱོན་པའི་མཁས་དང་གྲུབ་པ་ཀུན་ལས་ཁྱད་པར་དུ་འཕགས་པའི་མ་འོངས་ཕྱི་མའི་གདུལ་བྱ་ལ་ཐུགས་བརྩེས་རྗེས་སུ་དགོངས་པས་ཕྱོགས་དང་རིས་སུ་མ་ཆད་ཅིང༌། ཚད་དང་མུ་མེད་པའི་ཕྲིན་ལས་ཀྱི་རྟག་པར་སྐྱོང་བའི་མཐུ་སྟོབས་བྱིན་ནུས་ལ་རྡོ་རྗེའི་བདེན་ཚིག་གི་ཞལ་བཞེས་བསླུ་བ་མེད་པ་ཡང་ཡང་བསྩལ་བའི་སྙིགས་དུས་ཀྱི་སྐྱོབ་པ་གཅིག་པུ་དེས་ཁྱད་པར་གྱི་གདུལ་ཞིང་བོད་ཡུལ་གྱི་བསྟན་ཞབས་གཏེར་གྱིས་སྐྱོང་བར་ལུང་བསྟན་པ་བཞིན་གནས་དུས་གདུལ་བྱའི་སྐབས་སུ་བབ་པ་དང་འཚམས་པའི་འགྲོ་འདུལ་སྤྲུལ་པའི་སྐྱེས་ཆེན་རེ་ཐོག་བབས་སུ་བྱོན་པས་དབུགས་དབྱུང་བར་གསུངས་པ་བཞིན་ཕྱི་མའི་དུས་འདིར་སློབ་དཔོན་ཆེན་པོ་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་དང༌། ཡབ་གཅིག་ཁྲི་སྲོང་ཁུ་དབོན་རྣམ་པ་གཉིས་སུ་མེད་པའི་མཆོག་གི་སྤྲུལ་པའི་སྐུ། ཐུན་མོང་གི་རྣམ་ཐར་མཁས་བཙུན་བཟང་པོའི་མཛད་པ་རྨད་དུ་བྱུང་བས་ཐུབ་བསྟན་ཡོངས་སུ་རྫོགས་པའི་ཤིང་རྟ། ཐུན་མིན་ཐུགས་བསྐྱེད་དང་སྨོན་ལམ་ལས་འཕྲོའི་ཟབ་རྒྱས་གསང་བ་རྒྱ་མཚོ་འཛིན་སྤེལ་སྡུད་པའི་མངའ་བདག་གསང་བདག་རྡོ་རྗེ་ཆོས་དང་ཐ་མི་དད་པ། དོན་གྱིས་སངས་རྒྱས་ཀུན་གྱི་གདུང་འཚོབ་ཅིང་འཕགས་པའི་རྣམ་ཐར་བསམ་མི་ཁྱབ་པ་ལ་དབང་བསྒྱུར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཟབ་མོ་དགོངས་པའི་གཏེར་ལས་བྱོན་པའི་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བ་ལ་དབང་བསྐུར་རྒྱས་འབྲིང་བསྡུས་པ་མཐའ་རྟེན་དང་བཅས་པ་ལས། རྩ་དབང་རྒྱས་པའི་གཤམ་དུ་སྦྲེལ་ན་འདི་ཡན་མི་དགོས། འདིར་སྨིན་བྱེད་བསྡུས་པ་བྱིན་རླབས་བརྡ་ཡི་དབང་བཞི་སྟེ། དབང་བསྐུར་བའི་ཚུལ་འདི་ནི། རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། རྡུལ་ཚོན་མེ་ལོང་བུམ་པ་དང༌། །གཏོར་མ་ལ་སོགས་རྫས་དག་ལ། །བརྟེན་ནས་མཚན་ཉིད་ཀུན་ལྡན་པའི། །བླ་མའི་བྱིན་རླབས་དབང་བསྐུར་ན། །དཀྱིལ་འཁོར་ཀུན་གྱི་སྙིང་པོ་མཆོག །བཞི་པའི་དེ་ཉིད་དབང་བཞི་ཐོབ། །ཅེས་གསུངས་པ་ལྟར་དབང་བཞི་བྱིན་རླབས་བརྡ་ཡི་ཚུལ་དུ་བསྐུར་བ་རྣམ་པ་ཉི་ཤུའི་བྱང་ཆུབ་པའི་སྨིན་བྱེད་དེ་འདི་ནི་བུམ་པ་གཏོར་མ་ལྟ་བུ་རེ་རེས་ཀྱང་དབང་བཞི་ཀ་རྫོགས་པའི་བདག་ཉིད་ཅན་གྱི་རིམ་པ་དབང་གི་ཆོ་ག་སྒྲུབ་པ་སྐབས་སུ་བབ་པ་སྟེ། དེ་ལ་སློབ་དཔོན་གྱི་བྱ་བ་སྔོན་དུ་སོང༌། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་བྱིན་རླབས་དབང་བསྐུར་ཞུ་བའི་ཡོན་དུ་མཎྜ་འབུལ་བར་ཞུ། ཞེས་བརྗོད། སློབ་མས་ཀྱང་མཎྜལ་ཕུལ། དེ་ནས་གསོལ་བ་འདེབས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་འདུས་རྡོ་རྗེ་འཛིན༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། དེ་ནས་སྐྱབས་སེམས་ཚོགས་བསགས། སྡོམ་བཟུང༌། ཡེ་ཤེས་དབབ་བསྟིམ་རྣམས་དབང་རྒྱས་པའི་སྐབས་ལྟར་བྱ། དེ་ནས་དབང་བསྐུར་བ་དངོས་ནི། འདི་ལྟར་བུམ་པ་ལ་སོགས་པའི་དབང་རྫས་ལྔ་པོ་རེ་རེ་བཞིན་གནས་གསུམ་དུ་བཞག་ནས་མཐར་ཚིག་དོན་ངོ་སྤྲོད་རྣམས་རིམ་པ་བཞིན་དབང་བཞིའི་བདག་ཉིད་ཅན་དུ་བསྐུར་བ་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་བ་ཡིན་ལ། དེ་ལ་དང་པོ་བུམ་པའི་དབང་བསྐུར་བ་ནི། བླ་མ་དཀྱིལ་འཁོར་གྱི་ལྷ་དང་དབྱེར་མ་མཆིས་པས་འདི་ལྟར་དབང་རྣམས་རིམ་པ་བཞིན་དུ་བསྐུར་བས་སྤང་བྱའི་དྲི་མ་རྣམས་དག་ཅིང་ཐོབ་བྱའི་ཡོན་ཏན་རྣམས་ཐོབ་པར་གྱུར་སྙམ་པའི་མོས་པ་མཛོད། ཧཱུྃ༔ སྣོད་བཅུད་ཡོངས་རྫོགས་བུམ་པའི་དཀྱིལ་འཁོར་ནས༔ བདེ་སྟོང་ཟུང་འཇུག་བདུད་རྩིས་དབང་བསྐུར་བས༔ ཕུང་ཁམས་སྐྱེ་མཆེད་སྒྲིབ་གཉིས་རང་སར་སྒྲོལ༔ སྣ་ཚོགས་གཟུགས་ཅན་བུམ་དབང་མངོན་དུ་གྱུར༔ གང་འདུལ་ཆོས་སྟོན་གསང་དབང་ནུས་པ་སྨིན༔ འཁོར་འདས་ཀུན་ཁྱབ་ཤེས་རབ་ཡེ་ཤེས་ངང་༔ སྣང་སྟོང་ཟུང་འཇུག་དོན་དམ་བདེ་བ་ཆེ༔ འགྲོ་འདུལ་སྤྲུལ་སྐུའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ནཱིརྨ་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ རྩ་སྔགས་ལན་གསུམ་བརྗོད་པས། བུམ་ཆུ་འཐོར་འཐུང་སྙིང་གར་རེག༔ བདེ་གསལ་མི་རྟོག་རང་ཉམས་བསྐྱངས༔ དང་པོ་བུམ་པ་སྤྱི་བོར་བཞག་ཅིང་ཁྲུས་བྱས་པ་བུམ་དབང༌། གཉིས་པ་མགྲིན་པར་གཏད་ནས་བུམ་ཆུ་བླུད་པ་གསང་དབང༌། སྙིང་གར་རེག་ནས་ཚིག་དོན་ངོ་སྤྲད་པ་ནི་སེམས་ཉིད་སྤྲོས་པ་དང་བྲལ་བར་མཚོན་པའི་བུམ་པ་ཟླུམ་པོ། སྐྱེ་མེད་རྟོགས་པ་དོན་དམ་མཚོན་བྱེད་ཆུས་བཀང་སྟེ་དབང་བསྐུར་བས་དུག་གསུམ་བག་ཆགས་དང་བཅས་པ་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང༌། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། དེས་བླ་མ་སྐུ་རྡོ་རྗེ་སྤྲུལ་པའི་སྐུས་ལུས་ལྷ་སྐུར་སྨིན་པར་བྱེད་པ་སྐུ་བུམ་པ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །གཉིས་པ་གསང་དབང་ནི། བླ་མ་འཆི་མེད་ཐོད་ཕྲེང་རྩལ་ཡབ་ཡུམ་སྙོམས་པར་ཞུགས་པའི་མཁའ་གསང་ནས་བྱུང་བའི་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་སྦྱར་ཏེ་གནས་གསུམ་དུ་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་དབང་བསྐུར་བའི་མོས་པ་མཛོད། ཐོད་པའི་བདུད་རྩི་སྟེར་ལ། ཧཱུྃ༔ ཆོས་དབྱིངས་རང་བྱུང་བྷནྡྷའི་དཀྱིལ་འཁོར་ནས༔ རིག་པ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས༔ འགྲོ་འོང་རླུང་གི་སྒྲིབ་གཉིས་རང་སར་གྲོལ༔ བུམ་དབང་ངོ་བོ་མཚན་དཔེའི་ཕུང་པོར་འབར༔ གསང་དབང་བརྡ་ཡིས་གདུལ་བྱའི་དྲི་མ་སེལ༔ ཤེས་རབ་ཡེ་ཤེས་སྲིད་ཞི་མཉམ་ཉིད་ངང་༔ བདེ་སྟོང་ཟུང་འཇུག་ཁ་སྦྱོར་བདུན་ལྡན་པའི༔ ལོངས་སྤྱོད་རྫོགས་སྐུའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃབཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སཾ་བྷོ་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ ལན་གསུམ། སྔར་བཞིན་བརྡ་དབང་རྫོགས་པར་བྱ༔ དེ་ལྟར་དང་པོ་ཐོད་པ་སྤྱི་བོར་བཞག་པ་བུམ་དབང༌། གཉིས་པ་མགྲིན་པར་གཏད་ནས་བདུད་རྩི་བླུད་པ་གསང་དབང༌། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲད་པ་ནི་སེམས་ཆོས་དབྱིངས་ཐིག་ལེ་ཉག་གཅིག་མཚོན་པའི་ཐོད་པ་ཟླུམ་པོའི་ནང་དུ། གཞི་ཉོན་མོངས་ལྔ་ངོ་བོ་ཤ་ལྔ་བདུད་རྩི་ཡེ་ཤེས་ལྔར་རང་རིག་པ་སྐུ་ལྔའི་བདག་ཉིད་འཆི་མེད་ཀྱི་གོ་འཕང་བརྙེས་པ་མཚོན་བྱེད་བདུད་རྩིས་བཀང་སྟེ་དབང་བསྐུར་བས། མཚན་འཛིན་གྱི་རྣམ་རྟོག་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང༌། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། དེས་བླ་མ་གསུང་རྡོ་རྗེ་ལོངས་སྐུས་ངག་སྔགས་སུ་སྨིན་པར་བྱེད་པ་གསུང་གསང་བ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །གསུམ་པ་མེ་ལོང་གི་དབང་བསྐུར་བའི་སླད་དུ། སྣང་སྟོང་དབྱེར་མེད་ཆོས་དབྱིངས་ཡུམ་གྱི་ཆུ་སྐྱེས་མཚོན་པའི་མེ་ལོང་སིནྡྷཱུ་རའི་ཐིག་ལེ་དང་བཅས་པ་གནས་གསུམ་དུ་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་དབང་བསྐུར་བའི་མོས་པ་མཛོད། མེ་ལོང་ཐོགས་ལ། ཧཱུྃ༔ གཞི་དབྱིངས་སྤྲོས་བྲལ་གདོད་མའི་དཀྱིལ་འཁོར་ནས༔ གཞི་སྣང་རིག་པ་ཡེ་ཤེས་དབང་བསྐུར་བས༔ གཟུང་འཛིན་རྟོག་ཚོགས་སྒྲིབ་གཉིས་རང་སར་གྲོལ༔ བུམ་དབང་ནང་གསལ་རྟག་ཆད་མཐའ་ལས་འདས༔ གསང་བའི་དམ་ཚིག་སྐྱེ་མེད་ནཱ་དའི་དབྱངས༔ ཤེས་རབ་ཡེ་ཤེས་བསམ་བརྗོད་བྲལ་བའི་ངང་༔ རིག་སྟོང་ཟུང་འཇུག་ཤིན་ཏུ་ཞི་བའི་དབྱིངས༔ འོད་གསལ་ཆོས་སྐུའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དྷརྨ་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ ལན་གསུམ། གནས་གསུམ་རེག་ཅིང་དོན་ངོ་སྤྲད༔ དེ་ལྟར་མེ་ལོང་སྤྱི་བོར་བཞག་ཅིང་དཔྲལ་བར་ཐིག་ལེ་བཀོད་པ་བུམ་དབང༌། མགྲིན་པར་བཞག་ཅིང་ཐིག་ལེ་བྱས་པ་གསང་དབང༌། སྙིང་གར་བཞག་ཅིང་ཐིག་ལེ་བྱས་པ་རིག་པ་གསལ་ལ་མ་འགག་པ་ངོ་སྤྲད་པ་ནི་སེམས་ཉིད་ཆོས་སྐུ་དྲི་མེད་མཚོན་བྱེད་མེ་ལོང་གཡའ་དག་ཟླུམ་པོ་ལ། ཀུན་རྫོབ་སྒྱུ་མ་ལྟ་བུ་དང་རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཀྱི་གཟུགས་བརྙན་ཅིར་ཡང་འཆར་བར་མཚོན་བྱེད་ཚོམ་བུ་སྔགས་བཅས་ཀྱིས་བརྒྱན་པས་དབང་བསྐུར་བས་གསལ་བ་ལ་སྟོང་པས་རྒྱས་ཐེབ་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང༌། སེམས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། དེས་བླ་མ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུས་ཡིད་ཐུགས་སུ་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །བཞི་པ་གཏོར་མའི་དབང་བསྐུར་བའི་སླད་དུ། གཏོར་སྣོད་དབྱིངས་ཀྱི་བྷཉྫ་ཡངས་པར་གཏོར་མའི་ངོ་བོ་རིག་པ་ཡེ་ཤེས་ལྔ་ལས་གུ་རུ་རྩ་བ་གསུམ་གྱི་ལྷ་ཚོགས་རང་ཤར་བའི་རྟེན་དང་བརྟེན་པར་བཅས་པ་གནས་གསུམ་དུ་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་དབང་བསྐུར་བའི་མོས་པ་མཛོད། གཏོར་མ་ཐོགས་ལ། ཧཱུྃ༔ མཉམ་ཉིད་དག་པ་གཞི་ཡི་དཀྱིལ་འཁོར་ནས༔ གློ་བུར་སྒྲིབ་བྲལ་འབྲས་བུས་དབང་བསྐུར་བས༔ གཉིས་སུ་འཛིན་པའི་རྟོག་པ་རང་སར་གྲོལ༔ བུམ་དབང་འཕོ་མེད་ཆོས་ཉིད་ཀློང་དུ་སྨིན༔ གསང་དབང་གྲགས་སྟོང་རྡོ་རྗེའི་སྔགས་སུ་རྫོགས༔ ཤེས་རབ་སོ་སོར་རྟོག་པའི་ཡེ་ཤེས་ཀློང་༔ ཐམས་ཅད་རོ་མཉམ་དོན་དམ་བདེ་བ་ཆེ༔ མི་འགྱུར་རྡོ་རྗེའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བཛྲ་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ ལན་གསུམ། སྤྱི་བོར་བཞག་ཅིང་དངོས་གྲུབ་སྦྱིན༔ སྙིང་གར་རེག་ལ་ཉམས་མྱོང་སྐྱོངས༔ དེ་ལྟར་གཏོར་མ་སྤྱི་བོར་བཞག་པ་བུམ་དབང༌། མགྲིན་པར་གཏད་ནས་གཏོར་ཟན་མྱོང་བ་གསང་དབང༌། སྙིང་གར་གཏད་དེ་ཚིག་དོན་ངོ་སྤྲད་པ་ནི་དབྱིངས་སྟོང་པ་ཉིད་མཚོན་པའི་གཏོར་སྣོད་དུ། རིག་པ་ཡེ་ཤེས་ལྔ་མཚོན་པའི་གཏོར་ཆེན་རྩ་བ་གསུམ་གྱི་རྣམ་པ། དམ་རྫས་བདུད་རྩིའི་རང་བཞིན། འདོད་ཡོན་སྣ་ཚོགས་པའི་སྤྲིན་ཕུང་འཕྲོ་བའི་དབང་བསྐུར་བས། དབྱིངས་རིག་ཟུང་དུ་འཇུག་པའི་ཕྱག་རྒྱ་གཉན་པོའི་གཟི་བྱིན་གྱིས་མ་མོ་མཁའ་འགྲོ་རྣམས་དབང་དུ་སྡུད་ཅིང་ལྷན་སྐྱེས་ཀྱི་ཡེ་ཤེས་མཚོན་པ་ཤེས་རབ་ཡེ་ཤེས་ཀྱི་དབང༌། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། དེས་བླ་མ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུས་སྤངས་རྟོགས་ཡོངས་རྫོགས་སུ་བྱེད་པ་ཡོན་ཏན་གཏོར་མ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །ལྔ་པ་གུ་རུའི་སྐུ་འབག་གི་དབང་བསྐུར་བའི་སླད་དུ། སྐུ་གཟུགས་འདི་ཉིད་ཆོས་དབྱིངས་སྐྱེ་བ་མེད་པ་ལས་རང་ཤར་བའི་ལོངས་སྤྱོད་རྫོགས་སྐུ་རྩ་གསུམ་ཀུན་འདུས་ཨོ་རྒྱན་སྣང་སྲིད་ཟིལ་ནོན་རྩལ་གང་འདུལ་སྤྲུལ་པའི་སྤྲིན་ཕུང་མཁའ་ཁྱབ་ཏུ་འཕྲོ་བའི་ཡེ་ཤེས་ཀྱི་སྐུ་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་བཞག་ཅིང་གདུང་བའི་གླུས་ཐུགས་དམ་བསྐུལ་ཏེ་ཚིག་དོན་ངོ་སྤྲད་ནས་དབང་བསྐུར་བའི་མོས་པ་མཛོད། གཙོ་བོ་ཡབ་ཡུམ་སྐུ་བརྙན་ཐོགས༔ ཧཱུྃ༔ ཐབས་ཤེས་ཟུང་དུ་འཇུག་པའི་དཀྱིལ་འཁོར་ནས༔ བདེ་སྟོང་སྒྱུ་འཕྲུལ་དྲྭ་བའི་དབང་བསྐུར་བས༔ སྲིད་དང་ཞི་བའི་རྟོག་ཚོགས་རང་སར་གྲོལ༔ བུམ་དབང་ཡོན་ཏན་ལྷུན་རྫོགས་རྡོ་རྗེའི་སྐུ༔ གསང་བ་རིག་པ་བྱིན་རླབས་ཚངས་པའི་གསུང༔ ཤེས་རབ་ཡེ་ཤེས་མཁྱེན་ཆ་འགགས་མེད་ཐུགས༔ མ་འདྲེས་ཡོངས་རྫོགས་འོད་གསལ་གཉུག་མའི་ཀློང༔ མངོན་པར་བྱང་ཆུབ་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བྷོ་དྷི་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ ལན་གསུམ། གནས་གསུམ་རེག་ཅིང་དོན་ངོ་སྤྲད༔ དེ་ལྟར་སྐུ་འབག་ཡེ་ཤེས་ཀྱི་སྐུ་དངོས་སུ་གསལ་བ་སྤྱི་བོར་བཞག་པ་བུམ་དབང༌། མགྲིན་པར་བཞག་ཅིང་གསང་མཚན་བཏགས་པ་གསང་དབང༌། སྟིང་གར་བཞག་སྟེ་བླ་མ་དང་རང་སེམས་དབྱེར་མེད་དུ་ངོ་སྤྲད་པ་ནི་སེམས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སྟོང་གསལ་རང་རིག་འདུས་མ་བྱས་པ་གདོད་ནས་བླ་མ་སྐུ་བཞིའི་ངོ་བོར་བཞུགས་པ་མཚོན་པར་བྱེད་པ་གུ་རུའི་སྐུ་འབག་གིས་དབང་བསྐུར་བས། རང་རིག་ངོ་བོ་སྒྲིབ་གཉིས་ཀྱི་འཆིང་བས་ཡེ་ནས་གོས་མ་མྱོང་བ་མཚོན་བྱ་དོན་གྱི་ཀུན་བཟང་པདྨ་འབྱུང་གནས་དང་རོ་གཅིག་ཏུ་བཞུགས་ཀྱང་རྣམ་འགྱུར་གློ་བུར་བའི་དྲི་མ་སྦྱང་ཕྱིར་མཚོན་བྱེད་བརྡ་ཡི་བླ་མས་བདག་དང་སློབ་མའི་རྒྱུད་བྱིན་གྱིས་བརླབ་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང༌། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། དེས་བླ་མ་མངོན་པར་བྱང་ཆུབ་པའི་སྐུས་འགྲོ་འདུལ་ལས་རབ་འབྱམས་འགྲུབ་པའི་ཕྲིན་ལས་སྐུ་འབག་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །དེ་རྣམས་ཀྱིས། རབ་འབྱམས་རྩ་གསུམ་ཡོངས་རྫོགས་ཀྱི༔ སྐུ་དང་ཡེ་ཤེས་དབྱེར་མེད་པ༔ རྣམ་པ་ཉི་ཤུས་བྱང་ཆུབ་པའི༔ བྱིན་རླབས་བརྡ་ཡི་དབང་བཞི་འདི༔ ལུས་ཀྱི་ནང་གི་མགོ་བོ་སྟེ༔ དབང་པོའི་དྭངས་མ་མིག་དང་མཚུངས༔ དེ་ཕྱིར་ཚེ་འདི་ཁོ་ན་ལ༔ བྱང་ཆུབ་ཐོབ་པར་འདོད་པ་ཡི༔ སྣོད་ལྡན་སློབ་མ་མ་གཏོགས་པ༔ གཞན་དུ་སྤེལ་ན་བཀའ་ཆད་འབྱུང༔ ཞེས་གསུངས་སྙིང་པོའི་རྣལ་འབྱོར་རྣམས༔ འདིར་ཞུགས་འདི་ཡི་དོན་ལ་སྤྱོད༔ ཟླ་དྲུག་ལོ་གསུམ་བཅུ་གཉིས་ན༔ ཟག་བཅས་རྡོ་རྗེའི་ལུས་སུ་གྲོལ༔ རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ༔ དབང་བཞིའི་ཡེ་ཤེས་སྐུ་ལྔར་སྨིན༔ ཞེས་ཟབ་པའི་མཐར་ཐུག་བླ་མ་རྩ་གསུམ་གྱི་དབང་ཆེན་རབ་འབྱམས་བསྙེན་སྒྲུབ་རྣམ་གསུམ་རྩ་བའི་དབང་ལྔ་ལ་བཞི་བཞིས་དབྱེ་བ་ནི་མཐར་ཐུག་བྱང་ཆུབ་དོན་གཉེར་ཅན་ལས་ཀུན་ལ་སྤེལ་དུ་མི་རུང་བའི་བཀའ་གཙིགས་ཀྱིས་རྒྱས་བསྡམས་པ་ཉིད་རིག་འཛིན་བརྒྱུད་པའི་ཕྱག་བཞེས་མ་ཉམས་པར་བསྐུར་བས་དབང་བཞིའི་མངོན་པར་རྟོགས་པའི་བྱིན་རླབས་ཐོད་རྒལ་དུ་ཐོབ་པར་འགྱུར་བའི་ཐུན་མོང་མ་ཡིན་པའི་ཟབ་ལམ་བརྡ་ཡི་དབང་བཞི་ཞེས་བྱ་བའོ། །རྗེས་རིམ་ཤིས་བརྗོད་དང་དམ་ཚིག་ཁས་བླང་མཎྜལ་ཡོན་འབུལ་རྣམས་བྱས་ལ། ལས་བྱང་གི་ཚོགས་དང་གཏོར་མ་བཏང་བ་མཆོད་བསྟོད་བཟོད་གསོལ་ཉེར་བསྡུ་སྨོན་ལམ་ཤིས་བརྗོད་རྣམས་བྱའོ། །འཁྲུལ་རྟོག་འཇིྃགས་བྲལྃ་མཁྱེནྃ་བརྩེྃའི་གཏེར། །ལྔ་ལྡན་ཡེ་ཤེས་འོདྃ་ཟེརྃ་གྱི། །བྱིན་རླབས་བརྡ་དོན་རྣམ་བཀྲྃའི་གཟུགས། །རབ་མཛེས་ཤིསྃ་པའི་དཔྃལ་གྱིས་འབྱོྃར། །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བའི་བྱིན་རླབས་བརྡ་ཡི་དབང་བཞི་ཡང་ཟབ་སྙིང་པོའི་ཐུག་ཏིག་གི་རིམ་པ་སྟེ་ལེའུ་ཚན་གཉིས་པ་པདྨ་གར་དབང་མདོ་སྔགས་གླིང་པས་སྦྱར་བའོ། ༈ འོདྃ་གསྃལ་བསམ་མི་ཁྱབ་པའི་ཡེ་ཤེས་ནི། །རང་བྱུང་སྤྲུལྃ་པའིྃ་སྒྱུ་འཕྲུལ་རྡོྃ་རྗེྃའི་གཏེར། །རབ་འབྱམས་རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཆེ། །ཀུན་བཟང་པདྨ་འབྱུང་གནས་གཙུག་ཏུ་མཆོད། །རྩ་གསུམ་འོད་གསལ་སྙིང་ཐིག་གི་གཏོར་དབང་བྱིན་རླབས་དཔལ་སྟེར་སྒེར་དུ་བྱ་བར་འདོད་པས་དང་པོ་སྦྱོར་བ་བཤམས་བཀོད་ནི། རྡུལ་ཚོན་ནམ་འབྲུ་ཚོམ་ལྷ་གྲངས་བཀོད་པའི་སྟེང་དུ་ཀ་པཱ་ལའམ་རིན་པོ་ཆེའི་སྣོད་དུ་བླ་མའི་གཏོར་ཆེན་བཟའ་བཅའ་སྣ་ཚོགས་ཀྱིས་བརྒྱན་པ་ལ་སྐུ་རྟེན་ཙཀླི་དར་གདུགས་རྣམས་ཀྱིས་སྤྲས་པ་མཛེས་པར་བཀོད། གཡས་གཡོན་དུ་སྨན་རཀ །བཀའ་སྲུང་གི་གཏོར་མ། མཆོད་པའི་བྱེ་བྲག་རྣམས་རྒྱས་པར་བཤམ་མོ། །གཉིས་པ་དངོས་གཞི་ནི། བརྒྱུད་འདེབས་ནས་བརྩམས་བཟླས་པའི་བར་ལས་བྱང་གཞུང་བཞིན་བྱའོ། །ལས་བུམ་དུ་སྐད་ཅིག་གིས་ཁྲོ་བོ་རྟ་མགྲིན་དམར་པོ་གཡས་པདྨའི་དབྱུག་ཐོ་དང༌། གཡོན་མེ་ཡི་ཞགས་པ་ཐོགས་པར་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་བབས་པས་བུམ་པ་གང་བར་བསམ། ཨོཾ་ཧྱ་གྲཱྀ་བ་ཧཱུྃ་ཕཊ྄༔ ཞེས་བརྒྱ་རྩ་བརྒྱད་བཟླ། ཁྲོ་བོ་ཆེན་པོས་བགེགས་བཟློག་ཅིང་ལས་ཐམས་ཅད་འགྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ཕྲིན་ལས་བཅོལ། ཏིང་ངེ་འཛིན་གྱིས་དབང་བླང་བ་རྣམས་བྱའོ། །གསུམ་པ་དབང་གི་ཆོ་ག་ལ། ཁྲུས་བྱ་བགེགས་ཕྲལ་སྲུང་འཁོར་བསྒོམ། །མཚམས་སྦྱར་གསོལ་གདབ་གནང་བ་སྦྱིན། །རྒྱུད་སྦྱང་སྡོམ་བཟུང་ཡེ་ཤེས་དབབ། །དབང་བསྐུར་དངོས་དང་རྗེས་རིམ་མོ། །ཞེས་བཅུ་གཅིག་ལས། ཁྲུས་བྱ་བགེགས་བསྐྲད་མེ་ཏོག་བཀྱེ་བསྡུ་བྱས་ཏེ་འཁོད་པ་ལ། སྐབས་དོན་ལོ་རྒྱུས་ཀྱི་ཁྱད་པར། གཏེར་གཞུང་རྡོ་རྗེའི་ཚིག་རྐང་ལས། བྱིན་རླབས་གཏོར་མའི་དབང་བསྐུར་ནི༔ གནས་སྐབས་འགལ་རྐྱེན་སེལ་བ་དང༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཅིང༔ མཐར་ཐུག་རྔ་ཡབ་དཔལ་གྱི་རིར༔ དབུགས་དབྱུང་མཆོག་གི་གོ་འཕང་སྦྱིན༔ ཞེས་གསུངས་པས་ན་ངོ་བོ་དབང་བསྐུར་བྱིན་རླབས་ཐམས་ཅད་ཀྱི་སྙིང་པོར་གྱུར་པས་དོན་སྨིན་བྱེད་ཡོངས་སུ་རྫོགས་ལ། རྣམ་པ་མཆོག་ཐུན་གྱི་དངོས་གྲུབ། གནས་སྐབས་མཐར་ཐུག་གི་ཕྲིན་ལས་རབ་འབྱམས་ཡིད་བཞིན་དུ་སྒྲུབ་པ་གཏོར་མའི་དབང་བསྐུར་ཆེན་པོ་སྟེ། ད་ལམ་སྐབས་སུ་བབ་པ་ཀུན་མཁྱེན་འཇམ་པའི་དབྱངས་འོད་གསལ་སྤྲུལ་པའི་རྡོ་རྗེའི་བཀའ་བབ་བཞི་པ་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྡེའི་བྱེ་བྲག །བླ་མ་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པ་ལྟར་སྒྲུབ་པ་འདི་ཕྲིན་ལས་ཀྱི་བྱང་བུ་སྒྱུ་འཕྲུལ་དྲྭ་བ་དང་འབྲེལ་བར་སྐུ་གསུམ་རྒྱལ་བ་འདུས་པའི་སྤྱི་གཟུགས་དཔལ་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་ཐར་ཕྱི་སྒྱུ་འཕྲུལ་རྡོ་རྗེ་བཀོད་པའི་རོལ་མོ་སངས་རྒྱས་ཀུན་དང་གཉིས་སུ་མ་མཆིས་ཤིང༌། ཁྱད་པར་འཕགས་ཡུལ་དང་ཨུ་རྒྱན་གངས་ཅན་གྱི་གདུལ་བྱ་ལ་སངས་རྒྱས་གཉིས་པར་གྲགས་པ་དོན་ལ་གནས་པའི་ཚར་གཅོད་དང་རྗེས་འཛིན་གྱི་ཕྲིན་ལས་བཞིས་འཁོར་བ་ཇི་སྲིད་བར་བཞུགས་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་སྐུས་བསྟན་འགྲོའི་དོན་མཛད་པའི་བཀའ་དྲིན་རྗེས་སུ་དྲན་པའི་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཏུ་སྒྲུབ་ཅིང་མཆོད་པ་ཉིད་མཆོག་ཐུན་དངོས་གྲུབ་མ་ལུས་པའི་འབྱུང་གནས་སུ་མདོ་རྒྱུད་ཀུན་ལས་ཡང་ཡང་བསྔགས་ཤིང༌། གུ་རུ་ཉིད་ཀྱི་རྡོ་རྗེའི་གསུང་ལས་ཀྱང༌། ང་སྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་རྡོ་རྗེའི་ཚིག་གི་ཞལ་གྱིས་བཞེས་པས་མཚོན་གཏེར་ཁ་དུ་མ་ནས་འབྱུང་ཞིང༌། དེ་ཉིད་མཆོད་པའི་དུས་ཀྱི་ཁྱད་པར་ཡང་སྤྱིར་བདེ་མཆོག་ལ་སོགས་པའི་རྣལ་འབྱོར་མ་རྒྱུད་རྣམས་ནས་ཚེས་བཅུ་ཉིད་བསགས་སྦྱང་གི་དུས་ཁྱད་པར་ཅན་དུ་གསུངས་ཤིང༌། ཁྱད་པར་གུ་རུ་རིན་པོ་ཆེ་ཉིད་ཀྱི་རྣམ་ཐར་མཛད་པའི་གཙོ་བོ་རགས་པ་རྣམས་ཀྱང་ཡར་ངོའི་ཚེས་བཅུའི་དུས་སུ་བསྟན་པ་དེ་ཉིད་རྗེས་དྲན་གྱིས་མཆོད་ཅིང་གསོལ་བ་བཏབ་པས་ཐུགས་རྗེའི་གཟིགས་པ་ཁྱད་པར་དུ་འཇུག་པའི་ཞལ་བཞེས་ཀྱང་གནང་ཞིང་ཚེས་བཅུ་ཡར་མར་གྱི་དུས་ཆེན་ལ་དཔའ་བོ་ཌཱ་ཀིའི་ཉེ་བའི་འདུ་བ་ཡང་ཡིན་པ་སོགས་དགོས་པའི་གནད་ཁྱད་པར་ཅན་ཆེས་མང་བས་གཏེར་ཁ་འདི་ཉིད་ལས་ཀྱང༌། ཁྱད་པར་ཡར་མར་ཚེས་བཅུའི་དུས༔ འདི་ཉིད་ཚོགས་སུ་སྒྲུབ་པ་ན༔ དངོས་ཉམས་རྨི་ལམ་མ་ངེས་པར༔ བདག་གིས་ངེས་པར་བྱིན་རློབ་ཅིང༔ འཕོས་ཚེ་ཟངས་མདོག་དཔལ་གྱི་རིར༔ རིག་པ་འཛིན་པའི་ཚོམ་བུར་སྤྱོད༔ དེ་ཕྱིར་སྙིང་གི་དབུས་སུ་ཟུངས༔ ཞེས་ཆེད་དུ་བསྔགས་ཤིང་གདམས་པའི་ཕྱིར་ཡན་ཡོན་བསམ་མི་ཁྱབ་པ་དང་ལྡན་པས་དུས་བཟང་ཚེས་བཅུའི་མཆོད་པ་དང་འབྲེལ་བས་དབང་དང་སྒོམ་སྒྲུབ་བགྱིས་ན་གནད་དུ་ཟབ་པའི་རྒྱུ་མཚན་དང་དགོས་པ་རྣམས་ཤེས་པས་དེའི་དབང་གི་སྙིང་པོ་མདོར་བསྡུས་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་སོང་ཟིན། ཁྱེད་རང་སློབ་མའི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། སློབ་མས་མཎྜལ་ཕུལ་ཏེ། སངས་རྒྱས་ཀུན་འདུས་རྡོ་རྗེ་འཛིན༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ གཏོར་མའི་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ་གྱིས་གསོལ་བ་གདབ་ལ། དུས་གསུམ་གཤེགས་པའི་སངས་རྒྱས་ཀུན༔ རྡོ་རྗེའི་ལམ་མཆོག་འདི་ལ་བརྟེན༔ དེ་ཕྱིར་གསང་ཆེན་དཀྱིལ་འཁོར་འདིར༔ བུ་ཁྱོད་འཇུག་ཅིང་སྨིན་པར་བྱ༔ ཞེས་བརྗོད་པས་རྗེས་སུ་གནང་བ་སྦྱིན། དེ་ནས་སྐྱབས་སེམས་ཚོགས་བསགས་ཀྱིས་རྒྱུད་སྦྱངས། སྡོམ་པ་གསུམ་བཟུང་ཡེ་ཤེས་པ་དབབ་བསྟིམ་རྣམས་དབང་རྒྱས་པའི་སྐབས་ལྟར་བྱའོ། །དབང་ཆོག་སྔ་མ་རྣམས་ཀྱི་གཤམ་དུ་སྦྲེལ་ན་འདི་ཡན་ཆད་མི་དགོས་ཏེ། རྩ་གཞུང་ཉིད་ལས། རྩ་བའི་དབང་བཞི་དང་འབྲེལ་ན༔ རྗེས་སུ་གཟེངས་བསྟོད་ཚུལ་དུ་སྟེ༔ འདི་ཉིད་ཁོ་ནས་སྨིན་པའི་ཚེ༔ བདག་མདུན་དབྱེར་མེད་བསྐྱེད་བཟླས་དང༔ སྔོན་འགྲོ་སྤྱི་བཞིན་སྦྱར་བའི་རྗེས༔ གཏོར་མ་ལྷ་རུ་ཤེས་པའི་ངང༔ གནས་ལྔར་ཕྱག་མཚན་རྣམ་པ་ལྔ༔ ཡིག་འབྲུས་མཚན་པའི་འོད་ཟེར་གྱིས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ བྱིན་རླབས་དངོས་གྲུབ་ཐོབ་པར་བསམ༔ ཞེས་གསུངས་པས། དོན་དབང་བསྡུས་པ་གཏོར་མ་ལ་བརྟེན་ནས་དབང་བསྐུར་སྔ་མ་རྣམས་ཀྱི་ཡེ་ཤེས་ཀྱི་རྒྱུན་སྐྱེས་བརྟན་གོང་འཕེལ་གཟི་བྱིན་བསྐྱེད་པའམ། འདི་ཁོ་ནའི་ཚེ། ཐུན་མོང་དབང་བཀའ་གཏོར་དབང་གནད་ཀྱི་ཤོག་གཅིག་མ་བསྐུར་བའམ། ཚེས་བཅུའི་མཆོད་པ་དང་འབྲེལ་ན། གུ་རུའི་ཁྱད་པར་གྱི་དུས་བཟང་ཚེས་བཅུའི་མཆོད་པའི་རྗེས་འབྲེལ་བླ་མའི་ཐུགས་སྒྲུབ་ཐུན་མོང་གི་དབང་བཀའ་ཀུན་འདུས་སྒྲོན་མེ་ཞེས་གྲགས་པ་འདི་སྒྲུབ་པ་ལ། ཞེས་མཚམས་སྦྱོར་ཚུལ་གསུམ་སྐབས་སུ་གང་བབ་འཕྲུལ་ཤེས་པར་བྱས་ལ། གཏོར་དབང་དངོས་ལ། སྤྱིར་གཏོར་མ་ལ་བསྙེན་སྒྲུབ་ཀྱི་དུས་སུ་དཀྱིལ་འཁོར་དུ་ཤེས་པ། མཆོད་པའི་དུས་སུ་འདོད་ཡོན་དུ་ཤེས་པ། དབང་གི་དུས་སུ་ལྷར་ཤེས་པ། རྗེས་དངོས་གྲུབ་ཏུ་ཤེས་པ་རྣམས་སུ་ཡོད་པ་ལས། འདིར་དབང་དུས་ལྷར་ཤེས་པར་བྱ་བ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་རིན་ཆེན་འབར་བ་འདི་ཉིད་ཕྱི་ལྟར་རིན་པོ་ཆེའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ནང་ལྟར་རིགས་ཀུན་ཁྱབ་བདག་བླ་མ་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པ་ལ་ལོངས་སྐུ་ཐོད་ཕྲེང་རིགས་ལྔ། སྤྲུལ་སྐུ་གུ་རུ་མཚན་བརྒྱད། རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་སྤྲིན་ལྟར་གཏིབས་པ། མཐའ་བསྐོར་དུ་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ཇི་ལྟར་བསྒོ་བའི་ཕྲིན་ལས་མཛད་དེ་མདོར་ན་རིག་འཛིན་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྟེན་དང་བརྟེན་པ་ཡོངས་རྫོགས་སུ་ཤར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས། གཙོ་འཁོར་ཐམས་ཅད་ཀྱི་གནས་ལྔར་འཁོར་ལོ་པདྨ་རྡོ་རྗེ་རིན་ཆེན་རྒྱ་གྲམ་སྟེ་ཕྱག་མཚན་ལྔ་གསལ་བའི་ལྟེ་བར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་སྟེ་རིགས་ལྔའི་སྙིང་པོས་མཚན་པ་ལས་འོད་ཟེར་དཀར་དམར་མཐིང་ག་སྣ་ཚོགས་པའི་མདོག་ཅན་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པ་ལ་བརྟེན་ནས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ། ལུས་ངག་ཡིད་གསུམ་ཆ་མཉམ་གྱི་སྒོ་ནས་བསགས་པའི་འགལ་རྐྱེན་སྡིག་སྒྲིབ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་ཞིང༌། གནས་སྐབས་སུ་དབང་བཞིའི་ལམ་བསྒོམ་པ་ལ་དབང༌། མཐར་ཐུག་སྐུ་བཞིའི་གོ་འཕང་ཐོབ་པའི་སྐལ་པ་ཅན་དུ་བྱས་པའི་མོས་པ་དུང་དུང་མཛོད་ཅིག །ཅེས་བརྡ་སྦྱར་ལ་གདངས་ཀྱི་དབྱངས་འགྱུར་སྙན་པོས་ཐུགས་དམ་བསྐུལ་བའི་ཕྱིར། ཧཱུྃ་ཧྲཱིཿ སྐུ་གསུམ་པདྨ་ཐོད་ཕྲེང་རྩལ༔ ཡི་དམ་ཡོངས་འདུས་ཧེ་རུ་ཀ༔ མཁའ་འགྲོའི་མིང་པོ་དཔའ་བོ་ཆེའི༔ གསང་གསུམ་བྱིན་རླབས་ཁྱོད་ལ་སྦྱིན༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྡ་སྤྲད་ལ་གཏོར་མ་གནས་གསུམ་དུ་བཞག །སྤྲོ་ན་སོ་སོར་དབང་བསྐུར་ཞིང༔ ཞེས་གསུངས་པས་ཚིག་རྐང་ཐ་མ་དང༌། ཀཱ་ཡ་སོགས་སྔགས་ཁ་ཕྲལ་ཏེ་བསྐུར་ཀྱང་རུང༌། དེ་ལྟར་གཏོར་མ་གནས་གསུམ་དུ་བཞག་ནས་དམ་རྫས་སྟེར་བར་འགྱུར་བ་རྫས་དབང་ལུས་ལ་བསྐུར་བ། བསྒྲགས་ཚིག་གསན་པ་ཚིག་དབང་རྣ་བར་བླུག་པ། གཏོར་མ་གནས་གསུམ་དུ་བཞག་སྟེ་གཏོར་མའི་ལྷའི་གནས་ལྔའི་ཕྱག་མཚན་དང་ཡིག་འབྲུ་ལས་འཕྲོས་པའི་འོད་ཀྱིས་སློབ་མའི་གནས་ལྔའི་ཕྱག་མཚན་ས་བོན་ལྔ་གསལ་བར་ཆགས་པས་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པར་མོས་པ་ནི་ཆོས་དབང་སེམས་ལ་བསྟིམ་པ། དེ་ལྟར་དབང་བཞི་གཏོར་མ་ལ་བརྟེན་ཏེ་བསྐུར་བས་རྩ་གསུམ་རྒྱལ་བ་རྒྱ་མཚོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་ཅིང༌། མཐར་དབང་ཞུ་ཡུལ་ཞུ་མཁན་བསྐུར་ཐོབ་ཐམས་ཅད་རང་སེམས་རིག་པའི་ཚུལ་ལས་འཛིན་མེད་ཁྱབ་བརྡལ་ཆེན་པོར་རང་གྲོལ་བ་ནི་གཏོར་མའི་བརྡ་དོན་ངེས་པ་དབང་དོན་ངོ་སྤྲད་པའོ། །རྗེས་དངོས་གྲུབ་ཏུ་ཤེས་པའི་ཕྱིར། གཏོར་མའི་ལྷ་འོད་དུ་ཞུ་བའི་གཏོར་ཟན་དངོས་གྲུབ་ཀྱི་རང་བཞིན་བདུད་རྩིའི་དྭངས་བཅུད་དུ་འཁྱིལ་བ་མྱོངས་བས་རྩ་ཁམས་ཐམས་ཅད་ལ་ཁྱབ། ཟག་མེད་ཀྱི་བདེ་བས་རྒྱུད་གང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། གཏོར་ཟན་དངོས་སམ། མཐའ་བསྐོར་གྱི་མཐེབ་ཀྱུ་ལྟ་བུ་བདུད་རྩིར་སྦྱར་ནས་སྦྱིན། རང་རིག་ལས་མཆོད་ཡུལ་ལོགས་སུ་མེད་པར་ཐག་བཅད་ནས། བདག་ཉིད་ལྷར་གསལ་བའི་སྤྱི་བོར་བླ་མ། རྩ་ཁམས་དཔའ་བོ་རྣལ་འབྱོར་མར་དག་པས། གཏོར་ཟན་དངོས་གྲུབ་བདུད་རྩིར་འཁྱིལ་བ་དེ་རོལ་བས་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་བསམ་པའོ། །གསུམ་པ་རྗེས་བརྒྱུད་པ་གཏད་པ་ནི། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ཁྱོད་ཀྱིས་འགྲོ་བ་འདུལ་བར་གྱིས། །དེ་ལྟར་དབང་བསྐུར་བ་ཐོབ་པའི་དུས་འདི་ཕྱིན་ཆད་རྒྱལ་བའི་གདུང་འཚོབ་པ་སྟེ་རྒྱལ་བའི་སྲས་སུ་གྱུར་པས་འགྲོ་བའི་དོན་གྱིས་ཤིག་པར་གདམས་ལ། དམ་ཚིག་ཁས་བླང༌། མཎྜལ་ཡོན་འབུལ་དང༌། གཏོར་མ་གཏོང་བ། གཏང་རག་གི་མཆོད་བསྟོད། བཟོད་གསོལ། ཉེར་བསྡུ་སྨོན་ལམ་ཤིས་བརྗོད་རྣམས་བྱའོ། །འཇིྃགས་མེདྃ་མཁྱེནྃ་བརྩེྃའི་སྒྱུ་འཕྲུལ་གྱི། །བྱིན་རླབས་འོདྃ་ཟེརྃ་འབེབས་བྱེད་ཐབས། །འདོད་འབྱུང་གཏོར་མའི་དབང་ཆོག་ཡང༌། །བཀྲྃ་ཤིསྃ་དངོས་གྲུབ་དཔྃལ་གྱིས་འབྱོྃར། །རྩ་གསུམ་འོད་གསལ་སྙིང་ཐིག་གི་གཏོར་དབང་བྱིན་རླབས་དཔལ་སྟེར་གྲུབ་གཉིས་བདུད་རྩིའི་མཆོག་སྦྱིན་ལེ་ཚན་གསུམ་པ་གཟི་བརྗིད་རབ་ཏུ་དགའ་བའི་དཔལ་གྱིས་སྦྱར་བའོ། ༈ འཆི་མེད་པྃདྨྃ་རྒྱལ་པོའི་གསུང་རྡོ་རྗེའི། །བརྩེ་ཆེན་འོདྃ་གསྃལ་སྤྲིན་གྱི་རོལ་སྒེག་ལ། །ཐུབ་བསྟན་མདོྃ་སྔྃགས་ཡོངས་རྫོགས་ཆོས་ཆར་གྱིས། །ས་གསུམ་གླིངྃ་ཀུན་སིམ་མཛད་མགོན་པོ་རྒྱལ། །དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་གུ་རུ་རིན་པོ་ཆེ་རྡོ་རྗེ་ཐོད་ཕྲེང་ལ་བརྟེན་པའི་ཚེ་སྒྲུབ་འཆི་མེད་དྲྭ་བའི་དབང་བཞི་ཡེ་ཤེས་སྙིང་པོ་ཇི་ལྟར་འབོག་ཚུལ་ལ་བསྒྲུབ་པའི་རྫས་འདུ་བྱ་བ། དེ་ཉིད་ནུས་ལྡན་དུ་སྒྲུབ་པ། འབྲས་བུ་སྨིན་བྱེད་ཀྱི་རིམ་པའོ། དང་པོ་ནི། དཀར་ཕྱོགས་ཀྱི་དུས་ཚེས་དགེ་བར་བཀྲ་ཤིས་ཡིད་འོང་གི་གནས་སུ་གཞུང་མཐུན་རྟེན་གྱི་སྤྱན་སྔར་དཀྱིལ་འཁོར་རས་བྲིས་སམ། འབྲུ་དཀར་དྲི་བཟང་གི་གཤེར་ལྡན་གྱི་ཚོམ་བུ་གཙོ་འཁོར་ལྔ། དེ་རྒྱབ་བཞི། ཡང་བཞི་བཅས་བཀོད་པའི་སྟེང་མཉྫིའི་ཁར་བུམ་པ་བཅུད་ལྡན། མདུན་དུ་ལྷ་ཙཀ་ཡོངས་རྫོགས། དེའི་གཡས་གཡོན་དུ་ཚེ་རིལ་ཆང༌། གསང་ཐོད། རིག་ཙཀ །མེ་ལོང༌། ཤེལ་རྡོ། དབང་གཏོར། བཀྲ་ཤིས་རྫས་རྟགས་རིན་ཆེན་སྣ་བདུན་གྱི་ཙཀླི། མདའ་དར་བཅས་ལ་མཆོད་པས་བསྐོར། ཚོགས་མཆོད་དང༌། སྲུང་མ། ཆད་བརྟན། དཀར་བགེགས། རྒྱས་པར་སྤྲོ་ན་རིགས་དབང་ལྔའི་ཆས་སོགས་འོག་ཏུ་དགོས་པ་ཀུན་འདུ་བྱའོ། །གཉིས་པ་ནི། བརྒྱུད་འདེབས། སྐྱབས་སེམས་ནས་བརྩམས་དངོས་གཞིའི་ལྷ་བསྐྱེད་བར་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བ་ལྟར་བཏང་རྗེས། བྱིན་འབེབས་ཟུར་གསལ་ལྟར་སྦྱར། དངོས་གཞིའི་ཁྱད་པར་བསྐྱེད་རིམ། ཧྲཱིཿ སྐྱེ་མེད་དེ་བཞིན་ཉིད་དབྱིངས་སོགས་ནས། སྤྱན་འདྲེན་བར་བཏང༌། ཧཱུྃ་ཧྲཱིཿ དམ་ཚིག་སེམས་དཔའ་སོགས་བཞུགས་གསོལ་ནས་ཕྱག་མཆོད་ཀྱི་ལས་རིམ་ཕྱི་སྒྲུབ་ལྟར་དང༌། བསྟོད་པ་ཚེ་སྒྲུབ་གཞུང་ལྟར་དང་བདག་མདུན་དབྱེར་མེད་ཛཔ྄་ཁང་དབྱེ་མིན་རང་བློས་དཔག་པས་བསྙེན་བཟླས་བྱ། རྣམ་བུམ་ལ་དམིགས་ཏེ། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས༔ འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཞེས་བརྗོད་ཅིང་བསམ་ལ་གཟུངས་ཐག་ནས་བཟུང་སྟེ་གོང་གི་བཟླས་པ་ཇི་ལྟར་ནུས་པ་རྣམས་དང༌། ལས་བུམ་དུའང་རྟ་མགྲིན་གསལ་ལ། ཨོཾ་ཧྱ་གྲཱྀ་བ་ཧཱུྃ་ཕཊ྄། ཅེས་བཟླས་མཐར་དབྱངས་གསལ་རྟེན་སྙིང་ལན་གསུམ། སྤྲོ་ན། གཞུང་གི་ཚེ་འགུགས་དང༌། མཆོད་བསྟོད། ཡིག་བརྒྱ་ལན་གསུམ་མཐར། ཨོཾ་ཨཱཿཧཱུྃ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར་པར་བསམ། བདག་འཇུག་གམ་རིག་པའི་མེ་ཏོག་དོར་ལ་སློབ་མ་འཇུག་པར་གནང་བ་ཞུ། བཀའ་གཏེར་སྲུང་མའི་གཏོར་འབུལ། ཚོགས་མཆོད་བསྐང་བཤགས་བཅས་ཕྱི་སྒྲུབ་ལྟར་བྱའོ། །གསུམ་པ་ལ། ཐུན་མོང་མ་ཡིན་པའི་སྨིན་བྱེད་དང༌། ཐུན་མོང་གི་དབང་གཉིས་ལས། དང་པོ་ནི། སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། ནང་དུ་ཞུགས་པ་དང་བགེགས་གཏོར་བསང་སྦྱངས་བྱིན་གྱིས་བརླབས་ཏེ་བསྔོས་ལ། བཀའ་བསྒོ་ཞིང་བསྐྲད་གཟིར་བྱ། སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང༌། ཀུན་སློང་དང་ཀུན་སྤྱོད་བཅོས་པ་སྔོན་དུ་འགྲོ་བས། དེ་ཡང་རྒྱལ་བ་ཐམས་ཅད་མཁྱེན་པས་གདུལ་བྱ་སོ་སོའི་མོས་པ་དང་འཚམས་པའི་ཆོས་འཁོར་རྒྱ་ཆེ་ལ་ཟབ་པ་སྒོ་དུ་མ་ནས་བསྩལ་བ་ཐམས་ཅད་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་བྱེད་འབའ་ཞིག་ཏུ་ངེས་ཀྱང༌། ཐོག་མར་ཆོས་བཞིན་སྤྱོད་པའི་སྐྱེས་བུའི་བསྒྲུབ་བྱ་གལ་ཆེ་བ་ནི་རྡོ་རྗེའི་ཚེ་སྒྲུབ་པའི་ལས་རིམ་ཡིན་ལ། དེ་ལའང་རྫས་སྔགས་ཏིང་ངེ་འཛིན་གྱི་སྒྲུབ་ཚུལ། ཐུན་མོང་དང་མཆོག་གི་ལམ་གྱིས་སྒྲུབ་པའི་སྒོ་དུ་མ་ཞིག་ཡོད་པ་ལས་ཀུན་མཐུན་ཀུན་ལས་ཁྱད་པར་འཕགས་པའི་སྒྲུབ་ཐབས་ནི་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་མེད་ཀྱི་ལམ་བསྐྱེད་རྫོགས་ཟུང་འཇུག་གི་སྒོ་ནས་སྒྲུབ་པ་ཉིད་ཆེས་ཟབ་ཅིང་རྨད་དུ་བྱུང་བ་སྟེ། དེ་ལའང་བཀའ་གཏེར་དག་སྣང་སྣང་གི་སྒྲུབ་པའི་མན་ངག་བགྲང་ལས་འདས་པ་བཞུགས་པ་ལས་ད་ལྟ་སྐབས་སུ་བབ་པ་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས་འཆི་མེད་གྲུབ་པའི་སློབ་དཔོན་རྣམས་ཀྱིས་རྗེས་སུ་བཟུང་ཞིང༌། མགོན་པོ་ཚེ་དཔག་མེད། ཚེ་ཡུམ་ཙཎྜ་ལི། འཕགས་མ་ཡིད་བཞིན་འཁོར་ལོ། གཙུག་ཏོར་རྣམ་པར་རྒྱལ་མ་རྣམས་ཀྱིས་དངོས་སུ་ཞལ་བསྟན་ཏེ་དབང་དང་བྱིན་རླབས་བསྩལ་བའི་རྟགས་མཚན་ཡང་ཡང་གཟིགས་པ། འཇམ་མགོན་གྲུབ་པའི་དཔའ་བོ་པདྨ་གར་གྱི་དབང་ཕྱུག་ལ་ཚེ་ལམ་གྱི་རྟོགས་པ་སྤར་བས་སྐུ་ཚེ་དང་ཕྲིན་ལས་ལ་མངའ་བརྙེས་པའི་གྲུབ་པའི་རྟགས་མཚན་མངོན་སུམ་བསྟན་ནུས་པའི་བདག་ཉིད་ཆེན་པོ་གང་ལ་རྩ་གསུམ་གྱི་ལྷ་སྔགས་ཀྱིས་ཚེ་སྒྲུབ་པའི་ཐབས་ཟབ་ཅིང་རྒྱ་ཆེ་བ་དུ་མའི་བཀའ་བབས་པ་ལས། འདིར་ནི་ངེས་པའི་དོན་དུ་གསུང་རྡོ་རྗེ་ཚེ་མཐའ་ཡས་པའི་ཡེ་ཤེས་དང་ཐ་མི་དད་ཀྱང་ཚུར་མཐོང་གི་གདུལ་བྱའི་སྣང་ངོར་རྒྱ་གར་ཤར་ཕྱོགས་བཀྲ་ཤིས་བྲག་ཕུག་མཱ་ར་ཏི་ཀའི་ཀེའུ་ཚང་དུ་ཚེ་ལམ་གྱི་ཕྱག་རྒྱ་མནྡྷ་ར་བ་སྒྲུབ་སྡེ་མོ་མཛད་དེ་རྡོ་རྗེ་ཐེག་པའི་ཉེ་རྒྱུའི་བརྟུལ་ཞུགས་ཀྱིས་ཚེ་བསྒྲུབས་པས་མགོན་པོ་ཚེ་དཔག་མེད་ཡབ་ཡུམ་དངོས་སུ་བྱོན་ནས་དབང་བསྐུར། ཚེ་རྒྱུད་བྱེ་བ་ཕྲག་བརྒྱ་བསྟན་པས་ཚེ་དབང་རིག་འཛིན་མངོན་དུ་གྱུར་པས་ནམ་མཁའ་ཇི་སྲིད་རྡོ་རྗེའི་སྐུ་ལ་སྐྱེ་འཆི་མི་མངའ་བས་ད་ལྟའང་ཛམ་གླིང་འདིའི་ལྷོ་ནུབ་ཟངས་མདོག་དཔལ་གྱི་རིར་མངོན་སུམ་དུ་བཞུགས་པ་དང༌། ལྷ་ལྕམ་མནྡཱ་ར་བ། རྗེ་འབངས་གྲོགས་ལྔ་སོགས་སྔོན་བྱོན་དང༌། རྒྱ་བན་རྡོ་རྗེ་འོད། གྲུབ་ཐོབ་དངོས་གྲུབ། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ། མངའ་རིས་རིག་འཛིན་ལེགས་ལྡན་རྗེ་ལ་སོགས་ཕྱིས་སུ་བྱོན་པས་མཚོན་འཕགས་བོད་ཀུན་ཏུ་སྐུ་ཚེའི་དངོས་གྲུབ་བརྙེས་པ་ད་ལྟའི་བར་ཟམ་མ་ཆད་པ་ཀུན་ཀྱང་དེའི་རྟེན་འབྱུང་ལས་བྱུང་བས་ན་འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་ཅན་སྟངས་དཔྱལ་གྱི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལ་གནད་དུ་བསྣུན་པ་ནི་རྡོ་རྗེའི་ཚེ་སྒྲུབ་པའི་གསེང་ལམ་ཀུན་ལས་ཟབ་མྱུར་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་སྟེ་གཞུང་ལས། འདི་ནི་བསྙེན་སྒྲུབ་ལས་གསུམ་པོ༔ གཅིག་དྲིལ་བསྐྱེད་རྫོགས་ཟུང་འཇུག་སྟེ༔ འཆི་མེད་གྲུབ་པའི་མན་ངག་མཆོག༔ འབུམ་ཕྲག་ཀུན་གྱི་ཡང་སྙིང་ཡིན༔ ཞེས་དང༌། དེ་ཕྱིར་འཆི་མེད་སྒྲུབ་པའི་ཐབས༔ བྱེ་བ་ཕྲག་བརྒྱའི་ཡང་སྙིང་འདི༔ འདས་དུས་མཱ་ར་ཏི་ཀ་རུ༔ རིག་འཛིན་ཌཱ་ཀི་རྣམས་ལ་བསྟན༔ མ་འོངས་ལྔ་བརྒྱའི་ཐ་མ་ལ༔ བདག་གིས་བྱིན་རླབས་རྣལ་འབྱོར་པ༔ འོད་གསལ་སྤྲུལ་པའི་རྡོ་རྗེའི་དོན༔ རིག་པ་དབྱིངས་ཀྱི་སྒྲོམ་བུར་སྦས༔ ནམ་ཞིག་རྟེན་འབྲེལ་དུས་བབ་ཚེ༔ སྔོན་གྱི་སྨོན་ལམ་ལྷན་ཅིག་པའི༔ ཆོས་བདག་སྐྱེས་བུའི་ཚོགས་ལ་སོགས༔ འབྲེལ་ཚད་དོན་དང་ལྡན་པར་ཤོག༔ ཅེས་གསུངས་པའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཚེ་སྒྲུབ་འཆི་མེད་དྲྭ་བའི་ཐུན་མོང་མ་ཡིན་པའི་ཟབ་གཏེར་ཚེ་ཡི་དབང་བསྐུར་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་སོང་གྲུབ་པ་ལགས་པས། ཁྱེད་རང་སློབ་མ་རྣམས་ཀྱི་བགྱི་བར་འོས་པ་ལ་ཐོག་མར་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །འོག་ཏུ་ཐུན་མོང་རིགས་ལྔ་སོགས་རྒྱས་པར་སྤྲོ་ན་སྔོན་འགྲོ་ཕྱི་ནང་གི་འཇུག་པ་རྩ་བའི་དབང་ཆོག་ཡེ་ཤེས་ཐིག་ལེ་ལྟར་བྱ། དབང་བཞི་ཙམ་ལས་ཀྱང་རྒྱས་པ་རིགས་དབང་ལྔ་འདིར་བསྐུར་ན། བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་དབྱེར་མེད་མི་ཕྱེད་པའི་སྤྱན་སྔར་ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་འདུས་རྡོ་རྗེ་འཛིན༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ འཆི་མེད་རྩ་གསུམ་ལྷ་ཚོགས་ཀྱིས༔ ཚེ་ཡི་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ། སྐྱབས་སེམས༌། སྡོམ་བཟུང་རྣམས་རྩ་དབང་ལྟར་བྱ། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་ལ། ཁྱེད་རང་རྣམས་ལུས་དྲང་པོར་བསྲང༌། ངག་སྲོག་རྩོལ་ཁ་སྦྱོར་དུ་འཆིང༌། ཡིད་ཚོགས་དྲུག་གི་ཡུལ་ལ་སྐད་ཅིག་ཀྱང་མ་ཡེངས་པར་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་གི་གདོད་བཅས་ཕུང་ཁམས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ས་ཕྱོགས་བདེ་ཆེན་པདྨ་དྲྭ་བའི་བཀོད་པ་ཕུན་སུམ་ཚོགས་པས་སྤྲས་པའི་དབུས་སུ་རབ་ཏུ་རྒྱས་པའི་ཆུ་སྐྱེས་དང་ཉི་ཟླའི་དཀྱིལ་འཁོར་གྱི་གདན་ལ། ཁྱེད་རང་རྣམས་སྐད་ཅིག་གིས་རྩ་གསུམ་ཀུན་འདུས་འཆི་མེད་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་གཞོན་སྒེག་ཞི་འཛུམ་བཅུ་དྲུག་ལང་ཚོ་དར་ལ་བབ་པའི་མཚན་དཔེའི་གཟི་བྱིན་ལྟ་ན་སྡུག་པ། ཞལ་གཅིག་ཞི་ཞིང་འཛུམ་པ། ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང་གཡོན་མཉམ་བཞག་གིས་བྷནྡྷ་བདུད་རྩིས་གང་བའི་ནང་དུ་འཆི་མེད་ཚེ་ཡི་བུམ་པས་མཚན་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས་པའི་པང་དུ་ལྷ་ལྕམ་མནྡྷ་ར་བ་དམར་གསལ་བདེ་ཆེན་ཆགས་པའི་ཉམས་འགྱུར་རབ་ཏུ་རྒྱས་ཤིང༌། ནུ་འབུར་མཁྲེགས་ཤིང་གསང་བའི་ཆུ་སྐྱེས་རྒྱས་པ། ཕྱག་ཉིས་མདའ་དར་དང་བདེ་སྐྱོང་བདུད་རྩིས་གཏམས་པ་བསྣམས་པ་ཨུཏྤལ་དང་རིན་པོ་ཆེའི་རྒྱན་གྱིས་སྒེག་པས་པདྨའི་སྐྱིལ་ཀྲུང་གིས་ཡབ་ལ་གཉིས་མེད་དུ་འཁྲིལ་བའི་འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་ཅན་གྱི་གནས་ལྔར་ཐོད་ཕྲེང་རིགས་ལྔ། རིགས་ཀྱི་བདག་པོ་ཚེ་མཐའ་ཡས་པ་དང་འོད་དཔག་མེད་ཐོ་བརྩེགས་སུ་བཞུགས་པར་གསལ་བའི་གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གིས་མཚན་པར་གསལ་ཐོབ་ཅིག །སློབ་དཔོན་ཀྱང་འཆི་མེད་པདྨ་འབྱུང་གནས་སུ་གསལ་བ་ལ་མོས་གུས་བསྐྱེད་པས་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་རྣམས་དང༌། ཁྱད་པར་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་ནས། མ་ཧཱ་གུ་རུ་འཆི་མེད་པདྨ་འབྱུང་གནས་གྲུབ་པ་རིག་འཛིན་དཔའ་བོ་མཁའ་འགྲོ་རྩ་གསུམ་ཚེ་ཡི་ལྷ་ཚོགས་འཁོར་དང་བཅས་སྐད་ཅིག་གིས་ཞི་ཁྲོའི་སྐུ་ཡི་རྣམ་འགྱུར། རྫུ་འཕྲུལ་བྱིན་རླབས་ཀྱི་རྩལ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་འདུན་མཛོད། དབྱངས་དང་ཐོད་རྔ་བཅས། སྤོས་རོལ་གདུང་ཤུགས་ཀྱིས་བསྐུལ་ནས་ལས་བྱང་གི་སྤྱན་འདྲེན་མཐར་འབེབས་སྔགས་དྲག་ཏུ་བརྗོད་ལ་དབབ་མཐར། དེ་ལྟར་དབབ་པའི་ཡེ་ཤེས་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་དབྱེར་མེད་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་བརྗོད་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག །དེ་ནས་དབང་དངོས་ལ་དབང་བཞི་མཐའ་རྟེན་དང་བཅས་པ་ལས། དང་པོ་ཐུན་མོང་གི་དབང་བཞིས་སྒོ་གསུམ་གྱི་སྒྲིབ་པ་སྦྱངས་ཏེ་བྱིན་རླབས་ཀྱི་སྒོ་དབྱེ། ཁྱད་པར་འཆི་མེད་ཚེའི་དབང་གིས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོར་སྨིན་པར་བྱེད། རང་རང་གི་དྭངས་མ་བསྡུ་བསྟིམ་གྱི་རྒྱས་འདེབས་གསུམ་དུ་ཡོད་པ་ལས། དང་པོ་བུམ་དབང་མཐའ་རྟེན་དང་བཅས་པའི་དོན་དུ་ཐུགས་དམིགས་འདི་ལྟར་མཛོད། བདག་མདུན་དཀྱིལ་འཁོར་གྱི་ལྷ་ཡི་ཐུགས་ཀ་ནས་སྤྲོས་པའི་རིག་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་འཆི་མེད་ཚེ་ཡི་བདུད་རྩིས་གང་བས་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང༌། དུས་མ་ཡིན་པའི་འཆི་བའི་བག་ཆགས་དང་བཅས་པ་སྦྱངས། འཆི་མེད་ཚེའི་དངོས་གྲུབ་ཐོབ། དྭངས་མ་སྙིང་དབུས་ཡེ་ཤེས་སེམས་དཔའ་པདྨ་ཚེ་དཔག་མེད་པའི་ཐུགས་ཀའི་ཧྲཱིཿལ་ཐིམ་པས་རྡོ་རྗེའི་སྲོག་འགྲུབ་པའི་མོས་པ་མཛོད། རྣམ་བུམ་ཐོགས་ལ། ཧྲཱིཿ གཞི་དབྱིངས་གཞོན་ནུ་བུམ་སྐུའི་དཀྱིལ་འཁོར་དུ༔ གཞི་སྣང་རིག་པ་ཡེ་ཤེས་ལྷ་ཚོགས་ཤར༔ ཟུང་འཇུག་ཐུགས་རྗེ་བདུད་རྩིས་དབང་བསྐུར་བས༔ འཆི་མེད་རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛཿ ཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྐབས་འདིར། སྤྲོ་ན་རིགས་པའི་དབང་ལྔ་སོགས༔ ཡེ་ཤེས་ཐིག་ལེ་ཇི་བཞིན་ལ༔ གཙོ་འཁོར་ཡོངས་རྫོགས་ལྷ་དབང་བསྐུར༔ ཞེས་གསུངས་པས་རྒྱས་པར་ཐུན་མོང་རིགས་དབང་ལྔ་རྩ་དབང་ལྟར་སྦྱོར་དགོས་པས་ཕྱི་སྒྲུབ་ཀྱི་རིགས་དབང་ལྟར་སྦྱར་ན་ལེགས་མོད་འདིར་སྤྲོས་པ་འཚམས་ཕྱིར། ཁྱེད་རང་རྣམས་རྡོ་རྗེ་ཐོད་ཕྲེང་རྩལ་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་གསལ་བ་ལས། གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བས་རྣམ་པར་རྒྱལ་བའི་བུམ་པའི་ཆུ་མི་བསྐྱོད་པའི་ངོ་བོ་ཅན་གྱིས་དབང་བསྐུར་བར་མོས་མཛོད། རྣམ་བུམ་ཐོགས་ལ། ཧཱུྃ༔ ཞེ་སྡང་རྣམ་དག་རྡོ་རྗེའི་རིགས༔ མི་བསྐྱོད་ཆུ་ཡིས་དབང་བསྐུར་བས༔ རྣམ་ཤེས་ཕུང་པོ་རང་གྲོལ་ནས༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཆུ་སྦྱིན། སྤྱི་བོར་འཐོར། བུམ་པའི་བདུད་རྩིས་ལུས་གང༌། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། དེས་མི་བསྐྱོད་པའི་སྒོ་ནས་ཆུ་ཡི་དབང་ཐོབ། ཉོན་མོངས་པ་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་རྡོ་རྗེ་རིགས་ཀྱི་སྐུ་དང་ཡེ་ཤེས་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཁྱེད་རང་རྣམས་རཏྣ་ཐོད་ཕྲེང་སེར་པོ་རིན་ཆེན་དང་དྲིལ་བུ་འཛིན་པའི་སྐུར་གསལ་བ་ལས། གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བས་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་དབུ་རྒྱན་གྱིས་དབང་བསྐུར་བར་མོས་མཛོད། དབུ་རྒྱན་ཐོགས་ལ་མགོ་བོར་བཅིངས། ཧཱུྃ༔ ང་རྒྱལ་རྣམ་དག་རིན་ཆེན་རིགས༔ རིན་འབྱུང་དབུ་རྒྱན་དབང་བསྐུར་བས༔ ཚོར་བའི་ཕུང་པོ་རང་གྲོལ་ནས༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་ཨ་བྷི་ཥིཉྩ་ཏྲཱྃ༔ བུམ་ཆུ་འཐོར་ཏེ། བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་མི༔ བུམ་པའི་བདུད་རྩིས་ལུས་གང༌། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། དེས་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་དབུ་རྒྱན་གྱི་དབང་ཐོབ། ཉོན་མོངས་པ་ང་རྒྱལ་དག །ཚོར་བའི་ཕུང་པོ་གནས་འགྱུར། རིན་ཆེན་རིགས་ཀྱི་སྐུ་དང་ཡེ་ཤེས་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཁྱེད་རང་རྣམས་པདྨ་ཐོད་ཕྲེང་དམར་པོ་པདྨ་དང་དྲིལ་བུ་འཛིན་པའི་སྐུར་གསལ་བ་ལས། གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བས་སྣང་བ་མཐའ་ཡས་ཀྱི་ངོ་བོ་རྡོ་རྗེས་དབང་བསྐུར་བར་མོས་མཛོད། རྡོ་རྗེ་ཐོགས་ལ་ལག་གཡས་སུ་གཏད། ཧཱུྃ༔ འདོད་ཆགས་རྣམ་དག་པདྨའི་རིགས༔ མཐའ་ཡས་རྡོ་རྗེས་དབང་བསྐུར་བས༔ འདུ་ཤེས་ཕུང་པོ་རང་གྲོལ་ནས༔ སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ བུམ་ཆུ་འཐོར་ལ། བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་མི༔ བུམ་པའི་བདུད་རྩིས་ལུས་གང༌། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་སྣང་བ་མཐའ་ཡས་ཀྱིས་དབུར་བརྒྱན། དེས་འོད་དཔག་མེད་པའི་སྒོ་ནས་རྡོ་རྗེའི་དབང་ཐོབ། ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་གནས་གྱུར་པདྨ་རིགས་ཀྱི་སྐུ་དང་ཡེ་ཤེས་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཁྱེད་རང་རྣམས་ཀརྨ་ཐོད་ཕྲེང་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པའི་སྐུར་གསལ་བ་ལས། གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བས་དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུས་དབང་བསྐུར་བར་མོས་མཛོད། དྲིལ་བུ་ལག་ཡོན་དུ་གཏད། ཧཱུྃ༔ ཕྲག་དོག་རྣམ་དག་ལས་ཀྱི་རིགས༔ དོན་གྲུབ་དྲིལ་བུས་དབང་བསྐུར་བས༔ འདུ་བྱེད་ཕུང་པོ་རང་གྲོལ་ནས༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ བུམ་ཆུ་འཐོར་ལ། བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་མི༔ བུམ་པའི་བདུད་རྩིས་ལུས་གང༌། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུར་བརྒྱན། དེས་དོན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི་དབང་ཐོབ། ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། ལས་ཀྱི་རིགས་ཀྱི་སྐུ་དང་ཡེ་ཤེས་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཁྱེད་རང་རྣམས་བུདྡྷ་ཐོད་ཕྲེང་མཐིང་ག་འཁོར་ལོ་དང་དྲིལ་བུ་འཛིན་པའི་སྐུར་གསལ་བ་ལས། གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བ་དང་སློབ་དཔོན་ལྷན་ཅིག་པས་རྣམ་པར་སྣང་མཛད་ཀྱི་ངོ་བོ་རྡོ་རྗེའི་མིང་གིས་དབང་བསྐུར་བར་མོས་མཛོད། རྡོར་དྲིལ་ལྷན་ཅིག་པ་སྤྱི་བོར་འཁྲོལ་ལ། ཧཱུྃ༔ གཏི་མུག་རྣམ་དག་བདེ་གཤེགས་རིགས༔ སྣང་མཛད་མིང་གིས་དབང་བསྐུར་བས༔ གཟུགས་ཀྱི་ཕུང་པོ་རང་གྲོལ་ནས༔ ཆོས་དབྱིངས་ཡེ་ཤེས་ཐོབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་འཐོར་ལ། བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་མི༔ བུམ་པའི་བདུད་རྩིས་ལུས་གང༌། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། དེས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་མིང་གི་དབང་ཐོབ། ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་གནས་གྱུར། དེ་བཞིན་གཤེགས་པའི་རིགས་ཀྱི་སྐུ་དང་ཡེ་ཤེས་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱང་འོད་ཕུང་གི་རྣམ་པས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །མེ་ཏོག་འཐོར་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། མཆོད་པའི་བྱེ་བྲག་རྣམས་ཀྱིས་མཆོད་ཅིང་ཤིས་པ་བརྗོད་པས་མངའ་གསོལ་བར་མོས་ཤིག །ཉེར་སྤྱོད་ལྔ་བཏེགས་ལ། ཨོཾ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་ཤིས་པ་བརྗོད། ནུས་འཇུག་གི་རྡོ་རྗེ་གསུམ་གྱི་དམ་ཚིག་སྦྱིན་པ་དང་རྡོ་རྗེ་སློབ་དཔོན་གྱི་དབང་རྣམས་མི་དགོས་ལ། དེ་དག་གིས་སྣང་བཅས་ཕུང་ཁམས་ཀྱི་ཆོས་ཀུན་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་རུ་ཤར་བའི་དབང་གིས་སྨིན་པའི་བྱིན་རླབས་བརྟན་ཞིང་གོང་འཕེལ་དུ་བྱ་བའི་ཕྱིར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། མདུན་བསྐྱེད་ལྷ་ཚོགས་རྣམས་ལས་རང་འདྲའི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་སྤྲོས་ནས་ཁྱེད་རང་རྣམས་ལ་ཐིམ་པས་འཆི་མེད་རྡོ་རྗེའི་སྐུ་རུ་དབང་བསྐུར་བྱིན་གྱིས་བརླབ་པར་མོས་མཛོད། ཧྲཱིཿ ཆོས་དབྱིངས་མཐའ་དབུས་བྲལ་བ་ནས། །རྒྱལ་ཀུན་གསུང་གི་རྡོ་རྗེའི་ཚུལ། །འོད་སྣང་མཐའ་ཡས་དབང་བསྐུར་བས། །ཀ་དག་ཆོས་སྐུའི་ཚེ་ཐོབ་ཤོག ཨོཾ་ཨཱཿཧཱུྃ་དྷརྨ་ཀཱ་ཡ་ཨ་མི་ཏ་བྷ་ཨ་བྷི་ཥིཉྩ་ཨ། ཧྲཱིཿ འོད་གསལ་རང་སྣང་བདེ་ཆེན་ཞིང༌། །རིགས་ཀུན་ཁྱབ་བདག་ཚེ་མཐའ་ཡས། །པདྨ་དྲྭ་བས་དབང་བསྐུར་བས། །མི་འགྱུར་རྡོ་རྗེའི་སྲོག་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་སཾ་བྷོ་ཀཱ་ཡ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཨ། ཧྲཱིཿ ཐུགས་རྗེ་མཁའ་ཁྱབ་ཞིང་ཁམས་ནས། །སྤྲུལ་པའི་སྒྱུ་འཕྲུལ་རྒྱུན་མི་ཆད། །མཚོ་སྐྱེས་རྡོ་རྗེས་དབང་བསྐུར་བས། །སྐྱེ་འཆི་མེད་པའི་ཚེ་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་ནིརྨ་ཀཱ་ཡ་གུ་རུ་ཨ་བྷི་ཥིཉྩ་ཨ། ཧྲཱིཿ བདེ་ཆེན་འཁོར་ལོའི་དཀྱིལ་འཁོར་ནས། །སྣང་སྟོང་གཉིས་མེད་རྡོ་རྗེའི་སྐུ། །བུདྡྷ་ཐོད་ཕྲེང་དབང་བསྐུར་བས། །སྐྱེ་འཆི་མེད་པའི་ཚེ་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བུདྡྷ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་ཨ། ཧྲཱིཿ ལོངས་སྤྱོད་འཁོར་ལོའི་དཀྱིལ་འཁོར་ནས། །གྲགས་སྟོང་གཉིས་མེད་རྡོ་རྗེའི་གསུང༌། །པདྨ་ཐོད་ཕྲེང་དབང་བསྐུར་བས། །གཞོམ་གཞིག་བྲལ་བའི་ཚེ་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་པདྨ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་ཨ། ཧྲཱིཿ ཆོས་ཀྱི་འཁོར་ལོའི་དཀྱིལ་འཁོར་ནས། །རིག་སྟོང་དབྱེར་མེད་རྡོ་རྗེའི་ཐུགས། །བཛྲ་ཐོད་ཕྲེང་དབང་བསྐུར་བས། །འཕོ་འགྱུར་མེད་པའི་ཚེ་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་ཨ། ཧྲཱིཿ སྤྲུལ་པའི་འཁོར་ལོའི་དཀྱིལ་འཁོར་ནས། །ཡོན་ཏན་ལྷུན་རྫོགས་ངོ་བོ་ཉིད། །རཏྣ་ཐོད་ཕྲེང་དབང་བསྐུར་བས། །བྲི་གང་བྲལ་བའི་ཚེ་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་རཏྣ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་ཨ། ཧྲཱིཿ བདེ་སྐྱོང་འཁོར་ལོའི་དཀྱིལ་འཁོར་ནས། །གང་འདུལ་ཕྲིན་ལས་བཞི་ཡི་གར། །ཀརྨ་ཐོད་ཕྲེང་དབང་བསྐུར་བས། །བྱ་རྩོལ་མེད་པའི་ཚེ་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་ཀརྨ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་ཨ། ཧྲཱིཿ རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ནས། །ཞི་བའི་ཕྲིན་ལས་སྒྲུབ་མཛད་པ། །བཛྲ་དབང་ཆེན་དབང་བསྐུར་བས། །མི་མཐུན་ཕྱོགས་ཀུན་ཞི་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་ཧྱ་གྲཱྀ་བ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ རིན་ཆེན་རིགས་ཀྱི་དཀྱིལ་འཁོར་ནས། །རྒྱས་པའི་ཕྲིན་ལས་སྒྲུབ་མཛད་པ། །རཏྣ་དབང་ཆེན་དབང་བསྐུར་བས། །ཚེ་དཔལ་ཡོན་ཏན་རྒྱས་གྱུར་ཅིག །ཨོཾ་ཨཱཿཧཱུྃ་རཏྣ་ཧྱ་གྲཱྀ་བ་ཨ་བྷི་ཥི་ཉྩ་ཧཱུྃ། ཧྲཱིཿ པདྨ་རིགས་ཀྱི་དཀྱིལ་འཁོར་ནས། །དབང་གི་ཕྲིན་ལས་སྒྲུབ་མཛད་པ། པདྨ་དབང་ཆེན་དབང་བསྐུར་བས། །སྣང་སྲིད་རླུང་སེམས་དབང་འདུས་ཤོག །ཨོཾ་ཨཱཿཧཱུྃ་པདྨ་ཧྱ་གྲཱྀ་བ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ནས། །དྲག་པོའི་ཕྲིན་ལས་སྒྲུབ་མཛད་པ། །ཀརྨ་དབང་ཆེན་དབང་བསྐུར་བས། །དགྲ་བགེགས་གཟུང་འཛིན་ཚར་གཅོད་ཤོག །ཨོཾ་ཨཱཿཧཱུྃ་ཀརྨ་ཧྱ་གྲཱྀ་བ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ ཤར་སྒོ་བྱམས་པའི་དཀྱིལ་འཁོར་ནས། །ས་ཁམས་ཤ་ཡི་ཚེ་བདག་མོ། །སངས་རྒྱས་སྤྱན་མས་དབང་བསྐུར་བས། །རྡོ་རྗེའི་ཚེ་སྲོག་སྲ་བརྟན་ཤོག །ཨོཾ་ཨཱཿཧཱུྃ་ལཱྃ་དེ་ཥ་ར་ཏི་སྟྭྃ། ཧྲཱིཿ ལྷོ་སྒོ་སྙིང་རྗེའི་དཀྱིལ་འཁོར་ནས། །ཆུ་ཁམས་ཁྲག་གི་ཚེ་བདག་མོ། །མ་མཱ་ཀི་ཡིས་དབང་བསྐུར་བས། །ཚེ་སྲོག་ཆུ་ལྟར་རིང་བར་ཤོག །ཨོཾ་ཨཱཿཧཱུྃ་མཱྃ་མོ་ཧ་ར་ཏི་སྟྭྃ། ཧྲཱིཿ ནུབ་སྒོ་དགའ་བའི་དཀྱིལ་འཁོར་ནས། །མེ་ཁམས་དྲོད་ཀྱི་ཚེ་བདག་མོ། །གོས་དཀར་མོ་ཡིས་དབང་བསྐུར་བས། །ཚེ་སྲོག་མེ་ལྟར་འབར་གྱུར་ཅིག །ཨོཾ་ཨཱཿཧཱུྃ་པྱཱྃ་ར་ག་ར་ཏི་སྟྭྃ། ཧྲཱིཿ བྱང་ཕྱོགས་བཏང་སྙོམས་དཀྱིལ་འཁོར་ནས། །རླུང་ཁམས་དབུགས་ཀྱི་ཚེ་བདག་མོ། །དམ་ཚིག་སྒྲོལ་མས་དབང་བསྐུར་བས། །ཚེ་སྲོག་རླུང་ལྟར་ཁྱབ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་ཏཱྃ་བཛྲ་ར་ཏི་སྟྭྃ། །དེ་ནས་ཚེ་ཡི་དངོས་གྲུབ་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་འཚལ། སློབ་དཔོན་འཆི་མེད་པདྨ་འབྱུང་གནས་སུ་གསལ་བའི་གནས་ལྔར་ཐོད་ཕྲེང་རིགས་ལྔའི་ཐུགས་ཀར་ཕྱག་མཚན་ལྔ་ཡིག་འབྲུ་ལྔས་མཚན་པ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་དང༌། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང༌། འབྱུང་བཞིའི་དྭངས་མ་འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེའི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་ལ་ཐིམ་པས་རྡོ་རྗེ་ཚེའི་བཅུད་ལེན་དུ་གྱུར་པར་མོས་མཛོད། ཅེས་དང༌། མདའ་དར་གཡབ་ལ། ཧྲཱིཿ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ སོགས་ཚེ་འགུགས་ལས་བྱང་བཞིན་བརྗོད། དེ་དག་གིས་སྣང་བཅས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བསྒྲུབ་པའི་རྫས་རྣམས་ལ་བརྟེན་ཏེ། སྐུ་བུམ་པའི་དབང་ཡན་ལག་དང་བཅས་པ་བསྐུར་བས། དག་བྱ་ལུས་ཀྱི་སྒྲིབ་པ་དག །བསྐྱེད་བཟླས་ཕྲིན་ལས་དང་བཅས་པ་ལ་དབང༌། འབྲས་བུ་སྐྱེ་འཆི་མེད་པ་རྡོ་རྗེའི་ཚེ་དང་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གཉིས་པ་གསང་བའི་དབང་སྦྱིན་པ་ལ་ནམ་མཁར་བཞུགས་པའི་ལྷ་རྣམས་རང་རང་གི་ཤེས་རབ་མ་དང་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་དྷཱུ་ཏིའི་ནང་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་འཁྱིལ་བ་དེ་ཉིད་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ཁྱེད་རང་རྣམས་ཀྱི་ལྕེ་ལ་བཞག་པར་མོས་ཤིག །གསང་རྫས་བདུད་རྩི་མགྲིན་པར་བཞག་ཅིང༌། ཧྲཱིཿ བདེ་བ་ཆེན་པོ་པདྨ་ཐོད་ཕྲེང་དང༔ སྟོང་ཉིད་ཤེས་རབ་མནྡྷ་ར་བ་ཡུམ༔ གཉིས་མེད་མཉམ་སྦྱོར་བྱང་སེམས་འདི་བྱིན་པས༔ ལས་རླུང་ཡེ་ཤེས་ཁམས་སུ་དག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲགུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛཿ བྷོ་དྷི་ཙིཏྟ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ བདུད་རྩི་མྱང་དུ་གཞུག །མགྲིན་པ་ནས་ཐིག་ལེ་འཕེལ་བས་རྩ་ཁམས་གང༌། དུག་གསུམ་གྱི་རྟོག་པ་འགགས། ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་བ་གསང་དབང་གི་ཡེ་ཤེས་ཏེ། དེའི་ངོ་བོ་གསལ་སྟོང་རྣམ་པར་མི་རྟོག་པའི་ངང་དུ་དར་གཅིག་མཉམ་པར་འཇོག་འཚལ། ཞེས་ཉམས་བསྐྱང་དུ་གཞུག །རྗེས་འབྲེལ་སྔགས་ཀྱི་བཟླས་ལུང་དང༔ ཞེས་གསུངས་པས། དེ་ལྟར་སྒྲར་གྲགས་པ་ཕྱེད་སྣང་ངག་རླུང་གི་ཁམས་ཀུན་ཁྱབ་བདག་བླ་མ་འཆི་མེད་པདྨ་ཐོད་ཕྲེང་རྩལ་གྱི་གསུང་དབྱངས་གཞོམ་མེད་རྡོ་རྗེ་ནཱ་དའི་ངོ་བོར་དག་པའི་ཕྱིར་བཟླས་པའི་ལུང་སྦྱིན་པ་ལ། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་གཉིས་སུ་མེད་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་ཡབ་ཡུམ་གྱི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ་ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུང༌། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་དྭངས་མའི་ས་བོན་གྱི་མཐར་འཁོར་བར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛཿ ཞེས་ལན་གསུམ་ཕྲེང་བ་སྦྲེལ་ཏེ་བཟླ། འདི་ལྟར་གྲགས་པ་ཐམས་ཅད་ཁྱབ་བདག་བླ་མ་འཆི་མེད་པདྨ་ཐོད་ཕྲེང་རྩལ་གྱི་གསུང་དབྱངས་གཞོམ་མེད་ཡི་གེའི་འཁོར་ལོའི་གྲགས་སྟོང་བརྗོད་པ་དང་བྲལ་བ་ལས་སྒྲའི་ཚུལ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་གྱིས་ཤིག །འཁོར་འདས་བརྟན་གཡོའི་དྭངས་བཅུད་གཅིག་ཏུ་འདུས་པའི་འཆི་མེད་བྱང་ཆུབ་སེམས་ཀྱི་བདུད་རྩི་བདེ་སྟོང་རྣམ་པར་རོལ་པའི་སྤྲིན་གྱི་དྭངས་མའི་ཐིག་ལེས་རྩ་ཁམས་ཐམས་ཅད་ལ་ཁྱབ་སྟེ་ཁམས་ཞུ་བའི་བདེ་བས་དུག་གསུམ་གྱི་རྣམ་རྟོག་སྦྱངས། ནད་མེད་བདེ་བའི་ཡེ་ཤེས་ཀྱི་ལང་ཚོའི་དཔྱིད་ཐོབ་པར་མོས་ཤིག །ཚེ་ཆང་སྦྱིན་ཏེ། ཧྲཱིཿ ཐབས་མཆོག་འོད་ཟེར་རྣམ་ལྔའི་རིགས་མདངས་ཀྱིས༔ འཁོར་འདས་ཚེ་དང་ཡེ་ཤེས་བསྡུས་པའི་བཅུད༔ ཤེས་རབ་མྱོང་གྲོལ་བདུད་རྩི་འདི་བྱིན་པས༔ འཆི་མེད་རིག་འཛིན་འགྲུབ་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛཿ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ གཞུང་རྩ་བ་ལས། སྐབས་སུ་འཇུག་གནས་ལྡང་བའི་རླུང༔ འབྲུ་གསུམ་སྔགས་དང་སྦྱར་ལ་བཟླ༔ སྲོག་གི་ལྕགས་ཀྱུས་ཚེ་བཅུད་བཀུག༔ ཁ་སྦྱོར་རླུང་བསྡམས་བུམ་ཅན་བཟུང༔ ཞེས་གསུངས་པས་གཞིར་གནས་ཀྱི་རླུང་གདོད་ནས་རང་བྱུང་རྡོ་རྗེའི་བཟླས་པར་ལྷུན་གྱིས་གྲུབ་པས་གཞོམ་མེད་གསང་བ་ཆེན་པོའི་རྡོ་རྗེའི་སྲོག་བསྒྲུབ་པའི་ཕྱིར་རླུང་ལ་བརྟེན་པའི་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་འདི་ལྟར་མཛོད། ཁྱེད་རང་རྣམས་འཆི་མེད་པདྨ་འབྱུང་གནས་ཡབ་ཡུམ་ཡེ་ཤེས་སེམས་དཔའི་ཐུགས་སྲོག་གི་ཧྲཱིཿདྭངས་གསལ་བདེ་བའི་གཟི་འོད་རབ་ཏུ་འབར་ཞིང་རྒྱས་པ་ལ། སྣོད་བཅུད་འཁོར་འདས་ཀྱི་དྭངས་མ་འོད་ལྔ་ཡེ་ཤེས་ཀྱི་རླུང་དུ་ཞུ་བ་སྣ་བུག་གཉིས་ནས་རླུང་ནང་དུ་འཇུག་པ་དང་སྦྲགས་སིབ་ཀྱིས་ཞུགས་ཏེ་སྙིང་གའི་ས་བོན་ལ་ཐིམ་པས་མི་ཤིགས་རྡོ་རྗེའི་སྲོག་དང་རོ་གཅིག་ཏུ་འདྲེས་པས་འཆི་མེད་གཉུག་མའི་ཚེ་གྲུབ་པར་མོས་ལ་རྡོ་རྗེའི་བཟླས་པ་མཛོད། འབྱུང་འཇུག་གནས་གསུམ། ཨོཾ་ཨཱཿཧཱུྃ་དང་སྦྱར་བའི་འབྲུ་གསུམ་རྡོ་རྗེའི་བཟླས་པའོ། །བུམ་ཅན་དང་སྦྲགས་པའི་རྡོར་བཟླས་ལན་གསུམ་མམ་བདུན་བྱ། དེ་དག་གིས་ནང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཞུ་བདེའི་རྫས་ལ་བརྟེན་ནས་གསུང་གསང་བའི་དབང་མཐའ་རྟེན་དང་བཅས་པ་བསྐུར་བས། དག་བྱ་ངག་གི་སྒྲིབ་པ་དག །རླུང་སེམས་སྒྱུ་མ་ལྟ་བུའི་ཡེ་ཤེས་བདག་བྱིན་བརླབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་གཞོམ་གཞིག་བྲལ་བའི་རྡོ་རྗེ་ནཱ་དའི་ཚེ་དང་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱག་རྒྱ་མ་རྒྱན་གྱིས་བརྒྱན་པའི་འདོད་ཡོན་ལས་བྱུང་བའི་བདེ་བ་མཐའ་དག་སྒྱུ་མ་ལྟ་བུར་ཤེས་པ་དང་ཕྱག་རྒྱ་བཞི་སྦྱོར་བདེ་ཆེན་རང་བྱུང་གི་ཡེ་ཤེས་སད་པར་མོས་ཤིག །རིག་ཙཀ་བསྟན་ལ། ཧྲཱིཿ ལྷན་སྐྱེས་ཡེ་ཤེས་འབྱུང་བའི་གནས་གཅིག་པུ༔ ཡིད་འོང་སྣ་ཚོགས་གཟུགས་ཅན་འདི་གཏད་པས༔ བདེ་སྟོང་རྣམ་ཀུན་མཆོག་ལྡན་འོད་གསལ་ངང༔ ཟུང་འཇུག་སྒྱུ་མའི་གནས་ལུགས་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ནཨཱ་ཡུར་སིདྡྷི་ཛཿ པྲཛྙཱ་ཛྙཱ་ན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཁྱེད་རང་རྣམས་དང་གཏད་པའི་རིག་མ་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་དུ་གསལ་བ་ལྷའི་འདུ་ཤེས། མཁའ་གསང་རྡོ་རྗེ་པདྨར་བྱིན་གྱིས་བརླབས་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལས་བདེ་བ་ཆེན་པོ་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ་དེ་ལྟར་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པའི་རྐྱེན་གྱིས་ཡས་བབ་དང་མས་བརྟན་གྱི་དགའ་བཞི་རིམ་པར་ཉམས་སུ་མྱོང༌། བདེ་སྟོང་དབྱེར་མེད་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱིས་ཐམས་ཅད་ལ་ཁྱབ་ཅིང་བརྟན་པའི་མོས་པ་མཛོད་ཅིག །སྲིད་ཞིའི་དྭངས་མ་འདུས་པའི་ཚེ་རིལ་འདི་ཉིད་ཡེ་ཤེས་སེམས་དཔའ་སྐུ་ཆུང་ལ་ཡན་ལག་རྫོགས་པའི་གཟུགས་ཀྱིས་ཁའི་སྒོར་བྱོན། སྙིང་དབུས་ཉི་ཟླའི་གྭའུར་བཞུགས་པས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་མོས་ཤིག །ཚེ་རིལ་སྦྱིན་ལ། ཧྲཱིཿ སྲིད་དང་ཞི་བའི་དྭངས་བཅུད་འདུས་པའི་དངོས༔ འཆི་མེད་བདུད་རྩིའི་རིལ་བུ་འདི་བྱིན་པས༔ རྩ་རླུང་ཐིག་ལེའི་སྒྲིབ་གཉིས་ཀུན་ཞི་ནས༔ དགའ་བཞིའི་ཡེ་ཤེས་རྟག་ཏུ་རྒྱས་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿ་བཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེའི་མཐའ་རྟེན་དུ། འབར་འཛག་སྙོམས་འཇུག་འོད་ཟེར་གྱིས༔ ཐུན་མོང་མཆོག་གི་དྭངས་མ་བསྡུ༔ ཞེས་གསུངས་པས་ཡས་བབ་འབར་འཛག་གིས་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་འདི་ལྟར་མཛོད། རང་ཉིད་འཆི་མེད་པདྨ་འབྱུང་གནས་ཡབ་ཡུམ་སྙོམས་པར་འཇུག་པའི་རྗེས་ཆགས་ཀྱི་མེས་ལྟེ་བའི་གཏུམ་མོ་འབར། འཁོར་ལོ་བཞི་བརྒྱུད། སྤྱི་བོའི་ཧྃ་ལ་རེག་པས་ཞུ་བདེའི་ཉམས་རྒྱས། བདུད་རྩིའི་དྭངས་མ་གནས་ནས་གཡོས་ཡས་བབ་ཀྱི་དགའ་བཞིས་ཐོད་ཕྲེང་རིགས་ལྔ་བསྐུལ། ཀུན་ཀྱང་བཟོད་མེད་ཀྱི་བདེ་བས་སྙོམས་པར་ཞུགས་པའི་འོད་ཀྱིས་བརྟན་གཡོ་ཀུན་ལ་ཁྱབ། བདེ་ཆེན་དྭངས་མའི་བཅུད་དུ་ཞུ་བ་རང་གི་སྒོ་གསུམ་ལ་སིབ་ཀྱིས་ཐིམ་པས་རྩ་རླུང་ཐིག་ལེའི་ཁམས་ཉམས་པ་གསོས། རླུང་ཡོ་བ་བསྲངས། འཕོ་མེད་བདེ་བ་ཆེན་པོའི་ལང་ཚོ་ཐོབ། དཀར་དམར་དྭངས་མ་ཐམས་ཅད་མི་ཤིགས་ཐིག་ལེའི་ཀློང་དུ་རྒྱས་བཏབ་པར་བསམ་ལ་དྲག་རླུང་བུམ་པ་ཅན་ལ་གནད་དུ་བསྣུན་པར་མཛོད་ཅིག །ཅེས་བྱས་ལ་དཔོན་སློབ་ཀུན་གྱིས་བུམ་ཅན་བདུན་ནམ་གསུམ་བཟུང་ལ་དམིགས་པ་གཅུན། དེས་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཁ་སྦྱོར་གྱི་བདེ་བ་ལ་བརྟེན་ནས་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ། དག་བྱ་ཡིད་ཀྱི་སྒྲིབ་པ་དག །འཕོ་མེད་བདེ་བ་ཆེན་པོའི་ཡེ་ཤེས་སྒོམ་པ་ལ་དབང༌། འབྲས་བུ་ཐུགས་གཡོ་འཁྲུལ་མེད་པ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །བཞི་པ་ཚིག་དབང་རིན་པོ་ཆེའི་ངོ་སྤྲོད་འབོག་པ་ལ་ཁྱེད་རྣམས་ལུས་གནད་དྲང་པོར་བསྲང་ལ་ལྟ་སྟངས་གནད་དུ་གཅུན་ཏེ་རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་ལ་མིག་གཏད་པས། དབྱིངས་ཀ་དག་སྟོང་པའི་ཡེ་ཤེས་མེ་ལོང་དྭངས་གསལ་ལྟ་བུ་དང༌། རིག་གདངས་འོད་གསལ་ཤེལ་ལས་འཇའ་ཚོན་བྱུང་བ་ལྟར་ལྷུན་གྱིས་གྲུབ་པ། དེ་གཉིས་དབྱེར་མེད་ཟུང་འཇུག་གི་བརྡ་དོན་ཐབས་འདིས་ངོ་སྤྲད་པའི་དོན་གོ་བས་མཉམ་པར་ཞོག་ཅིག །མེ་ལོང་དང་ཤེལ་རྡོ་ཕྱར་ལ། ཧྲཱིཿ ཀ་དག་སྤྲོས་པ་བྲལ་བའི་ཡེ་ཤེས་ལས༔ ལྷུན་གྲུབ་སྣང་བ་རྣམ་བཞིའི་དཀྱིལ་འཁོར་ཤར༔ དབྱིངས་རིག་དབྱེར་མེད་ཆེན་པོས་དབང་བསྐུར་བས༔ ཆོས་ཟད་བློ་འདས་གོ་འཕང་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛཿ ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཧྲཱིཿ ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག་ལ། ཁྱེད་རང་རྣམས་ཀྱི་ལུས་མི་ཤིགས་རྡོ་རྗེའི་གོ་ཆས་གཡོགས། །དྭངས་མའི་རྩ་རླུང་ཐིག་ལེའི་བཅུད་རྣམས་བདེ་ཆེན་འོད་གསལ་གྱི་སྲོག་ཏུ་བསྟིམ། གཉུག་མའི་མི་འགྱུར་རིག་པའི་རང་ངོར་སྐྱེ་ཤིའི་མཚན་མ་གདོད་ནས་མ་གྲུབ་པ་འཆི་མེད་གཉུག་མའི་དོན་ལ་མཉམ་པར་འཇོག་པར་ཞུ། ཨཱཿ སྲིད་ཞི་ཀུན་ཁྱབ་རྡོ་རྗེའི་ཚེ༔ ཐིག་ལེ་ཉག་གཅིག་ཀློང་དུ་ཐིམ༔ སྣང་གྲགས་རིག་གསུམ་ལྷ་དང་སྔགས༔ ཡེ་ཤེས་རོལ་པས་རྒྱས་གདབ་བོ༔ ཀཱ་ཡ་ཝཱཀ་ཙིཏྟ་ཨཱ་ཡུརྫྙཱ་ན་དྷརྨ་དྷཱ་ཏུ་བཛྲ་རཀྵ་བྷྲཱུྃ༔ རྗེས་འབྲེལ་འཆི་མེད་རྡོ་རྗེ་གསུམ་གྱི་དབང་གི་བྱིན་རླབས་བརྟན་པའི་ཕྱིར། བདེ་སྟོང་ཟུང་འཇུག་ཐིག་ལེའི་ངང༔ ལྷན་སྐྱེས་ཕྱག་ཆེན་དོན་ལ་ལྟ༔ སྐྱེ་མེད་ནམ་མཁའི་བཅུད་ལེན་བྱ༔ ཞེས་གསུངས་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་དྭངས་མ་འོད་ཟེར་མཐིང་གསལ་ནམ་མཁའ་གཅིག་ཏུ་གྱུར། དེ་ཉིད་རང་རང་གི་སྣ་བུག་ནས་ཞུགས་དྷུ་ཏིའི་ཡེ་ཤེས་བརྒྱུད་སྙིང་དབུས་རིག་སྟོང་ཡེ་ཤེས་ཆེན་པོའི་ཐིག་ལེར་འདྲེས་པས་སྐྱེ་འཆི་རང་དག་རྡོ་རྗེ་ཡེ་ཤེས་ཀྱི་ཚེ་ཐོབ་པར་མོས་ལ་མཉམ་པར་ཞོག་ཅིག །དེ་དག་ནི་དབང་གཞུང་ལས། སྤྲོ་ན་དབང་བཞི་སོ་སོའི་མཐར༔ རང་རང་ལམ་གྱི་སྲིད་དང་ཞིའི༔ ཚེ་བཅུད་སྡུད་པའི་དམིགས་པ་སྦྱིན༔ ཞེས་པའི་དོན་ནོ། །དེས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བརྡ་དོན་ཐབས་ལ་བརྟེན་ནས། བཞི་པ་ཚིག་གི་དབང་བསྐུར་བས་དག་བྱ་ཤེས་བྱའི་སྒྲིབ་པ་དག །ཟུང་འཇུག་མི་གནས་པའི་ཏིང་འཛིན་བསྒོམ་པ་ལ་དབང༌། འབྲས་བུ་བདེ་ཆེན་ཡེ་ཤེས་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ལྔ་པ་རྡོ་རྗེ་བཞི་ཡི་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་དུ་སྨིན་ཅིང་གྲོལ་བར་བྱེད་པའི་བྱིན་རླབས་དང་དངོས་གྲུབ་ཀྱི་རྒྱུན་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་དུ་སྤེལ་ཞིང་བརྟན་པའི་ཕྱིར་མཐའ་རྟེན་གཏོར་མའི་དབང་བསྐུར་བ་ལ། གཏོར་སྣོད་རིན་ཆེན་འབར་བའི་གཞལ་ཡས་ཁང་འཆི་མེད་པདྨ་དྲྭ་བའི་ཕོ་བྲང་དང་ཐ་དད་མེད་པའི་ནང་དུ། རིགས་ཀུན་ཁྱབ་བདག་གུ་རུ་པདྨ་འབྱུང་གནས་འཆི་མེད་ཚེ་འོད་དཔག་མེད་ཀྱི་རིགས་བདག་དང་བཅས་པ་ལ། གུ་རུ་ཐོད་ཕྲེང་སྡེ་ལྔ། སྤྲུལ་པའི་མཚན་བརྒྱད། བདུད་འཇོམས་དབང་ཆེན་རིགས་བཞི་སྟེ་འཆི་མེད་པདྨ་དྲྭ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་བཅས་སྤྲིན་གཏིབས་པ་ལྟར་བཞུགས་པའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལས་ངོ་བོ་རྡོ་རྗེའི་ཡེ་ཤེས་རྣམ་པ་བདུད་རྩིའི་འོད་ཟེར་དཀར་དམར་མཐིང་གསུམ་གྱི་མདངས་ཅན་འཆར་ཁའི་ཟེར་ཐག་ལྟ་བུ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་སྐྱེ་འཆིའི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། དབང་བཞིའི་ཡེ་ཤེས་རྩོལ་མེད་དུ་སྐྱེས། འཆི་མེད་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་དུ་བསམ་ལ་ཡིད་ཆེས་མོས་གུས་གཅིག་ཏུ་བསྐྱེད་ཅིག །ཅེས་བརྡ་སྦྱར། ཧྲཱིཿ ངོ་བོ་འོད་གསལ་ཆོས་སྐུ་སྣང་མཐའ་ཡས༔ རང་བཞིན་བདེ་སྟོང་ལོངས་སྐུ་ཚེ་དཔག་མེད༔ ཐུགས་རྗེ་འཆི་མེད་པདྨ་ཐོད་ཕྲེང་སོགས༔ རབ་འབྱམས་རྩ་གསུམ་ཚེ་ཡི་ལྷ་ཚོགས་ཀྱིས༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བླ་ཚེ་ཆད་ཉམས་ཡར་བ་རང་སོར་ཆུད༔ སྲིད་དང་ཞི་བའི་ཚེ་བཅུད་དབུ་མར་ཐིམ༔ སྒོ་གསུམ་འཆི་མེད་གཉུག་མའི་སྲོག་འགྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛཿ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་བ་ལིཾ་ཏ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཨཱཿ དེ་དག་གིས་འཆི་མེད་རྡོ་རྗེ་ཚེ་ཡི་དབང་བསྐུར་ཟབ་རྒྱས་ཐུན་མོང་མ་ཡིན་པ་བསྐུར་བས་སྒོ་གསུམ་འཆི་བདག་གི་གཡུལ་ལས་རྒྱལ། སྐྱེ་འཆི་གཞོམ་གཞིག་དང་བྲལ་བའི་བདེ་ཆེན་རྟག་པའི་ལང་ཚོ་ཐོབ་པ་ལ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་གྱི་སྲིད་ཞིའི་དཔལ་འབྱོར་ཕུན་སུམ་ཚོགས་པས་མངའ་གསོལ་ཞིང་ཤིས་པར་བརྗོད་པས་ས་གསུམ་ཀུན་ཏུ་དགེ་བའི་མེ་ཏོག་གི་ཆར་དུ་བསྙིལ་བར་མོས་ཤིག །བཀྲ་ཤིས་རྟགས་བརྒྱད་གཏད་ལ། བཀྲ་ཤིས་ཚོགས་གཉིས་དཔལ་གྱི་ཆུ་གཏེར་ལས། །བཀྲ་ཤིས་མཚན་དཔེའི་ཉི་ཟླ་འཆར་བའི་གཟུགས། །བཀྲ་ཤིས་རྟགས་མཆོག་བརྒྱད་ཀྱིས་མངའ་གསོལ་བས། །བཀྲ་ཤིས་འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག །མངྒ་ལཾ་ཨཥྚ་ཀུ་རུ་ཧོཿ བཀྲ་ཤིས་རྫས་བརྒྱད་གཏད་ལ། དགེ་ལེགས་སྟོབས་བཅུའི་དབང་དང་རྫུ་འཕྲུལ་ཅན། །དགེ་ལེགས་འཇིག་རྟེན་འདྲེན་པར་བྱོན་པའི་ཚེ། །དགེ་ལེགས་རྫས་སུ་བསྔགས་པ་འདི་གཏད་པས། །དགེ་ལེགས་ཚངས་པའི་དབྱངས་སྙན་སྒྲོགས་པར་ཤོག །མངྒ་ལཾ་དྲ་བྱམ་ཀུ་རུ་ཧོཿ རྒྱལ་སྲིད་སྣ་བདུན་གཏད་ལ། ཕུན་ཚོགས་སྡེ་བཞིའི་དཔུང་ལྡན་འཁོར་ལོས་བསྒྱུར། །ཕུན་ཚོགས་ཕྱོགས་ལས་རྣམ་རྒྱལ་མངའ་ཐང་གི །ཕུན་ཚོགས་རིན་ཆེན་བདུན་གྱི་འབྱོར་པ་ཡིས། །ཕུན་ཚོགས་མཁྱེན་བརྩེ་ནུས་ལྡན་ཚེ་ཐོབ་ཤོག །སཔྟ་རཏྣ་ལཀྵིཾ་ཀུ་རུ་ཧོཿ སྐབས་སུ་བབ་པའི་ཤིས་བརྗོད་དང་བཅས་མེ་ཏོག་གིས་ཆར་བསྙིལ་བཞིན་རོལ་མོ་རྒྱུན་རིང་དུ་འཁྲོལ་བས་དགེ་ལེགས་སུ་བྱའོ། །དེ་དག་རྣམས་ཀྱིས་རྩ་གསུམ་འོད་གསལ་སྙིང་ཐིག་གི་འཆི་མེད་ཚེ་ཡི་ཟབ་དབང་ཐུན་མོང་མ་ཡིན་པ་ཐོབ་པའི་དགོས་པ་ཡང༌། དེ་ལྟར་རྩ་གསུམ་ཀུན་འདུས་པ༔ འཆི་མེད་དྲྭ་བའི་དཀྱིལ་འཁོར་དུ༔ སྨིན་བྱེད་དབང་བཞིའི་རིམ་པ་འདིས༔ མཐར་ཐུག་ཡེ་ཤེས་སྙིང་པོར་སྦྱོར༔ གནས་སྐབས་དུས་མིན་འཆི་བ་དང༔ རྩ་རླུང་ཐིག་ལེའི་གེགས་ཀུན་ཞི༔ རྡོ་རྗེ་ཚེ་ལ་དབང་ཐོབ་པའི༔ རིག་པ་འཛིན་པའི་གཟུགས་སུ་འགྱུར༔ ཞེས་གནས་སྐབས་དང་མཐར་ཐུག་གི་དགོས་པའི་ཁྱད་པར་དུ་མ་དང་ལྡན་པར་བསྔགས་པ་དོན་ལ་གནས་པའི་དབང་བསྐུར་རྒྱས་པར་གྲུབ་པ་ལགས་པས། སྔགས་ཀྱི་རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་སྤྱི་དང༌། ཁྱད་པར་རྡོ་རྗེའི་ཚེ་ཡི་འགལ་རྐྱེན་སྲོག་གཅོད། རྟེན་གསུམ་གཞིག་གཞོམ་སོགས་སྤང་བྱ། ཚོགས་གཉིས་ཀྱི་སྒོ་ཁྱད་པར་ཅན་བསགས་པ་སོགས་བསྒྲུབ་བྱའི་རིགས་ལ་བརྩོན་པའི་གཡར་དམ་བཞེས་པ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་བླང༌། གཏང་རག་མཎྜལ་ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྲོལ་སློབ་དཔོན་གྱིས་ཆོ་གའི་རྗེས་རིམ་རྣམས་མཐའ་རྒྱས་སུ་བྱའོ། །གཉིས་པ་ཐུན་མོང་གི་སྨིན་བྱེད་ནི། གདུལ་བྱ་སྤྲོས་པ་ལ་དགའ་ཞིང་ཟབ་ལམ་གྱི་ཉམས་ལེན་མི་ནུས་པ་ལ་རིགས་དབང་ལྔ། རྡོ་རྗེ་གསུམ་གྱི་རྗེས་གནང༌། ཚེ་དབང་བཅས་དང༌། རྐྱེན་སེལ་སོགས་ཀྱི་སྐབས་བུམ་དབང་དང་ཚེ་དབང་ཁོ་ན་ཙམ་བྱ་བ་སྟེ། དེའི་ཚུལ་ལ་ཡང་གཞུང་ལས། གཞན་དུ་ཐུན་མོང་རིགས་ཅན་ལ༔ བུམ་དབང་རྗེས་འབྲེལ་བཅས་པ་དང༔ གོང་མ་རྣམས་ཀྱི་མཐའ་རྟེན་སྦྱར༔ ཞེས་པ་འདིའི་དགོངས་པ་སྟེ། ཕྲིན་ལས་དང་དབང་གི་སྤྱི་ཆིངས་སྔ་མ་ལྟར་ལ། དམིགས་བསལ་གྱི་ཁྱད་པར། སྔོན་འགྲོ་ཕྱི་ནང་གི་ཆོས། སྐྱབས་སེམས། སྡོམ་བཟུང༌། ཡེ་ཤེས་དབབ་བསྟིམ་གྲུབ་པ་དང༌། དེ་ནས་དབང་དངོས་ལ་བུམ་དབང་རྗེས་འབྲེལ་དང་བཅས་པས་དབང་གི་གཞི་འགོད་པ་དང༌། འཆི་མེད་ཚེ་ཡི་དབང་གི་རྡོ་རྗེའི་སྐུ་གསུང་ཐུགས་སུ་སྨིན་པར་བྱེད་པ་དངོས་གཉིས་ལས། དང་པོ་བུམ་དབང་རྗེས་འབྲེལ་དང་བཅས་པའི་དོན་དུ་ཐུགས་དམིགས་འདི་ལྟར་མཛོད། བདག་མདུན་དཀྱིལ་འཁོར་གྱི་ལྷ་ཡི་ཐུགས་ཀ་ནས་སྤྲོས་པའི་རིགས་པའི་ལྷ་མོ་རྣམས་སོགས་ནས་བུམ་དབང་དཀྱུས་ལྟར་ལ། རིགས་དབང་ལྔ་དང་ལྷ་དབང་མཐར། བཟླས་ལུང༌། དེ་ནས་སྒྲར་གྲགས་པ་ཕྱེད་སྣང་ངག་གི་ཁམས་ཀུན་སོགས་དང་ཐུགས་ཀྱི་དགོངས་པ་ངོ་སྤྲོད་བཅས་བྱ། དེ་དག་གིས་བུམ་དབང་ཡན་ལག་དང་བཅས་པས་རྒྱུད་ཡོངས་སུ་དག་པར་བྱས་ནས། དངོས་གཞི་འཆི་མེད་ཚེ་ཡི་དབང་གིས་རྡོ་རྗེའི་སྐུ་གསུང་ཐུགས་སུ་སྨིན་པར་བྱེད་པ་ལ། ཐོག་མར་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་འཚལ། སློབ་དཔོན་འཆི་མེད་པདྨ་འབྱུང་གནས་སོགས་ཚེ་འགུགས། འཁོར་འདས་བརྟན་གཡོའི་དྭངས་བཅུད་གཅིག་ཏུ་འདུས་པའི་སོགས་ཀྱིས་ཚེ་ཆང༌། སྲིད་ཞིའི་དྭངས་མ་འདུས་པའི་ཚེ་རིལ་སོགས་ཚེ་རིལ། ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག་ལ། ཁྱེད་རང་རྣམས་ཀྱི་ལུས་མི་ཤིགས་རྡོ་རྗེའི་གོ་ཆ་སོགས་ཀྱི་རྒྱས་གདབ། དེ་དག་གིས་འཆི་མེད་རྡོ་རྗེ་ཚེ་ཡི་དབང་བསྐུར་བགྱིས་པས་སྒོ་གསུམ་འཆི་བདག་གི་གཡུལ་ལས་རྒྱལ། སྐྱེ་འཆི་གཞོམ་གཞིག་དང་བྲལ་བ་སོགས་ཀྱིས་མཚམས་སྦྱར་ནས་ཤིས་པའི་རྫས་ཀྱིས་མངའ་གསོལ། ཤིས་པ་བརྗོད། དམ་ཚིག་ཁས་བླང་སོགས་དབང་སྔ་མ་བཞིན་བགྱིས་པས་གྲུབ་པའོ། །སྐྱེ་འཆི་འཕོ་འཇིྃགས་ཀུན་བྲལྃ་བའི། །མཁྱེནྃ་བརྩེྃའི་ཡེ་ཤེས་དཀྱིལ་འཁོར་གཟུགས། །འཆི་མེད་ལང་ཚོའི་གཟི་འོདྃ་ཟེརྃ། །བཀྲྃ་ཤིསྃ་རྟག་པའི་དཔྃལ་གྱིས་འབྱོྃར། །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཚེྃ་སྒྲུབྃ་འཆིྃ་མེདྃ་དྲྭྃ་བྃའི་དབང་བཞི་ཡེ་ཤེས་སྙིང་པོ་ཐུན་མིན་ཐུན་མོང་བཅས་བཀླག་ཆོག་འཆི་མེད་རྡོ་རྗེའི་སྲོག་འཚོའི་ལེ་ཚན་བཞི་པ་མི་ཤིགས་ཚེ་དབང་གྲུབ་པའི་རྡོ་རྗེས་སྦྱར་བའོ། ༈ རྡོྃ་རྗེྃའི་ཡེ་ཤེས་རྣམ་པ་ཐམས་ཅད་སྤྲིན། །དོན་གཉིས་ལྷུན་གྲུབ་དཀྱིལ་འཁོར་འཁོར་ལོའི་མགོན། །མཆོག་གི་ཡེ་ཤེས་གཟིྃ་བརྗིྃད་རབ་འབར་རྩྃལ། །བུདྡྷ་ཐོད་ཕྲེང་རྒྱལ་བར་རྟག་པར་གུས། །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བའི་ཡན་ལག །ཐམས་ཅད་ལྷུན་གྲུབ་མཆོག་གི་ལས་མཛད་བུདྡྷ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་ཀྱི་དབང་བསྐུར་འབོག་པ་ལ། མཎྜལ་ཚོམ་བུ་ཕྱོགས་བཞི་དབུས་དང་ལྔ། དེ་རྒྱབ་བཞི་བཀོད་པའི་སྟེང་འཕྲུལ་སྟེགས་འོག་ཏུ་རྣམ་རྒྱལ་བུམ་པ་བཅུད་ལྡན། སྟེང་དུ་བྷནྡྷ་ཁ་སྦྱོར་ནང་ཚུལ་བཞིན་བསྒྲུབས་པའི་ཨ་མྲྀ་ཏས་བཀང་བ་དར་སྣ་ལྔས་གཡོགས་ཤིང་དབུ་རྒྱན་དང༌། གཡས་གཡོན་དུ་རྡོར་དྲིལ་བཅིངས་པའི་སྨན་གྱི་ཕོ་བྲང་དང༌། སྔགས་ཕྲེང༌། མེ་ལོང༌། དཔལ་གྱི་གཏོར་མ་དར་གདུགས་ཅན་རྣམས་མཆོད་པས་བསྐོར་ལ། བརྒྱུད་འདེབས། སྐྱབས་སེམས་ནས་བརྩམས་མཆོད་པ་བྱིན་རླབས་བར་ཕྱི་སྒྲུབ་འཕྲུལ་དྲྭ་བ་ལྟར་ལ། དངོས་གཞིའི་ལྷ་བསྐྱེད་ལ། ཧཱུྃ༔ དེ་བཞིན་ཉིད་དབྱིངས་དམིགས་མེད་སྙིང་རྗེའི་ཚུལ་ནས་བཟླས་པའི་བར་སྒོས་སྒྲུབ་ལྟར་དང༌། བསྙེན་པའི་མགོར་ཛཔ྄་ཁང་ཀྱང་དབྱེ། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པའི་མཐར། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་བུདྡྷ་ཐོད་ཕྲེང་རྩལ། ཕྱོགས་བཞིར་དབང་ཆེན་རིགས་བཞི་སྒོ་སྐྱོང་དཔའ་བོ་ཡབ་ཡུམ་བཅས་མ་འདྲེས་གསལ་རྫོགས་སུ་ཤར་བའི་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན་བབ་པས་བུམ་པ་གང་བར་གྱུར། ཞེས་དམིགས་ལ་གཟུངས་ཐག་ནས་བཟུང་སྟེ་བསྙེན་སྒྲུབ་ལས་གསུམ་ཁྱུག་ཙམ་བཟླ། མཆོག་སྒྲུབ་བདུད་རྩིའི་དཀྱིལ་འཁོར་ལ་དམིགས་ཏེ། ཨཱཿ སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང༔ ཆོས་ཀྱི་དབྱིངས་མཉམ་ཡེ་ཤེས་ཀ་པཱ་ལར༔ བདུད་རྩིའི་རྒྱ་མཚོ་ཞུ་ཞིང་ཁོལ་བའི་དབུས༔ སྣ་ཚོགས་པདྨ་འདབ་བཞིའི་ལྟེ་བ་རུ༔ གླང་པོས་བཏེགས་པའི་རིན་ཆེན་མཛེས་ཁྲི་དང༔ ཐབས་ཤེས་ཟུང་འཇུག་ཉི་ཟླའི་གདན་གྱི་སྟེང༔ ཨོཾ་ཡིག་ཡོངས་གྱུར་བུདྡྷ་ཐོད་ཕྲེང་རྩལ༔ སྐུ་མདོག་དཀར་གསལ་ཞི་འཛུམ་སྒེག་པའི་ཉམས༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་གཟི་འོད་འབར༔ ཕྱག་གཡས་འཁོར་ལོ་དཀར་པོ་ཐུགས་ཀར་གཏོད༔ གཡོན་པས་འཁོར་ལོས་ཡུ་བ་བྱས་པ་ཡི༔ རིགས་ཀྱི་དྲིལ་བུ་དཀུར་བརྟེན་ཡུམ་ལ་འཁྱུད༔ རུས་པའི་ཕྱག་རྒྱ་དྲུག་གིས་རབ་ཏུ་སྤྲས༔ དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ ཡུམ་མཆོག་འཁོར་ལོ་དྲིལ་བུ་བསྣམས་པས་འཁྲིལ༔ རིག་འཛིན་བླ་མ་བྱེ་བའི་སྤྲིན་ཕུང་འཕྲོ༔ འདབ་བཞིར་དབང་ཆེན་རྟ་མཆོག་རིགས་བཞི་ལས༔ རབ་འབྱམས་ཡི་དམ་ཞི་ཁྲོའི་ཕྱག་རྒྱ་ཤར༔ ཕྱོགས་བཞིར་རིག་འཛིན་དཔའ་བོ་ཡབ་ཡུམ་ལ༔ གནས་གསུམ་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེས་རྒྱས་གདབ་ཅིང༔ ཡེ་ཤེས་དབང་བསྐུར་རིགས་ཀྱི་ཅོད་པན་འཆང༔ ཐུགས་ཀའི་འོད་ཀྱིས་ལྷ་ཚོགས་སྤྱན་དྲངས་གྱུར༔ ཧཱུྃ་ཧྲཱིཿ རང་རིག་ལྷུན་མཉམ་མཐའ་དབུས་མེད་པའི་དཀྱིལ༔ ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ་འཆང་བ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་སྐུར་སྟོན་པ༔ རྩལ་སྣང་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་ཝ་དྷཱ་ཀི་ནཱི་སརྦ་ཛྙཱ་ན་མཎྜལ་བཛྲ་ས་མ་ཡ་ཛཿ ཧཱུྃ་ཧྲཱིཿ རང་སྣང་དམ་ཚིག་སེམས་དཔའི་དཀྱིལ་འཁོར་དུ༔ རིག་རྩལ་དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ༔ གཉིས་མེད་བརྟན་བཞུགས་དབང་དང་དངོས་གྲུབ་སྩོལ༔ བཛྲ་ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱིཿ རིག་སྟོང་གདོད་ནས་སྐྱེ་མེད་ཆོས་སྐུའི་དབྱིངས༔ ཡེ་ཤེས་རང་རྩལ་གཟུགས་སྐུའི་རྣམ་པར་ཤར༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ མི་ཕྱེད་གུས་པས་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་མངོན་སྤྲུལ་པའི༔ ཕྱི་ནང་གསང་བ་རྨད་བྱུང་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་ཕྱིར་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས། རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་སུ་ཁ་ཛྙཱ་ན་པཱུ་ཛ་ཧོཿ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་ཆོས་སྐུའི་ངང་ཉིད་ལས༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྤྲིན་ཕུང་འཕྲོ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་ལྷ་ཚོགས་ལ༔ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ༔ སྨན་གྱི་ཕོ་བྲང་ལ་གཟུངས་ཐག་བཏགས་པ་བླངས་ལ། རང་གི་ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ ཐུགས་དམ་རྒྱུད་བསྐུལ་ལྷ་ཚོགས་སྙོམས་པར་ཞུགས༔ བདེ་བའི་སྒྲ་དང་ཡེ་ཤེས་འོད་སྣང་གིས༔ འཁོར་འདས་བཅུད་དང་དྭངས་མ་དགེ་མཚན་དང༔ ཁྱད་པར་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ བདེ་ཆེན་ཡེ་ཤེས་བདུད་རྩིའི་རྣམ་པར་བསྡུས༔ རྫས་ལ་ཐིམ་པས་མཐོང་ཚོར་མྱོང་རེག་ཀུན༔ རྣམ་པར་གྲོལ་བའི་ཡེ་ཤེས་གཟི་བྱིན་འབར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་སྒྲུབ་སྔགས་དང༌། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿ་ཨཱཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་བཏགས་པ་འདི་ནི་ལེགས་པའི་ཡན་ལག་ཏུ་སེམས་པས་འདིར་མདོར་བསྡུས་སུ་འཇུག་བདེར་བྲིས་པ་ཡིན། ལས་བུམ་སྒྲུབ་པ་སོགས་བྱིན་རླབས་བརྡ་ཡི་དབང་བཞི་ལྟར་བྱ། མཆོད་བསྟོད། ཡིག་བརྒྱ། ཨོཾ་ཨཱཿཧཱུྃ་གིས། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་པ་དང་མྱོང་གྲོལ་བདུད་རྩིའི་དཀྱིལ་འཁོར་གྱི་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་ཡེ་ཤེས་བདེ་བ་ཆེན་པོའི་བདུད་རྩིའི་བདག་ཉིད་དུ་གྱུར། དེ་ནས་རིག་པའི་མེ་ཏོག་དོར་བ་དང་ཚོགས་མཆོད་སོགས་སྤྱི་ལྟར་གྲུབ་པ་དང༌། སློབ་མ་རྣམས་ལ་ཁྲུས་དང་བགེགས་བསྐྲད། སྲུང་འཁོར་བཅས་གྲུབ་པ་དང༌། སྐབས་སུ་བབ་པའི་ལོ་རྒྱུས། དེ་ལ་འདིར་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཉིད་ཆོས་སྐུའི་སངས་རྒྱས་ཐམས་ཅད་ཀྱི་དགོངས་ཀློང་གཅིག་ཏུ་འཁྱིལ་བའི་བདག་ཉིད་ཆེན་པོ་པདྨ་ཀུན་ཏུ་འཆང༌། ལོངས་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་སྐུ་དང་ཡེ་ཤེས་རྒྱ་མཚོའི་སྤྲོ་བསྡུའི་བྱེད་པོར་དབང་བསྐུར་བ་གཟི་བརྗིད་ཚེ་འོད་དཔག་མེད། སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་དམུ་རྒོད་གདུལ་དཀའ་ཉོན་མོངས་རགས་ཤིང་སྡུག་བསྔལ་ཆེ་བའི་ཡིད་ཅན་འདུལ་བའི་སྙིང་རྗེ་དང་ཐུགས་བསྐྱེད་སྨོན་ལམ་གྱི་གོ་ཆ་ལ་སངས་རྒྱས་ཀུན་ལས་ཁྱད་པར་འཕགས་པ་སྟོན་པ་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོ་ཉིད་སླར་ཡང་སྔགས་ཀྱི་སྟོན་པ་རྡོ་རྗེ་སློབ་དཔོན་གྱི་སྐུར་བཞེངས་པ་པདྨ་འབྱུང་གནས་ཏེ། རྒྱལ་བའི་རྣམ་འཕྲུལ་དང་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་སྤྲུལ་གཞི་ནུབ་ཕྱོགས་བདེ་ལྡན་ཞིང་དུ་བཀྲ་ཤིས་འོ་མའི་རྒྱ་མཚོར་གུ་རུ་ཉིད་ཀྱི་ཐུགས་ཡེ་ཤེས་ལྔ་ཡི་རང་མདངས། གུ་རུ་ཐོད་ཕྲེང་སྡེ་ལྔའི་བཀོད་པས་ཞི་རྒྱས་དབང་དྲག་མཆོག་གི་ཕྲིན་ལས་མཐར་ཕྱིན་པར་མཛད་པ་ལས། འདིར་དོན་གཉིས་ཐམས་ཅད་འབད་མེད་ལྷུན་གྲུབ་མཆོག་གི་ལས་མཛད་བུདྡྷ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་ གཞན་རྣམས་ལ། ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང༌། རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང༌། དབང་གི་ལས་མཛད་པདྨ་ཐོད་ཕྲེང༌། དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་ཅེས་ཁ་བསྒྱུར། མཆན། རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྡེ་ལས་བྱོན་པའི་དབང་བསྐུར་བགྱི་བ་སྟེ། དེ་ཡང་བསྒྲུབ་བྱ་ལྷའི་རིགས་དང་ངོ་བོ། སྒྲུབ་བྱེད་ལྷ་སྔགས་ཏིང་འཛིན་གྱི་ཁྱད་པར། སྒྲུབ་པ་པོ་གདུལ་བྱ་སོ་སོའི་ཁམས་དབང་བསམ་པ་མོས་པའི་རྗེས་སུ་འགྲོ་བའི་མཆོག་ཐུན་གྱི་དངོས་གྲུབ་ཇི་ལྟར་འདོད་པ་ཡིད་བཞིན་སྒྲུབ་ནུས་པས་ན་འཇམ་དཔལ་དཔའ་བོ་གཅིག་སྒྲུབ་ལས། སྔགས་པས་ཡིད་བཞིན་ནོར་བུ་ལྟར། །འབད་དེ་ཁོ་ན་དོན་བྱེད་དོ། །ཞེས་གསུངས་པ་བཞིན་ལ་དེའི་གནད་ཀྱང་སྔགས་ལ་ཞུགས་པའི་སྐྱེས་བུ་དེས་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་གསུམ་གྱི་བྱ་བྱེད་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་སྒོ་འབའ་ཞིག་སྒྲུབ་བྱེད་ཡིན་པའི་ཐབས་སྟོབས་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་སྐད་ཅིག་གིས་ཡོངས་སུ་རྫོགས་པར་འགྱུར་ལ། ཁྱད་པར་རྡོ་རྗེ་ཐེག་པའི་མྱུར་ལམ་ནི་རྫས་སྔགས་ཏིང་འཛིན་གྱི་ནུས་པ་ཐམས་ཅད་དཔུང་བསྒྲིལ་བའི་མན་ངག་གི་མྱུར་ལམ་ཁྱད་པར་ཅན་ཡིན་པའི་དབང་གིས་བསྐྱེད་རྫོགས་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པས་དམིགས་པ་གཏད་པ་ཙམ་གྱིས་ལས་རབ་འབྱམས་བདེ་བླག་ཏུ་སྒྲུབ་ནུས་ཤིང༌། དེ་ཙམ་དུ་མ་ཟད་ལྷ་སྔགས་དབྱེར་མེད་ལ་སོམ་ཉི་མེད་པའི་དད་པ་བརྟན་པོ་ཁོ་ནས་རྩེ་གཅིག་ཏུ་བསྒྲུབས་ཀྱང་གྲུབ་འབྲས་མངོན་དུ་འབྱིན་ནུས་པ་ལ་ནམ་ཡང་བསླུ་བ་མེད་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ཆོས་མཚུངས་པས་བཀའ་གཏེར་མན་ངག་རྣམས་ལས། ལས་ཀྱི་ཚོགས་རབ་འབྱམས་སྒྲུབ་པའི་སྔགས་ཕྱག་རྒྱ་ཏིང་འཛིན་གྱི་སྒོ་དུ་མ་གསུངས་ཤིང༌། དེ་ཐམས་ཅད་ཀྱང་ཞི་རྒྱས་དབང་དྲག་མཆོག་གི་ལས་དང་ལྔར་འདུས་ཤིང༌། དེ་ལའང་ཐུན་མོང་དང་ཁྱད་པར་གྱི་སྒྲུབ་ཚུལ་གཉིས། ཚར་གཅོད་དང་རྗེས་འཛིན་གྱི་ཡན་ལག་གཉིས། ཕྱི་ཡི་རྫས། ནང་གི་ལུས་ངག་ཡིད་གསུམ་ལ་བརྟེན་པའི་དབྱེ་བ་དུ་མ་ཡོད་པ་ལས། དོན་དུ་སྙིང་རྗེ་ཆེན་པོས་ཀུན་སློང་གི་རྒྱུ་བྱས་ནས། ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་སྔགས་ཀྱི་དགོངས་སྤྱོད་དང་ལྡན་པས་ལས་རྩོམ་པ་ནི་མཆོག་ཐུན་གྱི་དངོས་གྲུབ་མྱུར་བར་སྒྲུབ་བྱེད་དུ་ཆེས་ཟབ་པས་རིག་པ་འཛིན་པ་རྣམས་ཀྱིས་གཅིག་ཏུ་སྒྲུབ་དགོས་པ་སྟེ། ལས་ཀྱི་ཚོགས་དེ་དག་ལའང་ཐུན་མོང་དང་ཁྱད་པར་གྱི་ལས་གཉིས་ལས། སྔགས་ཀྱི་ལས་རབ་འབྱམས་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་པའི་བསྒྲུབ་བྱ་ཁྱད་པར་ཅན་མཆོག་གི་དངོས་གྲུབ་སྟེ། དེ་སྒྲུབ་པ་ལའང་ཆོས་ཀུན་སེམས་ཉིད་གཉུག་མ་ཕྱག་རྒྱ་ཆེན་པོའི་འཁོར་ལོས་རྒྱས་ཐེབས་པའི་དོན་གནས་སྣང་གཉིས་ཀ་ལ་འཆར་བའི་རིག་རྩལ་གྱི་དབང་ཐོབ་པས་ལས་འདོད་དགུ་བསམ་པ་ཙམ་གྱིས་སྒྲུབ་ནུས་པ་རིག་འཛིན་ཤྲཱི་སེང་ཧ་གུ་རུ་རིན་པོ་ཆེ་སོགས་འཕགས་བོད་ཀྱི་གྲུབ་པའི་སྐྱེས་མཆོག་རྣམས་ལྟ་བུ་ཡིན་ཞིང༌། དེ་དང་རྗེས་མཐུན་གྱི་ཏིང་འཛིན་དང་བདུད་རྩི་སྨན་དང་སྐྱེ་བདུན་སོགས་རྫས། ཕྱག་རྒྱ་པདྨ་ཅན་སོགས་གྲོགས། ཀུན་བཟང་ཡབ་ཡུམ་གྱི་དགོངས་པ། སངས་རྒྱས་དང་བྱང་ཆུབ་སེམས་ཀྱི་མཚན་དང་གཟུངས་སྔགས་ལ་བརྟེན་པས་རང་རང་གི་སྐལ་པ་དང་འཚམ་པར་སྒྲུབ་ནུས་ཤིང༌། ཁྱད་པར་བླ་མའི་མོས་གུས་ལམ་བྱེད་འདི་ནི་མཆོག་གི་དངོས་གྲུབ་སྒྲུབ་པའི་ཉེ་རྒྱུ་མདོ་སྔགས་གསར་རྙིང་མཁས་གྲུབ་ཀུན་གྱི་ཡང་ཡང་བསྔགས་ཤིང་ཚད་མས་གྲུབ་པ་ལྟར་རྩ་གསུམ་ཀུན་འདུས་གུ་རུ་རིན་པོ་ཆེ་བུདྡྷ་ཐོད་ཕྲེང་ལ་བརྟེན་ནས་མཆོག་དངོས་སྒྲུབ་པ་ནི་ཆེས་ཟབ་པའི་མཐར་ཐུག་ཏུ་ངེས་ཤིང༌། དེ་ལ་ཡང་དབང་བསྐུར་སྔོན་དུ་འགྲོ་དགོས་པ་མ་ཟད་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ལས་དབང་ཐོབ་པ་ཙམ་གྱིས་འདོད་པའི་ལས་སྒྲུབ་པར་ནུས་པས་ན། ལས་རབ་འབྱམས་སྒྲུབ་པའི་རྗེས་གནང་ཞར་བྱུང་ཙམ་མ་ཡིན་པར་དམིགས་བསལ་གྱི་ལས་བཞི་ཀ་མཆོག་དང་ལྔ་སྒྲུབ་རུང་བའི་ལྔ་སྔགས་ཏིང་འཛིན་གྱི་དབང་བསྐུར་ཁྱད་པར་ཅན་འདི་ལྟ་བུ་ནི་སྔོན་ཆད་མ་བྱུང་བའི་གསང་བ་རྨད་དུ་བྱུང་བ་ཉིད་དེ། གུ་རུ་ཉིད་ཀྱི་ཞལ་ནས། དུས་གསུམ་སངས་རྒྱས་ཀུན་གྱི་ནི༔ ཐུགས་རྗེའི་རང་བཞིན་མཁྱེན་བརྩེའི་སྒོ༔ བྱིན་རླབས་འགྲོ་ལ་འཇུག་པའི་ཕྱིར༔ ཕྲིན་ལས་གནང་ངོ་ཅོག་གི་གཞི༔ སྨིན་བྱེད་དབང་འདི་ཆེད་དུ་བསྔགས༔ ཞེས་གསུངས་པའི་སྨིན་བྱེད་ཟབ་མོ་ཞུ་བའི་དོན་དུ་མཎྜལ་ཕུལ། བླ་མ་དང་འདོད་དགུ་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་མཛད་བུདྡྷ་ཐོད་ཕྲེང་ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་སོགས་སོ་སོའི་སྐབས་ཐོབ་བསྒྱུར། མཆན། ཐ་མི་དད་པའི་སྤྱན་སྔར་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧོཿ དཀྱིལ་འཁོར་གཙོ་བོ་རིགས་ཀུན་བདག༔ ཐུགས་རྗེའི་གཏེར་ཆེན་སློབ་དཔོན་གྱིས༔ ལྷུན་གྲུབ་བུདྡྷ་ཐོད་ཕྲེང་ ཞི་མཛད་བཛྲ་ཐོད་ཕྲེང་སོགས་རིགས་སོ་སོར་ཁ་བསྒྱུར། མཆན། གི༔ སྨིན་གྲོལ་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། སྐྱབས་སེམས་ཚོགས་བསགས། སྡོམ་བཟུང་བཅས་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བའི་དབང་རྒྱས་པའི་སྐབས་ལྟར་བྱ། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་ལ་སྒོ་གསུམ་གྱི་གནད་བཅུན་ཏེ་ཐུགས་དམིགས་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་སྣོད་བཅུད་ཐ་མལ་གྱི་སྣང་ཞེན་དབྱིངས་སུ་སྦྱངས། སྟོང་པའི་ངང་ལས་ཆོས་དབྱིངས་ལྷུན་རྫོགས་བདེ་ཆེན་སྟུག་པོ་བཀོད་པའི་ཞིང་ཁམས་ཕུན་སུམ་ཚོགས་པའི་དབུས་སུ་གླང་པོས་ སེང་གེ། རྟ་མཆོག །རྨ་བྱ། ཤང་ཤང་གིས་བཏེགས་པའི་རིན་པོ་ཆེའི་ཁྲི་ཞེས་བསྒྱུར། མཆན། བཏེགས་པའི་རིན་པོ་ཆེའི་ཁྲི་དང་པད་ཟླའི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་ཨོཾ་ཡིག་ ཧཱུྃ། ཏྲཱྃ། ཧྲཱིཿ ཨཱཿ ཞེས་ས་བོན་ལྔ་སོ་སོར་བསྒྱུར། མཆན། ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡི་བདག་ཉིད་མ་ཧཱ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་སྐུ་མདོག་དཀར་གསལ་མཆོག་ཏུ་ཞི་ཞིང་འཛུམ་ཁྲོ། སེར་གསལ་མཚན་དཔེའི་གཟི་བརྗིད་རྒྱས་པ་འཛུམ་ཁྲོ། དམར་གསལ་གཞོན་ཆགས་ལང་ཚོས་དགྱེས་འཛུམ་ཁྲོ། ལྗང་གསལ་རྔམས་ཤིང་ཁྲོས་པའི་ཉམས་བསྒྱུར། མཆན། སྒེག་པའི་ཉམས་འགྱུར་ཅན་གྱི་མཚན་དཔེ་རབ་ཏུ་རྒྱས་པ། ཞལ་གཅིག་སྤྱན་གསུམ་ཕྱག་གཡས་པས་འཁོར་ལོ་དཀར་པོ་ཐུགས་ཀར་གཏོད་ཅིང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་ རྡོ་རྗེ། རིན་ཆེན། པདྨ། སྣ་ཚོགས་རྡོ་རྗེ་སོ་སོར་བསྒྱུར། མཆན། འཛིན་ཏེ་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེའི་རྒྱན་ཆས་ཡོངས་སུ་རྫོགས་པའི་ཡུམ་དབྱིངས་ཕྱུག་མ་དཀར་མོ་ ཡུམ་མཱ་མ་ཀི་སྔོན་མོ། སྤྱན་མ་སེར་མོ། གོས་དཀར་དམར་མོ། དམ་ཚིག་སྒྲོལ་མ་ལྗང་གུ། ཞེས་འདི་ཡང་རིགས་སོ་སོར་ཁ་བསྒྱུར། མཆན། འཁོར་ལོ་དང་དྲིལ་བུ་ རྡོ་རྗེ། རིན་ཆེན། པདྨ། སྣ་ཚོགས་རྡོ་རྗེ་སོ་སོར་བསྒྱུར། མཆན། འཛིན་པ་དང་གཉིས་མེད་དུ་མཉམ་པར་སྦྱོར་བའི་ཡེ་ཤེས་བདེ་བ་ཆེན་པོའི་གཟི་འོད་ཉི་མ་འབུམ་ལྟར་རྒྱས་པའི་ཀློང་དུ་མཆོག་གི་ལས་མཛད་རྩ་གསུམ་རབ་འབྱམས་སྤྲོ་བསྡུའི་སྒྱུ་འཕྲུལ་བསམ་མི་ཁྱབ་པའི་བདག་ཉིད་ཆེན་པོར་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེས་མཚན་པ་དང༌། སློབ་དཔོན་དཀྱིལ་འཁོར་གྱི་མངའ་བདག་མ་ཧཱ་གུ་རུ་བུདྡྷ་ཐོད་ཕྲེང་ རྡོ་རྗེ། རིན་ཆེན། པདྨ། ཀརྨ་ཐོད་ཕྲེང་ཞེས་བསྒྱུར། མཆན། དངོས་སུ་གསལ་བའི་མོས་གུས་དྲག་ཏུ་བསྐྱེད་པས། བླ་མའི་ཐུགས་ཀ་ནས་རྡོ་རྗེའི་ཡེ་ཤེས་འགུགས་པའི་འོད་ཟེར་ལྕགས་ཀྱུའི་རྡུལ་ཕྲན་གྲངས་མེད་པ་ཤར་གྱིས་འཕྲོས། ཆོས་དབྱིངས་རྒྱས་པར་བཀང་བའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་རྣམས་དང༌། ཁྱད་པར་ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་སྒྱུ་འཕྲུལ་བཀོད་པའི་རོལ་མོ་བསམ་མི་ཁྱབ་པར་སྣང་བའི་བླ་མ་སྐུ་གསུམ་གྱི་ལྷ་ཚོགས་རྣམས་ལ་ཕོག །ཐུགས་དམ་ཆེན་པོའི་དགོངས་པ་བསྐུལ། ཐུགས་རྗེ་ཆེན་པོའི་རྩལ་བསྐྱེད་དེ་སྐད་ཅིག་གིས་ནམ་མཁའི་ཁྱོན་གང་བར་སྤྱན་དྲངས་ནས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་ངེས་ཤེས་བསྐྱེད་ཅིག །ཡེ་ཤེས་འབེབས་རྫས་སྤོས་དང་ཐོད་རྔའི་དབྱངས་སྙན་རོལ་མོ་གདུང་ཤུགས་ཀྱི་བསྐུལ་ལ་ལས་བྱང་གི་སྤྱན་འདྲེན་མཐར། ཨོཾ་ཨཱཿཧཱུྃ་བུདྡྷ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དྲག་ཏུ་བརྗོད་པས་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་དབང་དངོས་ལ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དབང་བསྐུར་སྤྱི་དང༌། བྱེ་བྲག་ལས་བཞི་མཆོག་དང་ལྔ་སོ་སོའི་དབང་བསྐུར་བ་གཉིས་ལས། དང་པོ་ནི། ཐོག་མར་སྣོད་བཅུད་ཐ་མལ་གྱི་ཞེན་རྟོག་སྦྱངས་ཕྱིར་སྐུ་བུམ་པའི་དབང་བསྐུར་བ་ལ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་ནམ་མཁའི་དབྱིངས་སུ་ཏིལ་གྱི་གོང་བུ་ལྟར་སད་པའི་རྒྱལ་བ་སྲས་དང་བཅས་པས་རྣམ་པ་ཐམས་ཅད་དང་ལྡན་པའི་ཆོ་འཕྲུལ་ཆེན་པོས་རིན་པོ་ཆེའི་བུམ་པ་རྡོ་རྗེ་བདུད་རྩིའི་ཆུས་གང་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐོགས་ཏེ་གཏོར་བླུགས་ཀྱི་ཕྲིན་ལས་མཐར་ཕྱིན་པར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། ཨོཾ༔ བུམ་པ་བཟང་པོ་ཡོན་ཏན་ཀུན་གྱི་གཏེར༔ ལྷ་ཚོགས་འོད་ཞུ་བདུད་རྩིའི་བཅུད་ཀྱིས་གཏམས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བུདྡྷ་ བཛྲ། རཏྣ། པདྨ། ཀརྨ་ཐོད་ཕྲེང་སྐུ་ཡི་དབང་ཐོབ་ཤོག །མཆན། ཐོད་ཕྲེང་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་ བཛྲ་རྩལ། རཏྣ། པདྨ། ཀརྨ་ཐོད་ཕྲེང་རྩལ། མཆན། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་དབང་བསྐུར་བས་བུམ་པའི་ཆུས་ལུས་ཐམས་ཅད་གང༌། ལས་དང་ཉོན་མོངས་པའི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་ རིགས་སོ་སོ་ལ། མི་བསྐྱོད་པ། རིན་ཆེན་འབྱུང་ལྡན། སྣང་བ་མཐའ་ཡས། དོན་ཡོད་གྲུབ་པས་དབུ་བརྒྱན། མཆན། ཀྱིས་དབུར་བརྒྱན་པར་གྱུར། དེ་ལྟར་བུམ་པའི་དབང་བསྐུར་བས་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་གདན་གསུམ་སྒྱུ་འཕྲུལ་དྲྭ་བའི་ལྷ་ཚོགས་གདོད་ནས་ཡིན་པ་ལ་ཡིན་པར་ངོ་ཤེས་པས་གསལ་བརྟན་དག་གསུམ་གྱི་སྣང་སྟོང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གོམས་པར་བྱོས་ལ་སྣང་བ་ཐམས་ཅད་ལྷ་སྐུ་ཕྱག་རྒྱའི་རིམ་པས་གདུལ་བྱའི་མོས་པ་དང་མཐུན་པར་དོན་གྱིས་ཤིག །དེ་ནས་ངག་ཐ་མལ་དུ་ཞེན་པ་སྦྱང་ཕྱིར་གསུང་བཟླས་པའི་ལུང་སྦྱིན་པ་ལ། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་གཉིས་སུ་མེད་པའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས། ཞལ་ནས་བྱུང༌། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་དྭངས་མའི་ས་བོན་གྱི་མཐར་ཕྲེང་བ་ལྟར་འཁོད། འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ་པར་མོས་ལ་བསྙེན་པའི་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་ བཛྲ། རཏྣ། པདྨ། ཀརྨ་ཐོད་ཕྲེང་རྩལ་སོ་སོར་བསྒྱུར། མཆན། སརྦ་སིདྡྷི་ཧཱུྃ༔ ལན་གསུམ། སླར་ཡང་འོད་ཟེར་སྤྲོ་བསྡུས་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་རོལ་པར་ཤར་བས་དོན་གཉིས་སྒྲུབ་པར་མོས་ལ། སྒྲུབ་པའི་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་ རིགས་སོ་སོའི་སྐབས་ཐོབ་བསྒྱུར། མཆན། བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ལན་གསུམ། སླར་ཡང་དཀྱིལ་འཁོར་གྱི་ལྷ་ཡི་ཐུགས་སྲོག་སྔགས་ལས་བྱུང་བའི་འོད་ཟེར་ལྔ་ལྡན་འཇའ་ཚོན་ལྟ་བུས་སྣོད་བཅུད་ཕྱི་ནང་ཀུན་ཏུ་ཁྱབ་པས་སྒྲིབ་གཉིས་གཟུང་འཛིན་ རིགས་སོ་སོ་ལ། འཇིགས་པ་བརྒྱད་སོགས་མི་མཐུན་ཀུན་ཞི་བའི། འབྱོར་པ་དྲུག་སོགས་ཡོན་ཏན་གྱི་དཔལ་ཐམས་ཅད་རྒྱས་པའི། ཁམས་གསུམ་བརྟན་གཡོའི་ལེགས་ཚོགས་མ་ལུས་པ་དབང་དུ་འདུས་པའི། དགྲ་བགེགས་བདུད་བཞི་ཚར་གཅོད་པ་དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་སོགས་བསྒྱུར། མཆན། ཞི། ཉམས་རྟོགས་ཡེ་ཤེས་རྒྱས། རླུང་སེམས་དབང་དུ་འདུས། གཟུང་འཛིན་བདུད་བཞི་སྒྲོལ་བའི་མཆོག་གི་ཕྲིན་ལས་ལྷུན་གྱིས་གྲུབ་པས་དོན་གཉིས་རྫོགས་པར་མོས་ལ་ལས་སྦྱོར་གྱི་སྔགས་འདིའི་རྗེས་ཟློས་མཛོད། སྒྲུབ་སྔགས་ཤམ་བུར། ཨོཾ་སརྦ་ཀརྨ་ཛྙཱ་ན་སིདྡྷི་ཧཱུྃ༔ ཧཱུྃ་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཏྲཱྃ་སརྦ་པུཥྚིཾ་ཀུ་རུ་ཨོཾ༔ ཧྲཱིཿསརྦ་ཝཱ་ཤཾ་ཀུ་རུ་ཧོཿ ཨཱཿསརྦ་མཱ་ར་ཡ་ཕཊ྄༔ ཅེས་སོ་སོར་བསྒྱུར། མཆན། ལན་གསུམ། ཕྲེང་བ་མགྲིན་པར་བཞག་པས་ནུས་པ་བརྟན་པར་བྱས་པར་མོས་མཛོད། ཨཱཿ སྒྲ་ཡི་སྙིང་པོ་བསྙེན་སྒྲུབ་ཕྲིན་ལས་ཀྱི༔ བཟླས་པའི་ནུས་རྫོགས་སྔགས་ཀྱི་ཕྲེང་བ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བུདྡྷ་ བཛྲ། རཏྣ། པདྨ། ཀརྨ། མཆན། ཐོད་ཕྲེང་གསུང་གི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བུདྡྷ་ རིགས་སོ་སོར་བསྒྱུར། མཆན། ཐོད་ཕྲེང་རྩལ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ འདི་ལྟར་སྒྲར་གྲགས་པ་ཐམས་ཅད་རྡོ་རྗེའི་གསུང་དབྱངས་གཞོམ་མེད་ཡེ་ཤེས་འཁོར་ལོའི་སྤྲིན་གྲགས་སྟོང་བརྗོད་པ་དང་བྲལ་བ་ལས་སྒྲ་ཡི་ཚུལ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་གྱིས་ཤིག །དེ་ནས་ཡིད་ཐ་མལ་དུ་ཞེན་པ་སྦྱོང་བའི་སླད་དུ་ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་པ་ནི། མེ་ལོང་བསྟན་ལ། མེ་ལོང་དྭངས་པ་ལ་གཟུགས་བརྙན་སྣ་ཚོགས་སུ་ཤར་ཡང་སྣང་དུས་ཉིད་ནས་དངོས་པོས་སྟོང༌། སྟོང་བཞིན་དུ་སྣ་ཚོགས་སུ་སྣང་བ་མ་འགགས་པ་བཞིན། ལྷ་སྔགས་ཀྱིས་མཚོན་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སེམས་སྟོང་པའི་རང་རྩལ་དུ་ཤར་ཡང༌། ཤར་དུས་ཉིད་ནས་བདེན་པར་མ་གྲུབ། མ་གྲུབ་བཞིན་དུ་ཅིར་ཡང་ཤར་བས་ཐམས་ཅད་སྐུ་གསུམ་འདུ་འབྲལ་མེད་པ་ཟུང་འཇུག་འོད་གསལ་འཁོར་ཡུག་གི་དགོངས་པར་ངོ་ཤེས་པར་གྱིས་ཤིག ཧཱུྃ༔ སྟོང་གསལ་རང་རིག་འདུས་མ་བྱས་པའི་དོན༔ བརྡ་ཡིས་མཚོན་པ་ཡེ་ཤེས་མེ་ལོང་གིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བུདྡྷ་ རིགས་སོ་སོར་བསྒྱུར། མཆན། ཐོད་ཕྲེང་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བུདྡྷ་ རིགས་སོ་སོར་བསྒྱུར། མཆན། ཐོད་ཕྲེང་རྩལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འདི་ལྟར་རྟོག་ཚོགས་ཐམས་ཅད་བུདྡྷ་ རིགས་སོ་སོར་བསྒྱུར། མཆན། ཐོད་ཕྲེང་རྩལ་གྱི་ཐུགས་ཀ་དག་འོད་གསལ་ཟང་ཐལ་ཀུན་ཁྱབ་འདུས་མ་བྱས་པ་མཉམ་ཉིད་ཆེན་པོའི་དགོངས་པར་ལ་ཟློ་བས་འབད་མེད་ལྷུན་གྱིས་གྲུབ་པའི་གཞན་དོན་རྒྱ་ཆེན་པོ་གྱིས་ཤིག །མཐར་ཡོན་ཏན་དང་ཕྲིན་ལས་ཡོངས་སུ་རྫོགས་པ་གཏོར་མ་ལ་བརྟེན་ནས་དབང་བསྐུར་བ་ལ་འདུན་པ་འདི་ལྟར་མཛོད། གཏོར་མ་འདི་ཉིད་ཐམས་ཅད་ལྷུན་གྲུབ་མཆོག་གི་ལས་མཛད་བུདྡྷ་ རིགས་སོ་སོར་བསྒྱུར། མཆན། ཐོད་ཕྲེང་རྩལ། དབང་ཆེན་སྡེ་བཞི། སྒོ་སྐྱོང་དཔའ་བོ་མཁའ་འགྲོ་དངོས་སུ་གསལ་བ་ཁྱེད་རང་གི་སྤྱི་བོར་སྤྱན་དྲངས་ཏེ་སྐུ་ཡི་གནས་ཐམས་ཅད་ལས་བྱུང་བའི་འོད་ཟེར་ཁ་དོག་ལྔ་ལྡན་གྱིས་སྒོ་གསུམ་ལ་ཁྱབ་པས་བྱིན་རླབས་ཡེ་ཤེས་ཆེན་པོ་རྒྱུད་ལ་བསྩལ་བར་མོས་མཛོད། དཔལ་གྱི་གཏོར་མ་གནས་གསུམ་དུ་བཞག་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿ གཏོར་སྣོད་རང་བྱུང་གཞལ་མེད་ཁང་ཆེན་པོར༔ གཏོར་མའི་ངོ་བོ་ལྷ་དང་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བུདྡྷ་ཐོད་ཕྲེང་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་བུདྡྷ་ བཛྲ་སོགས་སོ་སོར་བསྒྱུར། མཆན། ཐོད་ཕྲེང་རྩལ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ དེས་ཁྱེད་རང་གི་སྒོ་གསུམ་དང་བུདྡྷ་ བཛྲ། རཏྣ། པདྨ། ཀརྨ་ཐོད་ཕྲེང་རྩལ་ཞེས་སྦྱར། མཆན། ཐོད་ཕྲེང་རྩལ་གྱི་སྐུ་གསུང་ཐུགས་གཉིས་སུ་མེད་པར་བྱིན་གྱིས་བརླབས་ཤིང་དབང་བསྐུར་བ་དང༌། ཡོན་ཏན་ཕྲིན་ལས་རྒྱ་མཚོའི་དཔལ་ལ་དོན་གཉིས་ཐམས་ཅད་རྩོལ་མེད་དུ་ལྷུན་གྱིས་གྲུབ་པས་དོན་བྱེད་པར་མོས་ཤིག །གཉིས་པ་མཆོག་གི་ལས་རབ་འབྱམས་སྒྲུབ་པའི་བདུད་རྩི་མཆོག་གི་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་བ་ལ་རྒྱུད་ལས། བདུད་རྩི་མཆོག་ནི་མཉམ་པའི་དབྱིངས། །བདུད་རྩིའི་དོན་ནི་སྐྱེ་ཤི་མེད། །བདུད་རྩིའི་གནས་ནི་བྱང་ཆུབ་སེམས། །བདུད་རྩིའི་ལས་ནི་རྣམ་རྟོག་སྦྱོང༌། །བདག་དཔལ་ཚོགས་ཤིང་འགྲོ་དོན་མཛད། །སྨན་གྱི་བྱིན་རླབས་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར་སྣོད་བཅུད་གདན་གསུམ་སྒྱུ་འཕྲུལ་དྲྭ་བ་སྣང་སྟོང་ཆོས་ཀྱི་བདུད་རྩི་རུ་གདོད་མ་ཉིད་ནས་གནས་པའི་དོན། རྫས་ཀྱི་བདུད་རྩི་ལྕགས་ཀྱུ་ལྟ་བུ་དང་སྒྲོན་མ་ལྔ་རིགས་ལྔ་རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་གྱི་ཕོ་བྲང་དཀྱིལ་འཁོར་བདུན་དང་སྦྱོར་ཐབས་བརྒྱད་ཀྱི་ལྷ་སྔགས་ཏིང་འཛིན་གྱིས་མངོན་དུ་བྱས་ནས། རྟགས་ཀྱི་བདུད་རྩིས་ཕུང་ཁམས་ཟག་བཅས་དུག་ལྔ་ཡེ་ཤེས་ཀྱི་བདག་ཉིད་ཆེན་པོར་སད་ནས། དོན་གྱི་བདུད་རྩི་སྐྱེ་འཆི་མེད་པ་གཉུག་མ་ཁྱབ་བརྡལ་གྱི་དགོངས་ཀློང་རིག་པ་རྩལ་གྱི་དབང་ཐོབ་པས་གཟུང་འཛིན་དབྱིངས་སུ་ཞི། མཁྱེན་བརྩེའི་ཡེ་ཤེས་རྒྱས། རླུང་སེམས་དབང་དུ་འདུས། དུག་གསུམ་རུ་ཏྲ་བསྒྲལ་བའི་མཆོག་གི་དངོས་གྲུབ་ཆེན་པོ་མངོན་དུ་བྱེད་པའི་དབང་ཐོབ་པར་མོས་ཤིག །སྨན་གྱི་ཕོ་བྲང་བཏེགས་ལ། ཧཱུྃ༔ བཀྲ་ཤིས་མཚན་ལྡན་རྡོ་རྗེའི་ཀ་པཱ་ལ༔ ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་རབ་ཏུ་གཏམས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གྲོལ་བ་བཞི་ལྡན་ཕྲིན་ལས་མཐར་ཕྱིན་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ སརྦ་ཨ་བྷི་ཥིཉྩ་མི༔ སྨན་གྱི་ཕོ་བྲང་གནས་གསུམ་དུ་བཞག །དེ་ལྟར་བདུད་རྩི་མཆོག་གི་དངོས་གྲུབ་དམ་རྫས་རྨད་དུ་བྱུང་བས་དབང་བསྐུར་བས། མདོར་ན་མཐོང་བས་སྡིག་ལྟུང་དག༔ དྲི་ཚོར་གྲིབ་སེལ་ཉམས་ཆག་བསྐང༔ རེག་པས་བདེ་ཆེན་རྒྱུད་ལ་འཆར༔ མྱོང་བས་མངོན་སུམ་ཡེ་ཤེས་སྐྱེ༔ འཆང་བས་སྲུང་དང་རྒྱས་དབང་བསྒྱུར༔ ཞེས་སོགས་རྒྱས་པར་གསུངས་པ་ལྟར་གྲོལ་བ་དྲུག་གི་ཕྲིན་ལས་ལ་མངའ་དབང་འབྱོར་བས་འགྲོ་ཀུན་ཟུང་འཇུག་རྡོ་རྗེའི་དབྱིངས་སུ་འབད་མེད་དུ་གྲོལ་བའི་མཆོག་གི་ཕྲིན་ལས་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ལས་རབ་འབྱམས་སྒྲུབ་ནུས་པའི་དབང་ཐོབ་པར་མོས་མཛོད། འཕོ་ཞིང་འགྱུར་བའི་སྲིད་ལས་རྣམ་གྲོལ་བ། །ཡོན་ཏན་ཀུན་བདག་མཚུངས་མེད་ཆོས་ཀྱི་རྗེ། །རྟག་ཁྱབ་ཕན་བདེ་ལྷུན་གྲུབ་ཡེ་ཤེས་སྐུར། །བྱང་ཆུབ་མཆོག་གི་ཕྲིན་ལས་བཀྲ་ཤིས་ཤོག །དེ་དག་གིས་མཆོག་ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ། རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང༌། དབང་གི་ལས་མཛད་པདྨ་ཐོད་ཕྲེང༌། དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ་ཞེས་སོ་སོར་བསྒྱུར། མཆན། གི་ལས་མཛད་ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་ཀྱི་དབང་བསྐུར་གྲུབ་པ་སྟེ། རྩ་བ་དང་ཡན་ལག་གི་དམ་ཚིག་གནང་བཀག་སྤྱི་དང་ཁྱད་པར་གུ་རུ་བུདྡྷ་ བཛྲ། རཏྣ། པདྨ། ཀརྨ་སོ་སོར་བསྒྱུར། མཆན། ཐོད་ཕྲེང་རྩལ་གྱི་ལྷ་སྔགས་ཏིང་འཛིན་ལ་གཙོ་བོར་བརྟེན་པའི་མཆོག་ ཞི་བ། རྒྱས་པ། དབང༌། དྲག་པོའི་ཕྲིན་ལས་ཞེས་བསྒྱུར། མཆན། གི་ཕྲིན་ལས་རབ་འབྱམས་ཀྱིས་དོན་གཉིས་འདོད་དགུ་སྒྲུབ་པའི་གཡར་དམ་བཞེས་པས་དམ་ཚིག་ཁས་བླང་བ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང༌། གཏང་རག །ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་རྣམས་སྤྱི་ལྟར་བྱ། ཕྲིན་ལས་རྗེས་ཀྱི་རིམ་པ་མཐར་དབྱུང་བས་དགེ་ལེགས་སུ་བྱའོ། །སྲིད་ཞིའི་འཇིྃགས་མེདྃ་མཁྱེནྃ་བརྩེྃའི་ཉི། །དོན་གཉིས་ཐམས་ཅད་ལྷུན་གྲུབ་མཆོག །འོདྃ་ཟེརྃ་འབུམ་བཀྲྃ་ཤིསྃ་པའི་དཔྃལ། །དགེ་མཚན་སྦྲང་རྩིའི་བཅུད་ཀྱིས་འབྱོྃར། །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་ཀྱི་དབང་བསྐུར་རབ་འབྱམས་ཕྲིན་ལས་ཆར་འབེབས་ལེ་ཚན་ལྔ་པ་འོད་གསལ་རང་བྱུང་ཐུགས་མཆོག་རྩལ་གྱིས་སྦྱར་བའོ། ༈ ཀུན་མཁྱེནྃ་ཞི་བསིལ་བདུད་རྩིའི་འཛུམ་དཀར་གྱིས། །རབ་སྒེག་བརྩེྃ་ཆེན་ག་པུར་དབྃང་པོྃའི་རྡུལ། །སིམ་བྱེད་ལེགས་བྲིས་དཔལ་གྱིས་མི་མཚོན་པ། །མི་བསྐྱོད་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་སྲུངས། །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བའི་ཡན་ལག །ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་དབང་བསྐུར་འབོག་པ་ལ། སྤྱི་ཆིངས་རིགས་བཞི་ཀ་ལ་བུདྡྷ་ཐོད་ཕྲེང་རྩལ་གྱི་དབང་བསྐུར་ལ་ཁ་བསྒྱུར་སོ་སོའི་སྟེང་མཆན་གྱིས་གསལ་བ་ལྟར་ལ། དམིགས་བསལ་གྱི་སྒོས་ཆོས་ཞི་བའི་ལས་ཀུན་སྒྲུབ་བྱེད་བདུད་རྩིའི་བུམ་པ་མགུལ་ཆིངས་དཀར་པོ་ཅན། ནང་བཅུད་སོ་ལྔའི་རྫས་ཀྱིས་གཏམས་པ་དཀྱིལ་འཁོར་དབུས་སུ་མཉྫིའི་ལ་བཀོད། དེའི་མདུན་དུ་རྣམ་རྒྱལ་བུམ་པ་བཤམ། རྣམ་བུམ་བསྒྲུབས་ཟིན་པའི་རྗེས། རྡོ་རྗེ་ཐོད་ཕྲེང་གཞུང་གི་ཞི་བའི་བུམ་པ་སྒྲུབ་པ་ནི། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཝ་བི་ཤུདྡྷོ྅ཧཾཿ སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང་༔ བྷྲཱུྃ་ཡིག་ཡོངས་གྱུར་རིན་ཆེན་བུམ་པ་བཟང༔ བདུད་རྩིའི་བཅུད་ཀྱིས་ཡོངས་སུ་གང་བའི་དབུས༔ སྣ་ཚོགས་པདྨ་འདབ་བཞིའི་ལྟེ་བ་རུ༔ སེང་གེས་བཏེགས་པའི་རིན་ཆེན་མཛེས་ཁྲི་དང༔ ཐབས་ཤེས་ཟུང་འཇུག་ཉི་ཟླའི་གདན་གྱི་སྟེང༔ ཧཱུྃ་ཡིག་ཡོངས་གྱུར་རྡོ་རྗེ་ཐོད་ཕྲེང་རྩལ༔ སྐུ་མདོག་མཐིང་གསལ་ཞི་འཛུམ་སྒེག་པའི་ཉམས༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་གཏོད༔ གཡོས་པས་དེ་ཡིས་ཡུ་བ་བྱས་པ་ཡི༔ རིགས་ཀྱི་དྲིལ་བུ་དཀུར་བརྟེན་ཡུམ་ལ་འཁྱུད༔ རུས་པའི་ཕྱག་རྒྱ་དྲུག་གིས་རབ་ཏུ་སྤྲས༔ དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ ཡུམ་མཆོག་རྡོ་རྗེ་དྲིལ་བུ་བསྣམས་པ་འཁྲིལ༔ རིག་འཛིན་བླ་མ་བྱེ་བའི་སྤྲིན་ཕུང་འཕྲོ༔ འདབ་བཞིར་དབང་ཆེན་རྟ་མཆོག་རིགས་བཞི་ལས༔ རབ་འབྱམས་ཡི་དམ་ཞི་ཁྲོའི་ཕྱག་རྒྱར་ཤར༔ སྒོ་བཞིར་རིག་འཛིན་དཔའ་བོ་ཡབ་ཡུམ་ལ༔ གནས་གསུམ་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེས་རྒྱས་གདབ་ཅིང༔ ཡེ་ཤེས་དབང་བསྐུར་རིགས་ཀྱི་ཅོད་པན་འཆང༔ ཐུགས་ཀའི་འོད་ཀྱིས་ལྷ་ཚོགས་སྤྱན་དྲངས་གྱུར༔ ཧཱུྃ་ཧྲཱིཿ རང་རིག་ལྷུན་མཉམ་མཐའ་དབུས་མེད་པའི་དཀྱིལ༔ ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ་འཆང་བ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་སྐུར་སྟོན་པ༔ རྩལ་སྣང་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་སརྦ་ཛྙཱ་ན་མཎྜ་ལ་བཛྲ་ས་མ་ཡ་ཛཿ ཧཱུྃ་ཧྲཱིཿ རང་སྣང་དམ་ཚིག་སེམས་དཔའི་དཀྱིལ་འཁོར་དུ༔ རིག་རྩལ་དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ༔ གཉིས་མེད་བརྟན་བཞུགས་དབང་དང་དངོས་གྲུབ་སྩོལ༔ བཛྲ་ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱིཿ རིག་སྟོང་གདོད་ནས་སྐྱེ་མེད་ཆོས་སྐུའི་དབྱིངས༔ ཡེ་ཤེས་རང་རྩལ་གཟུགས་སྐུའི་རྣམ་རྣམ་པར་ཤར༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ མི་ཕྱེད་གུས་པས་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་མངོན་སྤྲུལ་པའི༔ ཕྱི་ནང་གསང་བ་རྨད་བྱུང་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་ཕྱིར་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་སུ་ཁ་ཛྙཱ་ན་པཱུ་ཛ་ཧོཿ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་ཆོས་སྐུའི་ངང་ཉིད་ལས༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྤྲིན་ཕུང་འཕྲོ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་ལྷ་ཚོགས་ལ༔ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ༔ གཟུངས་ཐག་བླངས་ཏེ། རང་གི་ཐུགས་ནས་སྔགས་ཀྱི་འོད་ཟེར་འཕྲོས༔ བུམ་པའི་ལྷ་ཚོགས་ཐུགས་དམ་རྒྱུད་བསྐུལ་བས༔ འོད་ཟེར་དཀར་པོ་མཁའ་ཁྱབ་ཀུན་ཏུ་འཕྲོས༔ འཕགས་པ་མཆོད་ཅིང་འགྲོ་བའི་མི་མཐུན་སྦྱངས༔ ཚུར་འདུས་རྩ་གསུམ་རྒྱལ་བ་རབ་འབྱམས་དང༔ གསང་སྔགས་རིགས་སྔགས་གཟུངས་སྔགས་བྱིན་རླབས་བཅུད༔ འོད་དཀར་བདུད་རྩིའི་རྣམ་པར་སྤྱན་དྲངས་ནས༔ བུམ་པའི་ལྷ་ཡི་ཐུགས་ཀར་ས་བོན་མཐར༔ སྔགས་ཀྱི་ཕྲེང་བས་མཚན་ལ་གཉིས་མེད་ཐིམ༔ དེ་ལས་བདུད་རྩིའི་ཆུ་རྒྱུན་རབ་ཏུ་བབ༔ བུམ་བཅུད་ལ་ཐིམ་མཐོང་ཚོར་མྱོང་རེག་ཀུན༔ མི་མཐུན་ཕྱོགས་ཀུན་ཞི་བའི་ནུས་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཛྲ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧཱུྃ་སརྦ་པཱ་པཾ་ཀླེ་ཤ་སརྦ་བྷ་ཡ་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་སྒྲུབ་སྔགས་ལ་ལས་སྔགས་སྦྱར་བས་སྒྲུབ་ལ་བུམ་ལྷ་འོད་ཞུ་རྣམ་བུམ་དང་ཆབས་ཅིག་ཏུ་བྱ། དབང་བསྐུར་ཀྱང་བུདྡྷ་ཐོད་ཕྲེང་དཀྱུས་བཞིན་ལ། ལོ་རྒྱུས་ཀྱི་ཁྱད་པར། ཞི་བ་མཆོག་གི་ཕྲིན་ལས་སངས་རྒྱས་སྲས་དང་བཅས་པས་ཞི་བསིལ་བདུད་རྩིའི་ཆོས་ཀྱིས་འགྲོ་ཀུན་སྲིད་དང་ངན་འགྲོའི་གཡང་ས་ལས་བསྐྱབས་ཏེ་ཕན་བདེའི་དཔལ་ལ་འགོད་པ་དང༌། སེམས་དཔའ་མཆོག་རྣམས་ཀྱིས་བྱམས་དང་སྙིང་རྗེའི་གོ་ཆ་ལྷུར་བཞེས་པས་ཉམས་ཐག་སྡུག་བསྔལ་ཅན་གྱི་སེམས་ཅན་སྒྲོལ་ཞིང་དབུག་དབྱུང་བ་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་ཕྱག་སོར་འོ་རྒྱུན་གྱིས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བ། ཛམ་གླིང་གི་ཚོང་པ་སྲིན་གླིང་ལས་སྒྲོལ་བ་སོགས་དང༌། ཐུན་མོང་གི་ཞི་བའི་ལས་འཇིག་རྟེན་དབང་ཕྱུག་གི་རིགས་སྔགས་ཀྱི་ནུས་པས་དགེ་སློང་མ་དཔལ་མོ་ཀླུ་གདོན་གྱི་སྙུན་ལས་གྲོལ་བ་དང༌། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བོད་ཡུལ་ལྷ་ས། ས་སྐྱ། ཁམས་མེ་ཉག་རྣམས་སུ་ནད་མུག་མཚོན་གྱི་བསྐལ་པ་ཞི་བར་མཛད་པས་མཚོན་སེམས་དཔའ་ཆེན་པོ་རྣམས་ཀྱིས་གཡར་དམ་གྱི་གོ་ཆ་ཆེན་པོ་ལྷུར་བཞེས་འོས་པ་སྟེ། དེ་ཡང་གདུལ་དཀའ་དམུ་རྒོད་ཀྱི་འགྲོ་བ་སྐྱོབ་པ་ལ་སངས་རྒྱས་ཀུན་ལས་ཐུགས་རྗེ་དང་ཕྲིན་ལས་ཁྱད་པར་འཕགས་པ་གུ་རུ་རྡོ་རྗེ་ཐོད་ཕྲེང་གི་ལྷ་སྔགས་ལ་བརྟེན་པ་ཆེས་ཟབ་མྱུར་བྱིན་རླབས་དང་ལྡན་པའི་དབང་བསྐུར། སོགས་དཀྱུས་ལ་འཇུག །མཐའ་རྟེན། གཉིས་པ་ཞི་བའི་ལས་རབ་འབྱམས་སྒྲུབ་པའི་དག་བྱེད་བཀྲ་ཤིས་དགེ་བ་ཁྲུས་ཀྱི་བུམ་པས་དབང་བསྐུར་བ་ལ། ཕྱི་རིན་ཆེན་བུམ་པ་བདུད་རྩིས་གང་བ་འདི་ཉིད་ནང་དུ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་གཙོ་འཁོར་ཡེ་ཤེས་འོད་ཟེར་གྱི་སྣང་བས་སྲིད་ཞིའི་རྒུད་པ་ཀུན་སེལ་གྱི་སྐུ་ལས་བྱུང་བའི་དག་བྱེད་ཡེ་ཤེས་བདུད་རྩིའི་དབང་བསྐུར་ཞིང་ཁྲུས་བགྱིས་པས་ནད་གདོན་བར་ཆད་འཇིགས་བརྒྱད་སོགས་མི་མཐུན་རྒུད་པའི་ཚོགས་ཐམས་ཅད་མིང་མེད་དུ་ཞི་བར་བྱེད་ནུས་པའི་ཕྲིན་ལས་རབ་འབྱམས་ཀྱི་དབང་ཐོབ་པར་མོས་ཤིག །ཞི་བྱེད་བུམ་པ་ཐོགས་ལ། བཀྲ་ཤིས་མཚན་ལྡན་རྡོ་རྗེའི་ཀ་ལ་ཤར༔ དག་བྱེད་བདུད་རྩིའི་རྒྱུན་གྱིས་རབ་ཏུ་གཏམས༔ སྐལ་ལྡན་སློབ་མར་དབང་བསྐུར་ཁྲུས་བགྱིས་པས༔ མི་མཐུན་འགལ་རྐྱེན་མཐའ་དག་ཞི་བར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཛྲ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བརྗོད་དེ་བུམ་ཆུ་འཐུང་ཞིང་ཁྲུས་ཀྱང་བྱ། གྲིབ་སེལ་སྔགས་ཀྱང་ཅི་རིགས་བཟླ༔ ཞེས་གསུངས་པས། རྣམ་སྨེ། ཕྱག་རྡོར་ངན་སོང་ཀུན་སྦྱོང༌། བདུད་རྩི་འཁྱིལ་བའི་གཟུངས་རིང་ཐུང་དང༌། ཁྱད་པར་རྡོར་སེམས་ཡིག་བརྒྱ་དང༌། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡྃ་ཧོ་ཤུདྡྷེ་ཤུདྡྷེ༔ བྃ་ཧོ་ཤུདྡྷེ་ཤུདྡྷེ༔ ལྃ་ཧོ་ཤུདྡྷེ་ཤུདྡྷེ༔ རྃ་ཧོ་ཤུདྡྷེ་ཤུདྡྷེ༔ ཨ་ཨཱ་སྭཱ་ཧཱ༔ ཆགས་ཉམས་དང་རྟོག་སྒྲིབ་ཐམས་ཅད་ཤཱིཾནྟ་ཀུ་རུ་སྭཱ་ཧཱ༔ ཞེས་ཁྲུས་བདུན་གྱི་རིམ་པ་སྦྱར། དམིགས་བསལ་ནད་པ་སོགས་ལ་དབང་འདིའི་མཐའ་རྟེན་དུའམ། སྒེར་དུ་བཀྲུ་བྱབས་སྲུང་བའི་ཆོ་ག་སྦྱོར་ཀྱང་རུང་བར་མངོན་པས་འདོད་ན་རྡོ་རྗེ་རྣམ་འཇོམས་ཀྱི་ཁྲུས་ལྷ་སྔགས་ཁ་བསྒྱུར་གྱིས་རུང་བར་སེམས་སོ། །དེ་ལྟར་དག་བྱེད་བདུད་རྩིའི་བུམ་པའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་ཁྲུས་བྱས་ཤིང་དབང་བསྐུར་བས་ཞི་བའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་ནས་གནས་སྐབས་དང་མཐར་ཐུག་གི་སྲིད་ཞིའི་རྒུད་པའི་ཚོགས་ཐམས་ཅད་ཞི་བར་བྱེད་པའི་ལས་རབ་འབྱམས་ཀྱི་སྒོ་ནས་དོན་གཉིས་འབད་མེད་དུ་སྒྲུབ་ནུས་པའི་བྱིན་རླབས་དང་དངོས་གྲུབ་ལ་དབང་ཐོབ་པར་མོས་མཛོད། འཇིགས་པ་བརྒྱད་སོགས་ཕྱི་ནང་ཉེར་འཚེའི་ཚོགས། །ལས་ཉོན་སྒྲིབ་སྐྱེད་བླུན་སེམས་ངན་པའི་ཆ། །བདུད་བཞིའི་འགྱུར་བ་སྐྱེད་བྱེད་འགྲོ་བའི་རྒུད། །མིང་མེད་ཞི་བའི་ལས་ཀྱི་བཀྲ་ཤིས་ཤོག །དེ་དག་གི་ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་སོགས་ནས་དམ་ཚིག་ཁས་བླང༌། གཏང་རག་སོགས་དབང་དང་ལས་བྱང་གི་མཇུག་ཆོག་བཅས་བུདྡྷ་ཐོད་ཕྲེང་ལྟར་བྱ་བའོ། །རྒུད་པས་འཇིྃགས་མེདྃ་ཞི་དབྱིངས་མཁར། །མཁྱེནྃ་བརྩེྃའི་སྤྲིན་དཀར་འཛུམ་འོདྃ་ཟེརྃ། །སྲིད་ཞིའི་དབྱིངས་ཁྱབ་བཀྲྃ་ཤིསྃ་དཔྃལ། །དགེ་ལེགས་འདོད་དགུའི་འབྱོྃར་པས་མཛེས། །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་ཀྱི་དབང་ཆོག་ཞི་བྱེད་བདུད་རྩིའི་སྤྲིན་ཕྲིན་ལེ་ཚན་དྲུག་པ་ཨོ་རྒྱན་དོན་ཀུན་གྲུབ་པས་སྦྱར་བའོ། ༈ ཡེ་ཤེས་སྣང་བས་རྟག་འཁྱུད་འཇྃམ་པའི་དཔྃལ། །བསྟན་འགྲོར་ཀུན་ཏུ་དགའྃ་བའིྃ་བཤེྃས་གཉེནྃ་ཚུལ། །འོདྃ་གསྃལ་ཀློང་ནས་སྤྲུལྃ་པའིྃ་རྡོྃ་རྗེྃའི་གཟུགས། །རིན་ཆེན་ཉི་མ་རཏྣ་ཐོད་ཕྲེང་གུས། །རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་ཀྱི་ཁྱད་པར་མཚན་ལྡན་བྷནྡྷ་གསེར་མདོག་རྒྱས་པའི་ལས་ལ་འོས་པ་དྲི་བཟང་དང་སྨན་སྣས་བྱུག །དྭངས་མ་ལྔ་སོགས་ཚེ་རྫས། ཚེ་རིང་འབྱོར་ལྡན་བཀྲ་ཤིས་པའི་ཁྱིམ་དང་སྐྱེས་པ་ཕོ་མོའི་ལག་ནས་བྱུང་བའི་རིན་ཆེན་དར་ཟབ་འབྲུ་སྨན་དཀར་མངར་གྱི་ཟས་དང་བདུད་རྩི་ཆོས་སྨན་གྱིས་བཀང་བ་དང༌། གཞུང་མཐུན་བསྙེན་སྒྲུབ་ལས་སྔགས་སྤེལ་ཚིག་ཅན་དང་ནམ་མཁའ་མཛོད་ཀྱི་སྔགས་བྱང་གསེར་གྱིས་བྲིས་པའི་གཟུངས་བསྒྲིལ་ཀྱང་བཞག་ན་ལེགས་པར་སེམས་སོ། །བྷནྡྷ་དེ་ཉིད་དར་སྣས་དྲིལ་ཞིང་དཀྱིལ་འཁོར་གྱི་དབུས་སུ་བརྟན་པོར་བཞུགས་སུ་གསོལ། སྦྱངས་ཁྲུས་ལེགས་པར་བྱས་ལ། བདག་མདུན་བུམ་པ་བཅས་བསྒྲུབས་ཟིན་པའི་རྗེས། རྟེན་ལ་བསང་ཆུས་བྲན་ཏེ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་བི་ཤུདྡྷོ་྅ཧཾ༔ སྟོང་པའི་ངང་ལས་རང་གི་མདུན་གྱི་གཞིར༔ ཡིད་འཕྲོག་མཆོད་སྤྲིན་རྒྱ་མཚོའི་བཀོད་པ་དང༔ སྲིད་ཞིའི་འབྱོར་ཚོགས་ནམ་མཁའ་མཛོད་ཀྱི་དབུས༔ ནོར་བུའི་གཞལ་མེད་ཁང་ཆེན་མཚན་ཉིད་རྫོགས༔ ལྟེ་བར་འདོད་འབྱུང་ཡེ་ཤེས་ཀ་པཱ་ལ༔ ཡངས་ཤིང་རྒྱ་ཆེ་གནོད་སྦྱིན་གཏེར་འཆང་ཆེའི༔ བུམ་པ་བཟང་དེར་འདོད་དགུའི་བཅུད་ཀྱིས་གཏམས༔ སྣང་སྟོང་འཇའ་ཟེར་ཐིག་ལེ་འཁྲིགས་པའི་དབུས༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ གསེར་མདོག་བརྗིད་ཆགས་ཤིན་ཏུ་སྒེག་པའི་ཉམས༔ ཕྱག་ཡས་ཡིད་བཞིན་ནོར་བུ་ཐུགས་ཀར་གཏོད༔ གཡོས་པས་ནོར་བུས་ཡུ་བ་བྱས་པ་ཡི༔ རིགས་ཀྱི་དྲིལ་བུ་དཀུར་བརྟེན་ཡུམ་ལ་འཁྱུད༔ དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ ཡུམ་མཆོག་རིན་ཆེན་དྲིལ་བུ་བསྣམས་པ་འཁྲིལ༔ རིག་འཛིན་བླ་མ་བྱེ་བའི་སྤྲིན་ཕུང་འཕྲོ༔ ཕྱོགས་བཞིར་ནང་དུ་རྟ་མཆོག་རིགས་བཞི་ལས༔ རབ་འབྱམས་ཡི་དམ་ཞི་ཁྲོའི་ཕྱག་རྒྱར་ཤར༔ སྒོ་བཞིར་རིག་འཛིན་དཔའ་བོ་ཡབ་ཡུམ་ལ༔ གནས་གསུམ་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེས་རྒྱས་གདབ་ཅིང༔ ཡེ་ཤེས་དབང་བསྐུར་རིགས་ཀྱི་ཅོད་པན་འཆང༔ ཐུགས་ཀའི་འོད་ཀྱིས་ལྷ་ཚོགས་སྤྱན་དྲངས་གྱུར༔ ཧཱུྃ་ཧྲཱིཿ རང་རིག་ལྷུན་མཉམ་མཐའ་དབུས་མེད་པའི་དཀྱིལ༔ ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ་འཆང་བ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་སྐུར་སྟོན་པ༔ རྩལ་སྣང་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་སརྦ་ཛྙཱ་ན་མཎྜ་ལ་བཛྲ་ས་མ་ཡ་ཛཿ ཧཱུྃ་ཧྲཱིཿ རང་སྣང་དམ་ཚིག་སེམས་དཔའི་དཀྱིལ་འཁོར་དུ༔ རིག་རྩལ་དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ༔ གཉིས་མེད་བརྟན་བཞུགས་དབང་དང་དངོས་གྲུབ་སྩོལ༔ བཛྲ་ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱིཿ རིག་སྟོང་གདོད་ནས་སྐྱེ་མེད་ཆོས་སྐུའི་དབྱིངས༔ ཡེ་ཤེས་རང་རྩལ་གཟུགས་སྐུའི་རྣམ་པར་ཤར༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ མི་ཕྱེད་གུས་པས་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་མངོན་སྤྲུལ་པའི༔ ཕྱི་ནང་གསང་བ་རྨད་བྱུང་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་ཕྱིར་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་སུ་ཁ་ཛྙཱ་ན་པཱུ་ཛ་ཧོཿ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་ཆོས་སྐུའི་ངང་ཉིད་ལས༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྤྲིན་ཕུང་འཕྲོ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་ལྷ་ཚོགས་ལ༔ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ༔ ཞེས་པས་མདུན་རྟེན་ལྷར་བསྐྱེད་ལ། རང་གི་ཐུགས་ནས་སྔགས་ཀྱི་འོད་ཟེར་འཕྲོས༔ ཐོད་པའི་ལྷ་ཚོགས་ཐུགས་དམ་རྒྱུད་བསྐུལ་བས༔ གསེར་མདོག་འོད་ཀྱིས་འཁོར་འདས་ཁམས་ཀུན་ཁྱབ༔ འཕགས་པ་མཆོད་ཅིང་འགྲོ་ཀུན་ལེགས་ཚོགས་སྤེལ༔ ཚུར་འདུས་རྩ་གསུམ་རྒྱལ་བ་རབ་འབྱམས་དང༔ འཁོར་འདས་ལེགས་ཚོགས་ཡེ་ཤེས་ཡོན་ཏན་ཀུན༔ གསེར་མདོག་བདུད་རྩིའི་རྣམ་པར་སྤྱན་དྲངས་ནས༔ ཐོད་པའི་ལྷ་ཡི་ཐུགས་ཀར་ས་བོན་མཐར༔ སྔགས་ཀྱི་ཕྲེང་བས་མཚན་པར་གཉིས་མེད་ཐིམ༔ འཁོར་འདས་དངོས་གྲུབ་ཀུན་གྱི་དབྱིག་ཏུ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཏྲཱྃ་སརྦ་ལོ་ཀ་ཛྙཱ་ན་ཨཱ་ཡུར་པུཎྱེ་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་ཇི་ལྟར་རིགས་པ་བཟླས་མཐར། ཕྱི་སྒྲུབ་ལས་བྱང་ལྟར་ཚོགས་དང་བསྐང་བཤགས་རྒྱས་པར་ཕུལ་ལ། བདག་མདུན་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཉི་མ་བྱེ་བའི་གཟི་བརྗིད་ཅན་འཕྲོས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྣམས་སུ་ཁྱབ། འཁོར་འདས་ལམ་གསུམ་གྱི་ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་ཐམས་ཅད་བཀྲ་ཤིས་རྫས་རྟགས་འཇའ་ཟེར་ཐིག་ལེ་ལ་སོགས་པའི་རྣམ་པར་སྤྱན་དྲངས། བདག་མདུན་རྟེན་རྫས་རྣམས་ལ་ཐིམ་པས་འདོད་རྒུའི་དངོས་གྲུབ་ཡིད་བཞིན་དུ་འགྲུབ་པར་བསམ་ལ། མདའ་དར་གཡབ་སྟེ། སྐབས་འདིར་ཅུང་ཟད་སྤྲོས་པ་དང་འབྲེལ་ན་ལྷ་བཙུན་ཆེན་པོ་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་གཡང་འགུགས་མེ་ཏོག་ཆར་བསིལ་སྦྱར་ཡང་རུང་ཞིང༌། དབང་བསྐུར་ཙམ་ལ་གཏེར་གཞུང་དངོས་ནི། ཏྲཱྃ༔ དགོས་འབྱུང་རིན་ཆེན་གཏེར་གྱི་ཕོ་བྲང་ནས༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་ཚོགས་རྣམས་ཀུན༔ མོས་ཤིང་གདུང་བས་ཐུགས་དམ་རྒྱུད་བསྐུལ་ན༔ ཡེ་ཤེས་ཡོན་ཏན་གཟི་བརྗིད་ཚད་མེད་པའི༔ འོད་ཟེར་ཕོ་ཉ་སྲིད་ཞིའི་ཁམས་ཀུན་སྤྲོས༔ སྣོད་ཀྱི་ཕྱྭ་དང་བཅུད་ཀྱི་དགེ་མཚན་གཡང༔ ཚེ་བསོད་དཔལ་འབྱོར་འདོད་དགུའི་ལེགས་ཚོགས་ཀུན༔ འདིར་བསྡུས་སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་སོགས༔ མཐོང་ཐོས་དྲན་རེག་གདུལ་བྱའི་ཚོགས་རྣམས་ཀྱི༔ འདོད་དགུའི་བསམ་པ་ཡིད་བཞིན་འགྲུབ་མཛད་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཏྲཱྃ་སརྦ་ལོ་ཀ་ཛྙཱ་ན་ཨཱ་ཡུར་པུཎྱེ་པུཥྚིཾ་ཀུ་རུ་ཨོཾ༔ རཏྣ་ཀ་པཱ་ལ་བ་སུ་སིདྡྷི་སྡུས་སྡུས་རཏྣ་སིདྡྷི་ས་མ་ཡ་སྟྭཾ༔ ཨཱ་ཡུར་པུཎྱེ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་དངོས་གྲུབ་རྟེན་རྫས་རྣམས་ལ་བསྟིམ། ཡེ་དྷརྨའི་སྔགས་ཀྱིས་བརྟན་པར་བྱས་ལ་མེ་ཏོག་འཐོར། དབང་བསྐུར་སྐབས་ལོ་རྒྱུས། དེ་ཡང་རྒྱས་པའི་ལས་རབ་འབྱམས་ནི་རིག་པ་འཛིན་པ་དང་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུའི་གཞི་མ་ནོར་བ་སྟེ། རྒྱས་པ་མཆོག་གི་ལས་སྔགས་ཀྱི་རྣལ་འབྱོར་པ་ལྟ་དགོངས་ཀྱི་གདིང་ཐོབ་པས་རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན་གྱི་སྦྱོར་བ་དཀྱིལ་འཁོར་བདུན་དང་སྦྱོར་ཐབས་བརྒྱད་ཀྱི་ལྷ་སྔགས་ཏིང་ངེ་འཛིན་གྱིས་སྣོད་བཅུད་ཧེ་རུ་ཀའི་ཞིང་དུ་བསྒྱུར་ཏེ་བདེ་ཆེན་ཡེ་ཤེས་མཁའ་ཁྱབ་ཏུ་སྤེལ་བ་དང༌། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནམ་མཁའ་མཛོད་ཀྱི་ཡོ་བྱད་ལ་དབང་བསྒྱུར་བས་མཆོད་སྦྱིན་ཟད་མི་ཤེས་པའི་ཐབས་མཁས་ཀྱིས་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པས་སངས་རྒྱས་ཀྱི་ས་ཡི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལ་མྱུར་དུ་སྦྱོར་ཞིང༌། སྐྱེ་དགུ་རྣམས་ཕོངས་པ་ལས་སྒྲོལ་བ་སོགས་དགོས་པའི་ཁྱད་པར་དུ་མས་འཕགས་པའི་ཕྱིར་དེ་བཞིན་གཤེགས་པས་ཀྱང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཐོག་མར་སྦྱིན་པའི་གཏམ་མཛད། རྒྱས་པའི་ལས་ཐུན་མོང་བ། འཕགས་པ་ཀླུ་སྒྲུབ་ཀྱིས་གསེར་འགྱུར་གྱི་སྦྱོར་བས་ན་ལེནྡྲའི་གཙུག་ལག་དུ་དགེ་འདུན་ལ་ལོ་མང་པོར་འཚོ་བ་སྦྱར་བ་དང༌། སློབ་དཔོན་ཆེན་པོས་བསམ་ཡས་མལ་གྲོའི་ཀླུ་ལ་བཀའ་བསྒོས་ནས་མངའ་བདག་རྒྱལ་པོའི་བང་མཛོད་ཐམས་ཅད་གསེར་གྱིས་བཀང་ནས་གཙུག་ལག་བཞེངས་པ་དང༌། དགེ་འདུན་གྱི་སྡེ་གཉིས་བཙུགས་པ་སོགས་གནས་སྐབས་དང་མཐར་ཐུག་གི་དགོས་པ་དུ་མ་དང་ལྡན་ཞིང༌། གཞན་ཡང་རིགས་བརྒྱུད་ཚེ་དཔལ་ཤེས་རབ་ལོངས་སྤྱོད་སོགས་རྒྱས་པའི་ལས་ཐམས་ཅད་མི་ཆོས་ཀྱི་གཞི་དང་ལྷ་ཆོས་ཀྱི་རྒྱན་དུ་གྱུར་པས། དེ་དག་སྒྲུབ་པའི་ཐབས་སྤྱི་དང་བྱེ་བྲག་ཆེས་མང་ཡང་གུ་རུ་ཡིད་བཞིན་ནོར་བུ་རཏྣ་ཐོད་ཕྲེང་ལ་བརྟེན་པ་ནི་ཐུགས་རྗེ་མྱུར་ཞིང་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་མཆོག་ཐུན་ཅིག་ཅར་དུ་སྒྲུབ་པའི་དབང་བསྐུར་བགྱི་བ་སོགས་དཀྱུས་ལྟར་དང་མཐའ་རྟེན་ལ། གཉིས་པ་རྒྱས་པའི་ལས་རབ་འབྱམས་སྒྲུབ་པ་འདོད་འབྱུང་རཏྣའི་ཀ་པཱ་ལའི་རྟེན་རྫས་ཀྱི་དབང་བསྐུར་བ་ལ། གོང་གསལ་གཡང་འགུགས་སྔོན་དུ་འགྲོ་བས། ཕྱི་འདོད་དགུ་ཀུན་འབྱུང་ཡེ་ཤེས་ཀྱི་ཀ་པཱ་ལ་མཚན་ཉིད་དང་ལྡན་པ་ལ། ནང་དུ་གུ་རུ་རཏྣ་ཐོད་ཕྲེང་རྩལ་གཙོ་འཁོར་ཡོངས་རྫོགས་སྲིད་ཞིའི་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་ཀྱི་ཆར་འབེབས་བཞིན་བཞུགས་པ་སྤྱི་བོར་སྤྱན་དྲངས་ཤིང་དབང་བསྐུར་བས། ལྷ་ཚོགས་རྣམས་ཀྱི་སྐུ་ལས་བྱུང་བའི་འོད་ཟེར་གྱིས་སྒོ་གསུམ་ལ་རེག་པས་ཐོགས་མེད་ནས་བསགས་པའི་དབུལ་ཕོངས་སེར་སྣའི་རྒྱུ་འབྲས་ཀྱི་སྒྲིབ་པ་ཐམས་ཅད་སྦྱངས། ཚེ་བསོད་དཔལ་དང་རླུང་རྟའི་སྟོབས་བསྐྱེད་དེ་འབྱོར་བ་དྲུག་དང་ཚོགས་གཉིས་ཀྱི་མཐུ་བྱིན་རིན་ཆེན་ནམ་མཁའ་མཛོད་ཀྱི་གཏེར་ལ་དབང་ཐོབ་པར་མོས་ཤིག །བྷནྡྷ་སྤྱི་བོར་བཞག་ལ། ཏྲཱྃ༔ བཀྲ་ཤིས་མཚན་ལྡན་རྡོ་རྗེའི་ཀ་པཱ་ལར༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་བཅུད་ཀྱིས་གཏམས༔ སྐལ་ལྡན་རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ མཐུན་རྐྱེན་དངོས་གྲུབ་ལེགས་ཚོགས་རྒྱས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཏྲཱྃ་སརྦ་ལོ་ཀ་ཛྙཱ་ན་ཨཱ་ཡུར་པུཎྱེ་པུཥྚིཾ་ཀུ་རུ་ཨོཾ༔ གནས་གསུམ་དུ་བཞག །དེ་ལྟར་འདོད་དགུ་ཀུན་འབྱུང་དངོས་གྲུབ་མི་ཟད་པའི་དབྱིག་མཚན་ལྡན་བདེ་སྐྱོང་གི་ནོར་བུའི་དབང་བསྐུར་བས་རྒྱས་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་ནས་གནས་སྐབས་དང་མཐར་ཐུག་གི་དཔལ་འབྱོར་ལེགས་པའི་ཚོགས་རབ་འབྱམས་ཡིད་བཞིན་དུ་གྲུབ་ནས་བསྟན་འགྲོའི་དོན་དཔག་ཏུ་མེད་པ་རྩོལ་མེད་དུ་སྒྲུབ་པའི་བྱིན་རླབས་དངོས་གྲུབ་ཀྱི་དབང་ཐོབ་པར་མོས་མཛོད། འབྱོར་བ་དྲུག་ལྡན་ནོར་བུའི་གཏེར་ལ་སྤྱོད། །སྲིད་དང་ཞི་བའི་ལེགས་ཚོགས་གོང་དུ་འཕེལ། །དོན་གཉིས་ཕུན་ཚོགས་ཡེ་ཤེས་འབྱོར་པའི་དཔལ། །ལྷུན་གྲུབ་མཐར་ཕྱིན་ཕྲིན་ལས་བཀྲ་ཤིས་ཤོག །དེ་དག་གིས་རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ་གྱི་སོགས་དབང་དང༌། ལས་བྱང་གི་ཚོགས་ལ་རོལ་ཞིང་ལྷག་མ་བཏང་བ་སོགས་མཐར་དབྱུང་ངོ༌། །འཇིྃགས་མེདྃ་ཚོགས་གཉིས་གཟི་བྱིན་དང༌། །རྟག་འགྲོགས་མཁྱེནྃ་བརྩེྃའི་འོདྃ་སྟོང་ཅན། །མི་ཟད་འདོད་དགུའི་ཟེརྃ་བཀྲྃ་བས། །རབ་ཤིསྃ་འདབ་སྟོང་དཔྃལ་བརྒྱས་འབྱོྃར། །རྩ་གསུམ་འོད་གསལ་སྙིང་ཐིག་གི་རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་ཀྱི་དབང་ཆོག་འདོད་འབྱུང་ནོར་བུའི་སྙེ་མ་ལེ་ཚན་བདུན་པ་འོད་གསལ་རང་བྱུང་ལྷུན་གྲུབ་རྩལ་གྱིས་སྦྱར་བའོ། ༈ འཕོ་མེད་བདེ་ཆེན་རྡོ་རྗེའི་ཉིན་མོར་བྱེད། །རྟག་ཏུ་བྲི་གང་བྲལ་བའི་འཛུམ་ཟེར་གྱིས། །སྲིད་ཞི་བརྟན་གཡོའི་དཔལ་ཀུན་སྡུད་མཛད་པ། །གར་དབང་པདྨ་ཐོད་ཕྲེང་དགྱེས་པས་སྐྱོངས། །རྩ་གསུམ་འོད་གསལ་སྙིང་ཐིག་གི་དབང་མཛད་པདྨ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་དང་འབྲེལ་བའི་དབང་ལ། བདག་མདུན་བུམ་པ་བཅས་བསྒྲུབས་ཟིན་པའི་རྗེས་སུ་དབང་གི་སྦྱིན་སྲེག་གྲུབ་ན་ལེགས་པས་དེའི་ཚུལ་ནི། ཚོང་འདུས་ཆེན་པོ་དང༌། སྨད་འཚོང་ཉལ་པོ་བྱས་པའི་ས་ལ་སྟེགས་བུ་དམར་པོ་འདོམ་གང་བ་བཅོས། ཟངས་ལས་བྱས་པའི་དབང་གི་ཐབ་ཁྲུ་གང་བ་ལྟེ་བ་པདྨ་དམར་པོ་འདབ་བཞི་དབུས་སུ་ཨུཏྤལ་དམར་པོས་མཚན་པ། ཁ་ཁྱེར་སོར་བཞི་པ་ལ་མེ་རི་མུ་རན་ལ་ལྕགས་ཀྱུ་དང་མེ་ཏོག་དམར་པོ་སྤེལ་བ་མཚན་ཉིད་དང་ལྡན་པར་བྲི་བའམ་ཡང་ན་འབྲུ་དམར་གྱི་ཚོམ་བུ་ལྷ་གྲངས་བཀོད་པས་ཀྱང་རུང་ལ། སེང་ལྡེང་ངམ། འོ་སེ། མཛོ་མོ་ཤིང་སོགས་ཀྱིས་ཟླ་གམ་དུ་བརྩེགས། དེ་དང་ཉེ་བར་རང་གི་མདུན་དུ་དགང་བླུགས་ཁ་སྦྱར་བ། རྡོར་དྲིལ། བསང་ཆུ་མེ་ཏོག་གི་སྣོད་སོགས་དང༌། གཡས་སུ་སྨན་གཏོར་རཀྟ་ཚོགས་ཀྱི་ཡོ་བྱད། གཡོན་དུ་ཏིལ་མར་གྱི་མར་ཁུ། ལས་མཐུན་ཡམ་ཤིང༌། གར་ཆང་དང་ལན་ཚྭ་དམར་པོ་སྦགས་པའི་ཟས་སྣ་དཀར་དམར་ལ་དུ་འབྲུ་སྨན་རིན་ཆེན་དར་ཟབ་གླང་སྣ་མེ་ཏོག་བཅས་དམར་པོའི་རིགས་དང༌། མངར་སྐྱུར་གྱི་རོ་ཅན་གཙོ་བོར་བྱ། ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ལ་པདྨའི་སྐྱིལ་ཀྲུང་གིས་འཁོད་དེ། རྡོར་དྲིལ་བྱིན་བརླབས་ནི། ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་པས་རྡོ་རྗེ་སྙིང་གར་གསོར། ཨོཾ་བཛྲ་གཎྜེ་ཨཱཿས་དྲིལ་བུ་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་གིས་རྡོར་དྲིལ་བསྣོལ་བའི་འཁྱུད་རྒྱ་དང་བཅས་དམ་ཚིག་གསུམ་བཟུང༌། གཉིས་པ་དངོས་གཞི་ལ། ཐོག་མར་མཆོད་སྲེག་གི་རྫས་རྣམས་ལ་བསང་ཆུ་འཐོར་ཞིང༌། རྃ་ཡྃ་ཁྃ་གིས་བསང་སྦྱང༌། སྟོང་པའི་ངང་ལས་བདེ་ཆེན་གྱི༔ རྣམ་རོལ་མཆོད་དང་བསྲེག་བྱའི་རྫས༔ ཡེ་ཤེས་བདུད་རྩི་འདོད་ཡོན་སྤྲིན༔ ཅིར་ཡང་འཆར་ཞིང་འབྱུང་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་བདུན་དང༌། སྤྲོ་ན་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ཀྱང་བརླབ་ཅིང་སྤེལ། ཐལ་མོ་སྦྱར་བའི་བར་དུ་དཔལ་འབར་ཐོགས་ལ་ཐབ་ལ་གཡོན་དུ་བསྐོར་ཞིང༌། ཨོཾ་ཨགྣེ་ཛྭ་ལ་རཾ། ཞེས་ལན་གསུམ་གྱིས་མེ་སྦར། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རླུང་གཡབ་ཀྱིས་གཡབ། བླུགས་གཟར་གྱིས་མར་ཁུའི་ཐིག་པས་ཀྱང་གསོ། ཀུ་ཤའི་འཐོར་གཡབ་ཀྱིས་ཐབ་ལ་བསང་ཆུ་འཐོར་ཞིང༌། རྟ་སྔགས་ཀྱིས་བསང༌། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་དབང་གི་ཐབ་ཁུང་ནི༔ ཟླ་གམ་འོད་དམར་རབ་ཏུ་འཁྲུགས་པའི་ནང༔ དབང་གི་མེ་དཔུང་རྗེས་ཆགས་སྣང་བ་འབར༔ དེ་དབུས་བྷྲཱུྃ་ལས་པདྨའི་གཞལ་ཡས་ཁང༔ མཚན་ཉིད་ཡོངས་རྫོགས་ངོ་མཚར་བཀོད་པས་མཛེས༔ ལྟེ་བར་རྨ་བྱས་བཏེགས་པའི་རིན་ཆེན་ཁྲིར༔ ཐབས་ཤེས་ཟུང་འཇུག་ཉི་ཟླའི་གདན་གྱི་སྟེང༔ ཧྲཱིཿཡིག་ཡོངས་གྱུར་པདྨ་ཐོད་ཕྲེང་རྩལ༔ དམར་གསལ་སྒེག་ཅིང་ཤིན་ཏུ་ཆགས་པའི་ཉམས༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་གཟི་འོད་འབར༔ ཕྱག་གཡས་པདྨ་དམར་པོ་ཐུགས་ཀར་གཏོད༔ གཡོན་པས་པདྨས་ཡུ་བ་བྱས་པ་ཡི༔ རིགས་ཀྱི་དྲིལ་བུ་དཀུར་བརྟེན་ཡུམ་ལ་འཁྱུད༔ རུས་པའི་ཕྱག་རྒྱ་དྲུག་གིས་རབ་ཏུ་སྤྲས༔ དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ ཡུམ་མཆོག་པདྨ་དྲིལ་བུ་བསྣམས་པས་འཁྲིལ༔ རིག་འཛིན་བླ་མ་བྱེ་བའི་སྤྲིན་ཕུང་འཕྲོ༔ འདབ་བཞིར་དབང་ཆེན་རྟ་མཆོག་རིགས་བཞི་ལས༔ རབ་འབྱམས་ཡི་དམ་ཞི་ཁྲོའི་ཕྱག་རྒྱར་ཤར༔ སྒོ་བཞིར་རིག་འཛིན་དཔའ་བོ་ཡབ་ཡུམ་ལ༔ གནས་གསུམ་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེས་རྒྱས་གདབ་ཅིང༔ ཡེ་ཤེས་དབང་བསྐུར་རིགས་ཀྱི་ཅོད་པན་འཆང༔ ཐུགས་ཀའི་འོད་ཀྱིས་ལྷ་ཚོགས་སྤྱན་དྲངས་གྱུར༔ ཧཱུྃ་ཧྲཱིཿ རང་རིག་ལྷུན་མཉམ་མཐའ་དབུས་མེད་པའི་དཀྱིལ༔ ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ་འཆང་བ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་སྐུར་སྟོན་པ༔ རྩལ་སྣང་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་སརྦ་ཛྙཱ་ན་མཎྜ་ལ་བཛྲ་ས་མ་ཡ་ཛཿ ཧཱུྃ་ཧྲཱིཿ རང་སྣང་དམ་ཚིག་སེམས་དཔའི་དཀྱིལ་འཁོར་དུ༔ རིག་རྩལ་དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ༔ གཉིས་མེད་བརྟན་བཞུགས་དབང་དང་དངོས་གྲུབ་སྩོལ༔ བཛྲ་ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ དགང་བླུགས་ཐོགས་ཏེ། ཧྲཱིཿ དགང་བླུགས་ཐབས་ཤེས་ཟུང་འཇུག་མཉམ་སྦྱོར་བ༔ ལྷ་རྣམས་ཞལ་གྱི་ངོ་བོར་རྣམ་དག་ལས༔ ཟག་མེད་བདུད་རྩིའི་ཆར་ཆེན་ཕབ་པ་ཡིས༔ པདྨ་ཐོད་ཕྲེང་ཡབ་ཡུམ་དཀྱིལ་འཁོར་པ༔ དགྱེས་ཚིམས་སྐུ་དང་སྦྱོར་མཚམས་ལས་བྱུང་བའི༔ འོད་ཟེར་དམར་པོས་འཁོར་འདས་ཁམས་ཀུན་ཁྱབ༔ རབ་འབྱམས་དབང་གི་ཕྲིན་ལས་ཡོངས་རྫོགས་ཤིང༔ རང་བཞིན་དོན་གཉིས་ལྷུན་གྱིས་གྲུབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ ལན་བདུན་མཐར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཁམས་གསུམ་སྣོད་བཅུད་རླུང་སེམས་སྣང་བ་ལེགས་པའི་ཡོན་ཏན་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་སྦྱར་བ་ལན་གསུམ་དུ་འབུལ། ཧཱུྃ་ཧྲཱིཿ རིག་སྟོང་གདོད་ནས་སྐྱེ་མེད་ཆོས་སྐུའི་དབྱིངས༔ ཡེ་ཤེས་རང་རྩལ་གཟུགས་སྐུའི་རྣམ་པར་ཤར༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ མི་ཕྱེད་གུས་པས་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་མངོན་སྤྲུལ་པའི༔ ཕྱི་ནང་གསང་བ་རྨད་བྱུང་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་ཕྱིར་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་སུ་ཁ་ཛྙཱ་ན་པཱུ་ཛ་ཧོཿ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་ཆོས་སྐུའི་ངང་ཉིད་ལས༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྤྲིན་ཕུང་འཕྲོ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་ལྷ་ཚོགས་ལ༔ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ༔ དེ་ནས་རྫས་རྣམས་ཁུ་བའི་རང་བཞིན་ཅན་རྣམས་ཞལ་དང༌། ཡམ་ཤིང་འོད་ཀྱི་དཀྱིལ་འཁོར། འབྲུ་སྨན་སོགས་ཕྱག་གིས་མཚོན་པར་ཕུལ་བར་མོས་ཏེ་ལག་གིས་བཟུང་དུ་བཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བ་པདྨའི་མཆོག་སྦྱིན་གྱི་ཚུལ་དང༌། དེ་ལས་གཞན་པ་རྣམས་བླུགས་གཟར་གྱིས་འབུལ་ཞིང༌། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ ལན་བདུན་མཐར་སྤེལ་ཚིག །ཁམས་གསུམ་སྣོད་བཅུད་རླུང་སེམས་སྣང་བ་ལེགས་པའི་ཡོན་ཏན་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་བཏགས་ཏེ་དེ་ལྟ་བུའི་མར་ཁུ་ཉེར་གཅིག་དང༌། ཡམ་ཤིང་དེ་མཚུངས་ཕུལ། ཁྱད་པར་དབང་གི་རྫས་ལ་ལྷ་སྔགས་ཀྱི་མཚམས་སུ་སྤེལ་ཚིག་བཏགས་པ་ལ་གྲངས་བཟུང༌། དེ་རྣམས་ཀྱི་ཚེ་ཐབ་ཀྱི་ལྷ་ཚོགས་རྣམས་ཀྱི་འོད་ཟེར་དམར་པོ་པདྨ་རཱ་གའི་མདངས་ཅན་ལྕགས་ཀྱུས་རྣམ་པས་དབང་གི་ལས་ཐམས་ཅད་རྩོལ་མེད་དུ་སྒྲུབ་པར་བསམ་ལ་དམིགས་པའི་གསལ་སྣང་ལ་རྩེ་གཅིག་ཏུ་སེམས་འཛིན་པ་ནི་རྣོ་ལ་ངར་གྱིས་གདབ་པ་བཞིན་ནོ། །གྲངས་རྫོགས་པའི་ཚེ་སྤྲོ་ན། ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱས་ལས་མཐུན་གོས་ཟུང་དང༌། ཨོཾ་བཛྲ་ཏམྦུ་ལཱ་ཡེ་སྭཱ་ཧཱསོ་རྩི་འབུལ། སྤྲོ་ན་ཚོགས་མཆོད་ཀྱང་འབུལ། གཤེགས་སྐྱེམས་ལན་བདུན་སྔར་ལྟར་དང༌། གཏང་རག་གི་མཆོད་བསྟོད་སྔོན་དུ་འགྲོ་བས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿས་དངོས་གྲུབ་བླང༌། ཡི་གེ་བརྒྱ་པས་ནོངས་པ་བཤགས། ཛཿཧཱུྃ་བྃཧོཿས་ཐབ་ཀྱི་ཡེ་ཤེས་པ་རང་གི་ལྟེ་བའི་གཏུམ་མོ་ལ་ཐིམ་པར་བསམ་ཞིང༌། བསྔོ་སྨོན་དང་ཤིས་པ་བརྗོད། ཐལ་བ་འབབ་ཆུ་ཆེན་པོའམ༔ ནུབ་ཕྱོགས་རི་རྩེར་རླུང་ལ་བསྐུར༔ དེས་ནི་རབ་འབྱམས་དབང་གི་ལས༔ མྱུར་དུ་འགྲུབ་ཅིང་མཐར་ཕྱིན་འགྱུར༔ ཞེས་གསུངས་སོ། །དབང་བསྐུར་ལ་ལོ་རྒྱུས་ཀྱི་ཁྱད་པར། དེ་ཡང་ཞི་རྒྱས་དབང་མཆོག་དང་དྲག་པོའི་ཕྲིན་ལས་ཐམས་ཅད་ཀྱི་རྩ་བ་ནི་ཟབ་པ་དབང་གི་ལས་ཉིད་ཡིན་ཏེ། མཆོག་གི་དབང་སྡུད་རྒྱལ་དང་རྒྱལ་བའི་སྲས་པོ་རྣམས་ཀྱི་ཐུགས་སྙིང་རྗེ་ཆེན་པོའི་ཁྱབ་བརྡལ་མུ་མེད་ཀྱི་ཏིང་ངེ་འཛིན་གྱིས་འཇིག་རྟེན་ཡིད་ཅན་མཐའ་དག་དབང་དུ་བསྡུས་པས་མངོན་མཐོ་ངེས་ལེགས་ཀྱི་དཔལ་ལ་སྦྱོར་བ་དང༌། སློབ་མ་དབང་རབ་མོས་གུས་ཀྱིས་གྲོལ་བ་རྣམས་ཀྱིས་བླ་མའི་ཐུགས་རྡོ་རྗེའི་ཡེ་ཤེས་ཀྱི་བྱིན་རླབས་དབང་དུ་བྱས་ནས་རྟོགས་གྲོལ་དུས་མཉམ་དུ་འབྱུང་བ་དང༌། རྣལ་འབྱོར་པ་ལྟ་དགོངས་ཅན་གྱིས་ལས་ཀྱི་ཕྱག་རྒྱ་དབང་དུ་བྱས་ཏེ་ལྷན་སྐྱེས་ཡེ་ཤེས་ཀྱི་རྟོགས་པས་རླུང་སེམས་དབུ་མར་སྡུད་པ་དང༌། ཐུན་མོང་དབང་གི་ཕྲིན་ལས་སློབ་དཔོན་སངས་རྒྱས་གཉིས་པས་ཧས་པོ་རི་ནས་བོད་ཀྱི་ལྷ་སྲིན་ཆེ་དགུ་དབང་དུ་བསྡུས་ནས་བསམ་ཡས་ཀྱི་གཙུག་ལག་ཁང་བཞེངས་པའི་འབངས་སུ་བཀོལ་བ་དང༌། ཁྲོ་ཕུ་ལོ་ཙཱ་བས་རྒྱ་གར་གྱི་པཎྜི་ཏ་འབུམ་ཕྲག་གསུམ་པ་དབང་དུ་བསྡུས་ཏེ་བོད་དུ་གདན་དྲངས་པ་སོགས་ཕན་བདེའི་ཕྲིན་ལས་ཐམས་ཅད་ཀྱི་རྩ་བ་དབང་གི་ལས་སྦྱོར་ཡིན་ཞིང༌། དེ་ཡང་ལྷ་སྔགས་གཞན་ལས་ཀྱང་གསུང་པདྨའི་རིགས་ཀྱི་ལྷ་ལ་བརྟེན་པས་དངོས་གྲུབ་མྱུར་བར་བསྔགས་པས། གར་དབང་ཐུགས་རྗེ་ཆེན་པོ། དབང་ཆེན་རྟ་མཆོག་རོལ་པ་སོགས་གཉིས་མེད་གཉིས་སུ་སྣང་བའི་ཡེ་ཤེས་ཕྱག་རྒྱའི་ཆོ་འཕྲུལ་དུ་བཀོད་པས་དེ་ཉིད་རིགས་བརྒྱའི་ཁྱབ་བདག་པདྨ་ཐོད་ཕྲེང་རྩལ་དུ་བཞེངས་པའི་སྐུ་སྔགས་ལ་བརྟེན་པའི་དབང་གི་ལས་ནི་མྱུར་ཞིང་ཚན་ཆེ་བས་མན་ངག་དེའི་དབང་བསྐུར་བགྱི་བ་ལ་སོགས་དཀྱུས་ལྟར་དང༌། གཉིས་པ་དབང་གི་ལས་རབ་འབྱམས་སྒྲུབ་པའི་རྣོ་འདོན་མེ་ཡི་ལས་ཀྱི་དབང་བསྐུར་བ་ལ། དབང་གི་ལས་མཛད་པདྨ་ཐོད་ཕྲེང་ཡབ་ཡུམ་གྱི་ངོ་བོ་ཐབས་ཤེས་དགང་བླུགས་ཀྱི་ཕྱག་རྒྱ་འདི་གཏད་པས། དབང་བྱེད་ཀྱི་ཐབ་འདིར་མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱན་དྲངས་ཏེ་སྲེག་བླུག་གི་མཆོད་པ་ཕུལ་བས་ཐུགས་དམ་བསྐུལ་ནས་རབ་འབྱམས་དབང་གི་ལས་ཡིད་བཞིན་དུ་མཛད་པར་མོས་མཛོད། ཅེས་མཚམས་སྦྱར་ཏེ་རྒྱས་པར་སྤྲོ་ན་སྔར་ལྟར་དབང་གི་སྦྱིན་སྲེག་འབུལ་དུ་གཞུག །བསྡུ་ན་དགང་བླུགས་ཙམ་གཏད་ཀྱང་རུང་བར་གསུངས་པས་དེ་ལྟར་ན། དགང་བླུགས་ཀྱི་ཕྱག་རྒྱ་འདི་གཏད་པས་དབང་གི་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་ནུས་པར་མོས་མཛོད། ཅེས་བྱས་ལ། ཧྲཱིཿ པདྨ་ཐོད་ཕྲེང་ཡབ་ཡུམ་ངོ་བོ་ཉིད༔ ཐབས་ཤེས་ཟུང་འཇུག་དགང་བླུགས་འདི་གཏད་པས༔ ལྷ་རྣམས་ཞལ་གྱུར་སྲེག་བླུགས་ལས་སྦྱོར་གྱིས༔ རབ་འབྱམས་དབང་གི་ཕྲིན་ལས་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ ཧྲཱིཿསརྦ་ཝཱ་ཤཾ་ཀུ་རུ་ཧོཿ དབང་གི་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་ཕྱིར་བདེ་སྟོང་གཉིས་མེད་དགང་བླུགས་གཏད་ཅིང་རྣོ་མྱུར་བྱིན་ཟའི་ལས་སྒྲུབ་པར་རྗེས་སུ་གནང་བས་ཁམས་གསུམ་སྐྱེ་འགྲོ་མོས་པ་བཞིས་དབང་དུ་བྱས་ཤིང་མཐར་ཐུག་རླུང་སེམས་དྷུ་ཏིའི་དབྱིངས་སུ་སྡུད་པས་དོན་གཉིས་ལྷུན་གྱིས་གྲུབ་པའི་ལས་ལ་དབང་ཐོབ་པར་ཤིས་པའི་ཚིག་གི་གླུ་དང་བཅས་མེ་ཏོག་འཐོར་བས་མངའ་གསོལ་བར་མོས་ཤིག །འགྲོ་ཁམས་རྒྱ་མཚོ་མོས་པ་རྣམ་བཞིས་སྡུད། །འཁོར་འདས་ལམ་གྱི་དྭངས་བཅུད་ཐོགས་མེད་འགུགས། །མཆོག་ཐུན་དངོས་གྲུབ་ཡིད་བཞིན་འགྲུབ་པ་ཡི། །རབ་འབྱམས་དབང་གི་ལས་ཀྱི་བཀྲ་ཤིས་ཤོག །དེ་དག་གིས་དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ་གྱི་དབང་བསྐུར་སོགས་དབང་དང༌། ཕྲིན་ལས་རྗེས་ཀྱི་རིམ་མཐའ་རྒྱས་སུ་བྱའོ། །འཇིྃགས་མེདྃ་ཆོས་དབྱིངས་དྷུ་ཏིའི་མཁར། །དགའ་བཞི་མཁྱེནྃ་བརྩེྃའི་ཡེ་ཤེས་འོདྃ། །ཟེརྃ་སྣང་རྣམ་བཀྲྃས་རྒྱས་གདབ་ནས། །བརྟན་གཡོའི་ཤིསྃ་དགུའི་དཔྃལ་གྱིས་འབྱོྃར། །རྩ་གསུམ་འོད་གསལ་སྙིང་ཐིག་གི་པདྨ་ཐོད་ཕྲེང་རྩལ་གྱི་དབང་གི་ལས་ཀྱི་སྒོས་དབང་བདེ་སྟོང་ཀུན་དགའི་གློག་ཕྲེང་ལེ་ཚན་བརྒྱད་པ་པདྨ་དབང་ཆེན་དགྱེས་པའི་སྡེས་སྦྱར་བའོ། ༈ འཇིགྃས་མེདྃ་སྟོབས་བཅུའི་རྩེ་བརྒྱའི་མཚོན་འཆང་བ། །ཀུན་མཁྱེནྃ་རིང་ལུགས་སུམ་རྩེན་ཁབ་སྲུང་བཞིན། །རྗེས་བརྩེྃའི་ཟློས་གར་གངས་ཅན་བསྟན་འགྲོའི་རྒྱན། །རྟ་ཡི་རྒྱལ་པོ་ཀརྨ་ཐོད་ཕྲེང་རྒྱལ། །རྩ་གསུམ་འོད་གསལ་སྙིང་ཐིག་གི་དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་དང་འབྲེལ་བའི་དབང་ལ། བདག་མདུན་བུམ་སྒྲུབ་བཅས་སྔ་མ་རྣམས་ལྟར་བཏང་རྗེས་དྲག་པོའི་རྗེས་གནང་ཙམ་ལ་མ་བྱས་ཀྱང་རུང་མོད་སྤྲོས་པའི་ཡན་ལག་ཏུ་དྲག་གཏོར་གྱི་ལས་རིམ་བྱ་བར་འདོད་ན། མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷོའམ་བྱང་ཕྱོགས་སུ་ཕུང་ཤུལ་གྱི་ས་ལ་སྟེགས་བུ་གྲུ་བཞི་པའི་སྟེང་དུ་མ་ཏྲཾ་མགོ་བོ་ལྷོ་ནུབ་ཏུ་བསྟན་པའི་གཟུགས་ཀྱི་སྟེང་དུ་དྲག་པོའི་འཁོར་ལོ་རྩིབས་བཞི་མཐིང་ག །དབུས་སུ་པད་ཉིའི་སྟེང་རལ་གྲིས་མཚན་པ། རྩིབས་བཞི་ཐིག་ལེ་ཕྱོགས་མདོག །བར་རྣམས་ཁྲག་མཚོ། མུ་ཁྱུད་ལྗང་ནག་སྟེང་ཐིག་ལེ་བཞི་ཕྱོགས་མདོག་ཏུ་བཀོད། རྡོ་ར་མེ་རིས་བསྐོར་བ་རྡུལ་ཚོན་ནམ་རས་བྲིས་བཀྲམ་པའི་སྟེང་འབྲུ་ནག་གི་ངར་ཕྱེ་དུག་ཁྲག་ཆང་གིས་སྦྲུས་བའི་ཟོར་གཏོར་ཐོག་མདེལ་གྱི་དབྱིབས་ཅན། གཙོ་བོའི་སུམ་ཆ་ལས་དམན་པའི་འཁོར་རང་འདྲ་བཞི། དེ་རྒྱབ་དེ་ལས་སུམ་ཆ་བྲི་བ་བཞི་བཅས་ཕྱོགས་བཞིར་བཀོད། བར་རྣམས་མཐེབ་ཀྱུ་ཁྲག་ཀོང་གིས་ལྟེམས་ཤིང་ཐམས་ཅད་ཁ་དོག་ནག་པོ་འབའ་ཞིག་བྱ། སྤྲོ་ན་གཙོ་བོ་སྲིན་ཞལ་ཕྱུངས་པ་ལ་དར་གདུགས་མཐིང་ག་ལ་གཞུང་མཐུན་སྐུ་ཙཀ་དང་ནང་ཁྲོལ། །བ་སུ་ཏས་བརྒྱན། མཚེ་རྩང་སོགས་བཙུགས། བྱང་ཤར་ནས་གཡས་བསྐོར་གྱིས་མཚམས་འཛིན། ཁྲག་གི་མཆོད་ཡོན། དུག་ཆུའི་ཞབས་བསིལ། དབང་པོའི་མེ་ཏོག །ཚིལ་ཆེན་གྱི་བདུག་སྤོས། ཞུན་གྱི་མར་མེ། མཁྲིས་སྣའི་དྲི་ཆབ། དྲག་པོའི་ཞལ་ཟས། རྐང་གི་རོལ་མོ་བཅས་ཉེར་སྤྱོད་མཆོད་པས་བསྐོར། གཡས་གཡོན་དུ་སྨན་རཀ །ཐུན་གཏོར། གཏོར་ཆུང༌། ཤ་དུམ། ཚོགས་རྫས། བ་ལིང་རྣམས་དང༌། ལྕགས་ཧོམ་དུ་ལིངྒ། ཕུར་བུ། གསེར་སྐྱེམས་ཀྱི་སྣོད་སོགས་འདུ་བྱས་ལ་ལས་དཀྱིལ་ལ་དམིགས་ཏེ། མ་ཏྲཾ་རུ་ཏྲ་ཨཀརྵ་ཡ་ཛཿ མཱ་ར་ཡ་ཕཊ྄༔ གཏོར་སྣོད་མ་ཏྲཾ་བསྒྲལ་བའི་ཁོག་པ་རུ༔ དུར་ཁྲོད་དྲག་པོའི་བཀོད་པས་རབ་ཏུ་བརྗིད༔ དེ་དབུས་གཏོར་མ་མི་དམིགས་སྟོང་པའི་ངང༔ གནམ་ལྕགས་འབར་བའི་འཁོར་ལོ་རྩིབས་བཞིའི་དབུས༔ པད་ཉི་དྲེགས་པ་བདུད་བཞིའི་གདན་སྟེང་དུ༔ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ ལྗང་ནག་ཁྲོ་གཏུམ་བཟོད་དཀའི་གཟི་བརྗིད་འབར༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར་ཟླུམ་འཁྲུགས༔ ཕྱག་གཡས་རལ་གྲི་མེ་འབར་ནམ་མཁར་གདེངས༔ གཡོན་པས་ཐོད་པ་ཁྲག་བཀང་ཐུགས་ཀར་གཏོད༔ ལས་ཀྱི་གསང་གོས་ཕོད་ཀ་སྟག་ཤམ་གསོལ༔ རུས་པའི་རྒྱན་ལྡན་རང་འོད་ཡུམ་དང་འཁྲིལ༔ ཞབས་གཉིས་གྱད་ཀྱི་དོར་སྟབས་བདུད་དཔུང་མནན༔ དྲག་མེ་དམར་ནག་འཁྲུགས་པའི་ཀློང་ན་རོལ༔ རིག་འཛིན་དྲག་པོ་བྱེ་བའི་སྤྲིན་ཕུང་འཕྲོ༔ རྩིབས་བཞིར་དབང་ཆེན་རྟ་མཆོག་རིགས་བཞི་ལས༔ རབ་འབྱམས་ཡི་དམ་ཁྲོ་བོའི་ཕྱག་རྒྱར་ཤར༔ དེ་ཡི་ཕྱོགས་བཞིར་པད་ཉི་བམ་རོའི་སྟེང༔ རིག་འཛིན་དྲག་པོ་དཔའ་བོ་ཡབ་ཡུམ་ལ༔ གནས་གསུམ་མཁའ་འགྲོ་དྲག་མོའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེས་རྒྱས་གདབ་ཅིང༔ ཡེ་ཤེས་དབང་བསྐུར་རིགས་ཀྱི་ཅོད་པན་འཆང༔ ཐུགས་ཀའི་འོད་ཀྱིས་ལྷ་ཚོགས་སྤྱན་དྲངས་གྱུར༔ ཧཱུྃ་ཧྲཱིཿ རང་རིག་ལྷུན་མཉམ་མཐའ་དབུས་མེད་པའི་དཀྱིལ༔ ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ་འཆང་བ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་སྐུར་སྟོན་པ༔ རྩལ་སྣང་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་སརྦ་ཛྙཱ་ན་མཎྜ་ལ་བཛྲ་ས་མ་ཡ་ཛཿ ཧཱུྃ་ཧྲཱིཿ རང་སྣང་དམ་ཚིག་སེམས་དཔའི་དཀྱིལ་འཁོར་དུ༔ རིག་རྩལ་དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ༔ གཉིས་མེད་བརྟན་བཞུགས་དབང་དང་དངོས་གྲུབ་སྩོལ༔ བཛྲ་ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱིཿ རིག་སྟོང་གདོད་ནས་སྐྱེ་མེད་ཆོས་སྐུའི་དབྱིངས༔ ཡེ་ཤེས་རང་རྩལ་གཟུགས་སྐུའི་རྣམ་པར་ཤར༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ མི་ཕྱེད་གུས་པས་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་མངོན་སྤྲུལ་པའི༔ ཕྱི་ནང་གསང་བ་རྨད་བྱུང་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་ཕྱིར་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་སུ་ཁ་ཛྙཱ་ན་པཱུ་ཛ་ཧོཿ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་ཆོས་སྐུའི་ངང་ཉིད་ལས༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྤྲིན་ཕུང་འཕྲོ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་ལྷ་ཚོགས་ལ༔ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ༔ མདུན་བསྐྱེད་ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང༔ རྡོ་རྗེ་རྩེ་དགུའི་ལྟེ་བར་ཧཱུྃ་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་ལས་འོད་ཟེར་ཕྲེང༔ ཚ་ཞིང་རྩུབ་པ་མཚོན་ཆའི་ཚོགས་བཅས་འཕྲོས༔ ས་གསུམ་གདུག་པའི་འབྱུང་པོ་ཟིལ་གྱིས་མནན༔ དམ་སྲི་རྒྱལ་འགོང་བྱད་ཕུར་རྦོད་གཏོང་སོགས༔ མི་མཐུན་ཕྱོགས་ཀུན་ཐལ་བའི་རྡུལ་བཞིན་བརླག༔ ཕྱོགས་ལས་རྣམ་རྒྱལ་ཕྲིན་ལས་འགྲུབ་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ སརྦ་ཤ་ཏྲཱུན་བིགྷྣཱན་བྷཱུ་ཏ་པྲེ་ཏ་པི་ཤ་ཙི་ན་བྷིནྡྷ་བྷིནྡྷ་ཧ་ན་ཧ་ན་པ་ཙ་པ་ཙ་ད་ཧ་ད་ཧ་དཱི་ན་མེ་ཀེ་ན་མཱ་ར་ཡ་ཕཊ྄༔ ཅེས་ལས་སྔགས་སྤུ་གྲི་བཏགས་པ་གཙོ་བོར་བཟླ། ལས་སྦྱོར་དང་པོ་སྲུང་དམིགས་ནི། དཔལ་ཆེན་སྐུ་ལས་ཡེ་ཤེས་ཀྱི༔ རྣམ་འཕྲུལ་ནམ་མཁའ་གང་བར་སྤྲོས༔ ཕྱོགས་མཚམས་སྟེང་འོག་ཚོམ་བུར་བཞུགས༔ སྲུང་བ་མཚམས་ཀྱི་ལས་མཛད་དེ༔ གུར་ཁང་དྲུག་གིས་གཏམས་པར་གྱུར༔ རྩ་སྔགས་ལ་མཐར། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ༔ ཞེས་དང༌། ཟློག་དམིགས་ནི། དཔལ་ཆེན་ལྷ་ཚོགས་འཁོར་དང་བཅས༔ ཁྲོས་འཁྲུགས་རྔམ་པའི་གཟི་བྱིན་བསྐྱེད༔ ཕྱི་རོལ་ཞལ་གཟིགས་སྔགས་ཀྱི་སྒྲ༔ འབྲུག་སྟོང་ལྟ་བུར་སྒྲོགས་པ་ཡིས༔ སྐུ་དང་ཞལ་ལས་དམོད་པའི་མཚོན༔ ནད་མཚོན་དུག་རླངས་ཕོ་ཉའི་ཚོགས༔ སྐར་ལྟར་འཁྲུགས་ཤིང་སེར་ལྟར་བབ༔ ནག་ཕྱོགས་འབྱུང་པོ་སྡེ་བཅས་དང༔ ཕས་རྒོལ་རིག་སྔགས་དམོད་པའི་དབལ༔ མི་མཐུན་འབྲས་བུ་ཐན་ལྟས་ངན༔ ཐམས་ཅད་རང་དབང་མེད་པར་བཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་བབ༔ རྩ་སྦུར་མེ་ལྕེས་བསྲེགས་པ་བཞིན༔ རྗེས་ཤུལ་མེད་པར་བརླག་པར་བསམ༔ རྩ་སྔགས་མཐར། སརྦ་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ ཅེས་སྦྱར་ལ་བཟླ། བསད་དམིགས་ནི། དཔལ་ཆེན་ཁྲག་འཐུང་དཀྱིལ་འཁོར་ལྷ༔ དྲག་ཤུལ་ཁྲོས་པའི་སྐུ་རུ་བཞེངས༔ ལས་བྱེད་ཕོ་ཉ་མཚོ་ཆའི་ཆར༔ ཐོག་སེར་མེ་རླུང་དང་བཅས་སྤྲོས༔ དགྲ་བགེགས་འགུགས་བསྟིམ་དབབ་པ་དང༔ དབྱེ་དང་མངོན་སྤྱོད་ནན་ཏུར་གྱིས༔ གདུག་པ་ཅན་རྣམས་དབྱིངས་སུ་བསྟིམ༔ དྭངས་མ་བསྲེ་ཞིང་སྙིགས་མ་བསྒྲལ༔ བར་མ་རང་ལ་བསྟིམ་བྱས་ཏེ༔ བདག་ཕུར་འབེན་གསུམ་དབྱེར་མེད་པ༔ ཆོས་ཉིད་མཉམ་པའི་ངང་དུ་བརྡལ༔ རྩ་སྔགས་མཐར། སརྦ་ཤ་ཏྲཱུཾ་བིགྷྣཱན་བྷཱུ་ཏ་པྲེ་ཏ་པི་ཤ་ཙི་ན་བྷིནྡྷ་བྷིནྡྷ་ཧ་ན་ཧ་ན་པ་ཙ་པ་ཙ་ད་ཧ་ད་ཧ་དཱི་ན་མེ་ཀེ་ན་མཱ་ར་ཡ་ཕཊ྄༔ ཅེས་བཏགས་པ་བཟླས་ལ་ཐུན་དང་ཟོར་རྫས་ལ་སྔགས། དེ་དག་གིས་གཙོ་བོ་ཏིང་ངེ་འཛིན་སྲུང་བཟློག་བསད་པ་སྟེ་ཟོར་གཏོར་སོགས་བཅས་བཤམ་མ་གྲུབ་ཀྱང་སྲུང་བཟློག་གི་དམིགས་བཟླས་འདི་དག་བདག་བསྐྱེད་ཀྱི་རྣལ་འབྱོར་ལ་སྦྱར་བས་ཀྱང་རུང་ཞིང་དགོས་པའི་དོན་འགྲུབ་ལ། ཐུན་མཐར་དབྱངས་གསལ་རྟེན་སྙིང་དང༌། མཆོད་བསྟོད། ཡིག་བརྒྱ། བཀའ་གཏེར་སྲུང་མའི་གསོལ་བསྐང༌། ཚོགས་མཆོད་བསྐང་བཤགས་བཅས་གྲུབ་པ་དང༌། བཟློག་པའི་ལས་རིམ་དངོས་ཀྱི་ཐོག་མར་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ཆོས་ཉིད་གདོད་ནས་སྐྱེ་བ་མེད་པ་ལས༔ སྙིང་རྗེ་ཆེན་པོས་སྐྱེ་བའི་སྐུར་བསྟན་པ༔ རྩ་གསུམ་རྒྱལ་བ་མ་ལུས་འདུས་པའི་དངོས༔ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ གཙོ་འཁོར་སྤྲུལ་པ་བཀའ་སྡོད་བཅས་པ་ཀུན༔ དུས་ལས་ཡལ་ཡོལ་དབྲི་བཀོལ་མི་མཛད་པར༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་ངང་ཉིད་ལས༔ ཐུགས་དམ་དབང་གིས་ཁྲོས་འཁྲུགས་སྐུར་བཞེངས་ཏེ༔ གདུག་ཅན་དགྲ་བགེགས་གཏུམ་པོ་ཕམ་མཛད་ཕྱིར༔ འཁོར་བཅས་ཐ་ཚིག་གཉན་པོའི་དུས་ལ་བབ༔ གསོལ་ཡང་མི་དགོངས་བསྐུལ་ཡང་མི་བགྱིད་ན༔ ཐུགས་དམ་ཞལ་བཞེས་དམ་བཅའ་རྫུན་དུ་ཐལ༔ དེ་ཕྱིར་ཡེ་ཤེས་ཆེན་པོའི་རྩལ་བསྐྱེད་ལ༔ མངོན་སྤྱོད་དམོད་པའི་ཕྲིན་ལས་ཡོངས་གྲུབ་མཛོད༔ གསེར་སྐྱེམས་དང་གཟུ་དཔང་ནི། རྃ་ཡྃ་ཁྃ། གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོན་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང༌། །བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། །ཁྱད་པར་ཀརྨ་ཐོད་ཕྲེང་ལྷ་ཚོགས་རྣམས། །གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ། །གཟུ་དང་དཔང་མཛོད་མངོན་སྤྱོད་ལས་ལ་བཞེངས། །དཔལ་མགོན་མ་ནིང་ལེགས་ལྡན་སྔགས་ཀྱི་སྲུང༌། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་པ་རྣམས། །གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ། །གཟུ་དང་དཔང་མཛོད་མངོན་སྤྱོད་ལས་ལ་བཞེངས། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང༌། །ས་ཕྱོགས་འདི་ཡི་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷ། །གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ། །གཟུ་དང་དཔང་མཛོད་མངོན་སྤྱོད་ལས་ལ་བཞེངས། །བྲུབ་ཁུང་བསྐྱེད་པ་ནི། ཨེ་ཡཾ་རཾ་ཡོངས་སུ་གྱུར་པ་ལས་དྲག་པོའི་བཙོན་ཁང་གཏིང་རིང་བ། །དུག་ལྔའི་རང་གཟུགས་འབྱུང་བ་ལྔ་འཁྲུག་ཅིང་ཕྱི་ནང་དུ་གཤིན་རྗེའི་དམག་ཚོགས་མཚོན་ཆ་སྣ་ཚོགས་འཛིན་པས་རྒྱོབ་སོད་ཀྱི་སྒྲ་སྒྲོགས་པ་འཇིགས་སུ་རུང་བ། དེའི་ནང་དུ་དགྲ་བགེགས་བྱད་མ་ཉམ་ཐག་པའི་ལུས་ཅན་ངུ་འབོད་ལྷང་ལྷང་བ་ཞིག་ཏུ་གྱུར། བདེན་སྟོབས་བརྗོད་ཅིང་འགུགས་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང༌། ཆོས་ཉིད་གདོད་ནས་སྟོང་ཞིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་རྩ་གསུམ་ཀུན་འདུས་དྲག་པོའི་ལས་མཛད་གུ་རུ་ཀརྨ་ཐོད་ཕྲེང་རྩལ་གྱི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་བསམ་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང༌། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །རྩ་སྔགས་མཐར། དགྲ་བགེགས་བྱད་མ་གྲྀཧྞ་གྲྀཧྞ༔ བྷནྡྷ་བྷནྡྷ༔ ཨཱ་ཀརྵ་ཡ༔ ཨཱ་ཀརྵ་ཡ༔ ནཱ་ཤ་ཡ༔ ནཱ་ཤ་ཡ༔ ཧ་ར་ཧ་ར༔ མོ་ཧ་ཡ་མོ་ཧ་ཡ༔ ཛཿཧཱུྃ་བྃ་ཧོཿ ཞེས་བཏགས་ལ་ལན་གསུམ་གྱིས་བཀུག །བསྒྲལ་བ་དངོས་ནི། ལས་ཕུར་འདྲིལ་ལ། ཧཱུྃ༔ ཀརྨ་ཐོད་ཕྲེང་གསོད་བྱེད་ཕོ་ཉ་ཆེ༔ ཤིན་ཏུ་མི་བཟད་ཡཀྴ་ཧེ་རུ་ཀ༔ ཕྱག་གཡས་རྣོ་དབལ་གདུག་པའི་ཕུར་བུ་འདྲིལ༔ གཡོས་པས་འཆོར་མེད་ལྕགས་ཀྱུ་རྣོན་པོ་གདེངས༔ དགྲ་བགེགས་གནོད་བྱེད་གདུག་ཅིང་གཏུམ་པའི་ཚོགས༔ ལྕགས་ཀྱུས་ཟུངས་ལ་ཕུར་བུས་སྙིང་གར་ཐོབ༔ ཚེ་བསོད་དྭངས་མ་སྒྲུབ་མཆོག་རྣམས་ལ་བསྟིམ༔ རྣམ་ཤེས་རྡོ་རྗེ་སེམས་དཔའི་སྲས་སུ་དྲོངས༔ གཟུགས་ཕུང་རྡུལ་ཕྲན་བཞིན་དུ་དུམ་བུར་གཏུབས༔ མངོན་སྤྱོད་སྟོབས་ཀྱི་ཕྲིན་ལས་ཡོངས་རྫོགས་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ བཛྲ་ཡཀྴ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚན་ཨཱ་ཡུར་པུཎྱེ་ཛཿབྷྲཱུྃ༔ ནྲྀ་ཏྲི་བི1$0000260[WP:6,118][WP:6,228]1$0000300་ཨ་ཕཊ྄༔ བྷིནྡྷ་བྷིནྡྷ་མཱ་ར་ཡ་རྦད༔ ཅེས་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་ཕུར་པ་བཏབ། སླར་ཕུར་རྩེ་ལས་ཐུན་རྫས་སྣ་ཚོགས་ཀྱི་ཆར་འབེབས་པར་བསམ་ལ། ཨེ༔ ཁྲོ་རྒྱལ་འདུས་པ་ཡུངས་ཀར་ཐོག༔ མ་མོ་ཁྲག་གི་རྦ་རླབས་འཁྲུགས༔ ཀླུ་བདུད་དུག་གི་ཁ་ཆུ་འབེབས༔ ཐིབས་གནོན་གདུག་པ་རྡོ་རྗེའི་མཚེ༔ གཟའ་རྒོད་མིག་དམར་གཟེར་མདའ་འཕེན༔ གཤིན་རྗེ་སྲོག་གཅོད་ཟངས་ལྕགས་ཆར༔ མཚོན་ཆ་སྣ་ཚོགས་རྡོ་ཡི་ཐུན༔ འབེབས་པ་ཟིལ་གནོན་སྤྲུལ་པས་འབེབས༔ འབེན་ནི་དགྲ་དང་བགེགས་ལ་བཅས༔ ཉམས་པའི་ལུས་སེམས་རྡུལ་དུ་རློག༔ ཅེས་དང༌། རྡོ་རྗེ་ཕུར་པ་ཀཱི་ལ་ཡ༔ བཏབ་པས་འཁོར་འདས་མཐའ་གཉིས་བསྒྲལ༔ དགྲ་བགེགས་སྟེང་དུ་ཕུར་ཐུན་ཡ༔ རྩ་སྔགས་མཐར། ཨེ་མྱག་ཡ་རྔུབས་མུག་ཤཀ་ཀ་དུན༔ དགྲ་བོའི་སྲོག་ལ་ཧྲིང་ཧུར་ཐུམ་ཛ་རྩ་ཁྲག་སྙིང་ཐུམ་རིལ་རྃ་ཤག་རྦད༔ སྲོག་ཐུམ་རིལ་ཛ་རྩ་ཁྲག་ཧུར་རཾ༔ སྙིང་ཐུན་རྦད་སྲོག་ལ་མཱ་ར་ཡ་བྷྱོ༔ ཞེས་དྲག་ཏུ་བརྗོད་ལ་ཕུར་བུ་འདྲིལ་ཞིང་ཐུན་བརྡེག །མཐར་ཕུར་པ་འོད་དུ་ཞུ་ཧཱུྃ་ཡིག་ཏུ་གྱུར་པ་བདག་ལ་ཐིམ་པས་མཐུ་རྩལ་དང་ལྡན་པར་གྱུར། རལ་གྲིས་གཏུབས་ལ། ཟོར་གཏོར་དུ་ལིང་རོ་ཕུལ་ལ། ཧཱུྃ༔ ཀརྨ་ཐོད་ཕྲེང་ལྷ་ཚོགས་ཞལ་ཕྱེས་ཤིག༔ དགྲ་བགེགས་འབྱུང་པོ་བསྒྲལ་བའི་ཤ་ཁྲག་རུས༔ བདེ་ཆེན་རྡོ་རྗེའི་ལོངས་སྤྱོད་ཆེན་པོར་བཞེས༔ དུག་གསུམ་རྩད་ནས་གཅོད་པའི་ཕྲིན་ལས་མཛོད༔ སརྦ་ཤ་ཏྲཱུན་བིགྷྣཱན་མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཚོགས་ལ་རོལ་ཞིང་ལྷག་མ་བཏང་ལ། བཟློག་པའི་ཕྲིན་ལས་དངོས་ནི། གཏོར་ཆུང༌། ལིང་རོ། ཤ་དུམ། ཁྲག་སྐྱེམས་སོགས་ཟོར་དུ་འབུལ་བཞིན་པས། ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་རབ་འབར་བའི༔ མངོན་སྤྱོད་དྲག་ཤུལ་རོལ་པའི་དཀྱིལ་འཁོར་ནས༔ རྩ་གསུམ་རྒྱལ་བ་མ་ལུས་འདུས་པའི་དངོས༔ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་བཞེས༔ ཁྲོས་འཁྲུགས་རྔམ་པ་འབར་བའི་ཤུགས་བསྐྱེད་ལ༔ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ གཟུང་འཛིན་འཁྲུལ་པའི་གཞན་དབང་ལས་བྱུང་བའི༔ ལུས་ཀྱི་བཞི་བརྒྱ་རྩ་བཞིའི་ནད་ཀུན་ཟློག༔ སེམས་ཀྱི་འཁྲུལ་སྣང་དངོས་ཞེན་སྡུག་བསྔལ་ཟློག༔ བྱད་ཀ་ཕུར་ཁ་བྱོལ་ཁ་རྦོད་གཏོང་ཟློག༔ གཟུགས་ཅན་དགྲ་ཡི་འཚེ་བ་ཐམས་ཅད་ཟློག༔ གཟུགས་མེད་ལྷ་འདྲེའི་ཆོ་འཕྲུལ་བར་ཆད་ཟློག༔ ས་ཆུ་མེ་རླུང་འབྱུང་བཞི་དགྲ་ལངས་ཟློག༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཟློག༔ མཐའ་དམག་དུས་འཁྲུགས་བསྟན་ལ་འཚེ་བ་ཟློག༔ ཕྱི་ནང་རྩོད་འཛིངས་འགྲོ་བའི་རྐྱེན་ངན་ཟློག༔ གློ་བུར་ཀེག་སྲི་བར་ཆད་ཐམས་ཅད་ཟློག༔ བཟློག་གོ་དྲག་པོ་ཟོར་གྱི་གཏོར་མས་ཟློག༔ བསྒྱུར་རོ་མི་མཐུན་དགྲ་བགེགས་སྟེང་དུ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ སརྦ་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ ཅུང་ཟད་རྒྱས་པར་སྤྲོ་ན། ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་རབ་འབར་བའི༔ མངོན་སྤྱོད་དྲག་ཤུལ་རོལ་པའི་དཀྱིལ་འཁོར་ནས༔ ཞི་བའི་ལས་མཛད་བཛྲ་ཧ་ཡ་གྲཱྀ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་བཞེས༔ སོགས་ཟློག་བྱང་སྦྱར། དེས་འགྲེས་ཏེ། ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་རབ་འབར་བའི༔ མངོན་སྤྱོད་དྲག་ཤུལ་རོལ་པའི་དཀྱིལ་འཁོར་ནས༔ རྒྱས་པའི་ལས་མཛད་རཏྣ་ཧ་ཡ་གྲཱྀ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་བཞེས༔ སོགས། ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་རབ་འབར་བའི༔ མངོན་སྤྱོད་དྲག་ཤུལ་རོལ་པའི་དཀྱིལ་འཁོར་ནས༔ དབང་གི་ལས་མཛད་པདྨ་ཧ་ཡ་གྲཱྀ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་བཞེས༔ སོགས། ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་རབ་འབར་བའི༔ མངོན་སྤྱོད་དྲག་ཤུལ་རོལ་པའི་དཀྱིལ་འཁོར་ནས༔ དྲག་པོའི་ལས་མཛད་ཀརྨ་ཧ་ཡ་གྲཱྀ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་བཞེས༔ སོགས། ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་རབ་འབར་བའི༔ མངོན་སྤྱོད་དྲག་ཤུལ་རོལ་པའི་སྒོ་བཞི་ནས༔ ཚད་མེད་ཕྲིན་ལས་རིགས་བཞིའི་དཔའ་བོ་ཡུམ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་བཞེས༔ སོགས། ཟློག་བྱང་ཀུན་རྫོགས་པའི་མཐར་བཟློག་སྔགས་ཅུང་ཟད་བཟླས་ལ། དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀུན༔ ཁྲོས་འཁྲུགས་རྔམས་པའི་གཟི་བྱིན་བསྐྱེད༔ འོད་ཟེར་སྤྲུལ་པས་སྟོང་གསུམ་གང༔ མི་མཐུན་རྡུལ་དུ་བརླག་པར་བསམ༔ ཞེས་དམིགས་ཟློག་པ་ཞག་གྲངས་བྱེད་ན་འདི་ནས་ཟོར་བསྐུལ་གྱིས་ཐུན་གཏོར་འབུལ་ཞིང༌། ཆད་བརྟན་སོགས་རྗེས་རིམ་རྣམས་བྱ། ཉིན་ཐ་མའི་མཐར་ཟོར་དཀྱིལ་ལ་མཆོད་བསྟོད་དང་ཡིག་བརྒྱས་ནོངས་པ་བཤགས། ཕཊ྄་ཛཿ མདུན་བསྐྱེད་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁའི་དབྱིངས་སུ་བཞུགས། དམ་ཚིག་པ་བདག་ལ་ཐིམ། སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ་ནད་མཚོན་དུག་གི་ཆར་འབེབས་པས་དགྲ་བོ་སྒྲོལ་བའི་ལས་ལ་རྔམས་པར་གྱུར། ཅེས་དམིགས་ལ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ སརྦ་ཤ་ཏྲཱུན་བིགྷྣཱན་བྷཱུ་ཏ་པྲེ་ཏ་པི་ཤ་ཙི་ན་བྷིནྡྷ་བྷིནྡྷ་ཧ་ན་ཧ་ན་པ་ཙ་པ་ཙ་ད་ཧ་ད་ཧ་དཱི་ན་མི་ཀེ་མཱ་ར་ཡ་ཕཊ྄༔ ཅེས་ཅུང་ཟད་བཟླ། དམར་གཏོར་ཤ་ཁྲག་དང་བཅས་པ་ལ་དགྲ་བགེགས་འགུགས་བསྟིམ་བྱ། རྩ་སྔགས་ཤམ་དུ་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་འབུལ། ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཕྲིན་ལས་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ ཁྲག་འཐུང་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཟོར་ལམ་བསལ་ཞིང་སྒོ་དབྱེ་བ་ནི། ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན༔ གནས་པའི་སྣང་སྲིད་ལྷ་འདྲེའི་ཚོགས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ རིག་འཛིན་བདག་གི་བཀའ་ལ་ཉོན༔ དམར་ཆེན་དྲག་པོའི་གཏོར་ཟོར་འདི༔ ལྷ་སྲིན་ཚོགས་ལ་འཕེན་སྙམ་སྟེ༔ དཀར་པོའི་ཕྱོགས་ལ་མི་འཕེན་ནོ༔ ཁྱེད་རྣམས་རང་རང་གནས་སུ་གཤེགས༔ ཧཱུྃ༔ རྣལ་འབྱོར་ཟོར་འཕེན་གང་དུ་འཕེན༔ སྡང་དགྲ་གནོད་བགེགས་ཕྱོགས་སུ་འཕེན༔ ཕྱོགས་དེར་གནས་པའི་གཞི་བདག་རྣམས༔ སྐུ་བཟུར་དབུ་སྨད་ཞབས་བསྡུས་ལ༔ དོ་ནུབ་ཟོར་གྱི་ཟོར་ལམ་ཕྱེས༔ འཁོར་བཅས་དྲག་པོའི་དམག་སྣ་དྲོངས༔ སྡང་དགྲ་གནོད་བགེགས་ཕྱོགས་སུ་ཁྱེར༔ དཔའ་བའི་འཕྲུལ་འཁོར་དེར་ཤོམས་ཤིག༔ ཅེས་བསྐུལ་ཞིང་གསེར་སྐྱེམས་འཕེན་ཕྱོགས་སུ་མཆོད། ལས་བྱང་གི་ཆད་ཐོ་བསྒྲགས་ལ་གཏོར་མ་ཟོར་ནང་དུ་འབུལ། ཧཱུྃ༔ ཀརྨ་ཐོད་ཕྲེང་དཀྱིལ་འཁོར་ལྷ་ཚོགས་རྣམས༔ མ་གཡེལ་མ་གཡེལ་ཐུགས་དམ་དུས་ལ་བབ༔ གཏོར་ཟོར་ནད་མཚོན་དུག་གི་ཆར་ཆེན་པོ༔ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་བྱེད་པའི༔ སྡང་དགྲ་གནོད་བགེགས་བྱད་མའི་སྟེང་དུ་ཕོབ༔ གསང་བའི་དགྲ་གསུམ་ཀ་དག་དབྱིངས་སུ་སོད༔ འཇིགས་པའི་བདུད་བཞི་འོད་གསལ་ཕྱག་རྒྱས་ཐོབ༔ བར་ཆད་འཕྲང་གསུམ་ཡེ་ཤེས་རལ་གྲིས་ཆོད༔ ཆག་ཆེ་ཉམ་ང་མི་མཐུན་ཕྱོགས་ཀུན་ཟློག༔ དགྲ་དཔུང་ཐུལ་ལ་བགེགས་དཔུང་རྩད་ནས་ཆོད༔ མངོན་སྤྱོད་དམོད་པའི་ཕྲིན་ལས་ཡོངས་རྫོགས་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ སརྦ་ཤ་ཏྲཱུན་བིགྷྣཱན་བྷཱུ་ཏ་པྲེ་ཏ་པི་ཤ་ཙི་ན་བྷིནྡྷ་བྷིནྡྷ་ཧ་ན་ཧ་ན་པ་ཙ་པ་ཙ་ད་ཧ་ད་ཧ་དཱི་ན་མེ་ཀེ་ན་མཱ་ར་ཡ་ཕཊ྄༔ ཟོར་རྫས་དུག་མཚོན་ཆར་ཕབ་པའི༔ རྗེས་སུ་ཡེ་ཤེས་ཁྲོ་བོའི་ཚོགས༔ དཔུང་དང་བཅས་པ་རབ་ཏུ་ཆས༔ དགྲ་དཔུང་བདུན་བརྒྱུད་རྩད་ནས་བཅད༔ བགེགས་དཔུང་ཐལ་བར་བརླག་པར་བསམ༔ ཟློག་སྔགས་བཟླ་ཞིང་ཐལ་རྡེབ་བྱ། སྲུང་འཁོར་བསྒོམ། སྒོ་དྲུང་དུ་ཕྱིན་ལ་བརྟན་མ་དང་རྟ་བྲོ་བྱ། ནང་དུ་ཕྱིན་ནས་ཟོར་གྱི་དཀྱིལ་འཁོར་ལ་མཆོད་བསྟོད་ནོངས་བཤགས་དངོས་གྲུབ་བླང་བ་རྟེན་བཞུགས། བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་བཅས་བྱས་པས་གྲུབ་པའོ། །གཏོར་བཟློག་དང་དབང་གི་མེ་མཆོད་གཉིས་མཐའ་གཅིག་ཏུ་དབང་ལ་དགོས་ངེས་མེད་ཀྱང་འཇུག་པ་བདེ་བའི་ཉེར་མཁོའི་ཆེད་ཞར་བྱུང་བཀླག་ཆོག་ཏུ་བསྡེབས་པའོ། །ཟོར་ལས་དང་འབྲེལ་བའི་དབང་བྱེད་ན་ཟློག་པའི་རྗེས་དབང་བསྐུར་ཏེ་ཟོར་འཕེན་པ་སོགས་དབང་གི་སྐབས་སུ་བྱ་དགོས་ལ། དབང་གི་སྐབས་ལོ་རྒྱུས་ཀྱི་ཁྱད་པར་ནི། མངོན་སྤྱོད་དྲག་པོའི་ལས་ནི་སངས་རྒྱས་ཀྱི་ཕྲིན་ལས་ཀུན་ལས་ངོ་མཚར་ཁྱད་དུ་འཕགས་པ་སྟེ། དྲག་པོ་མཆོག་གི་ལས་ནི། གདུལ་བྱ་སེམས་ཅན་གྱི་ཉོན་མོངས་ཇི་ཙམ་རགས་བཞིན་སངས་རྒྱས་ཀྱི་ཕྲིན་ལས་དེ་ཙམ་མྱུར་ཞིང་སྟོབས་ཆེ་བ་ཆོས་ཉིད་ཡིན་པས། སྙིགས་དུས་སེམས་ཅན་རྣམས་རྒྱུ་ཉོན་མོངས་དུག་གསུམ་འབྲས་བུ་ནད་མཚོན་དུག་གི་དབལ་ཚ་བ་ལ་ཆེད་དུ་བསྔགས་པའི་གཉེན་པོ་ནི། གསང་སྔགས་བླ་མེད་ཀྱི་རྒྱུད་དེ། སྔོན་དུག་གསུམ་རང་རྒྱུད་དུ་སྤྱོད་པའི་རུ་ཏྲ་སྡེ་གསུམ་བྱུང་བ་དཔལ་ཆེན་པོའི་ཡེ་ཤེས་ཀྱི་རོལ་པས་ཐབས་ཀྱི་ཆེ་བ་སྦྱོར་སྒྲོལ་གྱི་མཛད་པས་བཏུལ་བ་སྔགས་གསར་རྙིང་གི་རྒྱུད་སྡེ་ཐམས་ཅད་ཀྱི་གླེང་གཞི་ལས་འབྱུང་ཞིང༌། ཁྱད་པར་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་ནི་ཕྲིན་ལས་ཀྱི་གཙོ་བོ་དབང་དྲག་གི་བཀའ་བབས་པ་ལྟར་མཛད་པའི་རྟེན་འབྱུང་གིས། བརྒྱུད་འཛིན་རིག་འཛིན་གྲུབ་ཐོབ་སྤྲུལ་པའི་གཏེར་སྟོན་ཐམས་ཅད་ཀྱང༌། མངོན་སྤྱོད་དམོད་པའི་སྟོབས་འཆང་བ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་སྡིག་མཛུབ་ཀྱིས་ཐོག་ཕབ་པས་སྡིག་སྤྱོད་རྒྱལ་པོ་གླང་དར་མ་དཔའ་བཀོང་བ་དང༌། གསང་བདག་ཟུར་པ་མེས་དབོན་གྱིས་བསད་གསོའི་བརྟུལ་ཞུགས་གྲུབ་པ་ལྟར་ཡིན་ལ། ཁྱད་པར་གུ་རུ་རིན་པོ་ཆེ་ཉིད་ངེས་པའི་དོན་དུ་སངས་རྒྱས་ཀུན་གྱི་སྤྱི་གཟུགས་སུ་གྱུར་ཅིང༌། རྣམ་པ་ཙམ་དུ་ཡང་ཕྲིན་ལས་ཀྱི་རིགས་ཁྲོ་རྒྱལ་རྡོ་རྗེ་ཕུར་པ་ལ་བརྟེན་ནས་བོད་ཀྱི་ལྷ་སྲིན་དམ་ལ་བཞག་པ་དང༌། ཕྱག་རྒྱ་ཆེན་པོའི་རིག་འཛིན་སྒྲུབ་པའི་ས་ལམ་གྱི་བར་ཆད་བཏུལ་བའི་ཐུགས་དམ་གྱི་ལྷའི་ཚུལ་དུ་སྒྲུབ་པར་མཛད་པས་རྡོ་རྗེ་ཐོད་ཕྲེང་རྩལ་ཉིད་དཀྱིལ་འཁོར་གྱི་ལྷར་བརྟེན་ནས་མངོན་སྤྱོད་ཀྱི་ལས་བསྒྲུབས་ན་འགྲུབ་ཐག་ཉེ་ཞིང་ཟབ་ལ་མྱུར་བས་ན། འདིར་དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ་ལ་བརྟེན་པའི་མངོན་སྤྱོད་དམོད་པའི་རྗེས་གནང་སྒྲུབ་པ་ལ་སོགས་དཀྱུས་ལྟར་སྦྱར། མཐའ་རྟེན། གཉིས་པ་དྲག་པོའི་ལས་རབ་འབྱམས་སྒྲུབ་པའི་ཟོར་ཆེན་གཏོར་མའི་དབང་བསྐུར་བ་ལ། མདུན་གྱི་གཏོར་མ་དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ་གྱི་སྐུ་འདི་ལྟར་གསལ་ཐོབ་མཛོད། ཅེས་བརྡ་སྦྱར། སྤྲོས་པ་དང་འབྲེལ་ན་རྔ་རོལ་དང་བཅས་ཏེ། མ་ཏྲཾ་རུ་ཏྲ་ཨ་ཀརྴ་ཡ་ཛཿ མཱ་ར་ཡ་ཕཊ྄༔ གཏོར་སྣོད་མ་ཏྲཾ་བསྒྲལ་སོགས་བསྟོད་པའི་བར་ཟོར་ལས་ལྟར་མཐར་ཆགས་སུ་བཏང༌། གཏོར་ཟོར་དྲག་པོའི་ལས་མཛད་ཀརྨ་ཀཱི་ལ་ཡའི་དཀྱིལ་འཁོར་ནད་མཚོན་དུག་གི་ཐོག་གཟེར་འཁྲུགས་པ་སྲིད་གསུམ་བདུད་སྡེ་སྒྲོལ་བའི་མཚོན་ཆ་ཆེན་པོ་འདི་ཉིད་ལག་ཏུ་གཏད་ཅིང་དབང་བསྐུར་བས། སྲུང་ཟློག་བསད་གསུམ། མནན་སྲེག་འཕང་བ། དབྱེ་བསྐྲད་རྨོངས་རེངས་ལ་སོགས་པ་དྲག་ཤུལ་གྱི་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་ནུས་པའི་སྟོབས་རྩལ་མངོན་དུ་བྱས་པར་མོས་མཛོད། གཏོར་ཟོར་སློབ་མའི་ལག་ཏུ་གཏད་ལ། ཧཱུྃ༔ གདོད་ནས་རབ་འཇིགས་དྲག་པོའི་ཕོ་བྲང་དབུས༔ གཏོར་མ་ཀརྨ་ཐོད་ཕྲེང་འཁོར་བཅས་གསལ༔ སྐལ་ལྡན་རིགས་ཀྱི་བུ་ལ་གཏད་པ་ཡིས༔ ཟློག་བསྒྱུར་དྲག་པོའི་ཕྲིན་ལས་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ སརྦ་ཤ་ཏྲཱུན་བིགྷྣཱན་བྷཱུ་ཏ་པྲེ་ཏ་པི་ཤ་ཙ་ན་བྷིནྡྷ་བྷིནྡྷ་ཧ་ན་ཧ་ན་པ་ཙ་པ་ཙ་ད་ཧ་ད་ཧ་དཱི་ན་མེ་ཀེ་ན་མཱ་ར་ཡ་ཕཊ྄༔ ཀུན་ལ་འགྲིམ་ཟིན་པ་དང་རྒྱས་པར་བྱེད་ན་གོང་གི་ཟོར་འཕེན་གྱི་བསྐུལ། ཧཱུྃ༔ ཀརྨ་ཐོད་ཕྲེང་དཀྱིལ་འཁོར་ལྷ་ཚོགས་རྣམས༔ མ་གཡེལ་མ་གཡེལ་སོགས་མཐར་སློབ་མའི་གཙོ་བོ་ཞིག་གིས་གནོད་པའི་ཕྱོགས་སུ་འཕང་བར་གསུངས། དེས་དྲག་པོ་མངོན་སྤྱོད་ཀྱི་ལས་རབ་འབྱམས་སྒྲུབ་པའི་དབང་བསྐུར་ཞིང་བྱིན་གྱིས་བརླབས་པས་ལྟ་བའི་རྫོང་ཟིན། སྒོམ་པའི་འཕྲང་བརྒལ། སྤྱོད་པའི་སྲོག་འཕྲོག་པའི་གསལ་བ་གསུམ་གྱི་གདེངས་ཐོབ་ནས་བྱང་ཆུབ་ལམ་གྱི་བར་ཆད་ཐམས་ཅད་དབྱིངས་སུ་སྒྲོལ་བའི་མཐུ་སྟོབས་ཐོགས་པ་མེད་པ་མངོན་དུ་གྱུར་པ་ལ་ཤིས་པ་བརྗོད་པས་མངའ་གསོལ་བར་མོས་མཛོད། ཕྱི་རུ་འཚེ་ཞིང་གནོད་པའི་དགྲ་དང་བགེགས། །ནང་དུ་འདི་ཕྱིའི་ལེགས་ལམ་འགེགས་པའི་གེགས། །གསང་བ་ལམ་མཆོག་བར་དུ་གཅོད་པའི་བདུད། །ཚར་གཅོད་དྲག་པོའི་ལས་ཀྱི་བཀྲ་ཤིས་ཤོག །དེ་དག་གིས་དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ་སོགས་དབང་དང་ལས་བྱང་དཀྱུས་ལྟར་མཐར་དབྱུང་ངོ༌། །བདུད་བཞིའི་འཇིྃགས་བྲྃལ་མཁྱེནྃ་བརྩེྃའི་མེ། །སྟོབས་བཅུའི་འོདྃ་སྟོང་རབ་འབར་ཟེརྃ། །རྣམ་བཀྲྃ་དཀར་ཕྱོགས་ཤིསྃ་དགུའི་དཔྃལ། །ཅི་དགར་འབྱོྃར་བས་དགེ་ལེགས་བྱས། །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཀརྨ་ཐོད་ཕྲེང་རྩལ་གྱི་དྲག་པོའི་ལས་ཀྱི་སྒོས་དབང་གནམ་ལྕགས་རྡོ་རྗེའི་ཐོག་ཟེར་ལེ་ཚན་དགུ་པ་བདུད་འདུལ་ཀརྨ་དྲག་པོ་རྩལ་གྱིས་སྦྱར་བའོ། ༈ ཆོས་དབྱིངས་ཁྱབ་བརྡལ་གརྃ་དབྃང་ཐུགས་རྗེའི་སྤྲིན། །འོདྃ་གསྃལ་སྐུ་དང་ཞིང་གི་ཕན་བདེའི་ཆར། །མཐའ་ཀླས་གདུལ་བྱའི་གླིངྃ་དུ་རྟག་འབེབས་མཛད། །འགྲོ་འདུལ་འཕགས་པའི་དབང་ཕྱུག་བཞེངས་ལ་འདུད། །དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་ནང་སྒྲུབ་བླ་མ་ལོངས་སྐུ་ཐུགས་རྗེ་ཆེན་པོ་པདྨ་དྲྭ་བའི་དབང་ལ་སྤྱིར་ཐུན་མོང་སྨིན་བྱེད་ཡེ་ཤེས་ཐིག་ལེ་སོགས་དབང་བཞི་ཀ་ཚུལ་འདིའི་ནང་སྒྲུབ། གསང་བ། ཡང་གསང་ཀུན་ཆོས་སྡེ་གཅིག་གི་བསྡེབས་སུ་བྱོན་པས་དེ་ཐམས་ཅད་ལ་སྦྱར་དུ་རུང་བས་བླ་མ་སྐུ་གསུམ། དྲག་སྒྲུབ་གང་རུང་གཅིག་སྒེར་དུ་བྱེད་ན་དེ་ལྟར་བྱ་ཞིང༌། འདིར་སྨིན་བྱེད་ཡོངས་རྫོགས་བསྡེབས་གཅིག་ཏུ་བསྐུར་བའི་དབང་དུ་བྱས་ཏེ་རྩ་བ་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བ་ལ་དབང་སྔ་མ་བཞི་ཀ་ཡོངས་རྫོགས་རྒྱས་པར་བསྐུར་བས་སྒོ་ཕྱེས་ཏེ། གཞན་རྣམས་ལ་དབང་བཞི་ཡེ་ཤེས་དཔལ་སྟེར་ཉིད་ཅུང་ཟད་སྤྲོས་ནས་དབང་འབྲིང་ཁ་རྐྱང་དུ་བསྐུར་བ་ཕྱག་བཞེས་སུ་མཛད་པ་ལྟར་འཆད་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །སྔོན་འགྲོའི་དང་པོ་སྦྱོར་བ་ཡོ་བྱད་འདུ་བྱ་བ་ནི། གཞུང་མཐུན་དཀྱིལ་འཁོར་སྟེང་མཉྫི་ལ་རྣམ་རྒྱལ་བུམ་པ། ལྷ་ཙཀ་ཡོངས་རྫོགས། མེ་ལོང་གསང་ཐོད། རིག་ཙཀ །ཤེལ་རྡོ། སྒྲུབ་སྐོར་གྱི་གླེགས་བམ། དབང་གཏོར་བཅས་བཤམས་ལ་མཆོད་པས་བསྐོར། ཚོགས་དང༌། བཀའ་སྲུང་དང་ཆད་བརྟན་གཏོར་མ། དཀར་བགེགས། ལས་བུམ། མིག་དར། མེ་ཏོག །མིག་ཐུར། ཕྱག་ཤིང་སོགས་འོག་ཏུ་དགོས་པའི་རིགས་འདུ་བྱས་ལ། གཉིས་པ་དབང་དོན་སྒྲུབ་མཆོད་ནི། བརྒྱུད་འདེབས་སྔོན་དུ་འགྲོ་བས་ནང་སྒྲུབ་པདྨ་དྲྭ་བའི་ལས་བྱང་གི་བདག་མདུན་དབྱེར་མེད་དུ་སྒྲུབ། བསྟོད་པའི་མཐར་ཛཔ་ཁང་དབྱེ། བཟླས་པ་སྒྲུབ་པ་གཙོ་བོར་བྱ། བུམ་པ་ལ་དམིགས་ནས། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས༔ འགྲོ་འདུལ་འཕགས་པའི་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ བུམ་པ་ཡོངས་སུ་གང་བར་མོས༔ ཞེས་དམིགས་ལ་བསྙེན་སྒྲུབ་ཀྱི་ལས་སྔགས་ཚང་བར་བཟླ། ལས་བུམ་དུ་སྐད་ཅིག་གིས་ཁྲོ་བོ་རྟ་མགྲིན་དམར་པོ་གཡས་པདྨའི་དབྱུག་ཐོ་དང་གཡོན་མེ་ཡི་ཞགས་པ་ཐོགས་པར་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་བབ་པས་བུམ་པ་གང་བར་བསམ་ལ། ཨོཾ་ཧ་ཡ་གྲཱྀ་བ་ཧཱུྃ་ཕཊ྄༔ ཅེས་བཟླས་ལ། ཧཱུྃ་ཞེས་བསྐུལ་བས་ལས་ཀྱི་ཁྲོ་བོས་དབང་གི་བྱ་བ་མ་གྲུབ་བར་བར་ཆད་ཀྱི་བགེགས་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ལས་བཅོལ། གསུམ་པ་སློབ་དཔོན་བདག་ཉིད་འཇུག་པ་ནི། སློབ་མ་ལ་ཇི་ལྟར་བསྐུར་བའི་དབང་རྣམས་རྒྱས་པར་བདག་འཇུག་གི་ཚུལ་དུ་ལེན་པའམ། མི་ནུས་ན་རིག་པའི་མེ་ཏོག་དོར་བ་ཙམ་གྱི་སྒོ་ནས་འཇུག་ཅིང་གནང་བ་ནོད་པ་ནི། དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པས་མེ་ཏོག་འདོར་བ་དང་བཅས། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་མེ་ཏོག་ཕུལ་བས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར་པར་བསམ་སྟེ་འཇུག་བྱའི་དཀྱིལ་འཁོར་དང་བདག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་ཆོས་ལྔ་པོ་དབྱེར་མེད་རོ་གཅིག་ཏུ་བསམ་པའོ། ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སྟྭྃ། ཨོཾ་བཛྲ་ས་མ་ཡ་ཧོཿ ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ། དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་དེ། ཨོཾ། རྡོ་རྗེའི་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་འཇུག་པར་འཚལ། །ཞེས་གསོལ་བ་བཏབ་པས་གནང་བ་བྱིན་པར་བསམ་མོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ལ་གསུམ་ལས། དང་པོ་སྔོན་འགྲོ་འཇུག་པའི་ཆོས་ལ་བཅུ་གཅིག་ལས། ཁྲུས་དང་བགེགས་བསྐྲད་པ་བཅས་སྔོན་དུ་འགྲོ་བས་ལས་རྡོར་གྱིས་མེ་ཏོག་བཀྱེ་བསྡུ་བྱ། སློབ་དཔོན་གྱིས། འོ་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ལ་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་མདོ་རྒྱུད་རྣམས་ལས་ཇི་སྐད་གསུངས་པ་ལྟར་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ། གང་གསན་པར་བྱ་བའི་ཆོས་ནི་གངས་ཅན་བོད་ཀྱི་ཡུལ་འདིའི་ཕན་བདེའི་རྩ་ལག་ཆོས་ཀྱི་རྒྱལ་པོ་མེས་དབོན་རྣམ་གསུམ་དུ་གྲགས་པ་ལས་མདོ་སྔགས་སངས་རྒྱས་ཀྱི་བསྟན་པ་དཀར་འཇམ་ཡུག་གཅིག་ཏུ་བརྡལ། མཁན་སློབ་ཉི་ཟླ་ཟུང་གིས་གཙོ་བོར་བྱས་ལོ་པཎ་བརྒྱ་རྩ་གདན་འཛོམས། ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་གཉིས་བཙུགས། ཟབ་རྒྱས་ཀྱི་སྡེ་སྣོད་བསྒྱུར་བཤད་ཉན་གསུམ་གྱིས་གཏན་ལ་ཕབ་པའི་ཕྱག་རྗེས་ལ་འགྲན་ཟླ་ཐམས་ཅད་དང་བྲལ་བ་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་ལྡེའུ་བཙན་ཉིད་འབྲས་བུ་མཐར་ཕྱིན་པའི་ཡེ་ཤེས་ཀྱི་རང་གཟུགས་བསམ་བཞིན་སྲིད་པ་ཉེ་བར་བཟུང་སྟེ་རྒྱལ་བསྟན་རིས་སུ་མ་ཆད་པ་འཛིན་སྐྱོང་སྤེལ་གསུམ་གྱིས་བཤད་སྒྲུབ་ལས་ཀྱི་འཁོར་ལོའི་ཕྲིན་ལས་མུ་མཐའ་མེད་པ་ལ། རྩ་གསུམ་རྒྱལ་བ་སྲས་དང་བཅས་པས་ཀྱང་བསྔགས་པའི་མེ་ཏོག་འཐོར་ཞིང་དགྱེས་ཤིང་བྱིན་གྱིས་བརླབས་པའི་སྐྱེས་བུ་དམ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཉིད། ཕྱི་གསན་བསམ་སྒོམ་པ། ནང་མཁས་བཙུན་བཟང་གྲུབ། གསང་བ་བཀའ་བབ་ཆེན་པོ་བདུན་གྱི་ངོ་མཚར་བའི་རྣམ་ཐར་བསམ་མི་ཁྱབ་པ་མངའ་བ་ལས། ཕྱི་མའི་ནང་ཚན་བཞི་པ་ཟབ་མོ་དགོངས་པའི་གཏེར་ལའང་རྣམ་གྲངས་དུ་མ་ཞིག་བཞུགས་པའི་བྱེ་བྲག་རྩ་གསུམ་འོད་གསལ་སྙིང་ཐིག་གི་ནང་སྒྲུབ་པདྨ་དྲྭ་བའི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཏེ། རང་རེ་བོད་ཀྱི་ཡུལ་འདི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཕྱག་མཚན་དུ་བཞེས་པའི་ཞིང་ཁམས་ཡིན་པའི་དབང་གིས་ཐོག་མར་མིའི་འགྲོ་བ་མཆེད། བདེ་སྐྱིད་ཀྱི་གཞི་ཟང་ཟིང་གི་ལོངས་སྤྱོད་འཕེལ་བ། ར་ས་ཁྲ་འབྲུག་གི་གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ་བསྐྲུན། མདོ་སྡེ་ཟ་མ་ཏོག་བསྒྱུར་ནས་དམ་པའི་ཆོས་ཀྱི་དབུ་བརྙེས་ཏེ་དགེ་བཅུའི་ལམ་སྲོལ་བྱུང་བ་ཀུན་ཀྱང་རང་བྱུང་འཕགས་པའི་རྟེན་དང་མེས་པོ་ཆོས་རྒྱལ་སྲོང་བཙན་གྱི་བཀའ་དྲིན་ལས་བྱུང་བར་གསུངས་པས་མཚོན་རྒྱུ་མཚན་དགོས་པ་དུ་མས་བོད་ཡུལ་གྱི་ལྷ་སྐལ་ཇོ་བོ་ཐུགས་རྗེ་ཆེན་པོ་འབའ་ཞིག་སྟེ། དེའི་མཚན་ནས་བརྗོད་པ་དང༌། རིགས་སྔགས་བཟླས་པ་ཙམ་གྱིས་ཀྱང་བྱང་ཆུབ་ཀྱི་སྤྱོད་པ་འབད་མེད་དུ་རྫོགས་པ་དང༌། གཞན་ཕན་སྙིང་རྗེའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བ་སོགས་ཕན་ཡོན་བསམ་མི་ཁྱབ་པ་མདོ་རྒྱུད་དུ་མ་ནས་གསུངས་ན། ཚུལ་བཞིན་སྨིན་གྲོལ་གྱི་ལམ་ལ་འཇུག་ཅིང༌། རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི་དོན་གཉིས་ལྷུན་གྲུབ་ཟུང་འཇུག་གི་གོ་འཕང་ལ་དབུགས་དབྱུང་བའི་ཉེ་རྒྱུ་ཁོ་ནར་ངེས་པའི་ཕྱིར་གཅིག་ཏུ་བརྩོན་པ་གལ་ཆེ་བས་མཚུངས་མེད་ལྷག་པའི་ལྷ་གཅིག་དེའི་དབང་བསྐུར་ཟབ་མོ་ཞུ་བ་ལ་སྔོན་འགྲོ་འཇུག་པའི་ཆོས་རྣམས་གསན་པའི་ཡོན་དུ་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས། ཁྱེད་རང་རྣམས་སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་མཐུག་པོས་ལྡོངས་ཏེ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ། མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བ་མཚོན་བྱེད་དུ་སྤྱན་དར་དམར་པོ་རེས་གདོང་བཅིང་བའི་མོས་པ་མཛོད། ཨོཾ་ཙཀྵུ་བྷནྡྷ་ཝཱ་ར་མ་ན་ཡ་ཧཱུྃ། ཞེས་མིག་དར་འཆིང༌། དཀྱིལ་འཁོར་གྱི་ལྷ་རྣམས་ཕྱག་སྟོང་པར་མཇལ་དུ་མི་རུང་བས་ཕྱག་རྟེན་ཨུ་དུམྦཱ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བྱིན་པའི་མོས་པ་མཛོད། ཨོཾ་སུ་ནཱེ་སིདྡྷི་ཧཱུྃ། ཞེས་མེ་ཏོག་གཏད། དེ་ནས་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ་སློབ་དཔོན་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་རྣམ་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྒྱལ་བ་ཀུན་གྱི་སྙིང་རྗེའི་ལྷ༔ འཇིག་རྟེན་དབང་ཕྱུག་དཀྱིལ་འཁོར་དུ༔ བདག་སོགས་སྣོད་ལྡན་ལེགས་དྲངས་ནས༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་གདབ། རྒྱལ་བ་ཀུན་གྱི་ཐུགས་རྗེའི་རང་གཟུགས་ཀྱི་ལྷག་པའི་ལྷའི་དཀྱིལ་འཁོར་དུ་འཇུག་པའི་བློ་སྐྱེས་པ་ནི་ཤིན་ཏུ་སྐལ་པ་བཟང་བར་ངེས་པས་གནང་བ་སྦྱིན་པ་ནི། དུས་གསུམ་གཤེགས་པའི་སངས་རྒྱས་ཀུན༔ རྡོ་རྗེའི་ལམ་མཆོག་འདི་ལ་བརྟེན༔ དེ་ཕྱིར་གསང་ཆེན་དཀྱིལ་འཁོར་འདིར༔ བུ་ཁྱོད་འཇུག་ཅིང་སྨིན་པར་བྱ༔ སྐྱབས་སུ་འགྲོ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་རྣམ་པར་བཞུགས་པ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོའོ་སྙམ་པ་དང༌། མཁའ་མཉམ་གྱི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་ཏུ་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ནས་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧྲཱིཿ བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ སྐུ་གསུམ་འཕགས་པའི་ལྷ་ལ་སྐྱབས་སུ་མཆི༔ མཐའ་ཀླས་སྲིད་པའི་ཁམས་རྣམས་བསྒྲལ་བའི་ཕྱིར༔ པདྨ་དྲྭ་བའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ། དེ་ནས་ཚོགས་བསགས་པའི་ཕྱིར། ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ་ཕྱག་འཚལ་མཆོད་པ་འབུལ་བ་སོགས་བསགས་སྦྱང་གི་སྙིང་པོ་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། ཧོཿ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་ཀུན་བཟང་མཆོད་སྤྲིན་འབུལ༔ ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་མཐོལ་ཞིང་བཤགས༔ བྱང་ཆུབ་སྤྱོད་པ་རྒྱ་མཚོར་རྗེས་ཡི་རང༔ ཐེག་མཆོག་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབས༔ འདིས་མཚོན་དགེ་ཚོགས་ཆོས་དབྱིངས་སྙིང་པོར་བསྔོ༔ ལན་གསུམ། དེ་ནས་དབང་བསྐུར་བ་དེའང་རྟེན་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང༌། དབང་སྲོག་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལས་པས་སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་དུ་བསྒྲུབ་པའི་ཕྱིར། ཐུན་མོང་དུ་རིགས་ལྔའི་དམ་ཚིག །ཁྱད་པར་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག །ཡན་ལག་གི་དམ་ཚིག་ཉི་ཤུ་ལྔ་སྟེ་བླ་ན་མེད་པའི་དམ་ཚིག་དང་སྡོམ་པ་མ་ལུས་པ་ཡོངས་སུ་གཟུང་བར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །རིག་པ་འཛིན་པ་བདག་གིས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་གཟུང་བར་བགྱི། །ལན་གསུམ། དེ་དག་གིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་སོང་ནས། གཉིས་པ་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སྔོན་འགྲོ་དམ་ལ་བཞག་པ་ནི། ཁྱབ་བདག་པདྨ་དྲྭ་བ་ནས་བར་མ་ཆད་པའི་དམ་ཚིག་བདུད་རྩིའི་ཆུ་ནན་རྡོ་རྗེའི་ལྕེ་ལས་བརྒྱུད་ནས་སྙིང་དབུས་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་ཏེ། དམ་ཚིག་བསྲུངས་ན་བྱིན་གྱིས་རློབ་ཅིང་མ་བསྲུངས་ན་རྡོ་རྗེ་གནོད་སྦྱིན་དུ་ཁྲོས་ནས་བཀའི་ཆད་པ་འབེབས་པར་འགྱུར་བས་དེའི་དོན་ངེས་པར་གྱིས་ཤིག །དམ་ཆུ་སྦྱིན་ལ། ཧཱུྃ༔ སྔགས་ཀྱི་རྩ་བ་དམ་ཚིག་སྟེ༔ བསྲུང་ན་དངོས་གྲུབ་རྣམ་གཉིས་ཐོབ༔ མ་བསྲུངས་ཚེ་འདིར་དམྱལ་བར་འགྲོ༔ དམ་བསྲུང་རྡོ་རྗེའི་ཆུ་འཐུང་ཤིག༔ ཅེས་གདམས་པ་ལ། དེང་ཕྱིན་ཆད་དམ་ཚིག་ཚུལ་བཞིན་དུ་བསྲུང་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས་མཛོད། བཛྲ་ས་མ་ཡ་ཨི་དཾ་ན་ར་ཀན༔ དེ་ལྟར་དམ་ལ་བཞག་པས་བརྟན་པར་བྱས་ལ། ཡེ་ཤེས་པ་དབབ་པའི་སླད་དུ། ཁྱེད་རང་རྣམས་ལུས་གནད་སྐྱིལ་ཀྲུང་དྲང་པོར་བསྲང༌། ངག་གནད་རླུང་ཁ་སྦྱོར་དུ་ཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། སྐད་ཅིག་གིས་འཕགས་པ་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་གསལ་བདེ་བ་ཆེན་པོའི་ལང་ཚོ་རབ་ཏུ་རྒྱས་པ་ཁྲོ་འཛུམ་ཆགས་པའི་ཉམས་ཀྱིས་སྒེག་པ། སྤྱན་གཉིས་འགྲོ་ལ་ལྷག་པར་གཟིགས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་བཅིངས་པའི་ལྷག་མ་ཐུར་དུ་འཕྱང་བ། ཕྱག་གཡས་པདྨའི་ཕྲེང་བ་ཐུགས་ཀར་འདྲེན་ཞིང༌། གཡོན་མཉམ་བཞག་གིས་བདུད་རྩིས་གང་བའི་ཚེ་བུམ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཉི་ཟླ་བའི་སྟེང་དུ་བཞུགས་པའི་པང་དུ་ཡུམ་གསང་བ་ཡེ་ཤེས་དམར་མོ་ཨུཏྤལ་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་ཆས་ཡོངས་སུ་རྫོགས་པ། རིགས་ཀྱི་བདག་པོ་བདེ་གཤེགས་སྣང་བ་མཐའ་ཡས་དང༌། ཐུགས་ཀར་བདེ་གཤེགས་ཞི་བའི་ལྷ་ཚོགས། དུང་ཁང་དུ་འབར་བ་ཁྲག་འཐུང་གི་ཚོམ་བུ་བཅས། མ་འདྲེས་གསལ་རྫོགས་སུ་བཞུགས་པའི་སྐུ་ལས་དྲི་མ་མེད་པའི་འོད་ཟེར་འཕྲོ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། སྐུ་གསུམ་རྒྱལ་བའི་ཞིང་ཁམས་རབ་འབྱམས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཕགས་པ་འཇིག་རྟེན་དབང་ཕྱུག་གི་རྣམ་པར་ཁ་བ་དང་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་གཉིས་མེད་དུ་གྱུར་པའི་མོས་པ་མཛོད། ཁྱད་པར་གྱི་སྤོས་བདུག ཌཱ་དྲིལ་སོགས་རོལ་མོའི་སྒྲ་འཁྲོལ་ཞིང༌། ལས་བྱང་གི་སྤྱན་འདྲེན་དང་སྔགས་དྲག་ཏུ་བརྗོད་པས་དབབ། དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་རྣམས་བརྟན་པར་གྱུར་སྙམ་པའི་མོས་པ་མཛོད། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ། ཨོཾ་བཛྲ་ཏིཥྛནྟུ། དངོས་གྲུབ་ཀྱི་ལྟས་བརྟགས་པའི་སླད་དུ་མིག་དར་དང་བཅས་པས་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁའ་ལ་ལྟོས་ལ་ཁ་དོག་ཅི་མཐོང༌། ཞེས་འདྲི། སོ་སོར་མཐོང་བ་དང་བསྟུན་ཏེ་འདི་སྐད་ཅེས། དེ་ནས་དཀར་པོར་མཐོང་ན་གཙོ་བོ་རྡོ་རྗེའི་རིགས། སྔོན་པོར་མཐོང་ན་དེ་བཞིན་གཤེགས་པའི་རིགས། སེར་པོར་རིན་ཆེན། དམར་པོར་པདྨ། ལྗང་གུ་ལས་ཀྱི་རིགས་ཀྱི་ལས་དང་དངོས་གྲུབ་ཐོབ་པ་ཡིན་ནོ། །ཞེས་བརྡ་སྦྱར། དེ་ནས་རིགས་བརྟགས་པའི་ཕྱིར་མེ་ཏོག་དོར་བ་ནི། འདི་ནི་འཕགས་པ་འཇིག་རྟེན་དབང་ཕྱུག་པདྨ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཞུགས་པ་ཡིན་པས། ངོ་བོ་ཡེ་ཤེས་ཀྱི་རོལ་པ་ལ་བཟང་ངན་མེད་ཀྱང་རང་གི་ལས་འབྲེལ་ཡོད་པའི་ལྷ་དེ་འབབ་པར་ཤོག་ཅིག་སྙམ་དུ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དེ་ཉིད་ལྟོས་པ་མེད་པར་དོར་མཛོད། ཧོཿ རང་སྣང་རྣམ་དག་འོག་མིན་དུ༔ བདེ་ཆེན་རྡོ་རྗེའི་མཎྜ་ལར༔ རིག་པའི་མེ་ཏོག་འདི་དོར་བས༔ ལྷག་པའི་ལྷ་ལ་འབབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་པུཥྤེ་པྲ་ཏཱིཙྪ་ཧོཿ ཞེས་མཎྜལ་ཚོམ་བུ་ལྔ་པ་དཀྱིལ་འཁོར་དང་རོ་གཅིག་ཏུ་མོས་ནས་དོར་དུ་གཞུག །དེའང་མེ་ཏོག་དབུས་ཀྱི་ཚོམ་བུ་ལ་བབ་ན་གསང་མཚན་རིགས་ཀྱི་གཙོ་བོ་དང་མཐུན་པར་བཏགས་པ་ཡིན་པས་མ་བརྗེད་པར་གྱིས་ཤིག །ཅེས་བཏགས་ནས། རང་གིས་ཕུལ་བའི་མེ་ཏོག་གི་ཕྲེང་བ་དེ་རིགས་གང་གིས་བཞེས་པའི་ལྷ་དེས་སླར་ཡང་རང་གི་སྤྱི་བོར་བཅིངས་པའི་མོས་པ་མཛོད། ཁྱོད་ནི་བླ་མེད་བྱང་ཆུབ་ཀྱི༔ ཡེ་ཤེས་དམ་པའི་སྣོད་ཡིན་ཕྱིར༔ རྡོ་རྗེའི་དམ་ཚིག་འདི་ཟུངས་ལ༔ རང་གཞན་དོན་གཉིས་སྒྲུབ་པར་གྱིས༔ པྲ་ཏི་གྲྀ་ཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཞེས་མེ་ཏོག་སྤྱི་བོར་བཞག །དེ་ནས་མ་རིག་པའི་ལིང་ཏོག་མིག་དར་དང་ལྷན་ཅིག་བསལ་བའི་མོས་པ་མཛོད། ཧོཿ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ འཇིག་རྟེན་རབ་རིབ་བསལ་བ་ལྟར༔ བུ་ཁྱོད་ཀྱི་ནི་མི་ཤེས་པའི༔ རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ༔ ཨོཾ་ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ྄༔ ཅེས་མིག་རས་བསལ། དེ་ལྟར་མ་རིག་པའི་ལིང་ཐོག་མིག་དར་གྱིས་མཚོན་པ་བསལ་བའི་ཤུལ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེས་འཕགས་པ་ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་པ་ལྟར་མཐོང་བའི་མོས་པ་མཛོད། དེ་ཡང་གཉིས་འཛིན་རྟོག་པ་སྲེག་པའི་བརྡར་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བ། དེའི་ནང་དུ་མི་རྟོག་པའི་ཡེ་ཤེས་ཅིས་ཀྱང་མི་ཤིགས་པའི་བརྡར་རྡོ་རྗེའི་ར་བ། རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པའི་བརྡར་དུར་ཁྲོད་ཆེན་པོ་བརྒྱད། ཉེས་པའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨའི་ཕྲེང་བ། རང་བཞིན་གྱིས་འོད་གསལ་བའི་བརྡར་ཉི་མའི་གདན། རྟེན་འབྲེལ་བཅུ་གཉིས་དག་པའི་བརྡར་འོག་གཞི་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ། སངས་རྒྱས་ཀྱི་ཡེ་ཤེས་ཉིད་དབྱིབས་དང་ཁ་དོག་ཏུ་སྣང་བས་གདུལ་བྱའི་རེ་བ་སྐོང་བའི་བརྡར་གཞལ་ཡས་ཁང་རྒྱུ་རིན་པོ་ཆེ་ལས་གྲུབ་པ། བྱང་ཕྱོགས་སོ་བདུན་དང་མ་འདྲེས་པའི་ཡོན་ཏན་སོགས་འབྲས་བུའི་ཆོས་ཐམས་ཅད་མ་འདྲེས་ཡོངས་རྫོགས་སུ་དག་པའི་བརྡར་དཀྱིལ་འཁོར་གྱི་དབྱིབས་དང་རྒྱན་གྱི་བྱེ་བྲག་ལ་སོགས་ཏེ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཡེ་ཤེས་ལྔ་མཚོན་པའི་པདྨ་འདབ་བཞིའི་ལྟེ་བ་དང་བཅས་པའི་དབུས་དང་ཕྱོགས་མཚམས་སུ་གདན་པདྨ་དང་ཟླ་བའི་དཀྱིལ་འཁོར། སྒོ་བཞིར་ཉི་མའི་གདན་རེ་རེ། བརྟེན་པ་ལྷ་ནི་དཀྱིལ་འཁོར་དབུས་སུ་རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་འཕགས་པ་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་གསལ་ཕྱག་གཡས་ཐུགས་ཀར་པད་ཕྲེང་འཛིན་ཞིང༌། གཡོན་པས་མཉམ་བཞག་གིས་ཚེ་བུམ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་ཡུམ་གསང་བ་ཡེ་ཤེས་པདྨ་དང་བྷནྡྷ་འཛིན་པ་དང་སྦྱོར་བ་དར་དང་རིན་པོ་ཆེའི་རྒྱན་ཅན། ཕྱོགས་མཚམས་ཀྱི་འདབ་མ་དྲུག་ལ་མཉམ་ཉིད་ཡེ་ཤེས་ཀྱི་བདག་ཉིད་ལྷ་ཡི་ཐུབ་པ་དཀར་པོ་པི་ཝང་འཛིན་པ། བྱ་གྲུབ་ཡེ་ཤེས་ཀྱི་བདག་ཉིད་ལྷ་མིན་ཐུབ་པ་ལྗང་ནག་གོ་མཚོན་འཛིན་པ། རང་བྱུང་ཡེ་ཤེས་ཀྱི་བདག་ཉིད་མི་ཡི་ཐུབ་པ་སེར་པོ་གསེག་སྤར་འཛིན་པ། ཆོས་དབྱིངས་ཡེ་ཤེས་ཀྱི་བདག་ཉིད་བྱོལ་སོང་ཐུབ་པ་སྔོ་ནག་པུསྟི་འཛིན་པ། སོར་རྟོག་ཡེ་ཤེས་ཀྱི་བདག་ཉིད་ཡི་དྭགས་ཐུབ་པ་དམར་སྐྱ་སྒྲོམ་བུ་འཛིན་པ། མེ་ལོང་ཡེ་ཤེས་ཀྱི་བདག་ཉིད་དམྱལ་བའི་ཐུབ་པ་ནག་པོ་མེ་ཆུ་འཛིན་པ། ཀུན་ཀྱང་ཚངས་པར་སྤྱོད་པའི་ཆ་བྱད་ཅན་མཉམ་པའི་སྟབས་ཀྱིས་བཞེངས་པ། པདྨའི་གེ་སར་ཟིལ་ཕོད་རབ་ཏུ་རྒྱས་པའི་སྟེང་ན་སྟོང་དང་སྙིང་རྗེའི་ཡེ་ཤེས་ཟུང་དུ་འཇུག་པའི་བདག་ཉིད་ཕ་རོལ་ཏུ་ཕྱིན་པ་བཅུའི་རྫོགས་སྨིན་སྦྱངས་པ་ཕ་མཐར་སོན་པའི་བསྐལ་བཟང་གི་སེམས་དཔའ་སྟོང་རྩ་གཉིས་ཐམས་ཅད་འགྲོ་འདུལ་ཐུགས་རྗེ་ཆེན་པོའི་རྣམ་པར་བཞུགས་པ། སྒོ་བཞིར་ཚད་མེད་བཞིས་འགྲོ་བ་འདུལ་བས་ཕྲིན་ལས་བཞིའི་བདག་ཉིད་སྒོ་མ་ཌཱ་ཀི་བཞི་སྟེ། ཤར་སྒོར་ལྕགས་ཀྱུ་མ་དཀར་མོ། ལྷོ་སྒོར་ཞགས་པ་མ་སེར་མོ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ། བྱང་སྒོར་དྲིལ་བུ་མ་ལྗང་གུ། བཞི་ཀའང་གཡོན་སྡིག་མཛུབ་དང་ཞབས་དོར་སྟབས། དར་དང་རིན་པོ་ཆེ་དང་རུས་པས་བརྒྱན་པ། ལྷ་ཚོགས་དེ་ཐམས་ཅད་ཀྱང་སེམས་ཉིད་རང་བྱུང་གི་ཡེ་ཤེས་འགག་མེད་སྒྱུ་འཕྲུལ་གྱི་རོལ་པར་འཆར་བའི་ཡེ་ཤེས་ཀྱི་སྣང་བརྙན། ད་རེས་མཚན་མའི་རྟགས་འདིས་མཚོན་ནས་མཐོང་བར་གྱུར་སྙམ་དུ་མོས་པ་ཡང་དག་པར་མཛོད། ཅེས་ངོ་སྤྲད། དེ་ལྟར་ཕྱི་ནང་གི་འཇུག་པའི་རིམ་པ་རྣམས་སོང་ནས། གཉིས་པ་དངོས་གཞི་ཞུགས་ནས་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ལའང་སྐབས་ཕྱེད་པའི་སླད་དུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་མི་ཕྱེད་དད་པའི་ཤུགས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་འདུས་ཐུགས་རྗེའི་གཏེར༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ འགྲོ་འདུལ་འཕགས་པའི་ལྷ་ཚོགས་ཀྱི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། ཞེས་པས་གསོལ་བ་གདབ་ནས། དངོས་གཞིའི་དབང་བསྐུར་བ་ལ། བུམ་པ། གསང་བ། ཤེས་རབ་ཡེ་ཤེས། བཞི་པ་ཚིག་དབང༌། མཐའ་རྟེན་གཏད་རྒྱའི་དབང་དང་ལྔ་ལས་ཐོག་མར་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་སྐབས་སུ་བབ་པ་ཡིན། དང་པོ་དད་བརྩོན་ཅན་རྗེས་སུ་བཟུང་བར་བྱ་བའི་ཕྱིར་ཕན་པའི་དབང་བསྐུར་བ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཀྱི་རྣམ་པར་སྤྲིན་ཕུང་གཏིབས་པ་བཞིན་དུ་མདུན་གྱི་ནམ་མཁར་སད་པར་གྱུར། ནམ་མཁར་བཞུགས་པའི་དབང་གི་ལྷ་དང་སློབ་དཔོན་ལྷན་ཅིག་པས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བས་དབང་བསྐུར་བར་བསམ་ལ། རྣམ་བུམ་གྱིས་དབང་བསྐུར་ལ། ཧཱུྃ་ཧྲཱིཿ སྣང་སྟོང་བུམ་པའི་དཀྱིལ་འཁོར་དུ༔ འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕུང་ཁམས་ལྷ་སྐུར་སྨིན་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་པའི་ཆུས་དབང་བསྐུར་བས་སྐུ་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོས་དབུ་བརྒྱན་པ་ལ་ནམ་མཁའ་གང་བའི་གདན་གསུམ་ཚང་བའི་ལྷ་ཐམས་ཅད་ཀྱང་ཐིམ་པར་གྱུར་པ་ལ་དཀྱིལ་འཁོར་གྱི་ལྷ་དང་སློབ་དཔོན་ལྷན་ཅིག་པས་ཤིས་པ་བརྗོད་ཅིང་མེ་ཏོག་གཏོར་བས་རབ་ཏུ་གནས་པར་བྱས་པའི་མོས་པ་མཛོད། ཅེས་མེ་ཏོག་འཐོར་བཞིན་དུ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དེ་ནས་ནང་ལུས་དཀྱིལ་གྱི་བསྐྱེད་རིམ་ལ་དབང་བའི་སླད་དུ་ཐ་མལ་གྱི་སྣང་ཞེན་སྦྱོང་བ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུའི་དབང་སྦྱིན་པ་ནི། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་གཙོ་བོར་གསལ་བར་གྱུར་པ་ལ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་མར་མེ་གཅིག་ལས་གཉིས་མཆེད་ལྟར་བྱོན་ནས་རང་རང་གི་བསྐུར་གནས་སོ་སོར་ཐིམ་པས་ཅིར་སྣང་ལྷ་སྐུ་སྒྱུ་མ་ལྟ་བུའི་རོལ་པས་རང་གཞན་གྱི་དོན་སྒྲུབ་པའི་ནུས་པ་ཁྱད་པར་ཅན་ཐོབ་པའི་མོས་པ་མཛོད། གཙོ་བོའི་སྐུ་ཙཀ་སྙིང་གར་བཞག་སྟེ། ཧྲཱིཿ བདེ་ཆེན་བཞད་པ་གར་གྱི་དབང༌། །སྟོང་དང་སྙིང་རྗེའི་དབང་ཕྱུག་ཆེ། །སྤྱན་རས་གཟིགས་ཀྱིས་དབང་བསྐུར་བས། བྱང་ཆུབ་སྤྱོད་པ་ཡོངས་རྫོགས་ཤོག །ཨོཾ་ཨཱཿཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ མ་ཆགས་བདེ་ཆེན་པདྨའི་རིགས། སྐུ་ཚེ་འོད་སྣང་མཐའ་ཡས་མགོན། །འོད་དཔག་མེད་པས་དབང་བསྐུར་བས། །རྡོ་རྗེའི་ཡེ་ཤེས་མཆོག་ཐོབ་ཤོག །ཨོཾ་ཨཱཿཧཱུྃ། ཨ་མི་ཏ་བྷ་ཧཱུྃ། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ རྡོ་རྗེའི་སྐུ་ཡི་གནས་ལྔ་ནས། །ཡེ་ཤེས་རྣམ་པ་ལྔ་ཡི་དངོས། །དབང་ཆེན་རིགས་ལྔས་དབང་བསྐུར་བས། །སྐུ་ལྔའི་ཡེ་ཤེས་མངོན་གྱུར་ཤོག །ཨོཾ་ཨཱཿཧཱུྃ། བུདྡྷ་པདྨ་བཛྲ་རཏྣ་ཀརྨ་ཧ་ཡ་གྲཱྀ་བ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ ཐུགས་ཀ་སྤྱི་བོ་དུང་ཁང་ནས། །ཐབས་ཤེས་བདེ་ཆེན་སྒྱུ་འཕྲུལ་དྲ། །ཞི་ཁྲོའི་ལྷ་ཡིས་དབང་བསྐུར་བས། །བདེ་སྟོང་ཡེ་ཤེས་མངོན་གྱུར་ཤོག །ཨོཾ་ཨཱཿཧཱུྃ། བཛྲ་ཤཱནྟིཾ་ཀྲོ་དྷ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ མེ་ལོང་ཡེ་ཤེས་རྣམ་དག་པས། །ཚ་གྲང་སྡུག་བསྔལ་སྦྱོང་མཛད་པ། །དམྱལ་བའི་ཐུབ་པས་དབང་བསྐུར་བས། །ཞེ་སྡང་རྒྱུ་འབྲས་དག་གྱུར་ཅིག །ཨོཾ་ཨཱཿཧཱུྃ། མ་ཧཱ་མུ་ན་ཡེ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ མཉམ་ཉིད་ཡེ་ཤེས་རྣམ་དག་པས། །བཀྲེས་སྐོམ་སྡུག་བསྔལ་སྦྱོང་མཛད་པ། །ཡི་དྭགས་ཐུབ་པས་དབང་བསྐུར་བས། །སེར་སྣའི་རྒྱུ་འབྲས་དག་གྱུར་ཅིག །ཨོཾ་ཨཱཿཧཱུྃ། མ་ཧཱ་མུ་ན་ཡེ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ སོར་རྟོག་ཡེ་ཤེས་རྣམ་དག་པས། །གླེན་ལྐུག་སྡུག་བསྔལ་སྦྱོང་མཛད་པ། །དུད་འགྲོའི་ཐུབ་པས་དབང་བསྐུར་བས། །གཏི་མུག་རྒྱུ་འབྲས་དག་གྱུར་ཅིག །ཨོཾ་ཨཱཿཧཱུྃ། མ་ཧཱ་མུ་ན་ཡེ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ རང་བྱུང་ཡེ་ཤེས་རྣམ་དག་པས། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྦྱོང༌། །མི་ཡི་ཐུབ་པས་དབང་བསྐུར་བས། །ཐེ་ཚོམ་རྒྱུ་འབྲས་དག་གྱུར་ཅིག །ཨོཾ་ཨཱཿཧཱུྃ། མ་ཧཱ་མུ་ན་ཡེ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ བྱ་གྲུབ་ཡེ་ཤེས་རྣམ་དག་པས། །འཐབ་རྩོད་སྡུག་བསྔལ་སྦྱོང་མཛད་པ། །ལྷ་མིན་ཐུབ་པས་དབང་བསྐུར་བས། །ཕྲག་དོག་རྒྱུ་འབྲས་དག་གྱུར་ཅིག །ཨོཾ་ཨཱཿཧཱུྃ། མ་ཧཱ་མུ་ན་ཡེ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ མཉམ་ཉིད་ཡེ་ཤེས་རྣམ་དག་པས། །འཕོ་ལྟུང་སྡུག་བསྔལ་སྦྱོང་མཛད་པ། །ལྷ་ཡི་ཐུབ་པས་དབང་བསྐུར་བས། །ང་རྒྱལ་རྒྱུ་འབྲས་དག་གྱུར་ཅིག །ཨོཾ་ཨཱཿཧཱུྃ། མ་ཧཱ་མུ་ན་ཡེ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ མཁྱེན་བརྩེའི་ཡེ་ཤེས་རྣམ་དག་པས། །དུས་གསུམ་གདུལ་བྱ་འདུལ་མཛད་པ། །སངས་རྒྱས་སྟོང་གིས་དབང་བསྐུར་བས། །འགྲོ་འདུལ་ཕྲིན་ལས་མཐར་ཕྱིན་ཤོག །ཨོཾ་ཨཱཿཧཱུྃ། མ་ཧཱ་མུ་ན་ཡེ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ ཚད་མེད་བཞི་པོ་རྣམ་དག་པས། །་བསྡུ་བ་རྣམ་བཞིའི་ཕྲིན་ལས་ཅན། །ཌཱ་ཀི་རིགས་བཞིས་དབང་བསྐུར་བས། །དགའ་བཞིའི་ཡེ་ཤེས་མངོན་གྱུར་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་རཏྣ་པདྨ་ཀརྨ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་ནང་ལྷའི་དབང་བསྐུར་བས་འཁོར་འདས་ཀྱི་རྟོག་ཚོགས་ཐམས་ཅད་སྣང་སྟོང་ལྷ་ཡི་རོལ་པར་ཡོངས་སུ་དག་པས་ནང་དཀྱིལ་འཁོར་ཟབ་མོའི་བསྐྱེད་རིམ་འཁོར་བཅས་ལ་དབང་འབྱོར་བར་བྱས་པ་ཡིན་ནོ། །དེ་ནས་ངག་ཐ་མལ་དུ་ཞེན་པ་སྦྱོང་བའི་ཕྱིར་གསུང་བཟླས་པའི་ལུང་སྦྱིན་པ་ལ། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་གཉིས་སུ་མེད་པའི་སོ་སོའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས། ཞལ་ནས་བྱུང༌། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་ཡེ་ཤེས་སེམས་དཔའ་དབང་ཆེན་རྟ་ཕག་ཡབ་ཡུམ་གྱི་ཐུགས་པད་ཉི་ཟླ་བའི་སྟེང་དྭངས་མའི་ས་བོན་ཧྲཱིཿཡིག་གི་མཐར་ཕྲེང་བ་ལྟར་འཁོད་པར་མོས་ལ། བསྙེན་པའི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཡི་གེ་བདུན་པ་ལན་གསུམ་བཟླར་གཞུག །སླར་ཡང་ཐུགས་ཀའི་ཧྲཱིཿ་ལས་བྱུང་བའི་སྔགས་ཕྲེང་ཡེ་ཤེས་སེམས་དཔའ་ཡབ་ཡུམ་གྱི་ཞལ་དང་མཁའ་གསང་ནས་བརྒྱུད་དེ་འཁོར་བའི་འོད་ཟེར་གྱིས་རྩ་བ་གསུམ་གྱི་ལྷ་ཚོགས་མཆོད་ཅིང་ཐུགས་དམ་བསྐུལ། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་ཐིམ། སྣོད་བཅུད་ཀྱི་དངོས་འཛིན་བག་ཆགས་དང་བཅས་པ་སྦྱངས་ནས་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་གྱུར་པར་མོས་ལ་གཙོ་འཁོར་ཡོངས་རྫོགས་སུ་སྒྲུབ་པའི་སྔགས་འདིའི་རྗེས་ཟློས། ཞེས་སྒྲུབ་སྔགས་ལན་གསུམ། དེས་གསུང་གི་དབང་ཐོབ་པས་དེང་ཕྱིན་ཆད་གྲགས་སྟོང་སྔགས་ཀྱི་ལམ་ཁྱེར་དང་མ་བྲལ་བར་གྱིས་ཤིག །ཐུགས་རང་བྱུང་གི་དགོངས་པ་ངོ་སྤྲད་པའི་སླད་དུ། མེ་ལོང་དྭངས་པའི་ངོས་སུ་གཟུགས་བརྙན་སྣ་ཚོགས་སུ་སྣང་ཡང་རང་བཞིན་མ་གྲུབ་པའི་དཔེ་མཚོན་ནས། རང་སེམས་སྟོང་པའི་རང་རྩལ་ལས་གཟུང་འཛིན་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་ཤར་ཡང་གདོད་མ་ནས་སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་རང་རིག་སྐད་ཅིག་མའི་རང་རྩལ་དུ་ངོ་ཤེས་པར་གྱིས་ལ་སྣང་རིག་ཟུང་འཇུག་འོད་གསལ་ཆེན་པོའི་ངང་དུ་མཉམ་པར་ཞོག་ཅིག །མེ་ལོང་བསྟན་ལ། ཧཱུྃ༔ གཟུང་དང་འཛིན་པའི་རྟོག་པ་ཀུན༔ གདོད་ནས་རང་བཞིན་འོད་གསལ་ངང༔ ཡེ་ཤེས་རྟོགས་པའི་དབང་བསྐུར་བས༔ ཟུང་འཇུག་གནས་ལུགས་རྟོགས་པར་ཤོག༔ ཨོཾ་སརྦ་མཎྜལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་ཁམས་གསུམ་གྱི་རྣམ་པར་རྟོག་པའི་འཇུག་ལྡང་ཐམས་ཅད་རིག་སྟོང་དབྱེར་མེད་བསམ་མི་ཁྱབ་པ་ཐུགས་རྡོ་རྗེའི་ངོ་བོར་རྣམ་པར་དག་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་སྒོམ་པ་ལ་དབང༌། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་ནས་གསང་བ་ཟབ་མོའི་དབང་ལ་གསུམ་ཡོད་པ་ལས། རྩ་བའི་ས་བཅད་གཉིས་པ་བླ་མ་གསུང་རྡོ་རྗེའི་བདག་ཉིད་ཅན་ལ་གསང་དབང་ཞུ་བའི་ཕྱིར། དེ་ནས་སློབ་དཔོན་ཐུགས་རྗེ་ཆེན་པོ་རང་སྣང་གི་ཡུམ་གསང་བ་ཡེ་ཤེས་དང་རྗེས་སུ་ཆགས་པའི་སྦྱོར་བས་སྙོམ་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་རྟེན་དུ་གྱུར་པ་དྷཱུ་ཏིའི་ལམ་ནས་བརྒྱུད་འཁོར་ལོ་བཞིར་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བ་ཡུམ་གྱི་པདྨོར་འཁྱིལ་བས་ཉི་ཟླ་གཉིས་འདྲེས། དེ་ཉིད་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པས་བདུད་རྩི་བྱང་སེམས་ཀྱི་རྒྱུན་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཧཱུྃ་ཧྲཱིཿ ཨེ་ཝཾ་ཟུང་འཇུག་དཀྱིལ་འཁོར་ནས༔ ཞུ་བདེའི་དྲངས་པའི་ཀུནྡ་ལི༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རླུང་སྔགས་དབུ་མར་དག་པར་ཤོག༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ བདུད་རྩི་ཆང་དང་སྦྱར་བ་མྱོང་དུ་གཞུག །དེ་ནས་མགྲིན་པ་ནས་ཐིག་ལེ་འཕེལ་བས་ལུས་བདུད་རྩིས་ཁྱབ། དེ་བྱང་ཆུབ་ཀྱི་སེམས་ཀྱིས་གང་ཞིང་ཁྱབ། དུས་གསུམ་གྱི་རྟོག་པ་འགགས། བྱང་ཆུབ་སེམས་ཀྱིས་ཁྱབ་པ་དེ་ཐམས་ཅད་ལ་བདེ་བས་ཁྱབ་སྟེ་ཞུ་བདེ་ཁྱད་པར་དུ་བྱས་པས་སེམས་གསལ་སྟོང་གི་ཡེ་ཤེས་ཉམས་སུ་མྱོང་བ་ནི་གསང་དབང་གི་ཡེ་ཤེས་སོ། །དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་གཏུམ་མོའི་རྣལ་འབྱོར་སྒོམ་པ་ལ་དབང༌། སྒྱུ་མ་ཆུ་ཟླ་ལྟ་བུའི་བདག་བྱིན་གྱིས་བརླབས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གསུམ་པ་བླ་མ་ཐུགས་རྡོ་རྗེའི་བདག་ཉིད་ཅན་གྱིས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་སླད་དུ། བླ་མས་མཚན་ཉིད་དང་ལྡན་པའི་རིག་མ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པས་བརྒྱན་པ་ཞིག་ལག་པ་གཡས་ནས་བཟུང་སྟེ་ཁྱེད་རང་རྣམས་ཀྱི་ལག་གཡོན་དུ་གཏད་པའི་མོས་པ་མཛོད། ཧྲཱིཿ ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ༔ བདེ་སྟོང་ཡེ་ཤེས་ཉམས་མྱོང་ཕྱིར༔ སྣ་ཚོགས་གཟུགས་ཅན་འདི་གཏད་པས༔ ཐིག་ལེ་ཆོས་སྐུར་གྲོལ་བར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རིག་ཙཀ་གཏད། དེ་ནས་ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོ་དང༌། གཏད་པའི་རིག་མ་དེ་ཡུམ་གསང་བ་ཡེ་ཤེས་སུ་གསལ་བ་ནི་ལྷའི་འདུ་ཤེས། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ། ལྟེ་བར་བྱང་ཆུབ་སེམས་ཀྱི་ངོ་བོ་ཧཱུྃ། བུ་གར་ཕཊ྄་ཀྱིས་མཚན་པ། ཡུམ་གྱི་མཁའ་ཨཱཿལས་པདྨ། ཟེའུ་འབྲུར་ཨཱཿས་མཚན་པར་གསལ་བ་ནི་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། དེ་ལྟར་འདུ་ཤེས་གསུམ་གྱི་སྒོ་ནས་སྙོམས་པར་ཞུགས་པ་རྗེས་ཆགས་ཀྱི་མེས་ཧྃ་ཡིག་ཞུ་བས་བྱང་ཆུབ་སེམས་ཀྱི་རྒྱུན་མགྲིན་པ་སོགས་འཁོར་ལོ་བཞིར་ལུགས་འབྱུང་གི་དགའ་བ་དང༌། མཆོག་དགའ་དང་ཁྱད་པར་གྱི་དགའ་བ་དང༌། དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བཞི་རིམ་པར་ཉམས་སུ་མྱོང་ནས། སླར་ཡང་མཁའ་གསང་གི་རྩེར་འཛག་མེད་དུ་བཟུང་བ་དེ་ཉིད་གྱེན་དུ་དྲངས་པས་ལྟེ་བ་སོགས་འཁོར་ལོ་བཞིར་མས་བརྟན་གྱི་དགའ་བ་དང༌། ཁྱད་པར་གྱི་དགའ་བ་དང༌། རང་བཞིན་ལྷན་ཅིག་སྐྱེས་པའི་དགའ་བ་བཞི་རིམ་པར་ཉམས་སུ་མྱངས་ཏེ། རང་བཞིན་ལྷན་སྐྱེས་འོད་གསལ་ཆེན་པོ་རང་གི་ངོ་བོར་ཆོས་ཐམས་ཅད་རོ་གཅིག་པར་མཐོང་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་སྟེ། དེ་ལྟར་ན་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ཕོ་ཉའི་ལམ་སྒོམ་པ་ལ་དབང༌། ཆོས་ཐམས་ཅད་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། བཞི་པ་བླ་མ་ཡེ་ཤེས་རྡོ་རྗེའི་བདག་ཉིད་ཅན་གྱིས་དབང་བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ལ། ཁྱེད་རང་རྣམས་ལུས་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དྲང་པོར་བསྲང༌། ངག་གནད་རླུང་རྩོལ་མེད་རང་བབས་སུ་ཞོགས། །ཡིད་ཀྱི་གནད་དུས་གསུམ་གྱི་རྟོག་པས་མ་བསླད་པའི་རང་རིག་སྐད་ཅིག་མའི་ངང་གཤིས་སྟོང་ཉིད་དུ་རྗེན་ནེ། གདངས་རིག་རྩལ་དུ་ལམ་མེ། དེ་གཉིས་དབྱེར་མེད་པར་ཉམས་སུ་མྱོང་བཞིན་དུ་བརྗོད་པའི་མཐའ་ཐམས་ཅད་ལས་འདས་པའི་བདེན་གཉིས་ཟུང་འཇུག་ལྷག་པའི་ཆོས་སྐུ་ཆེན་པོའི་དབྱིངས་སུ་འཛིན་མེད་དུ་མཉམ་པར་འཇོག་མཛོད། ཅེས་གདམས་ལ་དཔོན་སློབ་གཉིས་ཀས་ཅུང་ཟད་མཉམ་པར་བཞག །དེ་མཚོན་པར་བྱ་བའི་ཕྱིར་དབྱིངས་རིག་གཉིས་མེད་ཤེལ་དང་འཇའ་ཚོན་གྱི་བརྡས་མཚོན་ཏེ། ཨཱཿ ཀ་དག་གཞི་ཡི་དཀྱིལ་འཁོར་དུ༔ ལྷུན་གྲུབ་ལམ་གྱི་སྣང་བ་གསལ༔ གཉིས་སུ་མེད་པར་དབང་བསྐུར་བས༔ ཆོས་ཟད་འབྲས་བུ་མངོན་གྱུར་ཤོག༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ དེ་ལྟར་བཞག་པས་སྣང་རིག་ངོས་བཟུང་དང་བྲལ་བའི་ཡེ་ཤེས་རྣམ་པར་མི་རྟོག་པ། གདངས་མ་འགགས་ས་ལེ། རྩལ་ཅིར་ཡང་འཆར་བའི་ཟང་ཐལ། དྭངས་གསལ་མི་གཡོ་བ་རྒྱ་ཆད་ཕྱོགས་དང་བྲལ་བ་ནམ་མཁའ་དྭངས་པའི་དཀྱིལ་འཁོར་ལྟ་བུ་དེ་ནི་རང་བྱུང་གི་ཡེ་ཤེས་ཏེ་དབང་བཞི་པའི་ཡེ་ཤེས་ཡིན་ནོ། །ཞེས་ངོ་སྤྲད། དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཕྲ་བའི་སྒོ་གསུམ་སྣང་གསུམ་གྱི་དྲི་མ་དག །ལམ་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང༌། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། ལྔ་པ་དབང་བཞིའི་ཡེ་ཤེས་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་འཕེལ་དུ་བྱ་བ་མཐའ་རྟེན་གཏད་རྒྱའི་དབང་ནི། སྒྲུབ་པོད་སློབ་མའི་སྤྱི་བོར་བཀོད་དེ། མདུན་གྱི་ནམ་མཁར་ཕྱོགས་དུས་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་རྒྱལ་བ་ཞི་ཁྲོ། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོ་རྣམས་མངོན་སུམ་བཞིན་དུ་བཞུགས་པའི་གནས་གསུམ་ནས་སྐུ་དང་སྔགས་ཕྲེང་ཕྱག་མཚན་འོད་ཟེར་ཐིག་ལེ་དཀར་དམར་མཐིང་གསུམ་ཆར་བབ་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་བསགས་པའི་དགེ་ཚོགས་རྒྱ་མཚོ་ཐམས་ཅད་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་གྱེས། གསུམ་པ་ཆོ་གའི་རྗེས་ཀྱི་ལས་རིམ་རྣམས་གཞུང་ལྟར་མཐར་དབྱུང་བས་གྲུབ་པའོ། །སྲིད་ཞིའི་འཇིྃགས་མེདྃ་མཁྱེནྃ་དང་བརྩེྃའི། །འོདྃ་ཟེརྃ་འབུམ་འཕྲོ་འཕགས་མཆོག་གི །སྨིན་གྲོལ་བཀྲྃ་ཤིསྃ་དཔྃལ་གྱི་མཛོད། །གཞན་ཕན་རྒྱ་མཚོའི་འབྱོྃར་པས་མཛེས། །རྩ་གསུམ་འོད་གསལ་སྙིང་ཐིག་གི་ནང་སྒྲུབ་ཐུགས་རྗེ་ཆེན་པོ་པདྨ་དྲྭ་བའི་དབང་བསྐུར་གཞན་ཕན་རྒྱ་མཚོའི་སྒོ་འབྱེད་ལེ་ཚན་བཅུ་པ་པདྨ་དྲི་མེད་རབ་ཏུ་དགའ་བས་སྦྱར་བའོ། ༈ ཡེ་ཤེས་འོདྃ་བརྒྱའི་སྣང་བས་ཕྱོགས་དུས་ཞིང༌། རབ་གསྃལ་དཔག་མེད་མཚན་སྙན་ཁོ་ནས་ཀྱང༌། །ཕན་བདེའི་སྤྲུལྃ་པའིྃ་གར་གྱི་ཐུགས་བསྐྱེད་མཐུ། །རྡོྃ་རྗེྃའི་གོ་ཆ་ལྟ་བུར་བཞེས་གང་རྒྱལ། །དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་གསང་སྒྲུབ་བླ་མ་ཆོས་སྐུ་འོད་དཔག་མེད་ཀྱི་སྒྲུབ་ཐབས་འོད་གསལ་དྲྭ་བའི་སྨིན་བྱེད་བཀླག་ཆོག་ཏུ་བཀོད་པ་ལ་གསུམ། དབང་བསྐུར་བའི་གཞི་དཀྱིལ་འཁོར་དང་དབང་རྫས་འདུ་བྱ་བ། དེ་ཉིད་བདག་མདུན་བུམ་པའི་ཆོ་གས་སྒྲུབ་པ། སློབ་མ་ལ་མངོན་པར་དབང་བསྐུར་བའི་རིམ་པ་དང་གསུམ་ལས། དང་པོ་ནི། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་བཅོས་མ་གཉིས་སམ། དྲི་བཟང་གིས་སྦག་པའི་ཚོམ་བུ་གཤེར་ལྡན་རིན་པོ་ཆེའི་མཎྜལ་ལ་ལྷ་གྲངས་སུ་བཀོད་པའི་སྟེང་མཉྫིའི་ཁར་རྣམ་རྒྱལ་བུམ་པ་ཆས་ལྡན་བཅུད་ཀྱིས་སུམ་གཉིས་བཀང་བ། གསང་ཐོད་བདུད་རྩིས་སྦག་པའི་མ་དཱ་ན། རིག་ཙཀ །ཤེལ་རྡོ། ལྷ་ཙཀ །མེ་ལོང༌། མིག་དར། མེ་ཏོག །མིག་ཐུར་རྣམས་དང༌། གཏོར་མ་སྨན་རཀ །སྲུང་མ་དང་ཆད་བརྟན་གྱི་འབུལ་གཏོར་བཅས་བཤམས་ལ་ཉེར་སྤྱོད་མཆོད་པས་མཛེས་པར་བསྐོར། གཞན་ཡང་དཀར་བགེགས། ཚོགས། སློབ་དཔོན་གྱི་མདུན་དུ་ལས་བུམ། ཌཱ་དྲིལ། རྡོ་རྗེ། འཐོར་ནས། ཡུངས་ཐུན་སོགས་འདུ་བྱའོ། །གཉིས་པ་ནི་ལྷག་པའི་ཏིང་ངེ་འཛིན་གྱི་རིག་སྟོང་ཡེ་ཤེས་ཀྱི་རང་རྩལ་མ་འགགས་སྒྱུ་འཕྲུལ་དྲྭ་བའི་བཀོད་པ་སྣོད་བཅུད་བདེ་ཆེན་ཞིང་གི་རྟེན་བརྟེན་པའི་ཆོ་འཕྲུལ་བདག་མདུན་གཉིས་མེད་དཀྱིལ་འཁོར་གཅིག་ཏུ་གདོད་ནས་དག་པའི་དགོངས་པའམ། མ་འགགས་ཡེ་ཤེས་ཀྱི་རོལ་པ་གང་འདུལ་དེར་སྣང་དུ་ཤར་བས་བསྙེན་སྒྲུབ་ལ་བབ་པའི་ཚེ་ཛཔ྄་ཁང་དབྱེ་བ་གང་རུང་གི་སྒོ་ནས། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་གསང་བའི་སྒྲུབ་ཐབས་འོད་གསལ་དྲྭ་བ་ལྟར་མཐར་ཆགས་སུ་བཏང༌། བསྙེན་སྒྲུབ་ཀྱི་བཟླས་པ་གྲུབ་པ་དང༌། རྣམ་རྒྱལ་བུམ་པ་ལ་དམིགས་ཏེ། མདུན་གྱི་བུམ་པ་མི་དམིགས་པ་བྷྲཱུྃ་ཡིག་འོད་དུ་ཞུ་བ་ལས་རིན་པོ་ཆེའི་གཞལ་ཡས་ཁང་དུ་བསྒོམ་པའི་སུམ་ཆ་མན་ཆད་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་དབུས་སུ་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཉི་ཟླའི་གདན་ལ་ཆོས་སྐུ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག་གི་མདོག་ཅན་གསོལ་ཞིང༌། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཞི་བ་བཞི་བཅུ་རྩ་གཉིས། བདེ་ཆེན་འཁོར་ལོར་འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། མགྲིན་པར་རིག་འཛིན་དཔའ་བོ་མཁའ་འགྲོ་རྣམས་གདོད་ནས་དག་པ་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེ་རང་བྱུང་ལྷུན་གྲུབ་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ཆེན་པོར་མ་འདྲེས་གསལ་རྫོགས་སུ་བཞུགས་པ་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས་ཏེ་མདུན་བསྐྱེད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿདམར་པོ་ཡོད་པ་ལ་ཐིམ་པས་ཐུགས་རྒྱུད་བསྐུལ་ནས་དོན་གཉིས་བསྒྲུབ་པར་བསམ་ལ། བསྙེན་སྒྲུབ་ཀྱི་བཟླས་པ་འོས་འཚམས་མཐར། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ཡེ་ཤེས་འཁོར་ལོའི་ལྷ་ཚོགས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་བས་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ། ལས་བུམ་ནང་དུ་པད་ཉིའི་སྟེང༔ པདྨ་རྟ་མགྲིན་སྐུ་མདོག་དམར༔ དུར་ཁྲོད་ཆས་རྫོགས་དོར་སྟབས་བཞུགས༔ སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན༔ བབ་པས་བུམ་པ་གང་བར་གྱུར༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཞེས་པ་བརྒྱ་རྩ་བཟླ། ཧཱུྃ་ཞེས་བསྐུལ་བས། དཔལ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱིས་དབང་གི་བྱ་བ་མ་གྲུབ་ཀྱི་བར་དུ་བར་གཅོད་ཀྱི་བགེགས་ཐམས་ཅད་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ལས་བཅོལ་ནས་བཞག །སྲུང་མའི་གསོལ་མཆོད་དང་ཚོགས་སྐོང་གཏང་དགོས་ཡོད་ན་བྱས་ལ། འོག་ནས་འབྱུང་བ་ལྟར་དབང་བཞི་མཐའ་རྟེན་དང་བཅས་པའི་བདག་འཇུག་སྔོན་དུ་འགྲོ་བས་སློབ་མ་འཇུག་པར་གསོལ་བ་བཏབ་སྟེ་གནང་བ་ཞུ། ཡང་ན་རིག་པའི་མེ་ཏོག་དོར་བས་ཀྱང་རུང་ངོ༌། །གསུམ་པ་ནི། སློབ་མ་རྣམས་ལ་སྒོ་དྲུང་དུ་ཁྲུས་དང༌། ནང་དུ་འཇུག་པ་ན་བགེགས་གཏོར་བསྔོ་ཞིང་བཀའ་བསྒོ། སྲུང་འཁོར་བཅས་སྤྱི་ལྟར་བྱས་ལ་གྲལ་དུ་འཁོད། མེ་ཏོག་བཀྱེ་བསྡུ་གྲུབ་པ་དང༌། དེ་ལ་རང་རེ་རྣམས་མདོ་སྔགས་ཀྱི་ཆོས་མ་ལུས་པའི་རྟེན་དུ་གྱུར་པའི་དལ་འབྱོར་གྱི་ལུས་རྟེན་ཁྱད་པར་ཅན་ཐོབ། ཐུབ་བསྟན་ཡོངས་སུ་རྫོགས་པ་དར་ལ་མ་ཉམས་པར་བཞུགས། སྐྱེས་བུ་དམ་པ་དགེ་བའི་བཤེས་གཉེན་མཆོག་རྣམས་ཀྱིས་རྗེས་སུ་བཟུང༌། ཐོས་བསམ་སྒོམ་པ་ཅི་འདོད་བྱེད་པ་ལ་འགལ་རྐྱེན་དང་བྲལ་ཞིང་མཐུན་རྐྱེན་ཕུན་སུམ་ཚོགས་པའི་སྐབས་འདིར་དམ་པའི་ཆོས་ཡང་དག་པ་ཞིག་ཅིས་ཀྱང་བྱེད་དགོས། དམ་པའི་ཆོས་ལ་ཡང་མདོ་དང་སྔགས། ཟབ་པ་དང་རྒྱ་ཆེ་བ། ཐུན་མོང་ཐུན་མིན་དུ་མ་ཞིག་བཞུགས་པ་ཐམས་ཅད་ཀྱི་མཐར་ཐུག་ནི་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ལའང་རྒྱུད་སྡེ་ཕྱི་ནང་གཉིས་སུ་བཞུགས་པ་ལས་ཟབ་པའི་མཐར་ཐུག་གསང་སྔགས་ནང་རྒྱུད་ཡོ་ག་གསུམ་དུ་གྲགས་ཤིང༌། རྒྱུད་སྡེ་གསུམ་གྱི་དགོངས་པ་ལྟར་བཀྲལ་བའི་བཀའ་གཏེར་དག་སྣང་གི་ཤིང་རྟའི་ལམ་སྲོལ་ཆེན་པོ་གསུམ་ལས། དམ་ཆོས་མི་ནུབ་པ་དང༌། གདམས་ངག་མི་འཆུག་པ། བྱིན་རླབས་མ་ཡལ་བ། བརྒྱུད་ཐག་ཉེ་བའི་དགོས་པ་ཆེན་པོ་བཞི་དང་ལྡན་པའི་ཟབ་མོ་གཏེར་གྱི་ཁོངས་སུ་གཏོགས། དེ་ལའང་རྒྱ་ཆེ་བ་ས་གཏེར། ཟབ་པ་དགོངས་གཏེར་གཉིས་ལས་ཕྱི་མ་སྟེ་སྒྲུབ་བྱེད་ཀྱི་ཆོས་དེ་ལ་བསྒྲུབ་བྱ་ལྷ་ཡིས་དབྱེ་ན་རྒྱུད་དང༌། སྒྲུབ་སྡེའི་ངེས་པ་གཉིས་ལས། རྒྱུད་སྡེའི་དབང་དུ་བྱས་ན་སྒྱུ་འཕྲུལ་སྡེ་བརྒྱད་ཀྱི་ནང་ཚན་བྱིན་རླབས་ཀྱི་རྩ་བ་བླ་མ་རིག་འཛིན་སྒྱུ་འཕྲུལ་དྲྭ་བ་ཞི་ཁྲོ་རྣམ་པར་རོལ་པའི་རྒྱུད་ལ་བརྟེན་ཞིང༌། བྱེ་བྲག་ཏུ་སྐུ་གསུམ་གྱི་སྒྲུབ་སྐོར་ལས་བླ་མ་ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་ཏུ་མེད་པའི་སྒྲུབ་ཐབས། མན་ངག་གི་ངེས་པས་སྒྲུབ་སྡེ་བཀའ་བརྒྱད་ཀྱི་བྱེ་བྲག་པདྨ་གསུང ཞི་བའི་ཕྱོགས་སུ་བསྡུས་ཀྱང་མི་འགལ་ལ། གང་ལྟར་ཡང་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་རྡོ་རྗེའི་གསུང་ལས། རྒྱ་གར་མཁས་པ་པདྨ་འབྱུང་གནས་ང༔ གདུལ་བྱའི་མོས་ངོར་ཇི་སྙེད་སྤྲུལ་པའི་སྐུ༔ ཆུ་ཟླའི་རོལ་པར་བསམ་མི་ཁྱབ་སྟོན་ཀྱང༔ ངོ་བོ་མི་འགྱུར་ཀུན་བཟང་སྣང་མཐའ་ཡས༔ རྒྱལ་བ་རྒྱ་མཚོའི་ཁྱབ་བདག་སྤྱི་མེས་ཡིན༔ དེ་ཕྱིར་ང་བསྒྲུབ་སངས་རྒྱས་ཀུན་བསྒྲུབ་འགྱུར༔ ལྷ་གཞན་བསྒྲུབས་ཀྱང་ང་ཉིད་སྒྲུབ་པ་སྟེ༔ བཟང་ངན་ཕྱོགས་རིས་འདི་ཞེས་དབྱེ་བ་མེད༔ འོན་ཀྱང་སྔོན་གྱི་སྨོན་ལམ་ཁྱད་པར་གྱིས༔ པདྨའི་རིགས་སུ་བསྒྲུབ་ན་དངོས་གྲུབ་མྱུར༔ ཕྲིན་ལས་མཐའ་རྒྱས་གཞན་སྣང་དབང་དུ་སྡུད༔ འགལ་རྐྱེན་མི་འབྱུང་བྱང་ཆུབ་གོ་འཕང་ཉེ༔ ཞེས་ཆེད་དུ་གདམས་པ་ལྟར་པདྨའི་རིགས་མཆོག་གར་གྱི་དབང་པོའི་ཞིང་ཁམས། རྡོ་རྗེ་ཐེག་པའི་རྒྱུད་ཀྱི་གསང་བ་ལས་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བའི་གནས་ཉི་ཤུ་རྩ་བཞི་ལས་བདེ་ཆེན་འབྱུང་གནས་མཚན་མ་པྲེ་ཏ་པཱུ་རི་ལྷ་གཅིག་འཕགས་པ་ཡབ་ཡུམ་གྱི་གདུང་ལས་གྲོལ་བས། ཕོ་མོ་ཐམས་ཅད་ཐེག་པ་ཆེན་པོའི་ཆོས་ལ་མོས་ཤིང་དཔའ་བོ་དང་ཌཱ་ཀིའི་རིགས་ཅན་རྣམས་ཀྱི་རྟེན་འབྲེལ་གྱིས་སྒྲུབ་ཐག་ཉེ་བའི་ལྷ་ནི་གསུང་པདྨའི་རིགས་ཡིན་ལ། དེ་ལའང་རིགས་ཀྱི་གཙོ་བོ་དང་འཁོར། མཆོག་དང་ཐུན་མོང་གི་སྒྲུབ་ཚུལ་དུ་མ་ལས། འདི་ནི་གསུང་པདྨའི་རིགས་ཀྱི་ཁྱབ་བདག་ཆོས་སྐུ་སྣང་བ་མཐའ་ཡས་པ་གཙོ་བོའི་མཆོག་གི་འོད་གསལ་གྱི་ཡེ་ཤེས་སྣང་བ་བཞི་མཐར་སོན་པར་བྱེད་པའི་སྒྲུབ་ཐབས་ཏེ། ངེས་པའི་དོན་དུ་ཀུན་བཟང་འོད་སྣང་མཐའ་ཡས་གསུང་སོ་སོར་རྟོག་པའི་ཡེ་ཤེས་ཁྱབ་བརྡལ་གྱི་འཁོར་ལོར་སྐུ་དང་ཞིང་ཁམས་རྒྱ་མཚོའི་སྒྲོན་མ་རྣམ་པར་བཀོད་པའི་གཟི་བརྗིད་ཚེ་དཔག་མེད་ཅེས་ཐོག་མའི་དུས་ནས་བྱང་ཆུབ་པའི་སངས་རྒྱས་ཉིད་ཡིན་ལ། ཐུན་མོང་དུ་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་སྤྱན་སྔར་སངས་རྒྱས་ཀྱི་ཞིང་ཡོངས་སུ་བཟུང་བའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དམ་བཅའ་རླབས་པོ་ཆེ་མཛད་པའི་ཚུལ། ད་ལྟར་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཡོན་ཏན་དང་བཀོད་པ་ཐམས་ཅད་གཅིག་ཏུ་འདུས་པའི་ཞིང་མཆོག་བདེ་བ་ཅན་ཞེས་བྱ་བར་འཚོ་ཞིང་གཞེས་ལ། ཆོས་ཀྱང་སྟོན་པའི་མཚན་ཐོས་ནས་དད་པ་སྐྱེས་པས་ཀྱང་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་བུད་མེད་ཀྱི་ལུས་ཐ་མར་འགྱུར་བ་དང༌། དགེ་བའི་རྩ་བ་བསྐྱེད་ཅིང་བསམ་མ་ཐག་པས་ཞིང་དེར་སྐྱེ་བའི་རྒྱུར་བསྔོས་ན་འཆི་འཕོས་མ་ཐག་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་ཞིང་མྱུར་དུ་འཚང་རྒྱ་བ་སོགས་ཐུགས་བསྐྱེད་དང་ཕྲིན་ལས་རྨད་དུ་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་ཞེས་འཕགས་པ་དཀོན་མཆོག་བརྩེགས་པ། འོད་དཔག་ཏུ་མེད་པ་བཀོད་པའི་མདོ་ལ་སོགས་པ་མདོ་སྡེ་དུ་མ་དང༌། རྒྱུད་སྡེ་ཆེན་པོ་བཞི་ཀ་ནས་ལྷ་སྔགས་ཀྱི་སྒྲུབ་ཚུལ་སྣ་ཚོགས་ཡང་ཡང་གསུངས་པ་དེ་ཉིད་སྐབས་འདིར་སྔགས་བླ་མེད་ཨ་ཏི་ཡོ་ག་ལྟར་སྒྲུབ་པ་འདི། ཐམས་ཅད་མཁྱེན་གཟིགས་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཟབ་མོ་དགོངས་པའི་གཏེར་མཛོད་ཀྱི་ཆོས་སྡེ་རྩ་གསུམ་འོད་གསལ་སྙིང་ཐིག་གི་རྩ་བའི་སྒྲུབ་ཐབས་འོད་གསལ་དྲྭ་བའི་དབང་གི་ཆོ་གས་སྨིན་པར་བྱེད་པ་སྐབས་སུ་བབ་པས་དེ་ཉིད་གསན་པའི་ཡོན་དུ་མཎྜལ་ཕུལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་དད་མོས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་ཀུན་འདུས་རྡོ་རྗེ་འཛིན༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ འོད་སྣང་མཐའ་ཡས་དཀྱིལ་འཁོར་དུ༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། དེ་ནས་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་ལ་ཐོག་མར་རྒྱུད་དག་པའི་སླད་དུ། བླ་མ་ཚེ་འོད་མཐའ་ཡས་དཀྱིལ་འཁོར་ལྷ་ཚོགས་སྐྱབས་ཡུལ་ཞིང་གི་རྡུལ་སྙེད་ཀྱི་སྤྱན་སྔར་བདག་སོགས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང་ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་གྱིས་སེམས་བསྐྱེད་པ་གཟུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧྲཱིཿ ཀ་དག་སོ་སོར་རྟོག་པའི་ཡེ་ཤེས་སྐུ༔ འཆི་མེད་ཐོག་མའི་མགོན་པོར་སྐྱབས་སུ་འཆི༔ ལྷུན་གྲུབ་འོད་གསལ་སྣང་བཞིའི་དཀྱིལ་འཁོར་དུ༔ ཁམས་གསུམ་འགྲོ་ཀུན་སྒྲོལ་བར་སེམས་བསྐྱེད་དོ༔ ལན་གསུམ། ཚོགས་ཞིང་དེ་དག་གི་མདུན་སར་བསགས་སྦྱང་ཕུལ་དུ་གྱུར་པ་ཡན་ལག་བདུན་པའི་རིམ་པ་ལ་བསླབ་བོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧོཿ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་ཀུན་བཟང་མཆོད་སྤྲིན་འབུལ༔ ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་མཐོལ་ཞིང་བཤགས༔ བྱང་ཆུབ་སྤྱོད་པ་རྒྱ་མཚོར་རྗེས་ཡི་རང༔ ཐེག་མཆོག་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབས༔ འདིས་མཚོན་དགེ་ཚོགས་ཆོས་དབྱིངས་སྙིང་པོར་བསྔོ༔ ལན་གསུམ། དེ་ནས་དབང་བསྐུར་བ་དེའང་རྟེན་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང༌། དབང་སྲོག་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལས་པས་སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་དུ་བསྒྲུབ་པའི་ཕྱིར་ཁྱད་པར་གྱི་སྡོམ་པ་རྣམས་གཟུང་བར་བྱ་སྟེ། རིགས་ལྔའི་དམ་ཚིག །ཡན་ལག་གི་ཉི་ཤུ་རྩ་ལྔ། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། མདོར་ན་བླ་ན་མེད་པའི་དམ་ཚིག་དང་སྡོམ་པ་མ་ལུས་པ་གཟུང་བར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །རིག་པ་འཛིན་པ་བདག་གིས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་གཟུང་བར་བགྱི། །ལན་གསུམ། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སྔོན་འགྲོ་དམ་ལ་བཞག་པ་ནི། རྡོ་རྗེ་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་ནན་འདི་ཉིད་ལྕེ་ལ་བཞག་ཀྱང་སྙིང་གི་དཀྱིལ་དུ་བབས་ཏེ། གལ་ཏེ་དམ་ཚིག་ལས་འདས་ན་བཛྲ་ཡཀྴ་ཀྲོ་དྷ་ཞེས་བྱ་བ་སྡིག་པ་མགོ་དགུ་པར་གྱུར་ནས་སྙིང་ཁྲག་འཇིབས་ཤིང་མཐོང་ཆོས་སུའང་ཚེ་ཐུང་ཞིང་ནད་མང༌། ཕྱི་མར་དམྱལ་བའི་གནས་སུ་ལྷུང་ནས་ཉམས་ཐག་པར་འགྱུར་ལ། དམ་ཚིག་བསྲུངས་ན་ལྷ་ཡེ་ཤེས་སེམས་དཔར་གྱུར་ནས་རྟག་ཏུ་བྱིན་གྱིས་རློབ་ཅིང༌། འདི་ཕྱིའི་ཕན་བདེ་མ་ལུས་པ་སྟེར་བར་འགྱུར་བའི་དོན་ངེས་པར་གྱིས་ཤིག །ནང་མཆོད་དང་སྦྱར་བའི་ཆུ་སྦྱིན་ལ། ཧཱུྃ༔ སྔགས་ཀྱི་རྩ་བ་དམ་ཚིག་སྟེ༔ བསྲུང་ན་དངོས་གྲུབ་རྣམ་གཉིས་ཐོབ༔ མ་བསྲུང་ཚེ་འདིར་དམྱལ་བར་འགྲོ༔ དམ་སྲུང་རྡོ་རྗེའི་ཆུ་འཐུངས་ཤིག༔ ཅེས་གདམས་པ་ལ། དེང་ཕྱིན་ཆད་དམ་ཚིག་ཚུལ་བཞིན་དུ་བསྲུང་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས་མཛོད། བཛྲ་ས་མ་ཡ་ཨི་དཾ་ན་ར་ཀན༔ ཞེས་བརྗོད་དུ་གཞུག་པས་རྒྱུད་བརྟན་པར་བྱ། སྔོན་ཆད་མ་རིག་པའི་སྒྲིབ་གཡོགས་ཀྱིས་རིག་པ་ཡེ་ཤེས་ཀྱི་མིག་ལྡོང་བ་མཚོན་ཕྱིར་དར་ཡུག་དམར་པོས་གདོང་བཀབ་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མིག་རས་སྦྱིན། དཀྱིལ་འཁོར་པ་དང་མཇལ་བའི་ཕྱག་རྟེན་དབང་གི་ཅོད་ཅན་དམར་པོ་རིགས་ཀྱི་རྟགས་སུ་བྱིན་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་ཐལ་སྦྱར་བར་དུ་སྦྱིན། ཡེ་ཤེས་པ་དབབ་པའི་སླད་དུ་སྒོ་གསུམ་གནད་ལེགས་པར་གཅུན་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག །རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མེ་ལོང་གི་རླངས་པ་ཡལ་བ་ལྟར་སངས་ཀྱིས་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣོད་བཅུད་བདེ་ལྡན་ཞིང་གི་བཀོད་པ་ངོ་མཚར་རྨད་དུ་བྱུང་བའི་དབུས་སུ། གནས་ཁང་འདི་ཉིད་ཀྱང་བྱང་ཆུབ་སེམས་དཔའ་ནོར་བུ་རིན་པོ་ཆེའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཆོས་སྐུ་འོད་སྣང་མཐའ་ཡས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག་གི་མདོག་ཅན་གསོལ་ཞིང་ཆགས་བྲལ་མཆོག་གི་སྤྲུལ་པའི་སྐུའི་ངང་ཚུལ་ཅན་གྱི་ཐུགས་ཀ་འོད་ལྔའི་དྲྭ་བའི་ཀློང་དུ་བདེ་གཤེགས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཞི་བཅུ་རྩ་གཉིས་དང༌། སྤྱི་བོར་འབར་བ་ཁྲག་འཐུང་གི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད། མགྲིན་པར་རིག་འཛིན་དཔའ་བོ་ཌཱ་ཀིའི་ཚོམ་བུ་དང་བཅས་པ་གསལ་བའི་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་ལྡན་པདྨ་བཀོད་པའི་ཞིང་ཁམས་སོགས་སྐུ་གསུམ་དག་པའི་ཞིང་ཐམས་ཅད་ནས་སངས་རྒྱས་དང་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་ཁ་ཆར་བུ་ཡུག་འཚུབས་པ་ལྟར་སྤྱན་དྲངས་ནས་ཁྱེད་རང་གི་སྒོ་གསུམ་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། སྤོས་དབྱངས་ཌཱ་དྲིལ་བཅས་ལས་བྱང་གི་སྤྱན་འདྲེན་དང་འབེབས་སྔགས་སྦྱར་བའི་བསྙེན་པ་ཡང་ཡང་བརྗོད་པས་བྱིན་དབབ། ཏིཥྛ་བཛྲས་རྡོ་རྗེ་མགོ་བོར་བཞག་ལ་བརྟན་པར་བྱ། སྔར་བྱིན་པའི་མེ་ཏོག་དེ་ཉིད་ལྷག་པའི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་མཛོད། ཧོཿ རང་སྣང་རྣམ་དག་འོག་མིན་དུ༔ བདེ་ཆེན་རྡོ་རྗེའི་མཎྜ་ལར༔ རིག་པའི་མེ་ཏོག་འདི་དོར་བས༔ ལྷག་པའི་ལྷ་ལ་འབབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་པུཥྤེ་པྲ་ཏཱིཙྪ་ཧོཿ ཞེས་ཚོམ་བུའི་དཀྱིལ་འཁོར་དུ་དོར་བ་དེ་ཉིད་བླངས་ལ་སྤྱི་བོར་བཞག་སྟེ། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་གྱུར་ཅིག །མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོཿ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ འཇིག་རྟེན་རབ་རིབ་བསལ་བ་ལྟར༔ བུ་ཁྱོད་ཀྱི་ནི་མི་ཤེས་པའི༔ རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ༔ ཨོཾ་ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ྄༔ ཅེས་མིག་རས་བསལ། ཨོཾ་ཙཀྵུ་ས་མནྟ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ༔ ཞེས་མ་རིག་པའི་སྒྲིབ་བྱེད་བསལ་བས་དག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་མཇལ་བར་གྱུར་པར་མོས་ཤིག །ཀྱེ་རིགས་ཀྱི་བུ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་བརྡ་དོན་རྟགས་ཀྱིས་མཚོན་པའི་རས་བྲིས་ཀྱི་དཀྱིལ་འཁོར་འདི་ནི་རྟེན་གཞལ་ཡས་ཁང་སྟེ། ནང་ཕུང་པོ་ཁམས་དང་སྐྱེ་མཆེད་མཚོན་ལ། དེ་ན་བཞུགས་པའི་བརྟེན་པ་ཡེ་ཤེས་ཀྱི་ལྷ་ནི་རང་རིག་གི་སེམས་རྣམ་ཤེས་ཚོགས་བརྒྱད་སེམས་བྱུང་དང་བཅས་པ་རང་བྱུང་གི་ཡེ་ཤེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་སོ་སོར་རྟོག་པའི་ཡེ་ཤེས་པདྨའི་རིགས་ཀྱི་ཁྱབ་བདག་རྫོགས་པའི་སངས་རྒྱས་འོད་སྣང་མཐའ་ཡས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་ཅིང་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་བྱེ་བས་འཁྱུད་པའི་གཟི་བྱིན་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ས་པའི་སྟེང་དུ་ལྷུང་བཟེད་ཀྱིས་མཚན་པའི་ཕྱག་གཉིས་མཉམ་པར་བཞག་ཅིང་དར་དམར་སེར་གྱིས་ཤམ་ཐབས། སྔོན་པོས་བླ་གོས། དམར་པོས་སྣམ་སྦྱར་ཅན། དབུའི་གཙུག་ཏོར་ལྟར་མི་མངོན་པ་ལ་སོགས་པའི་མཚན་དཔེའི་རྒྱན་མ་ཚང་བ་མེད་པས་བརྒྱན་པའི་རྡོ་རྗེའི་ཕུང་ཁམས་སྐྱེ་མཆེད་གདོད་ནས་བདེ་ཆེན་གདན་གསུམ་ཚང་བ་རབ་འབྱམས་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱི་འཁོར་ལོའི་སྤྲིན་ཆེན་པོའི་བདག་ཉིད་དུ་ལྷུན་གྱིས་གྲུབ་པས་བཞུགས་པ་ཐབས་འདིས་མངོན་སུམ་དུ་ངོ་སྤྲད་པའི་མཚོན་དོན་ཤེས་པར་མཛོད་ཅིག །དེ་དག་གིས་འཇུག་པའི་ཆོས་རྣམས་སོང་ནས། དབང་བསྐུར་དངོས་ལ་ཐོག་མར་བུམ་དབང་མཐའ་རྟེན་དང་བཅས་པ་བསྒྲུབ་པ་ལ་འདུན་པ་འདི་ལྟར་དུ་མཛོད། བདག་མདུན་གྱི་ཐུགས་ཀའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་རྣམ་པར་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་དབང་བསྐུར། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སེམས་མ་རྣམས་ཀྱིས་གླུ་གར་བསྒྱུར། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། རྣམ་རྒྱལ་བུམ་པ་ལྷའི་ཕོ་བྲང་རྟེན་དང་བརྟེན་པར་བཅས་པས་དབང་བསྐུར་བས་ཕུང་ཁམས་སྐྱེ་མཆེད་སྐུ་རྡོ་རྗེ་སྤྲུལ་པའི་སྐུར་གྱུར་པར་མོས་ཤིག །རྣམ་རྒྱལ་བུམ་པས་དབང་བསྐུར་ལ། ཧཱུྃ་ཧྲཱིཿ སྣང་སྟོང་བུམ་པའི་དཀྱིལ་འཁོར་དུ༔ བདེ་ལྡན་མགོན་པོའི་ལྷ་ཚོགས་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕུང་ཁམས་ལྷ་སྐུར་སྨིན་པར་ཤོག༔ ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་ལུད་པ་ལས་རིགས་བདག་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་མོས་ཤིག །དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་རྣམས་ལ་ཐིམ་པས་རྟོག་ཚོགས་ལྷ་སྐུ་སྣང་སྟོང་ཕྱག་རྒྱའི་རོལ་པར་ཤར་བར་མོས་ཤིག །གཙོ་འཁོར་རྣམས་ཀྱི་སྐུ་རིམ་པར་མགོར་བཞག་ལ། ཧྲཱིཿ བདེ་ཆེན་པདྨ་དྲྭ་བ་ནས། །ཚེ་དང་ཡེ་ཤེས་དངོས་གྲུབ་གཏེར། །འོད་སྣང་མཐའ་ཡས་བཅོམ་ལྡན་འདས། །དཀྱིལ་འཁོར་གཙོ་བོས་དབང་བསྐུར་རོ། །ཨོཾ་ཨ་མི་ཏ་བྷ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཐུགས་ཀ་ཆོས་ཀྱི་འཁོར་ལོ་ནས། །ཕུང་ཁམས་གནས་ཡུལ་གནས་དག་པའི། །གདན་གསུམ་དཀྱིལ་འཁོར་ཡོངས་རྫོགས་ལྷ། །རྡོ་རྗེ་དབྱིངས་ཀྱིས་དབང་བསྐུར་རོ། །ཨོཾ་ཤཱནྟིཾ་མཎྜ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། དུང་ཁང་བདེ་ཆེན་འཁོར་ལོ་རུ། །དུག་གསུམ་རུ་ཏྲ་མཐར་བྱེད་ཕྱིར། །འབར་ཁྲོས་རྔམས་པའི་ཡེ་ཤེས་སྐུ། །ཁྲག་འཐུང་ལྷ་ཡིས་དབང་བསྐུར་རོ། །ཨོཾ་ཀྲོ་དྷ་མཎྜ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ལོངས་སྤྱོད་ཡོངས་རྫོགས་འཁོར་ལོ་ནས། །རྡོ་རྗེའི་ས་ལམ་ཡོངས་རྫོགས་པའི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །རིག་འཛིན་ལྷ་ཚོགས་དབང་བསྐུར་རོ། །ཨོཾ་བིདྱ་དྷཱ་ར་དེ་ཝ་ག་ཎ་ཨ་བྷི་ཥིཉྩ་ཧཱུྃ། །དེ་ནས་ངག་ཐ་མལ་དུ་ཞེན་པ་སྦྱོང་བའི་ཕྱིར་གསུང་བཟླས་པའི་ལུང་སྦྱིན་པ་ལ། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་གཉིས་སུ་མེད་པའི་སོ་སོའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས། ཞལ་ནས་བྱུང༌། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་དྭངས་མའི་ཐིག་ལེ་ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཀར་ཉི་ཟླའི་གྭའུའི་སྦུབས་སུ་ཧྲཱིཿཡིག་གི་མཐར་སྔགས་ཕྲེང་འཁོར་བར་མོས་ལ་བསྙེན་པའི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ ལན་གསུམ། རིག་སྟོང་གདོད་ནས་དག་པའི་ཡེ་ཤེས་ཁྱབ་བདག་སྣང་མཐའ་ཡས་པའི་ཚུལ་དུ་ཤར་བའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་འོད་གསལ་ཐིག་ལེ་ཆེན་པོ་ཞི་ཁྲོ་རབ་འབྱམས་དཔའ་བོ་ཌཱ་ཀིའི་གྲོང་ཁྱེར་དུ་གདོད་ནས་འདུ་འབྲལ་མེད་པར་རྫོགས་པའི་ཡིན་ལུགས་གསལ་འདེབས་ཀྱི་དགོངས་པས་སྒྲུབ་པའི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ལན་གསུམ། དེས་གསུང་གི་དབང་ཐོབ་པས་དེང་ཕྱིན་ཆད་གྲགས་སྟོང་སྔགས་ཀྱི་ལམ་ཁྱེར་དང་མ་བྲལ་བར་གྱིས་ཤིག །ཐུགས་རང་བྱུང་གི་དགོངས་པ་ངོ་སྤྲད་པའི་སླད་དུ། མེ་ལོང་དྭངས་པའི་ངོས་སུ་གཟུགས་བརྙན་སྣ་ཚོགས་སུ་སྣང་ཡང་རང་བཞིན་མ་གྲུབ་པའི་དཔེས་མཚོན་ནས། རང་སེམས་སྟོང་པའི་རང་རྩལ་ལས་གཟུང་འཛིན་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་ཤར་ཡང་གདོད་མ་ནས་སྐྱེ་འགག་གནས་གསུམ་བྲལ་བའི་དོན་རང་རིག་སྐད་ཅིག་མའི་རང་རྩལ་དུ་ངོ་ཤེས་པར་གྱིས་ལ་སྣང་རིག་ཟུང་འཇུག་འོད་གསལ་ཆེན་པོའི་ངང་དུ་མཉམ་པར་ཞོག་ཅིག །མེ་ལོང་བསྟན་ལ། ཧཱུྃ༔ གཟུང་དང་འཛིན་པའི་རྟོག་པ་ཀུན༔ གདོད་ནས་རང་བཞིན་འོད་གསལ་ངང༔ ཡེ་ཤེས་རྟོགས་པའི་དབང་བསྐུར་བས༔ ཟུང་འཇུག་གནས་ལུགས་རྟོགས་པར་ཤོག༔ ཨོཾ་སརྦ་མཎྜལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་ཁམས་གསུམ་གྱི་རྣམ་པར་རྟོག་པའི་འཇུག་ལྡང་ཐམས་ཅད་རིག་སྟོང་དབྱེར་མེད་བསམ་གྱི་མི་ཁྱབ་པ་ཐུགས་རྡོ་རྗེའི་ངོ་བོར་རྣམ་པར་དག་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་དག་རྣམས་ཀྱིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་ལས་གསུམ་དག །གཟུགས་སུ་རྣམ་པར་རྟོག་པ་དང་རྩ་ཁམས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སྦྱངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་བྱིན་རླབས་ཞུགས། བསྐྱེད་རིམ་དམ་ཚིག་གི་ཕྱག་རྒྱ་སྒོམ་པ་ལ་དབང༌། ཞི་བའི་ལས་དང་རྣམ་པར་སྨིན་པའི་རིག་འཛིན་འགྲུབ། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན། འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་བྱེད་པའི་སྐལ་པ་རྒྱུད་ལ་བཞག་པའོ། །གཉིས་པ་གསང་བའི་དབང་གི་སླད་དུ། བླ་མ་འོད་དཔག་མེད་པ་པདྨ་ཧེ་རུ་ཀ་ལོངས་སྤྱོད་རྫོགས་པའི་སྐུར་གནས་གྱུར་པ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བདེ་སྐྱོང་གི་བདུད་རྩི་དང་མཉམ་པར་སྦྱར་བ་ངག་ཏུ་བྱིན་པའི་མོས་པ་མཛོད། བྷནྡྷའི་བདུད་རྩི་སྦྱིན་ལ། ཧཱུྃ་ཧྲཱིཿ ཨེ་ཝཾ་ཟུང་འཇུག་དཀྱིལ་འཁོར་ནས༔ ཞུ་བདེའི་དྲངས་པའི་ཀུནྡ་ལི༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རླུང་སྔགས་དབུ་མར་དག་པར་ཤོག༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ དེས་གདན་གསུམ་ཚང་བའི་སྐུའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་ལས་རྣམ་པ་བཞི་དག །སྒྲ་ཚིག་རང་མཚན་དུ་འཛིན་པ་དང་རླུང་བཅུ་དག་པར་སྦྱངས། གསུང་རྡོ་རྗེའི་བྱིན་རླབས་ཞུགས། བཟླས་བརྗོད་དང་རྫོགས་རིམ་ཆོས་ཀྱི་ཕྱག་རྒྱ་སྒོམ་པ་ལ་དབང༌། རྒྱས་པའི་ལས་དང་ཚེ་ལ་དབང་བའི་རིག་འཛིན་འགྲུབ། མ་ཆགས་པདྨ་ཅན་གྱི་ས་ནོན། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་པའི་སྐལ་པ་རྒྱུད་ལ་བཞག་པའོ། །གསུམ་པ་ཤེར་དབང་གི་སླད་དུ། དཀྱིལ་འཁོར་པའི་ཐུགས་ཀ་ནས་གཟུགས་དང་ལང་ཚོས་བརྒྱན་པའི་རིགས་མ་སྤྲོས་པ་ཁྱེད་རང་རྣམས་ཡབ་པདྨ་ཧེ་རུ་ཀར་གསལ་བ་དང་སྙོམས་པར་ཞུགས་པས་དགའ་བཞིའི་མཐར་ཐུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་བརྟན་པར་མོས་ཤིག །རིག་ཙཀ་གཏད་ལ། ཧྲཱིཿ ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ༔ བདེ་སྟོང་ཡེ་ཤེས་ཉམས་མྱོང་ཕྱིར༔ སྣ་ཚོགས་གཟུགས་ཅན་འདི་གཏད་པས༔ ཐིག་ལེ་ཆོས་སྐུར་གྲོལ་བར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་སུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། །ཡིད་ཀྱི་ལས་གསུམ་དག །ཡིད་དང་ཆོས་སུ་རྟོག་པ་ལས་བྱུང་བའི་རྣམ་ཤེས་ཚོགས་བདུན་དང༌། རང་བཞིན་བརྒྱད་ཅུའི་རྟོག་པ་སྦྱངས། ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ཟུང་འཇུག་ལས་ཀྱི་ཕྱག་རྒྱ་བརྟེན་པ་ལ་དབང༌། དབང་གི་ལས་དང་ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྲུབ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན། འབྲས་བུ་ཆོས་སྐུ་མངོན་དུ་བྱེད་པའི་སྐལ་པ་རྒྱུད་ལ་བཞག་པའོ། །དབང་བཞི་པ་ནི། མེ་ལོང་དྲི་མ་མེད་པ་རང་བྱུང་དྭངས་ཤེལ་གྱི་བརྡས་མཚོན་ཏེ། དབྱིངས་ཀ་དག་སྤྲོས་པ་དང་བྲལ་བའི་རང་མདངས། རིག་རྩལ་འོད་གསལ་ལྷུན་གྲུབ་ཟུང་འབྲེལ་གྱི་དགོངས་པར་རྟག་ཏུ་མཉམ་པར་འཇོག་འཚལ། ཤེལ་རྡོ་མེ་ལོང་བསྟན་ལ། ཨཱཿ ཀ་དག་གཞི་ཡི་དཀྱིལ་འཁོར་དུ༔ ལྷུན་གྲུབ་ལམ་གྱི་སྣང་བ་གསལ༔ གཉིས་སུ་མེད་པར་དབང་བསྐུར་བས༔ ཆོས་ཟད་འབྲས་བུ་མངོན་གྱུར་ཤོག༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ དེས་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་དུ་རང་བཞིན་འོད་གསལ་རྫོགས་པ་ཆེན་པོའི་དབང་ཐོབ། དཔེ་དོན་འབྲེལ་བའི་ཆོས་ཉིད་ཉམས་སུ་མྱོང༌། ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་དག །མཐོང་ལམ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང༌། དྲག་ཤུལ་གྱི་ལས་དང་ལྷུན་གྱིས་གྲུབ་པའི་རིག་འཛིན་འགྲུབ། ཡེ་ཤེས་བླ་མའི་ས་ནོན། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱེད་པའི་སྐལ་པ་རྒྱུད་ལ་བཞག་པའོ། །ལྔ་པ་སྨིན་གྲོལ་ཡོངས་རྫོགས་ཀྱི་བྱིན་རླབས་འཕོ་ཞིང་བརྟན་པའི་ཕྱིར་གཏད་རྒྱའི་དབང་བསྐུར་བ་ལ། སྒྲུབ་པོད་སློབ་མའི་སྤྱི་བོར་བཀོད་དེ། མདུན་གྱི་ནམ་མཁར་ཕྱོགས་དུས་རྩ་བརྒྱུད་ཀྱི་བླ་མ། ཡི་དམ་རྒྱལ་བ་ཞི་ཁྲོ། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོ་རྣམས་མངོན་སུམ་བཞིན་དུ་བཞུགས་པའི་གནས་གསུམ་ནས་སྐུ་དང་སྔགས་ཕྲེང་ཕྱག་མཚན་འོད་ཟེར་ཐིག་ལེ་དཀར་དམར་མཐིང་གསུམ་ཆར་བབ་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་དགོངས་བརྡ་སྙན་ཁུང་མཁའ་འགྲོ་གཏད་རྒྱ་སོགས་བརྒྱུད་པ་དྲུག་ལྡན་དགོངས་བརྒྱུད་བྱིན་རླབས་རྡོ་རྗེའི་ཡེ་ཤེས་ཁྱེད་རང་གི་རྒྱུད་ལ་འཕོས་པར་མོས་ཤིག །ཨོཾ་ཨཱཿཧཱུྃ༔ ཀུན་བཟང་རྡོ་རྗེ་སེམས་དཔའ་དགའ་རབ་རྗེ༔ དགོངས་པ་རོ་གཅིག་སྐུ་གསུམ་རྣམ་དབྱེར་མེད༔ ཤྲཱི་སིང་ཧ་རིག་རྩལ་རང་དབང་ཐོབ༔ བི་མ་མི་ཏྲ་འཕོ་ཆེན་ཡེ་ཤེས་སྐུ༔ པདྨ་འབྱུང་གནས་རྩ་གསུམ་རྒྱ་མཚོའི་དངོས༔ བརྡ་བརྒྱུད་བླ་མ་འཆི་མེད་རིག་འཛིན་རྗེ༔ ཚིག་དོན་བྱིན་རླབས་ཆུ་རྒྱུན་མ་ཆད་པའི༔ བཀའ་དྲིན་ཅན་གྱི་སྙན་བརྒྱུད་བླ་མ་སོགས༔ ཕྱོགས་བཅུ་དུས་བཞིའི་རྩ་བརྒྱུད་བླ་མ་དང༔ ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་མ༔ དབྱིངས་དང་ཡེ་ཤེས་ཆོས་སྲུང་རྒྱ་མཚོའི་ཚོགས༔ སྐལ་ལྡན་སློབ་མ་རིགས་ཀྱི་བུ་རྣམས་ལ༔ ཐུགས་རྗེས་བརྩེར་དགོངས་ཡེ་ཤེས་བྱིན་ཆེན་ཕོབ༔ ཕྱི་ནང་གསང་བའི་ལམ་གྱི་བར་ཆད་སོལ༔ ཐུགས་རྒྱུད་དགོངས་པའི་བྱིན་རླབས་དབང་མཆོག་སྐུར༔ རྩ་རླུང་ཐིག་ལེ་སེམས་ཀྱི་སྒྲིབ་པ་སྦྱོངས༔ ཕུང་པོ་རྩ་ཁམས་སྣང་སྟོང་ལྷ་སྐུར་དག༔ ངག་རླུང་མི་ཤིགས་བདེ་ཆེན་ལོངས་སྤྱོད་རྫོགས༔ ཡིད་དང་ཐིག་ལེ་འོད་གསལ་ཆོས་སྐུར་སྨིན༔ དབྱེར་མེད་ཡེ་ཤེས་བླ་མའི་ས་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཀཱ་ཡ་ཀ་ལ་ཤ་ཝཱཀ་གུ་ཧྱ་ཙིཏྟ་པྲཛྙཱ་ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧོཿ དབྱངས་གསལ་དང་རྟེན་སྙིང་བརྗོད། དཔོན་སློབ་གཉིས་ཀས་དགོངས་པའི་རྩལ་བསྐྱེད། ཐུགས་ཡིད་བསྲེས་ལ་མཉམ་པར་བཞག་གོ །ཤིས་པ་བརྗོད། དེ་དག་གིས་པདྨ་མདོ་སྔགས་གླིང་པའི་ཟབ་གཏེར་ལས་བྱོན་པའི་རྩ་གསུམ་འོད་གསལ་སྙིང་ཐིག་གི་གསང་སྒྲུབ་བླ་མ་མགོན་པོ་འོད་དཔག་ཏུ་མེད་པའི་དབང་བསྐུར་རྒྱས་པ་གྲུབ་པ་ཡིན་པས་སོགས་ཀྱི་མཚམས་སྦྱར་ལ་དམ་ཚིག་བསྒྲག་བཟུང༌། གཏང་རཀ་མན་ཆད་སྤྱི་འགྲེ་བྱས་ལ་སློབ་མ་གྱེས། གསུམ་པ་རྗེས་ཆོག་ཚོགས་ལ་རོལ་ཞིང་ལྷག་མ་གཏོར་སྐྱོང་ནས། བསྔོ་སྨོན་ཤིས་བརྗོད་ཡན་གྱིས་ཕྲིན་ལས་མཐར་དབྱུང་ངོ༌། །སྐྱེ་འཆིས་འཇིྃགས་མེདྃ་ཡེ་ཤེས་ནི། །མཁྱེནྃ་བརྩེྃའི་འོདྃ་ཟེརྃ་འབུམ་བཀྲྃ་བའི། །མཚན་ཐོས་ཙམ་གྱིས་སྲིད་པའི་དཔལ། །འདོད་འཇོ་ཤིསྃ་པའི་དཔྃལ་གྱིས་འབྱོྃར། །རྩ་གསུམ་འོད་གསལ་སྙིང་ཐིག་གི་གསང་སྒྲུབ་འོད་དཔག་མེད་བླ་མེད་ལྟར་སྒྲུབ་པ་འོད་གསལ་དྲྭ་བའི་དབང་བསྐུར་འཆི་མེད་ཡེ་ཤེས་དཔལ་འཛིན་ལེ་ཚན་བཅུ་གཅིག་པ་པདྨ་དབང་ཆེན་དགྱེས་པའི་སྡེས་སྦྱར་བའོ། ༈ བདེ་ཆེན་ཁྱབ་བརྡལ་ཡེ་ཤེས་རངྃ་བྱུངྃ་རྩལ། །སྙིང་རྗེ་འབར་བའི་ལང་ཚོ་བསྐལ་པའི་མེས། །བདུད་སྡེའི་ཚང་ཚིང་བསྲེགས་མཛད་ཧེ་རུ་ཀ །པྃདྨྃ་ཁྲག་འཐུང་དགྱེས་པས་གླིངྃ་འདིར་སྲུངས། །དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཡང་གསང་བླ་མ་དྲག་པོ་དམར་ཆེན་ཡི་དམ་དགོངས་འདུས་ཀྱི་སྨིན་བྱེད་ཁྲིགས་བསྡེབས་སུ་བཀོད་པ་ལ། དཀྱིལ་འཁོར་དང་དབང་རྫས་བཤམ་བཀོད། སྒྲུབ་ཅིང་བསྙེན་པས་ནུས་ལྡན་དུ་བྱ་བ། སྨིན་བྱེད་ཀྱི་རིམ་པ་དངོས་སོ། །དང་པོ་ནི། གང་དུ་དབང་བསྐུར་བའི་གནས་སུ་གཞུང་མཐུན་གྱི་དཀྱིལ་འཁོར་རྒྱས་པར་རས་བྲིས་དང༌། བསྡུ་ན་ཚོམ་བུ་ལྷ་གྲངས་བཀོད་པ་ལ་རྣམ་བུམ། གསང་དབང་གི་རྫས་བདུད་རྩིའི་བྷནྡྷ། རིག་ཙཀ །ཤེལ་རྡོ། སྒྲུབ་གཞུང་གི་གླེགས་བུ། ལྷ་ཙཀ །སྨན་གཏོར་རཀྟ མིག་དར། མེ་ཏོག་སོགས་དང༌། མཐའ་བསྐོར་དུ་མཆོད་པ། བཀའ་སྲུང་གི་གཏོར་མ། ཚོགས་ཆད་བརྟན། དཀར་བགེགས། ལས་ཀྱི་བུམ་པ་སོགས་ལེགས་པར་འདུ་བྱས་ལ་བཤམས། གཉིས་པ་ནི། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། ཕྲིན་ལས་དཀྱུས་ཀྱི་སྐྱབས་སེམས་ནས་བརྩམས། བསྟོད་པའི་བར་མཐར་ཆགས་སུ་བཏང༌། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧྲཱིཿཧཱུྃ་ཕཊ྄་ཛཿ ཞེས་བདག་ལས་མདུན་དུ་དཀྱིལ་འཁོར་གྱི་གོ་སར་གཉིས་པར་ཕྱེས་ཏེ་དབྱེ་བས་ཛཔ྄་ཁང་དབྱེ་བས་བསྙེན་སྒྲུབ་ཀྱི་བཟླས་པ་ལ་འཇུག །བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབ་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། ཞེས་དམིགས་པས་བསྙེན་སྒྲུབ་གཉིས་ཀའི་བཟླས་པ་བྱ། ལས་ཐམས་ཅད་པའི་བུམ་པ་མཚན་ཉིད་རྫོགས་པའི་ནང་དུ་པད་ཉིའི་གདན་ལ་ཁྲོ་བོ་ཡཀྴ་མེ་དབལ་སྐུ་མདོག་སྨུག་ནག་ཐོ་བ་དང་ལྕགས་ཀྱུ་འཛིན་པ་ཁྲོ་བོའི་ཆས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གསལ་བའི་སྐུ་ལས་བྱུང་བའི་བདུད་རྩིའི་རྒྱུན་གྱིས་བུམ་པ་ཡོངས་སུ་གང་བར་གྱུར། ཨོཾ་ཀརྨ་ཡཀྴ་ཧཱུྃ་ཕཊ྄༔ ཞེས་བརྒྱ་རྩ་བཟླས་ལ། ཐུན་མཐར་དབྱངས་གསལ་རྟེན་སྙིང་བཟླ། མཆོད་བསྟོད་དང་ཡིག་བརྒྱ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ལྷ་རྣམས་རྗེས་སུ་ཆགས་པས་འོད་དུ་ཞུ་སྟེ་བུམ་ཆུ་དང་རོ་གཅིག་པར་བསམ། གསུམ་པ་ནི། སློབ་མ་རྗེས་འཛིན་གྱི་སྐབས་ཇི་ལྟ་བར་སློབ་དཔོན་བདག་ཉིད་འཇུག་པས་དབང་ལེན་པའམ། རིག་པའི་མེ་ཏོག་དོར་བས་ཡེ་ཤེས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་གསང་བ་དང་གཉིས་སུ་མེད་པའི་ངེས་ཤེས་ཀྱིས་འཇུག་པ་བརྟན་པོས་ནུས་ལྡན་དུ་བྱས་ལ་གནང་བ་ཞུས་ཏེ། སྣོད་དང་ལྡན་པའི་སློབ་མ་ཁྲུས་ནས་དབྱུང༌། བགེགས་བསྐྲད། སྲུང་འཁོར་བསྒོམ། ཐུན་མོང་གི་ཆོས་བཤད་ཀྱིས་བློས་བཅོས་ལ། དེ་ཡང་ཇི་སྐད་དུ། བདེ་གཤེགས་ཡོངས་འདུས་ཐོད་ཕྲེང་རྩལ༔ པདྨ་དྲག་པོར་སྒྲུབ་པའི་ཐབས༔ ཟབ་བཅུད་སྙིང་པོར་དྲིལ་བ་འདི༔ མ་འོངས་ལྔ་བརྒྱའི་ཐ་མ་རུ༔ མཐའ་བཞིའི་འབྱུང་པོས་བོད་ཁམས་ཁེངས༔ ཐམས་ཅད་དེ་ལ་སྐྱབས་སོང་བས༔ མི་བཟད་སྡུག་བསྔལ་གསུམ་གྱིས་མནར༔ དཀོན་མཆོག་བསྟན་པའི་ལྷག་ཞབས་བསྡུད༔ དེ་ཡི་ཚེ་ན་བདག་ཉིད་ཀྱིས༔ བྱིན་བརླབས་སྦས་པའི་རྣལ་འབྱོར་པ༔ ཟུང་འཇུག་སྤྲུལ་པའི་རྡོ་རྗེའི་དོན༔ ཀློང་གསལ་ཐུགས་ཀྱི་སྒྲོམ་བུར་སྦས༔ ནམ་ཞིག་རྟེན་འབྲེལ་དུས་བབ་ཚེ༔ བར་ཆད་བདུད་དཔུང་འདུལ་བར་ཤོག༔ ཅེས་གསུངས་པ་ལྟར་མདོ་སྔགས་བསྟན་པ་རྒྱ་མཚོའི་ཡང་བཅུད། གསང་སྔགས་རྡོ་རྗེ་ཐེག་པའི་མྱུར་ལམ། ལམ་ཟབ་བླ་མ་སྒྲུབ་པའི་སྐོར་ལ་སྔ་འགྱུར་གསང་སྔགས་རྙིང་མའི་ཆོས་སྐད་དུ་ཕྱི་གསོལ་འདེབས། ནང་བྱིན་རླབས། གསང་བ་དངོས་གྲུབ། ཡང་གསང་དྲག་པོ་ཕྲིན་ལས་ཀྱི་སྒྲུབ་སྐོར་ཆེན་པོ་བཞི་རུ་གྲགས་པ་ལས་འདི་ནི་ཕྲིན་ལས་ཀྱི་སྐོར་ཏེ། སྙིགས་མའི་དུས་ཀྱི་གདུལ་བྱ་རྒྱུ་ཉོན་མོངས་དུག་གསུམ་རགས་པ་འཆོལ་ཉོག་རང་རྒྱུད་དུ་སྤྱོད་པས། འབྲས་བུ་ནད་མཚོན་མུ་གེའི་བསྐལ་པ་ཆེས་དར་ཞིང་གདུང་བའི་ཚེ་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱི་རྩལ། སྟོབས་དང་དབང་བཅུའི་ཕྲིན་ལས་ཀྱི་རྣོ་མྱུར། གང་ལ་གང་འདུལ་བྱིན་རླབས་ཀྱི་སྒོ་འགྲན་ཟླ་དང་བྲལ་བའི་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཉིད་ཡིན་ལ། དེ་ཉིད་ཀྱི་སྐུ་ཡི་བཀོད་པ་མཚན་གྱི་བྱེ་བྲག་གི་སྒྲུབ་ཚུལ་མི་འདྲ་བ་དུ་མ་ཞིག་བཞུགས་པ་ཀུན་གྱི་མཐར་ཐུག་ནི་བླ་མ་དྲག་པོའི་སྒྲུབ་པ་སྟེ། དུས་གསུམ་སངས་རྒྱས་མ་ལུས་ཐམས་ཅད་ཀྱིས༔ དབང་བསྐུར་རྗེས་གནང་རྡོ་རྗེ་དྲག་པོ་རྩལ༔ པདྨ་འབྱུང་གནས་ང་ཉིད་བསྒོམ་པ་ཡིས༔ ཞི་ཁྲོ་རབ་འབྱམས་ཐམས་ཅད་རྫོགས་པར་འགྱུར༔ ཞེས་དང༌། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན༔ རྡོ་རྗེ་དྲག་རྩལ་པདྨ་ང་ཉིད་སྒོམས༔ ཞེས་གསུངས་ཤིང༌། དེ་ལའང་བཀའ་གཏེར་དག་སྣང་གི་བརྒྱུད་སྲོལ་མཐའ་ཡས་པ་མཆིས་པའི་ནང་ནས། ཟབ་གཏེར་གྱི་ཤིང་རྟའི་ལམ་སྲོལ་འདྲེན་པའི་གཏེར་སྟོན་རྒྱལ་པོ་ལྔ་ཡི་ཕྱི་མ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་བསྡེབས་སུ་བྱོན་པ་ཡང་གསང་བླ་མ་དྲག་པོའི་གསང་སྒྲུབ་ཡི་དམ་དགོངས་འདུས་ཀྱི་དབང་བསྐུར་བ་སྐབས་སུ་བབ་པ་སྟེ། ཐོག་མར་བླ་མ་དང་དཀྱིལ་འཁོར་ཐ་མི་དད་པའི་སྤྱན་སྔར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་ཀུན་འདུས་རྡོ་རྗེ་འཛིན༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ བླ་མ་དྲག་པོའི་དཀྱིལ་འཁོར་དུ༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། རྡོ་རྗེ་ཐེག་པ་ལ་དོན་གཉེར་གྱི་བློ་སྐྱེ་བ་དོན་ཤིན་ཏུ་ལེགས་པ་ཡིན་ནོ་ཞེས་སྤྲོ་བ་བསྐྱེད་པའི་སྒོ་ནས་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། དུས་གསུམ་བདེ་གཤེགས་སངས་རྒྱས་ཀུན༔ རྡོ་རྗེའི་ལམ་མཆོག་འདི་ལ་བརྟེན༔ དེ་ཕྱིར་གསང་ཆེན་དཀྱིལ་འཁོར་འདིར༔ བུ་ཁྱོད་འཇུག་ཅིང་སྨིན་པར་བྱ༔ དུས་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བླ་མ་པདྨ་དྲག་པོ་ཉིད་མཆོག་གསུམ་རྩ་གསུམ་དམ་ཅན་དང་བཅས་པ་གཅིག་བསྡུས་སུ་ཤེས་པས་ཐུན་མོང་མ་ཡིན་པས་སྐྱབས་སུ་འགྲོ་ཞིང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧཱུྃ༔ བདེ་གཤེགས་ཀུན་འདུས་ཐོད་ཕྲེང་རྩལ༔ པདྨ་དྲག་པོར་སྐྱབས་སུ་མཆི༔ འགྲོ་ཀུན་བྱང་ཆུབ་ཐོབ་བྱའི་ཕྱིར༔ བསྐྱེད་རྫོགས་ཟུང་འཇུག་ཕྲིན་ལས་བསྒྲུབ༔ དེ་ནས་ཚོགས་བསགས་པའི་ཕྱིར་ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ་ཕྱག་འཚལ་མཆོད་པ་འབུལ་བ་སོགས་བསགས་སྦྱང་གི་སྙིང་པོ་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། ཧོཿ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་ཀུན་བཟང་མཆོད་སྤྲིན་འབུལ༔ ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་མཐོལ་ཞིང་བཤགས༔ བྱང་ཆུབ་སྤྱོད་པ་རྒྱ་མཚོར་རྗེས་ཡི་རང༔ ཐེག་མཆོག་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབས༔ འདིས་མཚོན་དགེ་ཚོགས་ཆོས་དབྱིངས་སྙིང་པོར་བསྔོ༔ ལན་གསུམ། རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་རྣམས་གཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བླ་མ་རིག་འཛིན་ཡི་དམ་ལྷ༔ མཁའ་འགྲོ་དམ་ཅན་མ་ལུས་དགོངས༔ རིག་པ་འཛིན་པ་བདག་གིས་ནི༔ དུས་འདི་ནས་བཟུང་སྤྲོས་བྲལ་གྱི༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ བདེ་གཤེགས་ཁྱེད་ཀྱི་མཛད་སྤྱོད་ལྟར༔ བླ་མེད་མི་སྤངས་བླ་མ་བཀུར༔ ཡང་དག་ལམ་དུ་ཞུགས་ལ་བྱམས༔ སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད༔ གསང་བའི་དོན་ཕྱིར་སྨྲ་མི་བྱ༔ བྱང་ཆུབ་སྙིང་པོ་བདག་ལ་སྩོལ༔ ལན་གསུམ། སྔོན་ཆད་དཀྱིལ་འཁོར་འདི་ཉིད་དུ་མ་ཞུགས་པར་མཚོན་བྱེད་གདོང་གཡོགས་དམར་པོ་འཆིང་བར་ཞུ། ཨོཾ་བཛྲ་ཡཀྴ་ཧཱུྃ། ཞེས་ལས་ཆུས་བསང་བའི་མིག་དར། ཨོཾ་ཙཀྵུ་བྷནྡྷ་བཱ་ར་མ་ཎ་ཡ་ཧཱུྃ་གིས་འཆིང༌། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་རེ་གཏད་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ༔ ཞེས་ཅོད་པན་སྦྱིན། དེ་ནས་དུང་ཆོས་ཀྱི་ཆུ་བླུད་དེ། ཧཱུྃ༔ སྔགས་ཀྱི་རྩ་བ་དམ་ཚིག་སྟེ༔ བསྲུངས་ན་དངོས་གྲུབ་རྣམ་གཉིས་ཐོབ༔ མ་བསྲུངས་ཚེ་འདིར་དམྱལ་བར་འགྲོ༔ དམ་སྲུང་རྡོ་རྗེའི་ཆུ་འཐུངས་ཤིག༔ བཛྲ་ས་མ་ཡ་ཨི་དཾ་ན་ར་ཀན། དམ་ཚིག་རྡོ་རྗེའི་མནའ་ཆུ་དེ་ཉིད་སྙིང་གི་དབུས་སུ་ཐིམ་པས་དམ་ཚིག་བསྲུངས་ན་སྐྱོབས་པའི་ལྷ་རྡོ་རྗེ་སེམས་དཔར་འགྱུར་ལ། མ་བསྲུངས་ན་ཡཀྴ་ལྕགས་ཀྱི་སྡིག་པར་འགྱུར་ནས་འདི་ཕྱི་ཀུན་ཏུ་སྲེག་པར་བྱེད་པས། དེང་ཕྱིན་ཆད་དམ་ཚིག་ལ་གནས་པར་གྱིས་ཤིག །ཅེས་བསྒོ། དེ་ནི་དབང་གི་གཞི་འགོད་པ་སློབ་མའི་ལུས་ཡེ་ཤེས་ཀྱི་འཁོར་ལོར་སྦ་ཞིང་བྱིན་གྱིས་བརླབ་པའི་ཕྱིར་མོས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་གུས་འདུད་དྲག་པོ་བྱས་པས། ངེད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། མདུན་བསྐྱེད་ཀྱི་ཐུགས་ཀའི་འོད་ཟེར་ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཕུང་པོ་གདོས་བཅས་དང་བཅས་འོད་དུ་ཞུ་སྟེ་མི་དམིགས་པ་སྟོང་པར་གྱུར་པའི་ངང་ལས་པད་ཉིའི་སྟེང་དུ་སེམས་ཉིད་ཧཱུྃ་ཡིག་དམར་པོ་འོད་ཟེར་འཕྲོ་བ་ཞིག་ཏུ་གྱུར། ཧཱུྃ་དེ་འོད་དུ་ཞུ་བ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་པདྨ་དྲག་པོའི་སྐུ། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་ནག །ཞལ་གདངས་མཆེ་བ་གཙིགས་པ། སྤྱན་གསུམ་ཁྲོས་པའི་སྡང་མིག་གཟིགས་པ། དབུ་སྐྲ་ཕྱེད་བརྫེས་གྱེན་དུ་འཁྱིལ་བ། ཐོད་སྐམ་ལྔ་ཡིས་སྐྲ་མཚམས་བརྒྱན་པ། ཨག་ཚོམ་དམར་སེར་བསྐལ་པའི་མེ་ལྟར་འབར་བ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་ནམ་མཁའ་ལ་འཕྱར་ཏེ་འཛིན་པ་ལས་གནམ་ལྕགས་ཀྱི་སྡིག་པ་འཇིགས་སུ་རུང་བའི་ཚྭ་ཚྭ་འཕྲོ་བ། གཡོན་པས་སྒྲོལ་བྱེད་ལས་ཀྱི་ཕུར་པ་འདྲིལ་བས་བདུད་བགེགས་བར་ཆད་ཐམས་ཅད་ཚར་གཅོད་པ་སྟག་ལྤགས་ཀྱི་ཤམ་ཐབས་མཛད་པ། ཞིང་ལྤགས་ཀྱི་གཡང་གཞི་སྐེད་ལ་བཅིངས་པ། གླང་ཆེན་ཀོ་རློན་གྱི་སྟོད་གཡོགས་མཛད་པ། རིགས་བཞིའི་སྦྲུལ་གྱིས་ཡན་ལག་དཀྲིས་པ། ཐལ་ཆེན་གྱི་ཚོམ་བུ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས། རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཐོད་རློན་ལྔ་བཅུས་དོ་ཤལ་མཛད་པ། བརྗིད་ཅིང་གཏུམ་པ། རྔམ་ཞིང་ཁྲོས་པ། ཁམས་གསུམ་དབང་དུ་སྡུད་པ། སྲིད་གསུམ་ཟིལ་གྱིས་གནོན་པ། ཞབས་གཡས་བསྐུམས་གཡོན་བརྐྱངས་ནས་དྲེགས་པ་ཕོ་མོའི་གདན་ལ་འགྱིང་བ། ཡུམ་དབྱིངས་ཀྱི་དབང་ཕྱུག་མ་མཐིང་སྐྱ་གཅེར་བུ་རུས་རྒྱན་དང་གཟིག་ཤམ་ཅན་རྡོ་རྗེ་དང་དུང་ཁྲག་བསྣམས་པ་དང་སྦྱོར་བ་གཉིས་ཀའང་གར་དགུའི་གཟི་བྱིན་རབ་ཏུ་རྒྱས་པའི་སྤྱི་བོར་བླ་མ་ཞི་བ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་ལ་བརྒྱུད་གསུམ་བླ་མའི་ཚོགས་ཀྱིས་བསྐོར་བ། མགྲིན་པར་ཁྲག་འཐུང་པདྨ་བཛྲ་ཡབ་ཡུམ་ལ་འཇིགས་བྱེད་ལྔ་བཅུ་རྩ་བརྒྱད་ཀྱིས་བསྐོར་བ། ཐུགས་ཀར་ཆེ་མཆོག་ཧེ་རུ་ཀ་དབུ་ཉེར་གཅིག །ཕྱག་བཞི་བཅུ་རྩ་གཉིས་ཀྱིས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བསྣམས་པ། ཡུམ་གནམ་ཞལ་མ་ཕྱག་བཅོ་བརྒྱད་ཀྱིས་དང་པོས་རྡོ་རྗེ་དང་དུང་ཁྲག་བསྣམས་པ་ཡབ་ལ་འཁྱུད་ཅིང༌། ཕྱག་ལྷག་མས་གནས་ཡུལ་གྱི་ཕྲ་མེན་བསྣམས་པ། འཁོར་དུ་བདེ་གཤེགས་སྒྲུབ་སྡེ་བརྒྱད་ཀྱིས་བསྐོར་བ། ལྟེ་བར་དབྱིངས་ཕྱུག་ཌཱ་ཀི་སྡེ་ལྔ་ལ་གནས་ཡུལ་དུར་ཁྲོད་ཀྱི་དཔའ་བོ་ཌཱ་ཀིས་བསྐོར་བ། གསང་བར་ཕྲིན་ལས་ཀྱི་མགོན་པོ་མ་ནིང་ནག་པོ་ལ་རྒྱུད་གསུམ་དྲེགས་པའི་ཚོགས་ཀྱིས་བསྐོར་བ། སྐུའི་བ་སྤུའི་བུ་ག་ལས་ཡེ་ཤེས་ཀྱི་བྱ་ཁྱུང་གི་ཚྭ་ཚྭ་འཕྲོ་བར་སྒོམས་ཤིག །དེའི་དཔྲལ་བར་འཁོར་ལོའི་སྟེང་དུ་ཨོཾ། མགྲིན་པར་པདྨའི་སྟེང་དུ་ཨཱཿ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ། ཧཱུྃ་གི་འོད་ཟེར་གྱིས་ཕྱོགས་བཅུའི་ཞིང་རབ་འབྱམས་ནས་བདེ་གཤེགས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་བླ་མ་དྲག་པོའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པས་ཆར་དྲག་ཏུ་བབ་པ་བཞིན་བྱོན་ནས་གཉིས་སུ་མེད་པར་ཐིམ་པས་རྡོ་རྗེའི་ཡེ་ཤེས་ཀྱི་བྱིན་རླབས་མངོན་སུམ་དུ་ཐོབ་པའི་མོས་པ་མཛོད། ལས་བྱང་གི་སྤྱན་འདྲེན་དང་རྩ་སྔགས་ལ་ཡེ་ཤེས་དབབ་པའི་སྔགས་སྦྱར་བ་དྲག་ཏུ་བཟླ་ཞིང་གདུང་ཤུགས་སྤོས་རོལ་དང་བཅས་པས་ཡེ་ཤེས་པ་དབབ། དེ་ལྟར་བྱིན་དབབ་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་བར་དུ་བརྟན་པར་བྱས་པར་མོས་ཤིག །རྡོ་རྗེ་རྒྱ་གྲམ་མགོར་བཞག་ལ། ཏིཥྛ་བཛྲ། མེ་ཏོག་དཀྱིལ་འཁོར་ལ་དངོས་སུ་འདོར་དུ་གཞུག་པའམ་ཚོམ་བུར་འདུ་བྱས་ལ། འདི་ནི་དབང་དྲག་པདྨའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པའི་ལྷ་ཚོགས་མངོན་སུམ་དུ་གསལ་བར་བཞུགས་པས་ཁྱེད་རང་རྣམས་ཀྱི་ཚེ་རབས་ཀྱི་ཡི་དམ་གྱི་ལྷ་གང་ཡིན་པ་ཞིག་ལ་མེ་ཏོག་གི་ཕྲེང་བ་འདི་འབབ་པར་གྱུར་ཅིག་སྙམ་པ་མཛོད་ལ་རྗེས་ཟློས་དང་བཅས་ཏེ་མེ་ཏོག་འདོར་བར་ཞུ། ཧོཿ རང་སྣང་རྣམ་དག་འོག་མིན་དུ༔ བདེ་ཆེན་རྡོ་རྗེའི་མཎྜ་ལར༔ རིག་པའི་མེ་ཏོག་འདི་དོར་བས༔ ལྷག་པའི་ལྷ་ལ་འབབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་པུཥྤེ་པྲ་ཏཱིཙྪ་ཧོཿ འོ་མེ་ཏོག་འདི་གར་བབ་ཀྱི་ལྷ་དང་དབྱེར་མེད་དུ་སྤྱི་བོར་ཐིམ་པར་སྒོམས་ཤིག །ཁྱོད་ནི་བླ་མེད་བྱང་ཆུབ་ཀྱི༔ ཡེ་ཤེས་དམ་པའི་སྣོད་ཡིན་ཕྱིར༔ རྡོ་རྗེའི་དམ་ཚིག་འདི་ཟུངས་ལ༔ རང་གཞན་དོན་གཉིས་སྒྲུབ་པར་གྱིས༔ པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཞེས་མེ་ཏོག་སྤྱི་བོར་བཞག །ཧཱུྃ་ལས་བྱུང་བའི་མིག་ཐུར་གྱིས་མ་རིག་པའི་མིག་གི་རབ་རིབ་ཐམས་ཅད་བསལ་བའི་མོས་པ་མཛོད་ཅིག ཧོཿ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ འཇིག་རྟེན་རབ་རིབ་བསལ་བ་ལྟར༔ བུ་ཁྱོད་ཀྱི་ནི་མི་ཤེས་པའི༔ རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ༔ ཨོཾ་ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ྄༔ ཅེས་མིག་རས་བསལ། དེ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་དེ་ལ་མཐོང་བ་བསྟན་པར་བྱ་སྟེ། མདུན་གྱི་དཀྱིལ་འཁོར་རང་སྣང་དབྱེར་མེད་བླ་མ་རྡོ་རྗེ་དྲག་པོ་རྩལ་གྱི་དཀྱིལ་འཁོར་དུ་མངོན་སུམ་དུ་གསལ་བར་བཞུགས་པ་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་པ་ཡིན་ཏེ། དེ་ཡང་གཉིས་འཛིན་གྱི་རྟོག་པ་སྲེག་པའི་བརྡར་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་འབར་བ། མི་རྟོག་པའི་ཡེ་ཤེས་ལ་གཞན་གྱིས་མི་ཤིགས་ཤིང་མི་ཚུགས་པའི་བརྡར་དེའི་ནང་དུ་རྡོ་རྗེའི་ར་བ། རྣམ་པར་ཐར་པའི་ཚོགས་བརྒྱད་གནས་སུ་དག་པའི་བརྡར་དུར་ཁྲོད་ཆེན་པོ་བརྒྱད། འཁོར་བར་གནས་ནས་འགྲོ་དོན་མཛད་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨའི་ཕྲེང་བ། རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་བརྡར་འོག་གཞི་སྣ་ཚོགས་རྡོ་རྗེ། ཆེ་བའི་ཡོན་ཏན་རྒྱས་པའི་བརྡར་དྲག་པོའི་གཞལ་ཡས་ཁང་གྲུ་བཞི་པ། སྐུ་གསུམ་ལྷུན་གྲུབ་པའི་བརྡར་མི་མགོ་སྐམ་རློན་རྙིད་པའི་རྩིག་པ། གདུལ་བྱ་གདུག་པ་ཅན་དྲག་པོའི་ཕྲིན་ལས་ཀྱིས་ཚར་གཅོད་པའི་བརྡར་དྲག་པོའི་རྒྱན་ཆའི་བཀོད་པས་འཇིགས་སུ་རུང་བ། ཞི་བའི་ཐབས་ཀྱིས་འགྲོ་ཀུན་རྗེས་སུ་འཛིན་པའི་བརྡར་བྱང་ཆུབ་ཀྱི་ཆོས་སུ་ཅུ་རྩ་བདུན་དང་ཡེ་ཤེས་ལྔ་ལ་སོགས་པའི་རང་བཞིན་གྱི་དཀྱིལ་འཁོར་གྱི་ཆོས་རྣམས་ཀྱིས་མཛེས་པར་སྤྲས་པའི་གཞལ་ཡས་ཁང་གི་དབུས་ཀྱི་ལྟེ་བར། སྡེ་བརྒྱད་པད་ཟླ་ཉི་མ་དྲེགས་པ་བསྣོལ་བའི་གདན་གྱི་སྟེང་དུ་ཐབས་མཆོག་རང་རིག་པའི་ཡེ་ཤེས་བདེ་བ་ཆེན་པོ་མཚོན་པའི་བརྡར། དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་སྤྱི་གཟུགས་ཁྲག་འཐུང་དྲག་པོ། ཤེས་རབ་སྟོང་ཉིད་རང་རྩལ་ཆེ་བའི་ཡོན་ཏན་ཡེ་ཤེས་ལྔ་མ་འགགས་པར་རང་སྣང་པའི་བརྡར་ཡུམ་རྡོ་རྗེ་རྣལ་འབྱོར་མ་དང་གཉིས་མེད་དུ་སྦྱོར་བ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བདག་ཉིད་ཀྱིས་གདུལ་བྱ་རྗེས་སུ་འཛིན་པའི་བརྡར་གནས་ལྔར་ཁྲོ་རྒྱལ་ལྔ། གཞན་ཡང་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་སོགས་སྤྲུལ་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྟེ། དེ་ལྟར་ན་ཁྲག་འཐུང་པདྨ་དྲག་པོའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་ཆོས་ཀྱི་དབྱིངས་མངོན་སུམ་པ་བཞིན་དུ་མཇལ་བར་གྱུར་སྙམ་དུ་དགའ་བ་དང་སྤྲོ་བ་ཡང་དག་པ་བསྐྱེད་མཛོད། ཅེས་བརྡ་སྤྲད། དེ་ལྟར་དཀྱིལ་འཁོར་དུ་འཇུག་པའི་བྱ་བ་འཁོར་དང་བཅས་པ་སོང་ནས། ཞུགས་པ་ལ་མངོན་པར་དབང་བསྐུར་པ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་བརྗོད་ལ་སློབ་མས་མཎྜལ་འབུལ། དབང་གི་དངོས་གཞི་ཞུ་བའི་དོན་དུ་གསོལ་བ་འདེབས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་ཐུགས་རྗེའི་གཏེར༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ པདྨ་དྲག་པོའི་ལྷ་ཚོགས་ཀྱི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། དབང་དངོས་ལ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་གཏད་རྒྱ་དང་བཅས་པ་ལས། དང་པོ་སྐུ་བུམ་པ་ལྷ་ཡི་དབང་ལུས་ལ་བསྐུར་བའི་དོན་དུ། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་ཕྱོགས་དབང་སྟེགས་ཀྱི་དཀྱིལ་འཁོར་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྡེ་བརྒྱད་པད་ཟླ་ཉི་མ་དྲེགས་པ་བསྣོལ་བའི་གདན་ལ་བླ་མ་དྲག་པོའི་རྣམ་པས་འཁོད་པ་ལ། བླ་མ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་གཙོ་བོས་ཐུགས་ལས་སྤྲུལ་པའི་རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོ་མཆོད་པའི་ལྷ་མོ་དང་བཅས་པས་བུམ་པ་སྤྱི་བོར་བཞག་སྟེ། དབང་བསྐུར་ཞིང་ཤིས་པ་བརྗོད་པས་ལས་དང་བག་ཆགས་ཀྱི་དྲི་མ་སྦྱངས་ནས་སྐུ་ལྔ་ཡེ་ཤེས་ལྔ་ཐོབ་རུང་དུ་བྱིན་གྱིས་བརླབ་པར་སྒོམས་ཤིག །རྣམ་བུམ་གྱིས་དབང་བསྐུར་ལ། ཧཱུྃ་ཧྲཱིཿ སྣང་སྟོང་བུམ་པའི་དཀྱིལ་འཁོར་དུ༔ པདྨ་དྲག་པོའི་ལྷ་ཚོགས་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕུང་ཁམས་ལྷ་སྐུར་སྨིན་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་ཀྲོ་དྷ་ཨརྩིག་ནིརྩིཀ་སརྦ་སིདྡྷི་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན། ཐ་མལ་གྱི་སྣང་ཞེན་སྦྱང་ཕྱིར་སྐུའི་དབང་སྦྱིན་པ་ནི། དཀྱིལ་འཁོར་གྱི་ལྷ་གཙོ་འཁོར་རྣམས་ལས་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་ལ་ཐིམ་པས་པདྨ་དྲག་པོ་དངོས་སུ་གྱུར་པར་མོས་ཤིག ཧཱུྃ། དབྱིངས་ལས་འབར་བའི་ཡེ་ཤེས་སྐུ། །སྣང་སྲིད་ཟིལ་གནོན་ཧེ་རུ་ཀ །པདྨ་དྲག་པོས་དབང་བསྐུར་བས། །དུག་གསུམ་དབྱིངས་སུ་སྒྲོལ་ནུས་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་ཀྲོ་དྷ་ཨརྩིག་ནིརྩིཀ་སརྦ་སིདྡྷི་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རང་བྱུང་ལྷུན་གྲུབ་ཁྲོ་བོའི་རྒྱལ། །ཆོས་ཉིད་ཞི་ལས་མ་གཡོས་པའི། །ཐོད་ཕྲེང་རྩལ་གྱིས་དབང་བསྐུར་བས། །བྱིན་རླབས་ནུས་མཐུ་ཡོངས་རྫོགས་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། བདེ་ཆེན་ཁ་སྦྱོར་བདུན་རྫོགས་ནས། །ཕྱོགས་དུས་རྒྱལ་བའི་སྤྱི་གཟུགས་ཆེ། །པདྨ་བཛྲས་དབང་བསྐུར་བས། །བདེ་སྟོང་ཡེ་ཤེས་མངོན་གྱུར་ཤོག །ཨོཾ་ཨཱཿཧཱུྃ་པདྨ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཐུགས་མཆོག་ཡེ་ཤེས་འབར་བའི་སྲོག །ཁྲོ་རྒྱལ་ཡོངས་ཀྱི་འཁོར་ལོས་བསྒྱུར། །ཆེ་མཆོག་དཔལ་གྱིས་དབང་བསྐུར་བས། །རིགས་ཀུན་བདག་པོའི་ས་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་ཤཱིཾནྟ་བཛྲ་དྷཱ་ཏུ་ཛྭ་ལ་ཀྲོ་དྷ་མཎྜ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ལས་དང་ཡེ་ཤེས་གཉེར་འཛིན་པ། །བདེ་སྟོང་ཐིག་ལེ་ཆེན་པོའི་གཟུགས། །གནས་ཡུལ་ཌཱ་ཀིས་དབང་བསྐུར་བས། །ལྷན་སྐྱེས་ཡེ་ཤེས་མངོན་གྱུར་ཤོག །ཨོཾ་ཨཱཿཧཱུྃ་དྷཱ་ཀ་དྷཱ་ཀི་ནི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། དབྱིངས་ལས་རང་བྱུང་ཐུགས་རྗེའི་གཟུགས། །རྒྱུད་གསུམ་དྲེགས་པའི་གཙོ་བོ་ཆེ། །མ་ནིང་ལྕམ་དྲལ་དབང་བསྐུར་བས། །ལས་ཀུན་ཐོགས་མེད་སྒྲུབ་ནུས་ཤོག །ཨོཾ་བྷཱ་ཀཱ་ཤ་ས་ན་དྷཱ་ར་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཚར་གཅོད་རྗེས་འཛིན་ལས་ཀུན་བྱེད། །དཔལ་གྱི་ཕོ་ཉ་དྲེགས་པ་འདུལ། །ཟ་བྱེད་ཁྱུང་གིས་དབང་བསྐུར་བས། །སྟེང་འོག་བར་གྱི་གདོན་འདུལ་ཤོག །ཨོཾ་མ་ཧཱ་ག་རུ་ཌ་ཨ་བྷི་ཥིཉྩ་ཧཱུྃ། ངག་གི་ཞེན་པ་སྦྱང་ཕྱིར་བཟླས་པའི་ལུང་སྦྱིན་པ་ལ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་འོད་ཟེར་དང་བཅས་པ་བྱུང༌། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཧཱུྃ་གི་མཐར་འཁོད་པ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ་པར་མོས་ལ་བསྙེན་པའི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛད་པར་ཞུ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་ཀྲོ་དྷ་ཨརྩིག་ནིརྩིག་སརྦ་སིདྡྷི་ཧཱུྃ་ཕཊ྄༔ ལན་གསུམ། སླར་ཡང་ཐུགས་ཀའི་ཧྲཱིཿལས་བྱུང་བའི་སྔགས་ཕྲེང་གནས་ལྔའི་ལྷ་ཚོགས་རྣམས་ཀྱི་ཞལ་དང་མཁའ་གསང་ནས་བརྒྱུད་དེ་འཁོར་བའི་འོད་ཟེར་གྱིས་རྩ་བ་གསུམ་གྱི་ལྷ་ཚོགས་མཆོད་ཅིང་ཐུགས་དམ་བསྐུལ། བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་ཐིམ། སྣོད་བཅུད་ཀྱི་དངོས་འཛིན་བག་ཆགས་དང་བཅས་པ་སྦྱངས་ནས་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་གྱུར་པར་མོས་ལ་དྲག་སྔགས་མེའི་སྤུ་གྲི་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རྃ་རྃ་ཛྭ་ལ་རྃ་སརྦ་ཌཱ་ཀི་ནི་ཧཱུྃ་བྷྱོ་ཧཱུྃ་ཕཊ྄༔ ལན་གསུམ། ཐུགས་རང་བྱུང་གི་དགོངས་པ་ངོ་སྤྲད་པའི་སླད་དུ། མེ་ལོང་དྭངས་པའི་ངོས་སུ་གཟུགས་བརྙན་སྣ་ཚོགས་སུ་སྣང་ཡང་རང་བཞིན་མ་གྲུབ་པའི་དཔེས་མཚོན་ནས། རང་སེམས་སྟོང་པའི་རང་རྩལ་ལས་གཟུང་འཛིན་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་ཤར་ཡང་གདོད་མ་ནས་སྐྱེ་འགག་གནས་གསུམ་བྲལ་བའི་དོན་རང་རིག་སྐད་ཅིག་མའི་རང་རྩལ་དུ་ངོ་ཤེས་པར་གྱིས་ལ་སྣང་རིག་ཟུང་འཇུག་འོད་གསལ་ཆེན་པོའི་ངང་དུ་མཉམ་པར་ཞོགས་ཤིག །མེ་ལོང་བསྟན་ལ། ཧཱུྃ༔ གཟུང་དང་འཛིན་པའི་རྟོག་པ་ཀུན༔ གདོད་ནས་རང་བཞིན་འོད་གསལ་ངང༔ ཡེ་ཤེས་རྟོགས་པའི་དབང་བསྐུར་བས༔ ཟུང་འཇུག་གནས་ལུགས་མངོན་གྱུར་ཤོག༔ ཨོཾ་སརྦ་མཎྜ་ལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་དག་གིས་དབང་དྲག་པདྨ་དྲག་པོའི་དཀྱིལ་འཁོར་གྱི་སྐུ་གསུང་ཐུགས་ཡེ་ཤེས་ཀྱིས་སྒོ་གསུམ་བྱིན་གྱིས་བརླབས་པས་ཁམས་གསུམ་སྣོད་བཅུད་ཀྱི་སྣང་གྲགས་རིག་པ་གདོད་ནས་རྡོ་རྗེ་གསུམ་གྱི་འཁོར་ལོར་ཤེས་པའི་དག་སྣང་དང་མ་བྲལ་བས་ལྷ་སྔགས་ཆོས་སྐུ་ལམ་ཁྱེར་རྒྱུན་མི་ཆད་པར་མཛོད་ཅིག །དེ་ལྟར་རིགས་ཀྱི་བུ་ཁྱེད་རྣམས་ལ་དབང་དྲག་པདྨའི་སྐུའི་ལྷ་དབང་ལུས་ལ་བསྐུར་བས་ལུས་ཀྱི་སྒྲིབ་པ་དག་ནས། ཉོན་མོངས་དང་ཕུང་པོ་ལྔ་གནས་གྱུར་ཏེ། གུ་རུ་དྲག་པོ་སྐུ་ལྔའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་ཡིན་པས་ལུས་ལྷ་དང་མ་བྲལ་བར་གྱིས་ཤིག །མཐར་ཐུག་གི་འབྲས་བུ་སྤྲུལ་སྐུ་ཐོབ་པར་འགྱུར་རོ། །གཉིས་པ་གསུང་གི་སྔགས་དབང་ངག་ལ་བསྐུར་བའི་ཕྱིར། བླ་མ་རྡོ་རྗེ་དྲག་པོ་རྩལ་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་དྷཱུ་ཏི་ནས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་འཁྱིལ་བ་དེ་ཉིད་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ཁྱེད་རང་གི་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཧཱུྃ་ཧྲཱིཿ ཨེ་ཝཾ་ཟུང་འཇུག་དཀྱིལ་འཁོར་ནས༔ ཞུ་བདེས་དྲངས་པའི་ཀུནྡ་ལི༔ སྐལ་ལྡན་ཁྱོད་ལ་བྱིན་པ་ཡིས༔ རླུང་སྔགས་དབུ་མར་ཐིམ་པར་ཤོག༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་པས་བདུད་རྩི་མྱང༌། སློབ་མས་ཨ་ཧོ་མ་ཧཱ་སུ་ཁ་ཞེས་མྱང་ཞིང༌། བདུད་རྩི་དེ་ཉིད་མགྲིན་པ་ནས་ཇེ་ཆེར་འཕེལ་བས་རྩ་ཁམས་ཐམས་ཅད་གང༌། དུས་གསུམ་གྱི་རྟོག་པ་འགགས། ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་བ་ནི་གསང་དབང་གི་ཡེ་ཤེས་སོ། །རིགས་ཀྱི་བུ་ཁྱེད་རྣམས་ལ་དབང་དྲག་པདྨའི་གསུང་གི་སྔགས་དབང་ངག་ལ་བསྐུར་བས། ངག་གི་སྒྲིབ་པ་དག །ཉོན་མོངས་པའི་འཁྲུལ་པའི་ངག་འདི་ཡི་དམ་ལྷའི་གསུང་ཡན་ལག་དྲུག་ཅུར་གྱུར་ཏེ། གུ་རུ་པདྨ་དྲག་པོའི་གསུང་དུ་བྱིན་གྱིས་བརླབས་པ་ཡིན་པས། ངག་སྔགས་དང་མ་བྲལ་བར་གྱིས་ཤིག །མཐར་ཐུག་གི་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་འགྱུར་རོ། །གསུམ་པ་ཆོས་དབང་སེམས་ལ་བསྐུར་བའི་ཕྱིར། །བླ་མས་པདྨ་ཅན་གྱི་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་མ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་ཡིད་དུ་འོང་བ་ཞིག་སྤྲུལ་ཏེ་ཁྱེད་རང་ལ་གཏད་པའི་མོས་པ་མཛོད། ཧྲཱིཿ ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ༔ བདེ་སྟོང་ཡེ་ཤེས་ཉམས་མྱོང་ཕྱིར༔ སྣ་ཚོགས་གཟུགས་ཅན་འདི་གཏད་པས༔ ཐིག་ལེ་ཆོས་སྐུར་གྲོལ་བར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རིག་ཙཀ་གཏད། དེ་ལྟར་གཏད་པའི་རིག་མ་དབྱིངས་ཕྱུག་མ་དང་ཁྱེད་རང་ཡབ་པདྨ་དྲག་པོར་གསལ་བ་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པས་དགའ་བཞིའི་མཐར་ཐུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་བརྟན་པར་མོས་ཤིག །རིགས་ཀྱི་བུ་ཁྱོད་ལ་དབང་དྲག་པདྨའི་ཆོས་དབང་སེམས་ལ་བསྐུར་བས་ཡིད་ཀྱི་སྒྲིབ་པ་དག་ནས་ཉོན་མོངས་པ་དུག་ལྔ་གནས་གྱུར་ཏེ། གུ་རུ་པདྨ་དྲག་པོའི་ཐུགས་ཡེ་ཤེས་ལྔ་དང་ལྡན་པར་བྱིན་གྱིས་བརླབས་པ་ཡིན་པས་སེམས་ཆོས་ཉིད་དང་མ་བྲལ་བར་གྱིས་ཤིག །མཐར་ཐུག་གི་འབྲས་བུ་ཆོས་སྐུ་ཐོབ་པར་འགྱུར་རོ། །བཞི་པ་རྒྱལ་ཐབས་སྤྱི་བླུགས་ལྟ་བ་སྤྱི་འབྱམས་ཀྱི་དབང་བསྐུར་བ་ལ། ཁྱེད་རང་རྣམས་ལུས་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དྲང་པོར་བསྲང༌། ངག་གནད་རླུང་རྩོལ་མེད་རང་བབས་སུ་བཞག །ཡིད་ཀྱི་གནད་དུས་གསུམ་རྟོག་པས་མ་བསླད་པའི་རང་རིག་སྐད་ཅིག་མའི་གནས་ལུགས་ཀྱི་སྟེང་དུ་ཡུལ་དྲུག་འཛིན་པས་མ་བསླད་པར་རང་སར་ཆམ་མེར་ཞོག་ཅིག །ཤེལ་རྡོ་བསྟན་ལ། ཨཱཿ ཀ་དག་གཞི་ཡི་དཀྱིལ་འཁོར་དུ༔ ལྷུན་གྲུབ་ལམ་གྱི་སྣང་བ་གསལ༔ གཉིས་སུ་མེད་པར་དབང་བསྐུར་བས༔ ཆོས་ཟད་འབྲས་བུ་མངོན་གྱུར་ཤོག༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་དབྱིངས་རིག་ཟུང་འཇུག་གི་བརྡ་དྭངས་ཤེལ་དྲི་མེད་ཀྱི་མཚོན་ཏེ། དོན་མོས་གུས་གཅིག་ཆར་བའི་ལམ་ལ་བརྟེན་ནས་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ཡེ་ཤེས་ངོ་སྤྲད་པ་དེས་དབང་གསུམ་པའི་སྐབས་ཉམས་སུ་མྱོང་བའི་བདེ་བའི་ཡེ་ཤེས་ཀྱིས་མཚོན་བྱེད་བྱས་པས། སེམས་ཉིད་གདོད་མའི་གནས་ལུགས་ཀུན་ཁྱབ་མཚན་མ་དང་བྲལ་བའི་ཆོས་སྐུ་ཉིད། རྟོགས་མ་རྟོགས་ཀྱི་དབྱེ་བ་དང་འཁོར་འདས་གང་དུའང་མ་འགགས་པར་འཆར་རུང་ངོ་བོ་ཉིད་སྐུར་ལྷུན་གྱིས་གྲུབ་པའི་ཆ་ནས་ལོངས་སྐུ། གནས་ལུགས་དེའི་དོན་ལ་གོམས་པས་འཁོར་བ་མ་སྤངས་རང་གྲོལ་དུ་དག་སྟེ་སྐུ་དང་ཡེ་ཤེས་ཀྱི་རོལ་རྩལ་རྫོགས་པ་སྤྲུལ་སྐུ། དེ་གསུམ་དབྱེར་མེད་ཟུང་འཇུག་བདེ་བ་ཆེན་པོ་ངོ་བོ་ཉིད་སྐུ་རང་རིག་བླ་མ་ཡེ་ཤེས་ཀྱི་འཁོར་ལོར་མངོན་སུམ་དུ་མཐོང་བར་མོས་ལ་ཅུང་ཟད་ཅིག་མཉམ་པར་འཇོག་པར་ཞུ། དེ་ལྟར་བཞི་པ་ལྟ་བ་སྤྱི་འབྱམས་ཀྱི་དབང་བསྐུར་བ་ལ་བརྟེན་ནས། དྲི་མ་བག་ཆགས་དང་བཅས་པ་དག །ལམ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྒོམ་པ་ལ་དབང༌། མཐར་ཐུག་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །ལྔ་པ་སྨིན་གྲོལ་བྱིན་རླབས་ཀྱི་རྒྱུན་གཅིག་ཆར་དུ་རྫོགས་ཕྱིར་མཐའ་རྟེན་གཏད་རྒྱའི་དབང་ནི། སྒྲུབ་པོད་སློབ་མའི་སྤྱི་བོར་བཀོད་དེ། མདུན་གྱི་ནམ་མཁར་ཕྱོགས་དུས་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་རྒྱལ་བ་ཞི་ཁྲོ། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོ་རྣམས་མངོན་སུམ་བཞིན་དུ་བཞུགས་པའི་གནས་གསུམ་ནས་སྐུ་དང་སྔགས་ཕྲེང་ཕྱག་མཚན་འོད་ཟེར་ཐིག་ལེ་དཀར་དམར་མཐིང་གསུམ་ཆར་བབ་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་དགོངས་བརྡ་སྙན་ཁུང་མཁའ་འགྲོ་གཏད་རྒྱ་སོགས་བརྒྱུད་པ་དྲུག་ལྡན་དགོངས་བརྒྱུད་བྱིན་རླབས་རྡོ་རྗེའི་ཡེ་ཤེས་ཁྱེད་རང་གི་རྒྱུད་ལ་འཕོས་པར་མོས་ཤིག །ཨོཾ་ཨཱཿཧཱུྃ༔ ཀུན་བཟང་རྡོ་རྗེ་སེམས་དཔའ་དགའ་རབ་རྗེ༔ དགོངས་པ་རོ་གཅིག་སྐུ་གསུམ་རྣམ་དབྱེར་མེད༔ ཤྲཱི་སིང་ཧ་རིག་རྩལ་རང་དབང་ཐོབ༔ བི་མ་མི་ཏྲ་འཕོ་ཆེན་ཡེ་ཤེས་སྐུ༔ པདྨ་འབྱུང་གནས་རྩ་གསུམ་རྒྱ་མཚོའི་དངོས༔ བརྡ་བརྒྱུད་བླ་མ་འཆི་མེད་རིག་འཛིན་རྗེ༔ ཚིག་དོན་བྱིན་རླབས་ཆུ་རྒྱུན་མ་ཆད་པའི༔ བཀའ་དྲིན་ཅན་གྱི་སྙན་བརྒྱུད་བླ་མ་སོགས༔ ཕྱོགས་བཅུ་དུས་བཞིའི་རྩ་བརྒྱུད་བླ་མ་དང༔ ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་མ༔ དབྱིངས་དང་ཡེ་ཤེས་ཆོས་སྲུང་རྒྱ་མཚོའི་ཚོགས༔ སྐལ་ལྡན་སློབ་མ་རིགས་ཀྱི་བུ་རྣམས་ལ༔ ཐུགས་རྗེས་བརྩེར་དགོངས་ཡེ་ཤེས་བྱིན་ཆེན་ཕོབ༔ ཕྱི་ནང་གསང་བའི་ལམ་གྱི་བར་ཆད་སོལ༔ ཐུགས་རྒྱུད་དགོངས་པའི་བྱིན་རླབས་དབང་མཆོག་སྐུར༔ རྩ་རླུང་ཐིག་ལེ་སེམས་ཀྱི་སྒྲིབ་པ་སྦྱོངས༔ ཕུང་པོ་རྩ་ཁམས་སྣང་སྟོང་ལྷ་སྐུར་དག༔ ངག་རླུང་མི་ཤིགས་བདེ་ཆེན་ལོངས་སྤྱོད་རྫོགས༔ ཡིད་དང་ཐིག་ལེ་འོད་གསལ་ཆོས་སྐུར་སྨིན༔ དབྱེར་མེད་ཡེ་ཤེས་བླ་མའི་ས་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཀཱ་ཡ་ཀ་ལ་ཤ་ཝཱཀ་གུ་ཧྱ་ཙིཏྟ་པྲཛྙཱ་ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧོཿ དབྱངས་གསལ་དང་རྟེན་སྙིང་བརྗོད། དཔོན་སློབ་གཉིས་ཀས་དགོངས་པའི་རྩལ་བསྐྱེད། ཐུགས་ཡིད་བསྲེས་ལ་མཉམ་པར་བཞག་གོ །དེ་དག་གིས་དབང་དང་བྱིན་རླབས་ཀྱི་བརྒྱུད་པ་ཡོངས་སུ་རྫོགས་ཤིང་གཏད་པ་ཡིན་པས་བསྐྱེད་རྫོགས་མན་ངག་གི་དོན་ལ་འཆད་ཉན་སྒོམ་པས་གཏན་ལ་དབབ་ཅིང་རང་གཞན་གྱི་དོན་གཉིས་སྒྲུབ་པ་ལ་འབད་པ་དང༌། དབང་གི་ཡེ་ཤེས་སྐྱེས་བརྟན་གོང་འཕེལ་གྱི་ཕྱིར་ཤིས་པ་བརྗོད་པས་ཀྱང་མངའ་གསོལ་བར་མོས་ཤིག །བཀྲ་ཤིས་གང་འོས་བརྗོད། དེ་ལྟར་བླ་མ་པདྨ་དྲག་པོའི་དབང་བསྐུར་ལེགས་པར་སོང་གྲུབ་པས་དེ་དག་གི་དུས་སུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་སྲོག་གི་ཕྱིར་ཡང་མི་གཏང་བར་ནན་ཏན་དུ་སྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། ལན་གསུམ། དེ་ལྟར་ལེགས་པར་ཐོབ་པའི་གཏང་རག་གི་དོན་དུ་མཎྜལ་ཕུལ་མཛོད། སློབ་མས་ཀྱང་མཎྜལ་ཕུལ། དེ་ལྟར་ཐོབ་པའི་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས། སླར་ཡང་མཆོད་པ་ཁ་གསོ་གཏང་རག་གི་མཆོད་བསྟོད་སོགས་རྗེས་ཀྱི་ཆོ་ག་རྣམས་གཞུང་ལྟར་བྱའོ། །བདུད་བཞིས་འཇིྃགས་བྲྃལ་ཧེ་རུ་ཀ །མཁྱེནྃ་བརྩེྃའི་ཡེ་ཤེས་འོདྃ་ཕྲེང་ཟེརྃ། །དབང་དྲག་ནུས་མཐུའི་བཀྲྃ་ཤིསྃ་དཔྃལ། །པདྨའི་དགའ་ཚལ་ལྟར་འབྱོྃར་གྱུར། །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཡང་གསང་བླ་མ་དྲག་པོ་ཡི་དམ་དགོངས་འདུས་ཀྱི་དབང་བསྐུར་བདེ་ཆེན་དབང་དྲག་ནུས་པའི་སྟོབས་སྦྱིན་ལེ་ཚན་བཅུ་གཉིས་པ་པདྨ་གར་དབང་མདོ་སྔགས་གླིང་པས་སྦྱར་བ་སྟེ་བྱིན་རླབས་ཀྱི་རྩ་བ་བླ་མ་སྐུ་གསུམ་དྲག་པོ་དང་བཅས་པའི་སྐོར་དང་པོའོ། ༈ ཤྲཱི་བི་ཛ་ཡནྟུ། རྒྱལ་ཀུན་ཡེ་ཤེས་སྐུ་མཆོག་འཇྃམ་དཔལ་དབྱངྃས། །མཁྱེནྃ་བརྩེྃ་ནུས་པའི་ཡེ་ཤེས་རྨད་བྱུང་བས། །གངས་ཅན་མཁས་དང་གྲུབ་པའི་དབྃང་པོྃ་རུ། །ལེགས་ཤར་འཁོར་ལོའི་མགོན་པོ་བླ་མས་སྐྱོངས། །དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྡེའི་རྩ་གསུམ་བྱེ་བྲག་གི་སྒྲུབ་སྐོར་ལ་གསུམ་ལས། དང་པོ་དངོས་གྲུབ་ཀྱི་རྩ་བ་ཡི་དམ་གྱི་སྐོར་ལ་ཐོག་མར་ཟབ་གཉན་བྱིན་རླབས་ཀྱི་གཟི་བྱིན་མ་ཉམས་པའི་སྐུ་འཇམ་དཔལ་དྲག་པོ་གཤིན་རྗེ་གཤེད་དམར་པོ་འཆི་བདག་ཟིལ་གནོན་གྱི་རིམ་པ་དབང་གི་ཆོ་གས་སློབ་མ་རྗེས་སུ་འཛིན་པ་ལ། སྟེགས་བུར་མཎྜལ་མེ་ཏོག་གི་ཚོམ་བུ་གཅིག་བཀོད་པའི་སྟེང་བུམ་པ་བཅུད་ལྡན། དུར་ཁྲོད་དཔལ་ཆས་ཀྱི་ཙཀླི། སྔགས་བྱང༌། ཐོད་དབྱུག་དང་དུང་ཁྲག་ཕུར་པ་རྣམས་དངོས་སམ་ཙཀླི་གང་འབྱོར། སྨན་རཀ་གཏོར་གསུམ། ཉེར་སྤྱོད་མཆོད་པ་བཅས་བཤམས། སློབ་དཔོན་གྱི་མདུན་དུ་ལས་བུམ་སོགས་ཀྱང་འདུ་བྱ། ཕྲིན་ལས་བསྐྱེད་བཟླས་ཀྱི་རིམ་པ་ལ། བརྒྱུད་འདེབས་སྔོན་དུ་འགྲོ་བས། ཧཱུྃ༔ འཇམ་དཔལ་ཁྲག་འཐུང་དཀྱིལ་འཁོར་ལྷ་ཚོགས་ལ༔ བདག་སོགས་བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ འགྲོ་ཀུན་ཕན་བདེའི་གོ་འཕང་ལ་འགོད་ཕྱིར༔ སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེད་པར་བགྱི༔ ལན་གསུམ། ཧོཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་ཡན་ལག་བརྒྱད་པས་རྒྱུད་སྦྱོངས། བགེགས་བསྐྲད་པ་ནི། གཏོར་མ་དངོས་སུ་བཤམས་པ་ཡོད་ན་བྱིན་རླབས་བསྔོ་བ་སྤྱི་ལྟར་བྱ། བཀའ་བསྒོ་བ་ནི། ཧཱུྃ༔ གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ གཉིས་འཛིན་འཁྲུལ་པའི་བགེགས་ཚོགས་ཀུན༔ རང་བཞིན་མེད་པའི་དབྱིངས་སུ་དེངས༔ འོད་གསལ་ཆོས་སྐུར་མཚམས་བཅད་དོ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཛྙཱ་ན་རཀྵ་བྷྲཱུྃ༔ བྱིན་འབེབས་ནི། ཧཱུྃ༔ ཁྱབ་བརྡལ་འོད་གསལ་ཆེན་པོའི་དབྱིངས༔ ཡེ་ཤེས་སྒྱུ་མའི་སྐུར་བཞེངས་པ༔ ཁྲག་འཐུང་དཀྱིལ་འཁོར་རབ་འབྱམས་ཀྱིས༔ དབང་བསྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཛྲ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་དུར་ཁྲོད་རོལ་པའི་ཞིང༔ སྣང་སྲིད་དཔལ་གྱི་དམ་ཚིག་རྫས༔ ཕྱི་ནང་གསང་བ་རྨད་བྱུང་བའི༔ མཆོད་པའི་ཕྱག་རྒྱ་ཆེན་པོར་གྱུར༔ ཨོཾ་སརྦ་པཱུ་ཛ་མ་ཧཱ་མུ་དྲ་ས་མ་ཡེ་ཨཱཿཧཱུྃ༔ དངོས་གཞི་ལྷ་བསྐྱེད་ནས་བཟླས་པའི་བར་གཞུང་ལྟར་བྱ། རྟོགས་གོམས་དམན་ན་ཛཔ྄་ཁང་དབྱེ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་དམར་གསལ་ཐོད་དབྱུག་དང་དུང་ཁྲག་འཛིན་པ་ཡུམ་བཻ་ཏ་ལི་དང་གཉིས་མེད་དུ་སྦྱོར་བར་གསལ་བའི་སྐུ་ལས་བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩི་བབས་པ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ཨོཾ་ཧྲཱིཿཥྚི་ཝིཥྚི་ཏ་ན་ན་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ༔ ཅི་ནུས་བཟླས་ལ་འོད་ཞུ་བྱ། ལས་ཀྱི་བུམ་པ་ཁྲོ་བོ་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་ནུས་ལྡན་དུ་བྱིན་གྱིས་བརླབས། རིག་པའི་མེ་ཏོག་དོར་བ་སྔོན་དུ་འགྲོ་བས། དངོས་གཞིའི་དབང་བསྐུར་བ་ནི། སློབ་མར་ཁྲུས་བྱས། བགེགས་བསལ། མཚམས་བཅད། སེམས་བསྐྱེད་གསལ་འདེབས་བྱས་ལ། དེ་ཡང་རྒྱལ་བ་སྲས་དང་བཅས་པའི་སྒྲིབ་བྲལ་ཡེ་ཤེས་རྡོ་རྗེའི་སྐུ་ཡི་ཁྱབ་བདག་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཞི་བ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་སྟོང་དང༌། དྲག་པོ་གཤིན་རྗེ་གཤེད་ལ་རྩ་བཤད་མན་ངག་གི་རྒྱུད་དང་བཀའ་བབ་གྲུབ་བརྙེས་ཀྱི་སློབ་དཔོན་སོ་སོས་ཇི་ལྟར་བཀྲལ་བའི་མན་ངག་བཀའ་སྲོལ་མཐའ་ཡས་པ་བཞུགས་ཤིང༌། གངས་ཅན་འདིར་ཡང་སྔ་འགྱུར་རྙིང་མའི་ཕྱོགས་ལ་ངོ་བོའི་དབྱེ་བས་གཤེད་སྐོར་རིགས་ལྔ་དང༌། རྣམ་པའི་ཚུལ་ལས་ཡེ་ཤེས་ལས་དང་འཇིག་རྟེན་པའི་ཚུལ་གསུམ། ཕྲིན་ལས་ཀྱི་བྱེ་བྲག་རྣ་ཆ་བརྒྱད་ཡོངས་སུ་གྲགས་པ་དང༌། ཕྱི་འགྱུར་གསར་མའི་ཕྱོགས་ལ་དམར་ནག་འཇིགས་གསུམ་ནང་གསེས་དང་བཅས་པ་བྱོན་པ་ལས། འདིར་ཡེ་ཤེས་ཀྱི་གཤིན་རྗེ་གཤེད་པོ་དམར་པོ་གསུང་པདྨའི་རིགས་ཏེ་འདི་ལའང་བླ་མ་གནུབས་ཆེན་པོ་ནས་བརྒྱུད་པའི་གཤིན་རྗེ་གཤེད་རུ་མཚོན་དམར་པོ་སོགས་བཀའ་མ་དང༌། གཏེར་ཁ་སྔ་ཕྱི་མང་དུ་བཞུགས་པ་ལས། སྐབས་སུ་བབ་པ་འདི་ནི། མཚན་དཔེའི་མེ་ཏོག་ཁ་བྱེ་མ་ཐག་པ་ནས་གཟུངས་སྤོབས་པ། སོ་སོ་ཡང་དག་པའི་བློ་གྲོས་ཀྱི་གཏེར་མཛོད་གྲོལ་བ། ཤེས་བྱ་ཐམས་ཅད་ལ་གསན་བསམ་སྒོམ་པའི་ཡོན་ཏན་གྱི་ཕ་མཐར་སོན་པ། རྗེ་བཙུན་འཇམ་དཔལ་དབྱངས་ཞི་བ་དང་ཁྲོ་བོའི་རྗེས་སུ་བཟུང་བའི་དངོས་གྲུབ་ཀྱི་མཚན་མ་བརྙེས་པ་རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་རྗེས་སུ་སྐྱོང་ཞིང་དམ་པའི་ཆོས་ཀྱི་མཛོད་སྲུང་བ་སོགས་རྒྱུ་མཚན་དང་དགོས་པ་དུ་མས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང༌། བི་མ་ལ། ཡབ་གཅིག་ཁྲི་སྲོང་གི་རྣམ་འཕྲུལ་ཚད་མ་གསུམ་གྱིས་གྲུབ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་བཀའ་བབ་ཆེན་པོ་བདུན་བཞུགས་པའི་བཞི་པ། ཟབ་མོ་དགོངས་པའི་གཏེར་གྱི་བྱེ་བྲག །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྡེ་ལས་དངོས་གྲུབ་ཀྱི་རྩ་བ་ཡི་དམ་གྱི་སྒྲུབ་སྐོར། སྐུ་འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་འཆི་བདག་ཟིལ་གནོན་ལ་བརྟེན་པའི་སློབ་མ་རྗེས་འཛིན་དབང་བསྐུར་གྱི་བྱ་བ་སྐབས་སུ་བབ་པས་དེ་ཉིད་གསན་པའི་ཡོན་དུ་མཎྜལ་ཕུལ། སློབ་དཔོན་འཇམ་དཔལ་གཤིན་རྗེ་གཤེད་དངོས་སུ་གསལ་བ་ལ་མོས་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཆོས་དབྱིངས་བདེ་བས་དགྱེས་རོལ་བའི༔ འཇམ་དཔལ་ཁྲག་འཐུང་དགོངས་སུ་གསོལ༔ ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ༔ བདག་ཅག་སྨིན་ཅིང་འཇུག་པར་འཚལ༔ ལན་གསུམ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་རྩ་གསུམ་རྒྱལ་བ་ཆོས་སྲུང་དང་བཅས་པ་མཁའ་ཁྱབ་ཏུ་གསལ་བ་ལ། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བཟུང་སྟེ་བྱང་ཆུབ་བར་དུ་རྩེ་གཅིག་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། ན་མོ༔ བདག་སོགས་མཁའ་མཉམ་འགྲོ་བ་ཀུན༔ སོགས་ལས་བྱང་ལྟར་ལན་གསུམ། ཕ་མར་གྱུར་པའི་མཁའ་མཉམ་གྱི་འགྲོ་བ་མཐའ་དག་དཔལ་ཧེ་རུ་ཀའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གསང་བའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཟབ་མོའི་སྒོར་ཞུགས་ཤིང་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། མ་གྱུར་རིགས་དྲུག་སེམས་ཅན་སོགས་གསུམ། རྒྱུད་རྣམ་པར་དག་པའི་ཆེད་དུ་ཞིང་མཆོག་དམ་པ་དེ་དག་གི་སྤྱན་སྔར་ཚོགས་གཉིས་བསགས་ཤིང་སྡིག་སྒྲིབ་སྦྱང་བ་དང་དགེ་རྩ་ཡོངས་སུ་སྤེལ་བར་བྱེད་པའི་དོན་དང་ཏིང་ངེ་འཛིན་རྗེས་སུ་དྲན་པས་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་ལན་གསུམ། དབང་གི་གཞི་འགོད་ཅིང་ཡེ་ཤེས་དབབ་པའི་སླད་དུ། ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཉི་མ་དྲེགས་པ་ཆུ་གླང་བསྣོལ་བའི་སྟེང་དུ་ཡཿཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་ཁྱེད་རང་རྣམས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ཞལ་གཅིག་ཤིན་ཏུ་ཁྲོས་པའི་ཉམས་ཅན། དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་བརྒྱན་པ་ཕྱག་གཡས་ཐོད་དབྱུག་ནམ་མཁར་འཕྱར་ཞིང་གཡོན་པས་བྷནྡྷ་དམར་གྱི་གང་བ་ཐུགས་ཀར་འཛིན་པ། ཡུམ་རྡོ་རྗེ་བཻ་ཏ་ལི་དམར་ནག་འབར་ཞིང་ཆགས་པའི་ཉམས་ཅན་ཕྱག་གཉིས་རིན་པོ་ཆེ་དང་དུང་ཁྲག་བསྣམས་པས་ཡབ་ལ་འཁྱུད་པ། ཞབས་དོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པར་གསལ་ཐོབ་ཅིག །སློབ་དཔོན་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པར་འཕྲོས་པས་སྒོམ་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དང་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱང་དཔལ་ཆེན་གཤིན་རྗེ་གཤེད་ཀྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་གྱིས་བརླབ་པའི་མོས་འདུན་དྲག་ཏུ་མཛོད་ཅིག །ལས་བྱང་གི་སྤྱན་འདྲེན་མཐར་རྩ་སྔགས་ལ། ཛྙཱ་ན་བཛྲ་ཨ་བཻ་ཤ་ཡ་ཨཿ བཏགས་པ་བརྗོད་པས་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ་ཞེས་རྒྱ་གྲམ་བཞག །དབང་དངོས་ལ་སྐུ་བུམ་པའི་དབང་གི་སླད་དུ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པ་དང༌། དབང་ལྷ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བའི་བུམ་པས་སྤྱི་བོ་ནས་དབང་བསྐུར་བར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ རིན་ཆེན་བུམ་པའི་གཞལ་ཡས་ན༔ འཇམ་དཔལ་ཁྲོ་བོའི་ལྷ་ཚོགས་བཞུགས༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ བསྐྱེད་པ་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཧྲཱིཿཥྚི་ཝིཥྚི་ཏ་ན་ན་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་འཐོར་འཐུང་བྱ། བུམ་པའི་ཆུས་ལུས་ཀྱི་ནང་གང༌། རྟོག་སྒྲིབ་བག་ཆགས་དང་བཅས་པའི་དྲི་མ་གཏོར་ཞིང་ཡེ་ཤེས་ལྔའི་ནུས་པ་རྒྱུད་ལ་བླུགས་པར་མོས་ཤིག །དེ་ལྟར་སྐུ་བུམ་པའི་དབང་བསྐུར་བས་ལུས་སྣང་སྟོང་ལྷ་ཡི་སྐུར་དག །ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདན་གསུམ་རྡོ་རྗེའི་དལ་དུ་སད། མཁའ་ཁྱབ་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ཁྱབ་བདག་དེ་བཞིན་གཤེགས་པའི་རིགས་སུ་མངོན་པར་བྱང་ཆུབ་ནས་འཕགས་ལམ་བརྒྱད་དང༌། དབང་དང་སྟོབས་བཅུའི་བདག་ཉིད་ཟག་མེད་ཀྱི་ཡོན་ཏན་ལ་མངའ་བརྙེས་པའི་བརྡ་རྟགས་སུ་ཡེ་ཤེས་མཆོག་གི་ཕྱག་རྒྱ་དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་པའི་སྐུ་ཕྱག་རྒྱའི་དབང་དང་བྱིན་རླབས་རྫོགས་པར་མོས་མཛོད། དུར་ཁྲོད་དཔལ་ཆས་གཏད་ལ། ཧཱུྃ༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ འདི་ནི་འཇམ་དཔལ་ཧེ་རུ་ཀའི༔ ཡེ་ཤེས་མཆོག་གི་ཕྱག་རྒྱ་སྟེ༔ དཔའ་བོ་ཆེན་པོ་ཁྱོད་ཀྱིས་ལོངས༔ ཛྙཱ་ན་མུ་དྲ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་རྣམས་ཀྱིས་ལྷ་དབང་ལུས་ལ་ཐོབ། གསལ་བརྟན་དག་གསུམ་དང་ལྡན་པའི་ལྷའི་སྐུ་བསྒོམ་པ་ལ་དབང་བ་ཡིན་པས་དེང་ཕྱིན་ཆད་སྣང་སྟོང་སྒྱུ་མ་ལྟ་བུའི་ལྷའི་དཀྱིལ་འཁོར་བསྒོམ་པ་དང་མ་བྲལ་བས་ཐ་མལ་གྱི་སྣང་ཞེན་ཀུན་ལ་བསྐྱེད་པ་ཕྱག་རྒྱའི་གཟེར་གྱིས་ཐེབ་པར་གྱིས་ཤིག །གསུང་རིགས་སྔགས་ཀྱི་དབང་ལ་རྡོ་རྗེའི་སྔགས་བྱང་མགྲིན་པར་བཞག་པས་ངག་གི་དབང་ཕྱུག་འཇམ་དཔལ་དྲག་པོའི་རྡོ་རྗེའི་གསུང་གི་དབང་དང་བྱིན་རླབས་རྫོགས་པར་མོས་ཤིག །སྔགས་བྱང་མགྲིན་པར་བཞག་ལ། ཧཱུྃ༔ ཐབས་དང་ཤེས་རབ་འབྲེལ་བ་ལས༔ ཟུང་འཇུག་ཡི་གེ་བཅུ་བཞི་བྱུང༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ རྗེས་འབྲེལ་བཟླས་པའི་ལུང་གི་སླད་དུ་སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀར་ཡཿདམར་པོ་སྔགས་ཕྲེང་གིས་བསྐོར་བ་ལས་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་གི་ཞལ་དུ་ཞུགས། སྙིང་གར་ཉི་སྟེང་ཡཿ་ཡིག་ལ་ཐིམ་པས་འོད་ཟེར་སྤྲོ་བསྡུས་རྒྱལ་བ་རྣམས་མཆོད། སྣང་སྲིད་དག་པའི་འཁོར་ལོར་སྦྱངས། ཚུར་འདུས་ཏེ་ཁྱེད་རང་ལ་ཐིམ་པར་མོས་ལ་རྗེས་ཟློས། རྩ་སྔགས་ལན་གསུམ། དེས་སྔགས་དབང་ངག་ལ་ཐོབ། བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་བཟླས་བརྗོད་དང༌། ཏིང་འཛིན་མི་དམིགས་པའི་འཕྲོ་འདུ་བྱ་བ་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་གྲགས་སྟོང་སྒྲ་བརྙན་ལྟ་བུའི་གསང་སྔགས་ཀྱི་བཟླས་པ་དང༌། དགོངས་པ་རྣམ་བཞིའི་སྤྲོ་བསྡུ་ཆུ་བོའི་གཞུང་བཞིན་ཆད་པ་མེད་པས་ཐ་མལ་གྱི་སྨྲ་བརྗོད་འཛིན་རྟོག་ཀུན་ལ་བཟླས་པ་སྔགས་དང་འཕྲོ་འདུ་ཏིང་ངེ་འཛིན་གྱི་གཟེར་ཐེབ་པར་གྱིས་ཤིག །ཐུགས་ཡེ་ཤེས་ཕྱག་རྒྱའི་དབང་ལ། འབར་བའི་ཕྱག་རྒྱ་རྡོ་རྗེའི་ཐོད་དབྱུག་སྙིང་གར་བཞག་པ་གདེངས་པ་ཙམ་གྱིས་གཉིས་སྣང་སྲིད་པའི་གྲོང་ཁྱེར་རྡུལ་དུ་བརླགས་ཏེ་དབྱིངས་རིག་གཉིས་མེད་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྒྲོལ་བྱེད་སྙིང་རྗེའི་སྲོག་ལྡན་རྡོ་རྗེའི་ཐུགས་ཀྱི་དབང་དང་བྱིན་རླབས་རྫོགས་པར་མོས་ཤིག །ཐོད་དབྱུག་སྙིང་གར་བཞག ཧཱུྃ༔ རྡོ་རྗེའི་ཐོད་དབྱུག་འཕྱར་བ་ཡིས༔ གཟུང་འཛིན་འབྱུང་པོ་དབྱིངས་སུ་བསྒྲལ༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ འོད་གསལ་ཐུགས་ཀྱི་དབང་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཆོས་དབང་སེམས་ལ་ཐོབ། འོད་གསལ་རྣམ་པར་མི་རྟོག་པའི་འཇུག་ལྡང་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་དབྱིངས་རིག་གཉིས་མེད་རང་བྱུང་གཉུག་མའི་གཤིས་ལ་རང་བབ་ཀྱི་བསམ་གཏན་དང་མ་བྲལ་བས་གཉིས་སུ་སྣང་བའི་ཆོས་ཐམས་ཅད་ལ་དགོངས་པ་མི་གཡོ་བའི་གཟེར་གྱིས་ཐེབ་པར་གྱིས་ཤིག །མཚན་ལྡན་འདོད་དགུ་འབྱུང་བའི་བྷནྡྷ་དམར་ཆེན་རཀྟས་གང་བས་དབང་བསྐུར་བས་སངས་རྒྱས་ཀུན་གྱི་རྣམ་ཐར་རྒྱ་མཚོའི་སྤྱོད་པ་འཆང་བའི་འཇམ་དཔལ་དྲག་པོའི་ཡོན་ཏན་གྱི་དབང་དང་བྱིན་རླབས་རྫོགས་པར་ཐོབ་པར་མོས་ཤིག །དུང་ཁྲག་གཏད་ལ། ཧཱུྃ༔ ཡོན་ཏན་མི་ཟད་འདོད་དགུའི་གཏེར༔ བྷནྡྷ་རཀྟས་བཀང་བ་ཡིས༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ གང་འདུལ་འགྲོ་བ་སྒྲོལ་བར་ཤོག༔ གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ དེས་ཡོན་ཏན་གྱི་དབང་ཐོབ། ལས་དང་དངོས་གྲུབ་མཐའ་དག་སྒྲུབ་པ་ལ་དབང་བ་ཡིན་པས། ཐུན་མོང་དུ་ཕྲིན་ལས་བཞི་དང་སྒྲུབ་པ་ཆེན་པོ་བརྒྱད། མཐར་ཐུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་བྱས་ནས་སེམས་ཅན་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་བདེ་དགའི་དཔལ་ཡོན་སྟེར་བ་ལ་བརྩོན་པར་གྱིས་ཤིག །ཁྲག་འཐུང་ཀུན་གྱི་རྗེ་བཙན་འཇིགས་མཛད་ཡ་མནྟ་ཀའི་ཕྲིན་ལས་སྟོབས་རྫོགས་སྒྲོལ་བྱེད་ཕུར་བུའི་ཕྱག་མཚན་ལག་ཏུ་གཏད་པས་གདུལ་དཀའི་སྲོག་རྩ་གཅོད་པ་དྲག་པོ་གཙོ་བོར་གྱུར་པའི་ཕྲིན་ལས་རབ་འབྱམས་ཀྱི་དབང་དང་བྱིན་རླབས་ནུས་སྟོབས་ཀྱི་མཐུ་ཐོབ་པར་མོས་ཤིག །ཕུར་པ་གཏད་དེ་སྒྲིལ་དུ་གཞུག་ལ། ཧཱུྃ༔ ཕྲིན་ལས་དྲག་པོ་ཀཱི་ལ་ཡ༔ འཇམ་དཔལ་ཁྲོ་བོའི་ནུས་མཐུ་རྫོགས༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ འཆི་བདག་བདུད་དཔུང་ཚར་གཅོད་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ཚུལ་འདི་ལས་བྱང་དང་དབང་ཆོག་ཙམ་ལས་གཏན་ལ་ཕབ་མ་མཛད་པས། དབང་བསྐུར་སྤྱི་ཙམ་ལ་འདི་ཉིད་ཁོ་ནས་རུང་མོད་གཏེར་གཞུང་དུ། སྤྲོ་ན་དགྲ་བགེགས་བར་ཆད་ཀུན༔ གཟུགས་བརྙན་སྦྱོར་བ་ལ་བསྟིམས་ནས༔ གདབ་པའི་ཕྲིན་ལས་སྤྱི་ལྟར་རྗེས༔ ནང་གི་སྦྱིན་སྲེག་ཚུལ་དུ་རོལ༔ ཞེས་གསུངས་པ་ལྟར་བྱ་བར་འདོད་ན་གོང་གི་ཀརྨ་ཐོད་ཕྲེང་གི་ཟོར་ཟློག་གི་གདབ་ལས་བཞིན་དགོངས་གསོལ། གསེར་སྐྱེམས། གཟུ་དཔང༌། ཧོམ་བསྐྱེད། འགུགས་པ་བཅས་ཁ་བསྒྱུར་ཅུང་ཟད་དང་བཅས་ཏེ་བྱས་ལ། མཐའ་རྟེན་དྲག་པོ་སྒྲོལ་བའི་རྗེས་གནང་རྒྱས་པར་བྱ་བ་ལ། མངོན་སྤྱོད་རྩོམ་པ་པོ་ཁྱེད་རྣམས་འཁོར་འདས་ཀུན་གྱི་སྟོང་སྲོག་ལྟ་བ་བློ་འདས་ཀྱི་གདེངས་ཐོབ་པས་རྫོང་ཟིན་པའི་རིག་རྩལ་གསལ་བ་གསུམ་གྱི་དགོངས་པའི་ཏིང་ངེ་འཛིན་ལས་ནམ་ཡང་མ་གཡོ་བས་བྱིང་རྒོད་ཀྱི་འཕྲང་བརྒལ་ཏེ། ཁྲག་འཐུང་ཀུན་གྱི་རྗེ་བཙན་སོགས་གོང་ལྟར་བྱས་ལ་ཕུར་པ་གཏད་ལ་གདབ་ཏུ་གཞུག །སྒྲོལ་གྲིས་གཏུབས་པའི་ལིང་རོ་གཏོར་མར་ཕུལ་ཞིང་དཔོན་སློབ་ཀུན་གྱིས་རོལ་པ་བཅས་བྱའོ། །གང་ལྟར་ཡང༌། དེས་ཕྲིན་ལས་ཀྱི་དབང་བསྐུར་བ་ཐོབ། གཤིན་རྗེ་གཤེད་པོའི་ཕྲིན་ལས་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་བ་ལ་དབང་བ་ཡིན་པས། སྲུང་བ་ཞི་བའི་ལས་ཀྱིས་རྗེས་སུ་འཛིན་པ་དང༌། ཟློག་བསད་མནན་དཀྲུགས་དབྱེ་བསྐྲད་རེངས་རྨོངས་ལ་སོགས་པས་གདུག་པ་ཅན་ཚར་གཅོད་པའི་ཕྲིན་ལས་རྟག་ཏུ་སྒྲུབ་པར་གྱིས་ཤིག །དེ་ལྟར་དབང་བསྐུར་ཐོབ་པའི་དགོས་པ་ཡང་རྩ་བ་ལས། འདིས་ནི་བསྙེན་རྫོགས་རྟགས་ལྡན་པའི༔ མཚན་ཉིད་ཚང་བའི་སློབ་དཔོན་གྱིས༔ དད་བརྩོན་སྐལ་པར་ལྡན་པ་ཡི༔ རྡོ་རྗེའི་སློབ་མ་རྗེས་བཟུང་ན༔ གནས་སྐབས་ཚེ་ཡི་བར་ཆད་དང༔ འཇིགས་བརྒྱད་མི་མཐུན་ཕྱོགས་ཀུན་ཞི༔ ཕྲིན་ལས་གང་བརྩམས་ཡིད་བཞིན་འགྲུབ༔ མཐར་ཐུག་འཇམ་དཔལ་ཁྲོ་བོའི་སྐུར༔ མངོན་པར་བྱང་ཆུབ་མཆོག་ཐོབ་འགྱུར༔ ས་མ་ཡ༔ ཞེས་ཆེས་ཆེར་བསྔགས་པ་ལྟར་དད་མོས་ཡིད་ཆེས་དང་ལྡན་པས་འདི་ཉིད་ཀྱི་ལྷ་སྔགས་ལ་གཡར་དམ་རྩེ་གཅིག་ཏུ་བཟུང་སོགས་དམ་ཚིག་ཁས་བླང༌། གཏང་རག །བསྔོ་སྨོན་དང༌། ཚོགས་ཀྱི་འཁོར་ལོ་བཅས་རྗེས་རིམ་སྤྱི་ལྟར་བྱའོ། །འཇིྃགས་བྲྃལ་མཁྱེནྃ་བརྩེྃའི་ཡེ་ཤེས་གཟི། །འོདྃ་ཟེརྃ་མཁའ་ཁྱབ་སྤྲོས་པ་ལས། །ཟབ་རྒྱས་ཆོས་ཀྱི་བཀྲྃ་ཤིསྃ་དཔྃལ། །འདོད་དགུའི་འབྱོྃར་པ་ལྷུན་གྱིས་གྲུབ། །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཡི་དམ་སྐུ་འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་འཆི་བདག་ཟིལ་གནོན་གྱི་དབང་བསྐུར་ཡེ་ཤེས་སྣང་བའི་སྒོ་འབྱེད་ལེ་ཚན་བཅུ་གསུམ་པ་འཇམ་དཔལ་དགའ་བའི་བཤེས་གཉེན་གྱིས་སྦྱར་བའོ། ༈ གསུང་གི་རྡོ་རྗེ་པྃདྨྃ་སམ་བྷ་ཝའི། །ཐུགས་རྗེའི་རང་གཟུགས་རྒྱལ་ཀུན་དགྱེྃས་པའིྃ་དཔྃལ། །དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུའི་བདག་པོ་རུ། །ལེགས་ཤར་སྙིང་གི་ཟེའུ་འབྲུར་རྟག་ཏུ་མཆོད། །དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་པདྨ་གསུང་རྟ་མགྲིན་འཆི་མེད་དབང་ཆེན་འདུས་པའི་ཡེ་ཤེས་སྒོ་འབྱེད་བྱིན་རླབས་སྣང་བ་ལ། གཞུང་མཐུན་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་སྟེང་དུ་བུམ་པ། སྔགས་བྱང༌། རྡོ་རྗེའི་ཁཊྭཱྃ་རལ་གྲི་བྷནྡྷ་མདུང་ཐུང་ཞགས་པ་བཅས་ཕྱག་མཚན་ཕྱོགས་བསྡུས། ཚེ་རིལ། ཚེ་ཆང༌། སྒྲོལ་ཕུར། ཤེལ་རྡོ་མེ་ལོང༌། དཔལ་གཏོར་སྨན་རཀ །སྒྲོལ་དབང་རྒྱས་པར་སྤྲོ་ན་ལྕགས་ཧོམ་དུ་ལིང་ག་སོགས་འདུ་བྱ། ཉེར་སྤྱོད་མཆོད་པ། ཚོགས་དང་ཆད་བརྟན། སྲུང་མའི་གཏོར་འབུལ། ལས་བུམ་སོགས་འདུ་བྱས་ལ་བརྒྱུད་འདེབས་སྔོན་དུ་འགྲོ་བས། སྐྱབས་སེམས་ནས་བརྩམས་ལས་བྱང་མཐར་ཆགས་སུ་བཏང་སྟེ། བདག་མདུན་བསྐྱེད་བཟླས་གཞུང་ལྟར་དང༌། བསྙེན་སྒྲུབ་ལས་ཀྱི་བཟླས་པ་བྱ། བུམ་ལྷ་གསལ་གདབ་དང་བདུད་རྩི་འབེབས་པའི་དམིགས་པ་སྤྱི་ལྟར་བྱ་བས། བསྙེན་སྒྲུབ་ཀྱི་བཟླས་པ་བྱ། ཐུན་མཐར་ཚེ་འགུགས་དང༌། ལས་བུམ་རྐྱང་སྒྲུབ། སྲུང་མའི་གཏོར་འབུལ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་བར་བྱ། བདག་འཇུག་གམ་རིག་པའི་མེ་ཏོག་དོར་སློབ་མ་ཁྲུས་ནས་དབྱུང༌། བགེགས་བསྐྲད་སྲུང་འཁོར་རྣམས་དང༌། མེ་ཏོག་བཀྱེ་བསྡུ་བྱ། སེམས་བསྐྱེད་གསལ་བཏབ་ལ། དེ་ཡང་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་དབྱིངས་སུ་དགོངས་པ་འཕོ་འགྱུར་མེད་པའི་ཀློང་ལས། ཀུན་ཁྱབ་བརྩེ་བའི་ཐུགས་རྗེ་འགོག་པ་མེད་པའི་ཡེ་ཤེས་རྒྱན་གྱི་རོལ་མོ་ཕྱོགས་དུས་ཀྱི་གདུལ་བྱར་རྟག་ཏུ་གཡོ་ཞིང་སྣང་བས་མཁའ་ཁྱབ་ཀྱི་ཡིད་ཅན་སྲིད་ཞིའི་གཡང་ལས་སྒྲོལ་བར་མཛད་པ་ལས། ཕྲིན་ལས་ཀྱི་གཙོ་བོ་གསུང་ཆོས་ཀྱི་སྣང་བ་ཆེན་པོ་སྟེ། དེ་ལའང་རྒྱུ་དང་འབྲས་བུའི་ཐེག་པའི་རྣམ་བཞག་དུ་མ་ཞིག་བཞུགས་པའི་ཡ་གྱལ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཆེན་པོ་བཞི་ཡིན་ལ། དེ་ལས་ཀྱང་ཟབ་པ་ཕུལ་དུ་ཕྱིན་པ་བླ་མེད་ཀྱི་རྒྱུད་ལ་ནང་རྒྱུད་ཡོ་ག་གསུམ་དུ་གྲགས་ཤིང༌། རྒྱུད་མ་ཧཱ་ཡོ་ག་ལའང་སྒྲུབ་སྡེ་ཆེན་པོ་བརྒྱད་དུ་བཞུགས་པའི་ནང་ཚན་གསུང་པདྨའི་རིགས་ཞི་ཁྲོ་དང༌། རྟ་མཆོག་ཧེ་རུ་ཀ་ལའང་རྒྱུད་ལུང་མན་ངག །བཀའ་གཏེར་དག་སྣང་གི་ལམ་སྲོལ་མཐའ་ཡས་པས། འཕགས་པའི་ཡུལ་དུ་སློབ་དཔོན་ནཱ་གརྫུ་ན། གྲུབ་ཆེན་མི་ཏྲ་ཛོ་ཀི །སངས་རྒྱས་གཉིས་པ་པདྨ་འབྱུང་གནས། དགེ་སློང་མ་དཔལ་མོ་སོགས་དང༌། བོད་ཡུལ་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོ། ལོ་ཙཱ་རྒྱལ་བ་མཆོག་དབྱངས་སོགས་གསར་རྙིང་གི་མཁས་གྲུབ་ལྷ་སྔགས་འདི་ཉིད་ཀྱི་དངོས་གྲུབ་བརྙེས་པ་ད་ལྟའི་བར་ཟམ་མ་ཆད་པར་བྱོན་ཞིང༌། སྐབས་སུ་བབ་འདི་ནི་ཟབ་མོ་གཏེར་གྱི་ཆོས་སྐོར་ཏེ། དེ་ལྟར་འཆི་མེད་རྟ་མཆོག་དཔལ༔ རྩ་གསུམ་ཡོངས་རྫོགས་དཀྱིལ་འཁོར་ལྷའི༔ དབང་བསྐུར་བྱིན་རླབས་སྣང་བ་འདིས༔ བསྙེན་རྫོགས་རྟགས་ལྡན་རྣལ་འབྱོར་པས༔ རྡོ་རྗེའི་སློབ་མ་རྗེས་བཟུང་ན༔ གནས་སྐབས་ཚེ་ཡི་བར་ཆད་ཞི༔ ཕྲིན་ལས་རྣམ་བཞི་གང་བརྩམས་འགྲུབ༔ མཐར་ཐུག་རྩ་རླུང་ཐིག་ལེའི་ཁམས༔ སྒྲིབ་བྲལ་དྭངས་མའི་ལྷ་སྐུར་སྨིན༔ དེ་ཕྱིར་སྙིང་ཁྲག་ཡང་ཞུན་འདི༔ རིག་པ་དབྱིངས་ཀྱི་སྒྲོམ་བུར་རྒྱ༔ དུས་བབ་གཞན་དོན་མཐར་ཕྱིན་ཤོག༔ ཅེས་གསུངས་པ་ཉིད་སྙིགས་དུས་འགྲོ་བ་འདུལ་བའི་ཐུགས་བསྐྱེད་དང་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ་བས་གངས་ཅན་གྱི་བསྟན་འགྲོའི་ཕན་བདེའི་སྲོག་རྩ་མཐུད་པ་ལ་གཞན་དྲིང་མི་འཇོག་པའི་རྣམ་ཐར་ངོ་མཚར་བའི་སྣང་བ་ཅན། པདྨའི་རྒྱལ་ཚབ་འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཟབ་མོ་དགོངས་པའི་གཏེར་ལས་བྱོན་པའི་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཡི་དམ་པདྨ་གསུང་གི་སྒྲུབ་སྐོར། འཆི་མེད་དབང་ཆེན་འདུས་པ་རྩ་གསུམ་ཡོངས་རྫོགས་ཀྱི་ཟབ་མོའི་དབང་བསྐུར་བྱིན་རླབས་སྣང་བ་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས། སློབ་དཔོན་དབང་ཆེན་རྟ་མཆོག་རོལ་པ་དངོས་སུ་གསལ་བ་ལ་མོས་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་འདིའི་རྗེས་ཟློས། རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ འཆི་མེད་རྩ་གསུམ་དཀྱིལ་འཁོར་དུ༔ མགོན་པོས་བདག་ནི་འཇུག་པར་འཚལ༔ བླ་མ་དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པ་དབང་ཆེན་རྟ་མཆོག་རོལ་པ་རང་སྣང་ཡེ་ཤེས་བཀོད་པ་ཆོས་ཀྱི་དབྱིངས་དང་མཉམ་པའི་སྤྱན་སྔར་ཐེག་པ་ཆེན་པོའི་སྐྱབས་འགྲོ་དང་སེམས་བསྐྱེད་ཡང་དག་པར་ལེན་པའི་མོས་པས་འདིའི་རྗེས་ཟློས། ཧྲཱིཿ དབང་ཆེན་རྩ་གསུམ་འདུས་པའི་སོགས་ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། ཞིང་མཆོག་དམ་པ་དེ་དག་གི་སྤྱན་སྔར་ཚོགས་གཉིས་བསགས་ཤིང་སྡིག་སྒྲིབ་སྦྱང་བ་དང་དགེ་རྩ་ཡོངས་སུ་སྤེལ་བར་བྱེད་པའི་དོན་དང་ཏིང་ངེ་འཛིན་རྗེས་སུ་དྲན་པས་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་གསུམ། རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་སླད་དུ་དམ་བཅའ་རྣམ་གསུམ་བརྟན་པོར་བཟུང་སྙམ་པས་འདིའི་རྗེས་ཟློས། ཨོཾ༔ བདེ་བར་གཤེགས་པ་ཁྱེད་ཅི་འདྲ༔ དེ་འདྲ་ཁོ་ནར་བདག་གྱུར་ཅིག༔ སྤྱོད་པ་རྨད་བྱུང་བསམ་ཡས་པ༔ འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད༔ བྱང་ཆུབ་སེམས་མཆོག་དམ་པ་དང༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད༔ དུས་ངན་ཐ་མའི་འཇིག་རྟེན་འདིར༔ སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ༔ བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད༔ རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར༔ བདག་ཅག་བསམ་པ་རྫོགས་གྱུར་ཅིག༔ ལན་གསུམ། དབང་གི་གཞི་འགོད་ཅིང་ཡེ་ཤེས་པའི་བྱིན་རླབས་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ལས་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་སྣོད་རྣམ་པར་དག་པ་ཟླ་གམ་དབང་ཆེན་རོལ་པའི་གཞལ་ཡས་ཁང་གི་དབུས་སུ། པདྨ་ཉི་ཟླ་ཀླུ་སྲིན་ཕོ་མོ་བསྣོལ་བའི་གདན་ལ། བཅུད་རྣམ་པར་དག་པ་རང་གི་རིག་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་འོད་འབར་བ། དེ་ཡོངས་སུ་གྱུར་ལས་ཁྱེད་རང་སྐད་ཅིག་གིས་དབང་ཆེན་རྟ་མཆོག་རོལ་པ་སྒེག་ཅིང་དཔའ་ལ་འཇིགས་སུ་རུང་བའི་སྐུ་མདོག་དམར་ནག་རྩ་བའི་ཞལ་དམར་གཡས་ལྗང་གཡོན་དམར་བ། དབུ་གཙུག་ཏུ་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ། ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་ཤིང་སྨ་ར་སྨིན་པ་དབུ་སྐྲ་དམར་སེར་མེ་ལྟར་འབར་བ། ཕྱག་དྲུག་གིས་གཡས་གསུམ་རལ་གྲི་ཁཊྭཱྃ་དབྱུག་ཐོ་ཕྱར་ཞིང༌། གཡོན་གསུམ་བྷན་དམར་དྲིལ་བུ་ལྕགས་ཀྱུ་བསྣམས་པ། ཐོད་སྐམ་རིན་པོ་ཆེའི་རྩེ་ཕྲན་ཅན་ལྔ་ལྔས་དབུ་བརྒྱན་ཅིང་ཐོད་ཕྲེང་ཚར་གསུམ་མགུལ་རྒྱན་བྱས་པ། སེང་གླང་གི་པགས་པས་སྟོད་གཡོགས། ཞིང་ལྤགས་སྐེད་དཀྲིས་སྟག་ལྤགས་ཤམ་ཐབས་བྱས་པ། ཁྲག་ཞག་ཐལ་བས་བྱུགས་ཤིང་སྦྲུལ་རིགས་ལྔ་དང་རུས་པའི་རྒྱན་དྲུག་གིས་སྤྲས་པ། ཁྱུང་གིས་དབུ་བརྒྱན་ཅིང་དཔལ་གྱི་གཤོག་པ་དར་ལྭའི་འཕུར་དཔྱང་རྡོ་རྗེ་གོ་ཁྲབ་གསོལ་བ། ཡུམ་པདྨ་གཟི་ལྡན་མ་ཕྱག་རྒྱ་ལྔས་བརྒྱན་ཅིང་ཁཊྭཱྃ་དང་ཐོད་ཁྲག་འཛིན་པས་འཁྱུད་པ། གར་གྱི་ཉམས་དགུ་དང་ལྡན་ཞིང་ཞབས་བཞི་འདོར་ཐབས་སུ་བགྲད་པ་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་དང༌། རྒྱུད་རྣམ་པར་དག་པ་ཡེ་ཤེས་ཀྱི་གཟི་བྱིན་དབབ་པའི་སླད་དུ། སློབ་དཔོན་དཀྱིལ་འཁོར་པ་དང་བཅས་པའི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས། འོག་མིན་དབང་ཆེན་རོལ་པའི་དུར་ཁྲོད་ནས་དཔལ་ཆེན་རྟ་མཆོག་རྒྱལ་པོའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ་ལྷ་སྔགས་ཕྱག་རྒྱ་འོད་ཟེར་གྱི་རྣམ་པར་མཁའ་དབྱིངས་གང་བར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་གཉིས་མེད་དུ་བརྟན་པའི་མོས་པ་མཛོད་ཅིག །ལས་བྱང་གི་སྤྱན་འདྲེན་དང༌། སྙིང་པོའི་མཐར། ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ ཞེས་བཏགས་པ་བཟླ་ཞིང་སྤོས་རོལ་བཅས་བྱིན་དབབ། ཡེ་ཤེས་པ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ་ཞེས་རྡོ་རྗེ་མགོར་བཞག །དེ་དག་གིས་དབང་གི་སྔོན་འགྲོའི་རིམ་པ་གྲུབ་ནས། དབང་དངོས་ལ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དབང་བསྐུར་མཐའ་རྟེན་དང་བཅས་པ་ལས། དང་པོ་རྣམ་བཅས་བདེ་བ་ཆེན་པོ་སྐུ་བུམ་པའི་དབང་བསྐུར་བ་ལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་འོད་ཟེར་གྱིས་གདན་གསུམ་ཚང་བའི་དབང་གི་ལྷ་སྤྲོས་པས་རྣམ་རྒྱལ་བུམ་པ་རྡོ་རྗེའི་ཡེ་ཤེས་ཆེན་པོའི་ཆུ་རྒྱུན་གྱིས་གང་བས་སྤྱི་བོ་ནས་དབང་བསྐུར། ཉོན་མོངས་པ་ལྔའི་སྒྲིབ་པ་དག །ཕུང་ཁམས་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པར་མོས་ཤིག །ཞེས་བུམ་པ་སྤྱི་བོར་བཞག་བུམ་ཆུ་བླུད་ལ། ཧྲཱིཿ འཆི་མེད་རྟ་མཆོག་ཧེ་རུ་ཀའི༔ སྐུ་ཡི་དབང་བསྐུར་ཁྱོད་ལ་སྦྱིན༔ ཕུང་ཁམས་ལྷ་ཡི་སྐུར་སྨིན་ནས༔ སྣང་སྟོང་ཟུང་འཇུག་མངོན་གྱུར་ཤོག༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེའི་རྗེས་འབྲེལ་དུ་དཔལ་གྱི་གཏོར་མ་ཕྱི་སྣོད་དབང་ཆེན་ཟླ་གམ་འབར་བའི་གཞལ་ཡས་ཁང༌། ནང་བཅུད་དཔལ་ཆེན་རྟ་མཆོག་རོལ་པའི་དཀྱིལ་འཁོར་སྤྲུལ་པ་འཁོར་ཚོགས་བཀའ་སྡོད་དང་བཅས་པ་བྱིན་རླབས་གཟི་བརྗིད་འབར་ཞིང་དབང་གི་རྟ་སྐད་ལྷང་ངེར་འཚེར་བའི་སྐུ་ཡི་གནས་ཐམས་ཅད་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་བསལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། དབང་ཆེན་རྟ་མཆོག་རོལ་པའི་གསང་བ་གསུམ་དང་གཉིས་མེད་དུ་གྱུར་པས་ལས་དང་དངོས་གྲུབ་ཐམས་ཅད་ཐོགས་མེད་དུ་གྲུབ་པའི་མོས་པ་མཛོད། དཔལ་གཏོར་སྤྱི་བོར་བཞག ཧྲཱིཿ ཟབ་གསལ་གཉིས་མེད་དཀྱིལ་འཁོར་དུ༔ འཆི་མེད་རྩ་གསུམ་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དངོས་གྲུབ་རྣམ་གཉིས་འགྲུབ་པར་ཤོག༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ སརྦ་སིདྡྷི་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ༔ གཉིས་པ་གསུང་གསང་བའི་དབང་བསྐུར་བ་ནི། སྔགས་བྱང་མགྲིན་པར་བཞག་སྟེ་དབང་བསྐུར་བས་གྲགས་སྟོང་ནཱ་དའི་རང་བཞིན་གྱི་རྡོ་རྗེའི་གསུང་གི་ནུས་པ་རྫོགས་པར་མོས་ཤིག །སྔགས་བྱང་མགྲིན་པར་བཞག་ལ། ཧྲཱིཿ འཆི་མེད་རྟ་མཆོག་ཧེ་རུ་ཀའི༔ གསུང་གི་དབང་བསྐུར་ཁྱོད་ལ་སྦྱིན༔ སྲོག་རྩོལ་སྔགས་སུ་ཡོངས་སྨིན་ནས༔ གསལ་སྟོང་ཟུང་འཇུག་མངོན་གྱུར་ཤོག༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ རྗེས་འབྲེལ་གསུང་བཟླས་པའི་ལུང་སྦྱིན་པ་ལ་དམིགས་པ་འདི་ལྟར་མཛོད། བླ་མ་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀར་ཡེ་ཤེས་འོད་ལྔའི་ཀློང་དུ་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས། ཐུགས་སྲོག་ཧྲཱིཿདམར་པོ་ལ་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་བྱུང་སྟེ་ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀའི་ཧྲཱིཿདམར་པོའི་མཐར་འཁོད། བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ་བདེ་སྟོང་རོལ་པའི་འོད་ཟེར་གྱི་མཆོད་པ་ཕུལ། དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ། བསྙེན་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ སླར་ཡང་སྔགས་ཕྲེང་ལས་བྱུང་བའི་འོད་ཟེར་སྤྲོ་བསྡུས་འཁོར་འདས་བརྟན་གཡོའི་དྭངས་བཅུད་ཀྱི་བདུད་རྩི་བཀུག་པ་རིགས་བདག་ཡབ་ཡུམ་གྱི་སྐུའི་དབྱིབས་བརྒྱུད་སྦྱོར་མཚམས་ནས་བྱུང༌། འཁོར་ལོ་ལྔའི་ཐོད་ཕྲེང་རིགས་ལྔ་ཡབ་ཡུམ་མཆོད་དེ་བདེ་སྟོང་གི་ཡེ་ཤེས་རྡོ་རྗེའི་སྲོག་ལ་དབང་ཐོབ་པར་བསམ་ལ། སྒྲུབ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཛྙཱ་ན་བཛྲ་ཨཱ་ཡུ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ སརྦ་སིདྡྷི་ཕ་ལ་ཧཱུྃ༔ སླར་ཡང་ཐུགས་སྲོག་གི་འོད་ཟེར་ཁ་དོག་སྣ་ལྔ་སྤྲོ་བསྡུའི་ཕྲིན་ལས་རྣམ་པ་བཞི་ལྷུན་གྱིས་གྲུབ་ཅིང༌། སྣང་གྲགས་རིག་པ་ལྷ་སྔགས་ཆོས་སྐུའི་རོལ་པར་སད་པར་མོས་ལ། ལས་སྦྱོར་གྱི་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ཨོཾ་བཛྲ་དུན་བྷྱོ༔ ཏིག་ནན་ཛ་ཛཿ ས་མ་ཡ་སྟྭྃ༔ ས་མ་ཡ་ཛཿ ས་མ་ཡ་བཟློག༔ ས་མ་ཡ་བྷྱོ༔ ས་མ་ཡ་གཏུབ༔ ས་མ་ཡ་བྱེར༔ ས་མ་ཡ་རྦད༔ ས་མ་ཡ་རྦད་རྦུད་ཕཊ྄་ཡ༔ འབྱུང་པོ་མཱ་ར་ཡ་ཛ་ཛཿ ཧཱུྃ་ཧཱུྃ་ཧཱུྃ༔ སྲོག་གི་བྱིན་རླབས་བརྟན་པའི་སླད་དུ། བརྟན་གཡོའི་དྭངས་བཅུད་མ་ལུས་པ་འདུས་པའི་ཛ་གད་མགྲིན་པར་མྱང་བས་གསུང་མི་འགགས་པ་ནཱ་ད་གཞོག་གཞིག་བྲལ་བའི་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་མོས་ཤིག ཧྲཱིཿ རྩ་གསུམ་དབང་ཆེན་འདུས་པ་ཡི༔ བྱིན་རླབས་དངོས་གྲུབ་ཀུན་གྱི་དབྱིག༔ འཆི་མེད་བདུད་རྩི་འདི་བྱིན་པས༔ རླུང་ལྔ་དབུ་མར་ཐིམ་པར་ཤོག༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་གྲཱྀ་བ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ སརྦ་སིདྡྷི་ཕ་ལ་ཧཱུྃ༔ མ་ཧཱ་པཉྩ་ཨཱ་ཡུརྫྙཱ་ན་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨཱཿ དེས་ངག་གི་སྒྲིབ་པ་དག །བཟླས་བརྗོད་དང་མཚན་བཅས་རྫོགས་རིམ་བསྒོམ་པ་ལ་དབང་བར་བྱས་པས། སྒྲ་གྲགས་ཐམས་ཅད་རྡོ་རྗེའི་སྔགས་ཀྱི་རང་སྒྲར་ཡེ་ནས་ཡིན་པར་ཤེས་པས་གྲགས་སྟོང་བཟླས་པའི་རིམ་པ་དང་བདག་བྱིན་རླབས་ཀྱི་རྣལ་འབྱོར་ལ་བརྩོན་པར་མཛོད་དང༌། གསུང་རྡོ་རྗེ་མངོན་དུ་གྲུབ་པར་འགྱུར་རོ། །གསུམ་པ་སྣང་མེད་སྟོང་པ་ཆེན་པོ་དབྱིངས་རིག་ཟུང་འཇུག་གི་བརྡ་རྟགས་ཕྱག་མཚན་སྙིང་གར་བཞག་པས་རིག་སྟོང་འོད་གསལ་ཐུགས་ཀྱི་དགོངས་པ་མངོན་དུ་གྱུར་པར་མོས་ཤིག །ཕྱག་མཚན་སྙིང་གར་བཞག ཧྲཱིཿ འཆི་མེད་རྟ་མཆོག་ཧེ་རུ་ཀའི༔ ཐུགས་ཀྱི་དབང་བསྐུར་ཁྱོད་ལ་སྦྱིན༔ རྟོག་ཚོགས་ཆོས་ཀྱི་སྐུར་སྨིན་ནས༔ བདེ་སྟོང་ཟུང་འཇུག་མངོན་གྱུར་ཤོག༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་རྟེན་དུ་འཁོར་འདས་ཀྱི་དྭངས་བཅུད་གཅིག་ཏུ་དྲིལ་བའི་རིལ་བུ་སྙིང་གར་བསྟིམ་པས་ཐུགས་མི་ཤིགས་པ་ཀ་དག་འོད་གསལ་ཆེན་པོའི་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་མོས་ཤིག །ཚེ་རིལ་སྙིང་གར་བཞག་ཅིང་མྱོང་དུ་གཞུག་ལ། ཧྲཱིཿ སྲིད་ཞིའི་དྭངས་མ་འདུས་པའི་བཅུད༔ རྡོ་རྗེ་བདུད་རྩིའི་རིལ་བུ་འདི༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ དགའ་བཞིའི་ཡེ་ཤེས་འཕེལ་བར་ཤོག༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་གྲཱྀ་བ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨཱ་ཡུརྫྙཱན་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཡིད་ཀྱི་སྒྲིབ་པ་དག །བདེ་སྟོང་རྣམ་པར་མི་རྟོག་པའི་ཐབས་ལམ་བསྒོམ་པ་ལ་དབང་བར་བྱས་པས། རྟོག་ཚོགས་ཐམས་ཅད་བདེ་ཆེན་བྱང་ཆུབ་སེམས་ཀྱི་རོལ་པར་ཡེ་ནས་ཡིན་པར་ཤེས་པས། རིག་སྟོང་ཐབས་ཤེས་དབྱིངས་ཡེ་ཟུང་འཇུག་གི་རྣལ་འབྱོར་ལ་བརྩོན་པར་མཛོད་དང༌། ཐུགས་རྡོ་རྗེ་མངོན་དུ་འགྲུབ་པར་འགྱུར་རོ། །བཞི་པ་ཡེ་ཤེས་རྡོ་རྗེ་ཚིག་གི་དབང་གིས་ངོ་སྤྲོད་པའི་དོན་གྱི་ཡེ་ཤེས་ལ་སྦྱོར་བའི་དབང་ནི། དབྱིངས་སྐྱེ་མེད་ཀ་དག་དང་རིག་པ་ལྷུན་གྲུབ་འོད་གསལ་གྱི་སྣང་བ་གཉིས་སུ་མེད་པའི་བརྡར་ཤེལ་དང་མེ་ལོང་བསྟན་ཏེ། ཧྲཱིཿ འཆི་མེད་རྟ་མཆོག་ཧེ་རུ་ཀའི༔ ཡེ་ཤེས་དབང་བསྐུར་ཁྱོད་ལ་སྦྱིན༔ སྒོ་གསུམ་ངོ་བོ་ཉིད་སྐུའི་ཀློང༔ རིག་སྟོང་ཟུང་འཇུག་མངོན་གྱུར་ཤོག༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་གྲཱྀ་བ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ རྗེས་འབྲེལ་འོད་གསལ་ཆོས་ཉིད་ཀྱི་རྟོགས་པས། རྒྱུ་བདག་འཛིན་མཚན་མའི་རུ་ཏྲ་སྡེ་གསུམ་དང་འབྲས་བུ་སྐྱེ་འཆི་འཁྲུལ་པའི་རྟོག་པས་གཡེངས་ཤིང་འཁྲུལ་པའི་གདུལ་བྱ་གཞན་སྒྲོལ་བའི་རྟགས་སུ་དབང་དྲག་པདྨ་ཀཱི་ལ་ཡའི་སྒྲོལ་བྱེད་ལས་ཀྱི་ཕུར་པས་དབང་བསྐུར་བར་མོས་ཤིག །ཕུར་པ་གཏད་ལ། ཧཱུྃ༔ དབང་ཆེན་དྲག་པོ་ཀཱི་ལ་ཡ༔ རིགས་འདུས་ཕུར་པ་འདི་གཏད་པས༔ བྱིན་རླབས་ཕྲིན་ལས་ཡོངས་རྫོགས་ནས༔ ཁམས་གསུམ་འགྲོ་ཀུན་སྒྲོལ་བར་ཤོག༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ཨོཾ་བཛྲ་དུན་བྷྱོ༔ ཏིག་ནན་ཛ་ཛཿ ས་མ་ཡ་སྟྭྃ༔ ས་མ་ཡ་ཛཿ ས་མ་ཡ་བཟློག༔ ས་མ་ཡ་བྷྱོ༔ ས་མ་ཡ་གཏུབ༔ ས་མ་ཡ་བྱེར༔ ས་མ་ཡ་རྦད༔ ས་མ་ཡ་རྦད་རྦུད་ཕཊ྄་ཡ༔ འབྱུང་པོ་མཱ་ར་ཡ་ཛ་ཛཿ ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཨཱཿ སྤྱི་འགྲེ་འདི་ཙམ་གྱིས་རུང་མོད། སྤྲོ་ན་གཟུགས་བརྙན་སྦྱོར་བ་ལ༔ ཚེ་བདུད་བར་ཆད་ཡོངས་བཀུག་ནས༔ རྡོ་རྗེ་ཕུར་བུས་བསྒྲལ་བའི་མཐར༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་སྦྱོར༔ ཞེས་གསུངས་པ་བཞིན་རྒྱས་པར་བྱ་བར་འདོད་ན། དབང་བཞི་པ་དངོས་གཞི་བསྐུར་ཟིན་པའི་རྗེས། དེ་ཡང་སངས་རྒྱས་རྣམས་གཉེན་པོ་རྡོ་རྗེ་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་ནས་འོད་ཟེར་ཆེན་པོའི་དབང་བསྐུར་ཏེ་མངོན་པར་སངས་རྒྱས་པར་བརྩམས་པ་ན། བདུད་སྡེའི་དཔུང་གཡོས་པའི་ཚེ་དྲང་དོན་དུ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་བདུད་བཏུལ་བར་གསུངས་ཤིང༌། ངེས་དོན་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སུ་བདེ་བར་གཤེགས་པའི་ཡེ་ཤེས་ཀྱི་དགོངས་པས་རྗེ་བཙུན་འཇམ་དཔལ་དབྱངས་དང༌། གཏུམ་ཆེན་མི་གཡོ་བ་བསྐུལ་བའི་འོད་ཟེར་བཀྱེ་བས་དེ་གཉིས་ཀྱི་སྤྲུལ་པའི་ཁྲོ་བོས་ནག་པོའི་ཕྱོགས་ཁྲག་ཁྲིག་བཅུ་གཉིས་བསྒྲལ་ཏེ་བར་ཆད་བདུད་སྡེའི་གཡུལ་ལས་རྒྱལ་ནས་མངོན་པར་བྱང་ཆུབ་འཆི་མེད་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི་གོ་འཕང་མངོན་དུ་མཛད་པར་གསུངས་པ་ལྟར་སྐབས་འདིར་ཡང་སྔོན་བྱུང་སྟོན་པའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་ལ་སྦྱོར་བས། ཁྱེད་རང་རྣམས་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་བཞི་པ་ཡེ་ཤེས་རྡོ་རྗེའི་དབང་གིས་བརྡ་དོན་ངོ་སྤྲད་པས་མཐར་ཐུག་གི་གྲུབ་མཐའ་སྙོགས་པ་ལ་བར་དུ་གཅོད་པའི་བདུད་ཚོགས་ཀྱིས་གླགས་མི་རྙེད་པའི་ཕྱིར་མངོན་སྤྱོད་དྲག་པོ་སྒྲོལ་བའི་རྗེས་གནང་མཐའ་རྟེན་གྱི་ཚུལ་དུ་སྦྱོར་བ་ཡིན་པས་ཏིང་འཛིན་དམིགས་པའི་རིམ་པ་འདི་དག་ལ་ཐུགས་གཏད་པར་ཞུ། གོང་གསལ་ཀརྨ་ཐོད་ཕྲེང་གི་གཏོར་བཟློག་སྐབས་ཀྱི་གདབ་ཁ་ལྟར་བྱ། སྤྲོ་ན་སློབ་མ་བདུད་ཆས་སུ་ཞུགས། ཧོམ་མདུན་དུ་བཀོད་དེ། པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ྄། ཕྱི་སྣོད་ཀྱི་འཇིག་རྟེན་དབང་དྲག་པདྨ་རོལ་པའི་དུར་ཁྲོད་དྲག་པོའི་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ། ནང་བཅུད་སྐྱེ་འགྲོ་ཐམས་ཅད་དབང་ཆེན་རྟ་མཆོག་རོལ་པ་པདྨ་ཧེ་རུ་ཀ་དཔའ་བོ་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས་པའི་རྣམ་རོལ་དུ་སད་པས་སློབ་དཔོན་དང་སློབ་མ་གཉིས་ཀ་གཙོ་བོ་དབང་དྲག་པདྨ་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བ་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བའི་སྐུར་གྱུར། ཐུགས་དམ་བསྐུལ་བ་ནི། རྐང་གླིང་དང་བཤུགས་པ་དྲག་པོས་རྔམས་རོལ་དང་གཡབ་དྲིལ་བཅས་ཏེ། ཧཱུྃ༔ ཆོས་ཉིད་གདོད་ནས་སྐྱེ་བ་མེད་པ་ལས༔ སྙིང་རྗེ་ཆེན་པོས་སྐྱེ་བའི་སྐུར་བསྟན་པ༔ རྩ་གསུམ་རྒྱལ་བ་མ་ལུས་འདུས་པའི་དངོས༔ འཆི་མེད་དབང་ཆེན་རྟ་མཆོག་རོལ་པ་རྩལ༔ གཙོ་འཁོར་སྤྲུལ་པ་བཀའ་སྡོད་བཅས་པ་ཀུན༔ དུས་ལས་ཡལ་ཡོལ་དབྲི་བཀོལ་མ་མཛད་པར༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་ངང་ཉིད་ལས༔ ཐུགས་དམ་དབང་གིས་ཁྲོས་འཁྲུགས་སྐུར་བཞེངས་ཏེ༔ གདུག་ཅན་དགྲ་བགེགས་གཏུམ་པོ་ཕམ་མཛད་ཕྱིར༔ འཁོར་བཅས་ཐ་ཚིག་གཉན་པོའི་དུས་ལ་བབ༔ གསོལ་ཡང་མི་དགོངས་བསྐུལ་ཡང་མི་བགྱི་ན༔ ཐུགས་དམ་ཞལ་བཞེས་དམ་བཅའ་རྫུན་དུ་ཐལ༔ དེ་ཕྱིར་ཡེ་ཤེས་ཆེན་པོའི་རྩལ་བསྐྱེད་ལ༔ མངོན་སྤྱོད་དམོད་པའི་ཕྲིན་ལས་ཡོངས་གྲུབ་མཛོད༔ གསེར་སྐྱེམས་དང་གཟུ་དཔང་ལ། ཁྱད་པར་དབང་ཆེན་རྟ་མཆོག་ལྷ་ཚོགས་རྣམས༔ ཞེས་ཁ་བསྒྱུར་བྱ། ཧོམ་བསྐྱེད་རྗེས་དགུག་པ་ལ། ཁྱད་པར་འཆི་མེད་པདྨ་དྲག་པོ་རྩ་གསུམ་ཀུན་འདུས་དབང་ཆེན་རྟ་མཆོག་རོལ་པའི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་འཆི་མེད་ཡེ་ཤེས་རྡོ་རྗེའི་ཚེ་དངོས་གྲུབ་ཟབ་མོ་སྒྲུབ་པ་ལ་གླགས་ལྟ་ཞིང་བར་དུ་གཅོད་པའི་ཚེ་བདུད་ལོག་འདྲེན་མ་རུངས་བགེགས་ཀྱི་ཚོགས་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ སརྦ་སིདྡྷི་ཕ་ལ་ཧཱུྃ༔ བཛྲ་ཨངྐུ་ཤ་ཛཿ བཛྲ་པཱ་ཤ་ཧོཿ བཛྲ་སྥོ་ཊ་བྃ༔ བཛྲ་གཎྜེ་ཧོཿ བཛྲ་ཨ་བེ་ཤ་ཡ་ཨཿ བཛྲ་པྲ་བེ་ཤ་ཡ་ཕཊ྄༔ ཞེས་འགུགས་བསྟིམ་དབྱེ་དབབ་རྣམས་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་དང་སྦྱར་བས་བྱས་ལ། དེ་ཡང་དྲག་ཤུལ་གྱི་ཕྲིན་ལས་བརྩམ་པ་པོ་མཉམ་བཞག་ཆོས་སྐུའི་དགོངས་པ་ལྟ་བ་བློ་འདས་མི་གཡོ་བའི་གདེང་གིས་རྫོང་བཟུང་ཞིང༌། རྗེས་ཐོབ་སྙིང་རྗེའི་རྩལ་གྱིས་ཐུགས་རྗེས་གཞན་སྒྲོལ་བའི་ཕྱིར་ལོག་རྡུག་འབྱམས་གསུམ་གྱི་སྐྱོན་བསལ་བའི་ཕྱིར་གསལ་བ་གསུམ་དང་ལྡན་པའི་སྒོམ་པའི་ཏིང་འཛིན་གྱིས་བྱིང་རྒོད་ཀྱི་འཕྲང་བརྒལ་ཏེ་གདུག་པ་དབྱིངས་སུ་བསྒྲལ་བའི་ཕྱིར་སྒྲོལ་བྱེད་ལས་ཀྱི་ཕུར་པ་ལག་ཏུ་གཏད་པས་བསྒྲལ་བྱའི་ཡུལ་དགྲ་བགེགས་ལ་གདབ་སྟེ་ཚེ་ཁྲུས་གནས་གསུམ་གྱི་དགོངས་པའི་མ་རུངས་པའི་སྲོག་འཕྲོག །བསྒྲལ་བྱ་དབྱིངས་སུ་སྤར། ཚེ་བསོད་རྒྱན་དུ་ཐོབ། ཤ་ཁྲག་གི་དམ་རྫས་དབང་དང་དྲག་ཤུལ་རོལ་པའི་དཀྱིལ་འཁོར་གྱི་ལྷ་ལ་ཕུལ་བས་དགྱེས་ཤིང་རྔམས་པའི་ཚུལ་གྱིས་བཞེས་ཏེ། ཕུང་པོ་དུར་ཁྲོད་དུ་བསྒྲལ། ཉོན་མོངས་པའི་བདུད་ཡེ་ཤེས་སུ་དག །སྣང་སྲིད་བདེ་ཆེན་དུ་ཤར་བས་ལྷ་བུའི་བདུད་ལས་རྒྱལ། སྐྱེ་ཤི་ཁུངས་གཏོར་བས་འཆི་མེད་རྡོ་རྗེའི་དབྱིངས་སུ་བཙན་པ་ཟིན་པར་མོས་མཛོད། ཧཱུྃ༔ དཔལ་ཆེན་དྲག་པོ་སོགས་ཀྱིས་ཕུར་པ་གཏད་ཅིང་གདབ་ལས་བྱ། ལིང་རོ་གཏོར་མ་དང་སློབ་མ་ལའང་སྦྱིན། དེ་དག་གིས་འཆི་མེད་རྡོ་རྗེའི་གསང་བ་གསུམ་གྱི་བྱིན་རླབས་དབང་བསྐུར་གྱི་རིམ་པས་སྒོ་གསུམ་སྨིན་པར་བྱས་པས་ཡེ་ཤེས་བདེ་བ་ཆེན་པོ་སྐྱེད་བརྟན་གོང་འཕེལ་གྱི་ཕྱིར། ཚེ་འགུགས་ཤིང་བཅུད་བསྡུ་བ་ལ། སྙིང་གར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཚེའི་རྟེན་ཧྲཱིཿནྲྀ་ཨའི་ཡི་གེ་གསལ་བ་དང༌། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་འཕྲོས། ཕོ་ཉ་ལས་བྱེད་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་ལས་སྤྲུལ་པ་ཡང་སྤྲུལ་ནམ་མཁའ་གང་བར་སྤྲོས་པ་རྣམས་ཀྱིས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་དང་འཁོར་འདས་བརྟན་གཡོའི་བཅུད་དང་དྭངས་མ་ཐམས་ཅད་དབང་མེད་དུ་བསྡུས། འཆི་མེད་ཚེའི་བདུད་རྩི་ཉི་མ་འཆར་ཁའི་མདངས་ལྟ་བུ་སྙིང་གའི་ཚེ་རྟེན་ལ་ཐིམ་པས་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་མོས་ཤིག །མདའ་དར་གཡབ་ཅིང༌། ཧྲཱིཿ སྐྱེ་མེད་འོད་གསལ་རྡོ་རྗེ་སོགས་ཚེ་འགུགས་བཏང་མཐར། འཁོར་འདས་ཚེ་བཅུད་སྙིང་དབུས་ཀྱི༔ ཚེ་ཡི་རྟེན་ལ་གཉིས་མེད་བསྟིམ༔ ཡབ་ཡུམ་སྙོམས་ཞུགས་རྗེས་ཆགས་ཀྱི༔ བདེ་བ་མི་ཕྱེད་རྡོ་རྗེའི་སྲོག༔ འོད་དམར་པདྨ་རཱ་གའི་ཕྲེང༔ ལུ་གུ་རྒྱུད་ཀྱི་ཐག་པ་ཡིས༔ སྐུ་བཅིང་རླུང་རྣམས་དབུ་མར་བཅུག༔ ཐིག་ལེ་ཚེ་རྟེན་དྲྭ་བར་བསྡམས༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ རྡོ་རྗེ་གསུམ་གྱི་སྲོག་ལྡན་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཝཱ་ཙི་རཀྵ་ཧཱུྃ༔ ཞེས་རྒྱས་གདབ་དང་ཤིས་བརྗོད་བཅས་བྱའོ། །དབང་དང་ཆོ་གའི་རྗེས་རིམ་སྤྱི་ལྟར་མཐར་དབྱུང་བར་བྱའོ། །འཇིྃགས་མེདྃ་བདེ་ཆེན་ཡེ་ཤེས་ནི། །མཁྱེནྃ་བརྩེྃ་ནུས་པའི་འོདྃ་ཟེརྃ་འཛུམ། །བཀྲྃ་ཤིསྃ་མཆོག་ཐུན་དངོས་གྲུབ་ཀྱི། །དཔྃལ་འབྱོྃར་མི་ཟད་གཏེར་དུ་གྲུབ། །རྩ་གསུམ་འོད་གསལ་སྙིང་ཐིག་ཡི་དམ་པདྨ་གསུང་འཆི་མེད་དབང་ཆེན་འདུས་པའི་དབང་བསྐུར་བདེ་ཆེན་ཚེ་མཆོག་གྲུབ་པའི་སྲོལ་འབྱེད་ལེ་ཚན་བཅུ་བཞི་པ་ཤིན་ཏུ་དགའ་བའི་རྡོ་རྗེས་སྦྱར་བའོ། ༈ འཇིགས་བྲལ་བདེ་ཆེན་རྡོ་རྗེ་སེམས་དཔའ་མཆོག །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་སློབ་དཔོན་ཚུལ། །ཀུན་མཁྱེནྃ་ཡེ་ཤེས་མེ་ལོང་རྗེས་བརྩེྃའི་གཏེར། །གངས་ཅན་མཁས་གྲུབ་དབྃང་པོྃར་ཤར་གང་རྒྱལ། །རྩ་གསུམ་འོད་གསལ་སྙིང་གི་ཡི་དམ་རྡོ་རྗེའི་རིགས་རྣམ་པར་འཇོམས་པའི་དབང་བསྐུར་བར་འདོད་པས། སྟེགས་བུར་གཞུང་མཐུན་གྱི་དཀྱིལ་འཁོར་བཀྲམ་པའི་སྟེང་མཉྫིའི་ཁར་བུམ་པ་རྫས་ལྡན། དབང་ཁྲུས་སྦྲག་མ་བྱེད་ན་བུམ་རྫས་ཉེར་ལྔའི་སྟེང༌། ཤེལ། རྡོ་རྗེ་ཕ་ལམ། ཨུཏྤལ་སྔོན་པོ། ཤུ་དག །གི་ཝང༌། ག་པུར་བཅས་སྦྱར་ཤིང་ཁྲུས་རྫས་བླུགས། སྔགས་ཕྲེང༌། ཕྱག་མཚན་རྡོ་རྗེ། ཤེལ་དང་མེ་ལོང༌། དབང་གཏོར་དཀར་ཟླུམ་རྣམས་དང༌། མཐའ་སྐོར་ཉེར་སྤྱོད་ཀྱི་མཆོད་པ། ལས་བུམ། ཁྲུས་གླུད་བྱེད་ན་གཏོར་སྣོད་དུ་ཟན་གྱི་གྲུ་བཞི། ཟླུམ་པོ། ཟླ་གམ། གྲུ་གསུམ་གྱི་དབྱིབས་ཅན་གྱི་བཤོས་བུ་བཞི་རྒྱན་ལྡན་དང༌། དེའི་མདུན་དུ་སྐུ་གླུད་སེར་པོ། དཀར་པོ། དམར་པོ། ལྗང་གུ་བཅས་ལ་ཆང་བུ་ཏིང་ལོ་ནམ་རྒྱང་མདའ་འཕང་འབྲུ་སྨན་དར་རས་རིན་ཆེན་སོགས་མཐུན་རྫས་ཀྱིས་གཏམས་པ་དང༌། དཀར་བགེགས་བཅས་འདུ་བྱས་ལ། དབང་དོན་སྒྲུབ་པ་དངོས་ནི། བརྒྱུད་འདེབས་དང༌། སྐྱབས་སེམས་ནི། བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ སྐྱབས་གནས་རྒྱ་མཚོའི་ཚོགས་ལ་སྐྱབས་སུ་མཆི༔ མཐའ་ཀླས་སྲིད་པའི་ཁམས་རྣམས་བསྒྲལ་བའི་ཕྱིར༔ རྡོ་རྗེ་འཛིན་པའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ། ཧཱུྃ་ཧྲཱིཿ རང་ཉིད་ལྷར་གསལ་ཐུགས་ནས་འཕྲོས་པ་ཡི༔ རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་དང༔ འཁོར་ལོ་མེ་ཕུང་ཁྲོ་བོའི་གུར་ཁང་གིས༔ གཉིས་འཛིན་འཁྲུལ་པའི་བགེགས་ཚོགས་མཚམས་བཅད་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧྲཱིཿ འོག་མིན་བདེ་ཆེན་ཆོས་སྐུའི་ཕོ་བྲང་དང༔ ལྷུན་གྲུབ་ཡེ་ཤེས་རང་སྣང་འོད་ལྔའི་ཞིང༔ གང་འདུལ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ནས༔ སྐུ་གསུམ་ལྷ་ཚོགས་རྣམས་ཀྱིས་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃཧྲཱིཿཧྲཱིཿ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་བི་དཱ་ར་བཛྲ་ཛྙཱ་ན་སརྦ་ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨཿ ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཡུལ་དང་དབང་པོ་འབྲེལ་བའི་སྲེད་ལེན་ཀུན༔ བདེ་སྟོང་ཟུང་འཇུག་ཆེན་པོར་མཉམ་སྦྱོར་བའི༔ རོལ་རྩལ་འགགས་མེད་ཀུན་བཟང་མཆོད་པའི་སྤྲིན༔ མཐའ་ཀླས་ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་དང༌། རཱུ་པ། ཤབྡ། གྷནྡྷེ། རཱ་ས། སྤརྴེ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ས་མ་ཡེ་ཨཱཿཧཱུྃ༔ ལན་གསུམ་བརྗོད་ལ། དངོས་གཞིའི་ལྷ་བསྐྱེད་ནས་བཟླས་པའི་བར་གཞུང་མཐར་ཆགས་སུ་བཏང༌། ཛཔ྄་ཁང་ཕྱེས་ལ་བདག་མདུན་ལ་དམིགས་ནས་རྣམ་འཇོམས་ཀྱི་རྒྱུད་ཀྱི་གླེང་གཞི་སྔོན་དུ་འགྲོ་བས་གཟུངས་རྒྱས་པ་ཇི་ལྟར་རིགས་པ་སྔོན་འགྲོས་གཞུང་ལྟར་ཉེ་བསྙེན་གཙོ་བོར་བསགས། རྣམ་བུམ་བསང་སྦྱངས། བྷྲཱུྃ་ལས་རིན་ཆེན་བུམ་པ་མཚན་ཉིད་རྫོགས༔ སོགས་ནས་བསྟོད་པའི་བར་ལས་བྱང་ལྟར་བྱ། བདག་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འཕྲོས་པའི་འོད་ཟེར་གཟུངས་ཐག་ལ་བརྒྱུད་བུམ་ལྷའི་ཐུགས་ཀར་ཕོག་ཐུགས་དམ་གྱི་རྒྱུད་བསྐུལ། སྐུའི་ཆ་ཐམས་ཅད་ལས་རྡོ་རྗེ་བདུད་རྩིའི་རྒྱུན་བབ་པས་བུམ་པ་ཡོངས་སུ་གང་བར་གྱུར། གཟུངས་ཐག་བླངས་ལ་གཟུངས་རིང་ཐུང་ཅི་འགྲུབ་བཟླ། ལས་བུམ་གྱི་ནང་དུ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་རྒྱ་གྲམ། གཡོན་བདུད་རྩིའི་བུམ་པ་བསྣམས་པའི་ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་བསྐོར་བར་དམིགས་ནས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ྄། ཅེས་བསྙེན་པ་ཅི་རིགས་པ་བྱས་ནས། ཐུན་མཐར་དབྱངས་གསལ་རྟེན་སྙིང་མཆོད་བསྟོད་ཡིག་བརྒྱའི་མཐར། དུང་ཆོས་ཀྱི་ཆུ་མཆོད་ཡོན་ཕུལ། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་པས། ལྷ་ཚོགས་འོད་དུ་ཞུ་ནས་བུམ་ཆུ་དང་གཉིས་མེད་འདྲེས་པར་གྱུར་པར་བསམ། བདག་འཇུག་དབང་ལེན་དང་རིག་པའི་མེ་ཏོག་དོར་བ་གང་འོས་བྱས་ལ། སློབ་མ་རྣམས་ཁྲུས་བྱ་གཏོར་མ་གཏོང་ཞིང་བགེགས་བསྐྲད། སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ། སེམས་བསྐྱེད་གསལ་འདེབས་བཅས་སྔོན་དུ་འགྲོ་བས། སྟོན་པ་ཐམས་ཅད་མཁྱེན་པའི་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཆེན་པོ་བཞི་ཀའི་ཕྲིན་ལས་ཀྱི་ལྷ་རབ་འབྱམས་ཀྱི་རྩ་བ་ནི་རྡོ་རྗེ་རྣམ་པར་འཇོམས་པ་སྟེ། འདི་ལའང་གསར་རྙིང་གི་བཀའ་སྲོལ་ཤིན་ཏུ་མང་ཞིང་རེ་རེ་ལའང་དབང་དང་རྗེས་གནང་རིག་གཏད་ཁྲུས་ཀྱི་ཆོ་ག་སོགས་རྒྱས་བསྡུས་མཐའ་ཀླས་ཤིང༌། སྔ་འགྱུར་རྙིང་མའི་ཕྱོགས་སུ་པཎ་ཆེན་བི་མ་མི་ཏྲ་དང༌། གཉགས་ཆེན་ཛྙཱ་ན་ཀུ་མཱ་ར་ལས་བརྒྱུད་པའི་བཀའ་མ་རྣམ་འཇོམས་ཁྲོ་དཀར་ནག་དང༌། གཏེར་སྟོན་གྲུབ་པ་ཡོངས་ཀྱི་རྒྱལ་པོ་རིག་འཛིན་ཀློང་གསལ་སྙིང་པོ་དང་བདུད་འདུལ་རྡོ་རྗེའི་གཏེར་བྱོན་རྣམ་འཇོམས་དཀར་ནག་སོགས་རྒྱ་ཆེར་བཞུགས་པ་ལས། སྐབས་སུ་བབ་པ་འདི་ནི་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་ཤིང་རྟ་པཎ་ཆེན་བི་མ་མི་ཏྲའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་འོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྐོར་ལས་བྱོན་པའི་རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་སྐོར་ཏེ་གཞུང་ལས། རྒྱུད་དོ་ཅོག་གི་རྩ་བ་ཆེ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ གཟུངས་སྔགས་ཟབ་མོའི་ཕྲིན་ལས་འདི༔ མ་འོངས་དོན་དུ་པདྨས་བསྡེབས༔ ཆོས་དབྱིངས་བུམ་སྐུའི་སྒྲོམ་བུར་རྒྱ༔ ནམ་ཞིག་འགྲོ་དོན་དུས་བབ་རྟགས༔ གཟའ་ཀླུ་རྒྱལ་བསེན་རླུང་ལྟར་འཚུབས༔ ནད་གདོན་སྨྱོ་འབོག་ཆུ་ལྟར་གཡོ༔ ཁྱད་པར་དལ་ཡམས་བཙན་ཐབས་འབེབས༔ ཕྱི་སྣོད་འབྱུང་བ་ཁོལ་བུར་གཡོ༔ ནང་བཅུད་སྟོད་སྨད་འཁྲུགས་པ་མང༔ དེ་ཡི་ཚེ་ན་བདག་ཉིད་དང༔ འཇམ་དཔལ་གྲུབ་པའི་སློབ་དཔོན་གྱིས༔ བྱིན་རླབས་སྦས་པའི་རྣལ་འབྱོར་པ༔ འོད་གསལ་སྤྲུལ་པའི་རྡོ་རྗེ་དང༔ འཕྲད་ནས་འབྲེལ་ཚད་དོན་ལྡན་ཤོག༔ ཞེས་གསུངས་པ་ལྟར་དེང་སང་སྙིགས་མའི་མཐར་ཐུག་མི་ཐུབ་པ་ལྔ་བདོ་བའི་སྐབས་གཉེན་པོ་ཟླ་མེད་ངོ་བོ་ལྷ་སྔགས་མདོ་རྒྱུད་ཀུན་ནས་ཡང་ཡང་བསྔགས་པས་ཁུངས་བཙུན་ཞིང༌། རྣམ་པ་ཟབ་ཅིང་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་འདི་ཉིད་ལའང་དབང་ཁྲུས། འབྱུང་ལྔའི་གླུད་གཏོར། སྦྱིན་སྲེག །སྲུང་བ། རྒྱུད་སྡེ་བཞི་དང་འབྲེལ་བའི་བསྐྱེད་རྫོགས་ཀྱི་ཉམས་ལེན་བཅས་ཀུན་ལས་ཁྱད་པར་འཕགས་པའི་ཆེ་བ་དུ་མ་དང་ལྡན་པའི་ལས་ཐམས་ཅད་ཀྱི་རྩ་བ་དབང་བསྐུར་གྱི་རིམ་པ་སྐབས་སུ་བབ་པས་མཎྜལ་ཕུལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧོཿ དཀྱིལ་འཁོར་གཙོ་བོ་རིགས་ཀུན་བདག༔ ཐུགས་རྗེའི་གཏེར་ཆེན་སློབ་དཔོན་གྱིས༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ སྨིན་གྲོལ་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། ཐོག་མར་སྦྱོར་བའི་རིམ་པ་བླ་མ་དང་གཉིས་སུ་མེད་པའི་རྡོ་རྗེ་རྣམ་པར་འཇོམས་པ་ལ་སྐྱབས་ཡུལ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་བཞུགས་པའི་སྤྱན་སྔར་བདག་གཞན་མཁའ་མཉམ་གྱི་འགྲོ་བ་མཐའ་དག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང༌། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། བདག་དང་མཁའ་མཉམ་སོགས་ལན་གསུམ། ཚོགས་ཞིང་དེ་དག་གི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་སྒོ་གསུམ་སྤྱོད་ལམ་མཐུན་པར་ཕྱག་འཚལ་བ་སོགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ། མཁའ་ཁྱབ་ཀྱི་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་ལྷག་པའི་བྱང་ཆུབ་སེམས་དང་མ་བྲལ་བས་རྡོ་རྗེ་ཐེག་པ་ཐུན་མོང་གི་མ་ཡིན་པའི་སྡོམ་པ་རིགས་ལྔ་སྤྱི་དང་བྱེ་བྲག་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་རྣམས་ལེགས་པར་བླངས་ཏེ་སྲུང་སྙམ་པས་འདིའི་རྗེས་ཟློས། ཨོཾ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང༌། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་རྫོགས་གྱུར་ཅིག །ལན་གསུམ། དངོས་གཞི་བྱིན་རླབས་ཀྱི་གཞི་འགོད་པ་ལ། སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་སློབ་མའི་མ་དག་པའི་སྣང་བ་ཐམས་ཅད་སྟོང་པར་སྦྱངས་པར་བསམ་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་སྣོད་བཅུད་རྣམ་པར་དག་པ་རྡོ་རྗེའི་ཞིང་ཁམས་ཆེན་པོའི་དབུས་སུ་པད་ཉིའི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ། སྒེག་ཅིང་ཁྲོ་བོའི་ཉམས་ཅན། རལ་པའི་ཅོད་པན་གྱིས་མཛེས་པ། ཕྱག་གཡས་རྡོ་རྗེ་རྒྱ་གྲམ་ཕྱོགས་གསུམ་པ་ཐུགས་ཀར་གསོར་ཞིང༌། གཡོན་དྲིལ་བུ་དཀུར་བརྟེན་ནས་འགྱིང་བ། དར་སྔོན་པོས་སྟོད་གཡོགས་དང་ཚིག་གུའི་སྨད་དཀྲིས་ཅན། རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་རོལ་པའོ། །དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་ཕྱོགས་བཅུའི་ཞིང་རབ་འབྱམས་སུ་འཕྲོས་པས་སངས་རྒྱས་བྱང་སེམས་རྩ་གསུམ་ལྷ་ཚོགས་ཐམས་ཅད་རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་སྐུ་དང་ཡིག་འབྲུ་ཕྱག་མཚན་གཟི་བྱིན་འོད་ཕུང་གི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་བྱོན་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་མར་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་ཅིག །རོལ་མོའི་སྒྲ་དང་བཅས་སྤོས་བསྲེག །ལས་བྱང་གི་སྤྱན་འདྲེན་མཐར། ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་ཝཱ་ར་ཨེ་ཧྱ་ཧི་ཛཿཧཱུྃ་བྃ་ཧོཿ ཨོཾ་བཛྲ་ཨ་བེ་ཤ་ཡ་ཨ་ཨ༔ ཞེས་བརྗོད་ཅིང་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དབང་དངོས་ལ་བུམ་པའི་དབང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་རྡོ་རྗེ་བདུད་རྩིའི་ཆུ་རྒྱན་གྱིས་གང་བས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཁྲུས་བྱས་ཤིང་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་བཏེགས་ལ། ཧཱུྃ༔ བུམ་པ་ཟླུམ་པོ་སྤྲོས་བྲལ་ཆོས་སྐུའི་ཀློང༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་དཀྱིལ་འཁོར་ལྷ༔ འོད་ཞུ་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས༔ ཕུང་ཁམས་སྐྱེ་མཆེད་སྒྲིབ་གཉིས་དག་པར་ཤོག༔ གཟུངས་སྔགས་དང༌། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་རྡོ་རྗེ་བདུད་རྩིའི་རྒྱུན་གྱིས་ཁྱེད་རང་གི་ལུས་ཀྱི་ནང་ཐམས་ཅད་གང༌། གྲིབ་དང་མི་གཙང་བ་ཐམས་ཅད་བྱང༌། བདེ་བ་ཆེན་པོ་ཉམས་སུ་མྱོང༌། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། དེས་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །སྐུ་ཕྱག་རྒྱའི་རྣལ་འབྱོར་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །གཉིས་པ་གསུང་བཟླས་པའི་ལུང་སྦྱིན་ཅིང་དབང་བསྐུར་བའི་སླད་དུ། སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང༌། ཞལ་ནས་ཐོན། ཁྱེད་རང་གི་ཞལ་དུ་ཞུགས་ཐུགས་ཀའི་ཧཱུྃ་ཡིག་གི་མཐར་འཁོད་པར་བསམས་ལ་ཆེ་བ་བརྗོད་པ་ཚར་གཅིག་བཀླག །གཟུངས་དངོས་ཀྱི་རྗེས་ཟློས་ལན་གསུམ་བྱར་གཞུག །དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་བརྟན་པར་བྱས་པའི་མོས་པ་བྱ། མཐར་ཕན་ཡོན་དྲན་པ་ཚར་གཅིག་བཀླག །དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག་སྟེ་དབང་བསྐུར་བའི་མོས་མཛོད། སྔགས་བྱང་སྔགས་ཕྲེང་མགྲིན་པར་བཞག་ལ། ཧཱུྃ༔ བཅོམ་ལྡན་གསང་བའི་བདག་པོའི་ཡེ་ཤེས་ལས༔ ཡོངས་ཤར་ཐབས་ཤེས་ཟུང་འཇུག་ཡི་གེའི་སྤྲིན༔ ནུས་པ་སྔགས་ཀྱི་ཕྲེང་བས་དབང་བསྐུར་བས༔ འགྲོ་འོང་རླུང་གི་སྒྲིབ་གཉིས་དག་གྱུར་ཅིག༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ དེས་གསུང་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །གསུང་བཟླས་བརྗོད་བྱེད་པ་ལ་དབང་བར་བྱས་པ་ཡིན་ནོ། །ཐུགས་ཀྱི་དབང་བསྐུར་བའི་སླད་དུ། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཁྲོ་རྒྱལ་ཆེན་པོའི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་མཐིང་ནག་རྩེ་ལྔ་པ་བྱུང་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་དང་བཅས་ཏེ་འོད་གསལ་རྣམ་པར་མི་རྟོག་པའི་དབྱིངས་སུ་མཉམ་པར་འཇོག་མཛོད། རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ ཆོས་ཅན་སྣང་བའི་དངོས་པོ་ཇི་སྙེད་ཀུན༔ ཆོས་ཉིད་བདེ་སྟོང་ཟུང་འཇུག་རྡོ་རྗེའི་དབྱིངས༔ ཡེ་ཤེས་ལྷ་ཡི་ཐུགས་ཀྱི་དབང་བསྐུར་བས༔ གཟུང་འཛིན་རྟོག་ཚོགས་སྒྲིབ་གཉིས་དག་པར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ཐུགས་གཉིས་མེད་ཡེ་ཤེས་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །ཕོ་ཉའི་ལམ་ལས་སྐྱེས་པའི་དཔེའི་ཡེ་ཤེས་ཀྱི་རང་ངོར་བལྟས་ཏེ་མཉམ་པར་བཞག་པས་དོན་དམ་དཔེ་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རིག་སྟོང་ནམ་མཁའ་ལྟ་བུའི་དགོངས་པ་ཤེལ་དང་མེ་ལོང་གི་བརྡས་ངོ་སྤྲད་པ་མངོན་དུ་གྱུར་པ་དེ་ཉིད་བསྐྱང་བར་ཞུ། ཤེལ་རྡོ་དང་མེ་ལོང་བསྟན་ལ། ཧཱུྃ༔ དཔེ་ཡི་ཐབས་ལས་བྱུང་བའི་ཉམས་མྱོང་ནི༔ དོན་དམ་ལྷན་སྐྱེས་རྡོ་རྗེ་རྣམ་པར་འཇོམས༔ ཀ་དག་ལྷུན་གྲུབ་དབྱེ་མེད་དབང་བསྐུར་བས༔ རྩ་རླུང་ཐིག་ལེའི་སྒྲིབ་གཉིས་དག་གྱུར་ཅིག༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ དེས་ཡེ་ཤེས་རྡོ་རྗེའི་དབང་བཞི་པ་ཐོབ། སྒོ་གསུམ་ཆ་མཉམ་པའི་སྒྲིབ་པ་དག །རྫོགས་པ་ཆེན་པོ་སྒོམ་པ་ལ་དབང༌། ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་བརྟན་པར་བྱ་བའི་སླད་དུ། གཏོར་མ་འདི་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པའི་མོས་པ་མཛོད། གཏོར་མ་མགོར་བཞག་ལ། ཧཱུྃ༔ ཕྱི་སྣོད་དག་པ་རབ་འབྱམས་རྡོ་རྗེའི་གྲོང༔ ནང་བཅུད་ཡི་དམ་ལྷ་ཡི་དཀྱིལ་འཁོར་བཞུགས༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་ཤོག༔ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ མཐར་གཏོར་མའི་ལྷ་ཚོགས་རྣམས་འོད་དུ་མེར་གྱིས་ཞུ་སྟེ་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང༌། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་སྐུ་གསུང་ཐུགས་བྱང་ཆུབ་སྙིང་པོའི་བར་དུ་དབྱེར་མི་ཕྱེད་པར་གྱུར་ནས། ཡོན་ཏན་དང་ཕྲིན་ལས་རྒྱ་མཚོར་དབང་འབྱོར་བ་ལ་སློབ་དཔོན་མདུན་བསྐྱེད་དང་བཅས་པས་མེ་ཏོག་གི་ཆར་འབེབས་ཤིང་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཅེས་མཚམས་སྦྱར་ལ་ཤིས་བརྗོད་ཇི་ལྟར་འོས་པ་བྱ་ཞིང་མེ་ཏོག་འཐོར། རོལ་མོ་བསྒྲགས། རྒྱས་པར་སྤྲོ་ན་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་སོགས་ཀྱིས་ཀྱང་མངའ་གསོལ་བར་བྱ། རྩ་བའི་དབང་བསྐུར་འདི་ཡན་གྱིས་གྲུབ་ལ། རྗེས་འབྲེལ་ཁྲུས་ཀྱི་ཆོ་ག་བྱེད་ན། གཏོར་དབང་གི་ཡོན་ཏན་དང་ཕྲིན་ལས་རྒྱ་མཚོ་ལ་དབང་འབྱོར་བ་ཡིན་ནོ། །ཞེས་པའི་རྗེས། དེ་དག་གིས་དབང་བཞི་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ་ནས། རྗེས་འབྲེལ་ཉམས་གྲིབ་སེལ་བ་ཁྲུས་ཀྱི་ཆོ་ག་བགྱི་བ་ལ་ཐུགས་དམིགས་འདི་ལྟར་གནང་མཛོད། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཁྲོ་བོ་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་བཅུའི་ཚོགས་ཀྱི་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མ་ཛཿས་སྤྱན་དྲངས་ལ། ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་གྱུར་པ་ནི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། སྤྱན་དྲངས་པའི་ལྷ་རྣམས་དང་བུམ་པའི་ལྷ་དབྱེར་མེད་པ་ནམ་མཁའ་གང་བའི་ལྷ་ཚོགས་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་ཁྲུས་མཛད་པས་ཁྱེད་རང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བུ་ག་དང་བ་སྤུའི་ཁུང་བུ་རྣམས་ནས་དུད་ཁུ་འཛག་པ་ལྟར་ནག་ཉིལ་གྱིས་ཐོན་ནས་ལུས་དུང་དཀར་པོའི་རྡུལ་ཕྱིས་པ་ལྟར་སྦྱངས་ཤིང་ཡེ་ཤེས་ཀྱི་བདུད་རྩིས་ཆིལ་གྱིས་གང་བར་མོས་ལ། རྣམ་བུམ་གྱི་ཁྲུས་ཆུས་བཀྲུས་ཏེ། ཧཱུྃ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ བསྐྱེད་པ་སྐུ་ཡི་བདུད་རྩིའི་ཆུས༔ དེང་འདིར་ཁྱོད་ལ་ཁྲུས་བགྱིས་པས༔ ལུས་ཀྱི་གྲིབ་དང་མི་གཙང་དང༔ ནད་གདོན་སྡིག་སྒྲིབ་དག་གྱུར་ཅིག༔ གཟུངས་སྔགས་དང༌། ཀཱ་ཡ་བི་ཤོ་དྷ་ན་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནད་ཐམས་ཅད༴ གདོན་ཐམས་ཅད༴ བགེགས་ཐམས་ཅད༴ གྲིབ་ཐམས་ཅད༴ མི་གཙང་བ་ཐམས་ཅད༴ སྡིག་པ་ཐམས་ཅད༴ སྒྲིབ་པ་ཐམས་ཅད༴ བར་དུ་གཅོད་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད༴ ཧཱུྃ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ བཟླས་པ་སྔགས་ཀྱི་བདུད་རྩིའི་ཆུས༔ དེང་འདིར་ཁྱེད་ལ་ཁྲུས་བགྱིས་པས༔ ངག་གི་གྲིབ་དང་མི་གཙང་དང༔ ནད་གདོན་སྡིག་སྒྲིབ་དག་གྱུར་ཅིག༔ གཟུངས་སྔགས་མཐར། ཝཱཀ་བི་ཤོ་དྷ་ན་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནད་ཐམས་ཅད༴ གདོན་ཐམས་ཅད༴ སོགས་སྔ་མ་ལྟར་སྦྱར། ཧཱུྃ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ འོད་གསལ་ཡེ་ཤེས་བདུད་རྩིའི་ཆུས༔ དེང་འདིར་ཁྱོད་ལ་ཁྲུས་བགྱིས་པས༔ ཡིད་ཀྱི་གྲིབ་དང་མི་གཙང་དང༔ ནད་གདོན་སྡིག་སྒྲིབ་དག་གྱུར་ཅིག༔ གཟུངས་སྔགས་མཐར། ཙིཏྟ་བི་ཤོ་དྷ་ན་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནད་ཐམས་ཅད༴ གདོན་ཐམས་ཅད༴ སོགས་གོང་ལྟར་འགྲེ། ཧཱུྃ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ གསང་གསུམ་དབྱེར་མེད་བདུད་རྩིའི་ཆུས༔ དེང་འདིར་ཁྱོད་ལ་ཁྲུས་བགྱིས་པས༔ སྒོ་གསུམ་གྲིབ་དང་མི་གཙང་དང༔ ནད་གདོན་སྡིག་སྒྲིབ་དག་གྱུར་ཅིག༔ གཟུངས་སྔགས་མཐར། ཀཱ་ཡ་ཝཱཀ་ཙིཏྟ་བི་ཤོ་དྷ་ན་ཡེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནད་ཐམས་ཅད༴ གདོན་ཐམས་ཅད་སོགས། སྤྲོ་ན་ཡེ་ཤེས་རྣམ་ལྔ་དང༔ ཕར་ཕྱིན་དྲུག་གི་ཁྲུས་ཀྱང་བྱ༔ ཞེས་གསུངས་པས་རྒྱས་པར་བྱ་ན། ཧཱུྃ༔ བདུད་རྩིའི་ཆུ་བོ་ཁྲུས་ཀྱི་རྫིང༔ མེ་ལོང་ཡེ་ཤེས་རང་བཞིན་གྱིས༔ ཉོན་མོངས་ཞེ་སྡང་ལས་གྱུར་པའི༔ མི་མཐུན་ཕྱོགས་ཀུན་ཞི་གྱུར་ཅིག༔ སྔགས་མཐར། ཉོན་མོངས་པ་ཞེ་སྡང་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ་ལོག་པའི་རྒུད་པ་ཐམས་ཅད་ཤཱནྟིཾ༴ ཧཱུྃ༔ བདུད་རྩིའི་ཆུ་བོ༴ ཆོས་དབྱིངས་ཡེ་ཤེས༴ ཉོན་མོངས་གཏི་མུག༴ མི་མཐུན༴ ཉོན་མོངས་པ་གཏི་མུག་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ༴ ཧཱུྃ༔ བདུད་རྩིའི་ཆུ་བོ༴ མཉམ་ཉིད་ཡེ་ཤེས༴ ཉོན་མོངས་ང་རྒྱལ༴ མི་མཐུན༴ ཉོན་མོངས་པ་ང་རྒྱལ་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ༴ ཧཱུྃ༔ བདུད་རྩིའི་ཆུ་བོ༴ སོར་རྟོག་ཡེ་ཤེས༴ ཉོན་མོངས་འདོད་ཆགས༴ མི་མཐུན༴ ཉོན་མོངས་པ་འདོད་ཆགས་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ་ལོག་པའི་རྒུད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ བདུད་རྩིའི་ཆུ་བོ༴ བྱ་གྲུབ་ཡེ་ཤེས་རང་བཞིན་གྱིས༔ ཉོན་མོངས་ཕྲག་དོག་ལས་གྱུར་པའི༔ མི་མཐུན་ཕྱོགས་ཀུན༴ ཉོན་མོངས་པ་ཕྲག་དོག་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ་ལོག་པའི་རྒུད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ རང་བྱུང་ཡེ་ཤེས་བདུད་རྩིའི་ཆུས༔ བརྟན་གཡོའི་རྒུད་པ་ཀུན་སྦྱངས་ནས༔ ཀློང་ལྔའི་དབྱིངས་ལས་རིག་པའི་གདངས༔ རྟག་ཏུ་བཀྲ་ཤིས་འཕེལ་གྱུར་ཅིག༔ གཟུངས་སྔགས་དང་རྟེན་འབྲེལ་སྙིང་པོ་བརྗོད་ཅིང་བཀྲུའོ། ཧཱུྃ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་པ། །གཏོང་བ་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །གཟུངས་སྔགས་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་ཁྲུས་སྔགས་གདགས་པས་བཀྲུ། དེ་བཞིན་དུ། འདི་ནི་ཚུལ་ཁྲིམས༴ འཆལ་བའི༴ སྲུང་བ༴ ཁྲུས་ལེགས༴ གཟུངས་སྔགས་དང་ཁྲུས་སྔགས། འདི་ནི་བཟོད་པའི༴ ཁོང་ཁྲོའི༴ བྱམས་པའི༴ ཁྲུས་ལེགས༴ སྔགས་མཐར། འདི་ནི་བརྩོན་འགྲུས༴ ལེ་ལོའི༴ བརྩོན་པའི༴ ཁྲུས་ལེགས༴ སྔགས་མཐར། འདི་ནི་བསམ་གཏན༴ རྣམ་གཡེང༴ ཏིང་འཛིན༴ ཁྲུས་ལེགས༴ སྔགས་མཐར། འདི་ནི་ཤེས་རབ༴ ཤེས་འཆལ༴ ཡེ་ཤེས༴ ཁྲུས་ལེགས༴ སྔགས་མཐར། ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་སོགས་སྔ་མ་ལྟར་ལན་གཅིག་སྦྱར། ཞེས་བརྗོད་པའི་དོན་བཞིན་ཕྱི་ནང་གི་དྲི་མ་ཐམས་ཅད་དག་པར་བསམ་ལ་བུམ་ཆུ་སྤྱི་བོ་ནས་བླུགས་ཏེ་བཀྲུ། གལ་ཏེ་དངོས་སུ་བཀྲུར་མི་རུང་ན་མེ་ལོང་སོགས་ལ་ཤར་བའམ་གཟུགས་བརྙན་ལའང་བཀྲུ་རུང་བར་གསུངས། མཐར་སྨེ་བརྩེགས་ཀྱི་སྔགས་དང༌། ཨེ་ཧོ་ཤུདྡྷེ་སོགས་འབྱུང་ལྔའི་ཁྲུས་སྔགས་ཀྱང་སྦྱར་ན་ལེགས་པའི་ཕྱག་སྲོལ་མཛད་མ་སྦྱར་ཀྱང་ཆད་སྐྱོན་མེད། དེ་ནས་བྱབས་པ་ནི། ཁྲུས་ཆུ་ཅུང་ཟད་ཁར་འཛིན་དུ་བཅུག་ལ། བྱབས་པ་དང་མཉམ་དུ་ཕྱིར་འདོར་བཅུག་ཏེ། སློབ་དཔོན་གྱི་ཀུ་ཤ་དང་རྨ་བྱའི་སྒྲོ་ཆུན་རྡོ་རྗེ་དང་བཅས་པས་བྱབས་པའི་མོད་ལ་མདུན་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བ་ཁྱེད་རང་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བསྡུས་ཏེ་མདུན་དུ་བྱབས་པར་གྱུར། ཁྲུས་གླུད་བྱེད་ན། མདུན་གྱི་ཁྲུས་གླུད་ལ་ཐིམ་པར་གྱུར། ཞེས་བརྗོད་ལ་ཀུ་ཤ་རྨ་བྱའི་སྒྲོ་ཆུན་རྡོ་རྗེ་དང་བཅས་པ་ལག་ཏུ་ཐོགས་པས་བསྒྲུབ་བྱའི་སྤྱི་བོ་ནས་རྐང་པའི་བར་དུ་བྱབས་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ བྱིན་རླབས་ཐུགས་རྗེའི་བདེན་སྟོབས་ཀྱིས༔ བསྒྲུབ་བྱའི་ལུས་ཀྱི་ནད་གདོན་བགེགས༔ གྲིབ་དང་མི་གཙང་སྡིག་སྒྲིབ་ཀུན༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ གཟུངས་སྔགས་མཐར། ཀཱ་ཡ་བི་ཤོ་དྷ་ན་ཨ་པ་ནཱ་ཡེ་སྭཱ་ཧཱ༔ ནད་ཐམས་ཅད་ཨ་པ་ནཱ་ཡེ་སྭཱ་ཧཱ༔ གདོན་ཐམས་ཅད༴ བགེགས་ཐམས་ཅད༴ གྲིབ་ཐམས་ཅད༴ མི་གཙང་བ་ཐམས་ཅད༴ སྡིག་པ༴ སྒྲིབ་པ༴ བར་དུ་གཅོད་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ཨ་པ་ནཱ་ཡེ་སྭཱ་ཧཱ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་གསུང༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ སོགས་སྔགས་དང་སྤེལ་ཚིག་སྦྱར། ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས༔ རྡོ་རྗེ་རྣམ་པར་འཇོམས་པ་སོགས་སྔགས་དང་སྤེལ་ཚིག་སྔ་མ་ལྟར་སྦྱར་བས་བྱབས། རྒྱས་པར་སྤྲོ་ན་འབྱུང་བཞི་སོ་སོའི་རྫས་ཀྱིས་བསྐོར་ཞིང་སྐུ་གླུད་ཀྱི་ནང་སོགས་སུ་དོར། ཀུ་ཤ་དང་རྨ་བྱའི་ཆུན་པོས་བྱབས་ལ། ཁྱེད་རང་རྣམས་ལ་འབྱུང་བ་བཞི་སོ་སོའི་རྫས་ཀྱིས་བསྐོར་ཞིང་དོར་བས་དེ་དག་ལས་བྱུང་བའི་ནད་གདོན་གྲིབ་ཀྱི་ཚོགས་ཐམས་ཅད་སངས་ཀྱིས་བསལ། དག་བྱེད་དགེ་བའི་རྫས་ཀུ་ཤ་དང་རྨ་བྱའི་ཆུན་པོས་བྱབས་པས་དུ་བ་རླུང་གིས་བདས་པ་ལྟར་མི་མཐུན་པའི་ཕྱོགས་ཐམས་ཅད་སངས་ཀྱིས་དག་པར་མོས་མཛོད། ཧཱུྃ༔ ས་ནི་དུག་གི་ཕ་ཡིན་ཏེ༔ ས་ནི་དུག་གི་མ་ཡང་ཡིན༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ གཅིག་བསྡུས་བཅོམ་ལྡན་གསང་བའི་བདག༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ བྱིན་རླབས་ཐུགས་རྗེའི་ནུས་སྟོབས་དང༔ ལྷ་སྔགས་ཡེ་ཤེས་རོལ་པ་ཡིས༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ ཁྱེད་ཀྱི་བད་ཀན་ལས་གྱུར་ནད༔ ལྕི་ཞིང་འཐིབས་པའི་རིགས་རྣམས་ཀུན༔ འབྱུང་བ་ས་ཡི་ཀློང་དུ་ཐིམ༔ ནད་དང་སྡུག་བསྔལ་བྲལ་བར་ཤོག༔ གཟུངས་སྔགས་མཐར། སརྦ་རོ་གེ་བྷྱཿ ལཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ཆུ་ནི་དུག་གི་ཕ་ཡིན་ཏེ༔ ཆུ་ནི་དུག་གི་མ་ཡང་ཡིན༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ གཅིག་བསྡུས་བཅོམ་ལྡན་གསང་བའི་བདག༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ བྱིན་རླབས་ཐུགས་རྗེའི་ནུས་སྟོབས་དང༔ ལྷ་སྔགས་ཡེ་ཤེས་རོལ་པ་ཡི༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ ཁྱོད་ཀྱི་ཁྲག་དང་ཆུ་སེར་ནད༔ ཞེན་ཅིང་ཁྱབ་པའི་རིགས་རྣམས་ཀུན༔ འབྱུང་བ་ཆུ་ཡི་ཀློང་དུ་ཐིམ༔ ནད་དང་སྡུག་བསྔལ་བྲལ་བར་ཤོག༔ གཟུངས་སྔགས་མཐར། སརྦ་རོ་གེ་བྷྱཿ བཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ མེ་ནི་དུག་གི་ཕ་ཡིན་ཏེ༔ མེ་ནི་དུག་གི་མ་ཡང་ཡིན༔ སངས་རྒྱས་ཀུན་གྱི༴ གཅིག་བསྡུས་བཅོམ་ལྡན༴ རྡོ་རྗེ་རྣམ་པར༴ བྱིན་རླབས༴ ལྷ་སྔགས་ཡེ་ཤེས༴ བདེན་པའི་བདེན་ཚིག༴ ཁྱོད་ཀྱི་མཁྲིས་པ་ལས་གྱུར་ནད༔ ཚ་ཞིང་བསྲེགས་པའི་རིགས་རྣམས་ཀུན༔ འབྱུང་བ་མེ་ཡི་ཀློང་དུ་ཐིམ༔ ནད་དང་སྡུག་བསྔལ་བྲལ་བར་ཤོག༔ གཟུངས་སྔགས་མཐར། སརྦ་རོ་གེ་བྷྱཿ རཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ རླུང་ནི་དུག་གི་ཕ་ཡིན་ཏེ༔ རླུང་ནི་དུག་གི་མ་ཡང་ཡིན༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ གཅིག་བསྡུས་བཅོམ་ལྡན༴ རྡོ་རྗེ་རྣམ་པར༴ བྱིན་རླབས༴ ལྷ་སྔགས༴ བདེན་པའི༴ ཁྱོད་ཀྱི་རླུང་ལས་གྱུར་པའི་ནད༔ ཡང་ཤིང་གཡོ་བའི་རིགས་རྣམས་ཀུན༔ འབྱུང་བ་རླུང་གི་ཀློང་དུ་ཐིམ༔ ནད་དང་སྡུག་བསྔལ་བྲལ་བར་ཤོག༔ གཟུངས་སྔགས་མཐར། སརྦ་རོ་གེ་བྷྱཿ ཡཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ཀུ་ཤ་དང་རྨ་བྱས་བྱབས་ལ། སླར་ཡང་དཀོན་མཆོག་གསུམ་གྱི་བདེན་པའི་སྟོབས་བརྗོད། དེ་ལྟར་བྱབས་པས་བཞི་བརྒྱ་རྩ་བཞིའི་ནད་ཀྱི་རྒྱུ་འབྲས་ཐམས་ཅད་བྱང་ཞིང་དག་ནས་སྒོ་གསུམ་ཤེལ་གོང་ལྟར་གྱུར་པའི་མོས་པ་མཛོད། འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ བཅོམ་ལྡན་སངས་རྒྱས་དུག་མི་མངའ༔ སངས་རྒྱས་བདེན་པའི་དུག་བཅོམ་མོ༔ བསྒྲུབ་བྱའི་ལུས་ངག་ཡིད་གསུམ་ལ༔ དུག་གསུམ་རྒྱུ་ལས་སྐྱེས་པ་ཡི༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་ཀུན༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ གཟུངས་སྔགས་མཐར། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་རོ་གེ་བྷྱཿ ཨ་པ་ནཱ་ཡེ་སྭཱ་ཧཱ༔ རླུང་ལས་གྱུར་པའི་ནད་ཐམས་ཅད་ཨ་པ་ནཱ་ཡེ་སྭཱ་ཧཱ༔ མཁྲིས་པ་ལས་གྱུར་པའི་ནད་ཐམས་ཅད་ཨ་པ་ནཱ་ཡེ་སྭཱ་ཧཱ༔ བད་ཀན་ལས་གྱུར་པའི་ནད་ཐམས་ཅད༴ ལྡན་པ་ལས་གྱུར་པའི་ནད༴ འདུས་པ་ལས་གྱུར་པའི་ནད་ཐམས་ཅད་ཨ་པ་ནཱ་ཡེ་སྭཱ་ཧཱ༔ དེ་བཞིན་ཐོག་མཐའ་འདྲ་བ་ལ། སྐྱོབ་པ་དམ་ཆོས་དུག་མི་མངའ༔ དམ་ཆོས་བདེན་པས་དུག་བཅོམ་མོ༔ འཕགས་པའི་དགེ་འདུན་དུག་མི་མངའ༔ དགེ་འདུན་བདེན་པས་དུག་བཅོམ་མོ༔ ཞེས་ཁ་བསྒྱུར་བས་བྱབས། བུམ་པའི་ཆུས་ཁྲུས་བྱས་ལ། སླར་ཡང་ལྷ་ཚོགས་རྣམས་ཀྱིས་བདུད་རྩིའི་ཆུ་རྒྱུན་གྱི་ཁྲུས་མཛད་པས་བཞི་བརྒྱ་རྩ་བཞིའི་ནད་ཀྱི་ཚོགས་ཐམས་ཅད་ལྷག་མེད་དུ་བཀྲུས་པར་མོས་མཛོད། ཧཱུྃ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ ངོ་བོ་ཆོས་སྐུའི་བདུད་རྩིའི་ཆུས༔ དེང་འདིར་ཁྱོད་ལ་ཁྲུས་བགྱིས་པས༔ ཡོངས་གྲུབ་ཚེ་ཡི་ནད་ཀྱི་རིགས༔ བཞི་བརྒྱ་རྩ་བཞི་ཞི་གྱུར་ཅིག༔ གཟུངས་སྔགས་མཐར། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་རོ་གེ་བྷྱཿ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རླུང་ལས་གྱུར་པའི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ༴ མཁྲིས་པ་ལས་གྱུར་པའི་ནད༴ བད་ཀན་ལས་གྱུར་པའི་ནད་ཐམས་ཅད༴ ལྡན་པ་ལས་གྱུར་པའི་ནད༴ འདུས་པ་ལས་གྱུར་པའི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ རང་བཞིན་ལོངས་སྐུའི་བདུད་རྩིའི་ཆུས༔ དེང་འདིར་ཁྱོད་ལ་ཁྲུས་བགྱིས་པས༔ གཞན་དབང་སྔོན་ལས་ལས་གྱུར་ནད༔ བཞི་བརྒྱ་རྩ་བཞི་ཞི་གྱུར་ཅིག༔ གཟུངས་སྔགས་མཐར། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་རོ་གེ་བྷྱེཿ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རླུང་ལས་གྱུར་པའི་ནད་ཐམས་ཅད་སོགས་སྔ་མ་ལྟར་སྦྱར། ཧཱུྃ་༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ ཐུགས་རྗེ་སྤྲུལ་སྐུའི་བདུད་རྩིའི༴ དེང་འདིར་ཁྱོད་ལ་ཁྲུས༴ ཀུན་བརྟགས་གདོན་ལས་གྱུར་པའི་ནད༔ བཞི་བརྒྱ་རྩ་བཞི་ཞི་གྱུར་ཅིག༔ གཟུངས་སྔགས་མཐར། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་རོ་གེ་བྷྱཿ ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རླུང་ལས་གྱུར་སོགས། ཧཱུྃ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ སྐུ་གསུམ་དབྱེར་མེད་བདུད་རྩིའི་ཆུས༔ དེང་འདིར༴ ལྟར་སྣང་འཕྲལ་རྐྱེན་ལས་གྱུར་ནད༔ བཞི་བརྒྱ་རྩ་བཞི་ཞི་གྱུར་ཅིག༔ གཟུངས་སྔགས་མཐར། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་རོ་གེ་བྷྱཿ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རླུང་ལས་སོགས། འབྱུང་བཞིའི་གཏོར་མ་ཆབ་ཀྱིས་བྲན། རྃ་ཡྃ་ཁྃ་གིས་བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་འབྱུང་བ་སོ་སོའི་བྱེད་ལས་དང་མཚན་ཉིད་ཐམས་ཅད་ཚང་བ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། གླུད་གཏོར་བསང་སྦྱང༌། སྟོང་པའི་ངང་ལས་གླུད་གཏོར་ཕུང་ཁམས་སྐྱེ་མཆེད་ཚང་ཞིང་མཛེས་པ་འདོད་དགུའི་འབྱོར་པ་དང་བཅས་པར་གྱུར། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ལན་གསུམ། རྫས་རྣམས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། ནམཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུདག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། འདོད་པའི་ཡོན་ཏན་ལྔ་ལྡན་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄། ཡོ་བྱད་ཐམས་ཅད་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀེ་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཡོ་བྱད་ཐམས་ཅད་སོ་སོའི་བསམ་པ་དང་མཐུན་པར་གྱུར། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀེ་ཏེ་ན་མཿས་མནྟ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲཱི་ད་ཡ་ཛྭ་ལ་ནི་ཧཱུྃ། ཡོ་བྱད་ལ་མགྲོན་རྣམས་འཐབ་རྩོད་མེད་པར་ལོངས་སྤྱོད་པར་གྱུར། ན་མཿས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་རི་པྲ་བྷཉྫ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། མགྲོན་རྣམས་ཐམས་ཅད་བདག་གི་དབང་དུ་འདུས་པར་གྱུར། ན་མོ། བདག་གི་བསམ་པའི་སྟོབས་དག་དང༌། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །ལན་ཆགས་མགྲོན་རྣམས་བརྔན་པ་དང༌། །སེམས་ཅན་ཀུན་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་པས་ཀྱང་བྱིན་གྱིས་བརླབས་པ་རྒྱ་ཆེར་བྱ། མགྲོན་འགུགས་པ་ནི། འདོད་རྒྱལ་གྱི་སྔགས་དང་ཕྱག་རྒྱ་བྱས་ལ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང༌། ཁྱད་པར་དུའང་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་ལས་བསྒྲུབ་བྱ་འདིའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་གདུག་པའི་སེམས་འཆང་བའི་གྲིབ་བདག་འབྱུང་པོ་གདུག་པ་ཅན་ཐམས་ཅད་གླུད་ཀྱི་གཏོར་མ་ལེན་པའི་ཆེད་དུ་སྐད་ཅིག་ཡུད་ཙམ་གྱིས་འདིར་མཆིས་པར་གྱུར་ཅིག །རྣམ་འཇོམས་གཟུངས་སྔགས་མཐར། ཨོཾ་བཛྲ་ཨ་ཀརྵ་ཡ་ཛཿཛཿཧཱུྃ་བྃ་ཧོཿ ལན་གསུམ། ཧཱུྃ༔ ང་ནི་བཅོམ་ལྡན་གསང་བའི་བདག༔ རྡོ་རྗེ་རྣམ་པར་འཇོམས་པ་སྟེ༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་དང༔ བྱིན་རླབས་ཐུགས་རྗེ་གཅིག་བསྡུས་ནས༔ གདུག་པ་འདུལ་བར་དབང་ཡང་བསྐུར༔ དེ་ཕྱིར་གདོན་བགེགས་འབྱུང་པོ་ཀུན༔ ང་ཡི་བཀའ་ལས་འདའ་མ་བྱེད༔ ཁྲོ་རྒྱལ་རྡོ་རྗེའི་བཀའ་ལས་ནི༔ འབྱུང་པོ་གང་ཞིག་འདའ་བྱེད་པའི༔ ལུས་ངག་ཡིད་གསུམ་རྡུལ་དུ་རློགས༔ མིང་ཡང་གྲགས་པར་མི་འགྱུར་ཕྱིར༔ དེ་བས་དམ་ལ་གནས་པར་གྱིས༔ གཟུངས་སྔགས་ལན་གསུམ་བཟླ་ཞིང་རྡོ་རྗེ་གསོར་བས་འབྱུང་པོ་རྣམས་དམ་ལ་གནས་པར་བསམ་ལ། འབྲུ་གསུམ་དང་སཾ་བྷ་ར་བརྗོད། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་དེ་བཞིན་གཤེགས༔ རྣམ་པར་སྣང་མཛད་ཏིང་འཛིན་དང༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ མཐུ་སྟོབས་བྱིན་རླབས་གཅིག་བསྡུས་པ༔ གསང་བའི་བདག་པོའི་བཀའ་བྱུང་གི༔ ཤར་ཕྱོགས་སྟོང་གི་འཇིག་རྟེན་ན༔ གནས་པའི་ལྷ་སྲིན་སྡེ་བརྒྱད་དང༔ མ་རིག་གཏི་མུག་ལས་བྱུང་བའི༔ ཀླུ་གདོན་སུམ་བརྒྱ་དྲུག་ཅུ་ཀུན༔ འབྱུང་བ་ས་ཡི་དྭངས་མའི་བཅུད༔ གཅིག་བསྡུས་འདོད་ཡོན་རྒྱ་མཚོའི་སྤྲིན༔ གླུད་གཏོར་བཟང་པོ་འདི་ཁྱེར་ལ༔ བསྒྲུབ་བྱའི་ལུས་ངག་ཡིད་གསུམ་ལ༔ བཟུང་བ་ཐོང་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཐེག༔ ཕྱིན་ཆད་གནོད་འཚེའི་བསམ་སྦྱོར་སྤོངས༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ལས་སྤྲུལ་པའི་ཁྲོ་བོ་རྒྱལ༔ གཏི་མུག་རྣམ་དག་ཧེ་རུ་ཀ༔ རྡོ་རྗེ་གཏུམ་པོ་ཐུགས་ཁྲོས་ནས༔ འབར་བའི་མཚོན་ཆ་སྣ་ཚོགས་ཀྱིས༔ ལུས་ངག་ཡིད་གསུམ་རྡུལ་དུ་རློགས༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཨོཾ་བུདྡྷ་མ་ཧཱ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཧཱུྃ༔ མཉམ་ཉིད་ཡེ་ཤེས་འདོད་དགུའི་གཏེར༔ རིན་ཆེན་འབྱུང་ལྡན་ཏིང་འཛིན་དང༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ མཐུ་སྟོབས་བྱིན་རླབས་གཅིག་བསྡུས་པ༔ གསང་བའི་བདག་པོའི་བཀའ་བྱུང་གི༔ ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན༔ གནས་པའི་ལྷ་སྲིན་སྡེ་བརྒྱད་དང༔ མ་རིག་ང་རྒྱལ་ལས་བྱུང་བའི༔ ཕོ་གདོན་སུམ་བརྒྱ་དྲུག་ཅུ་ཀུན༔ འབྱུང་བ་ཆུ་ཡི་དྭངས་མའི་བཅུད༔ གཅིག་བསྡུས་འདོད་ཡོན་རྒྱ་མཚོའི་སྤྲིན༔ གླུད་གཏོར་བཟང་པོ་འདི་ཁྱེར་ལ༔ བསྒྲུབ་བྱའི་ལུས་ངག་ཡིད་གསུམ་ལ༔ བཟུང་བ་ཐོང་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཐེག༔ ཕྱིན་ཆད་གནོད་འཚེའི་བསམ་སྦྱོར་སྤོངས༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ལས་བྱུང་བའི་ཁྲོ་བོ་རྒྱལ༔ ང་རྒྱལ་རྣམ་དག་ཧེ་རུ་ཀ༔ རྡོ་རྗེ་བེ་ཅོན་ཐུགས་ཁྲོས་ནས༔ འབར་བའི་མཚོན་ཆ་སྣ་ཚོགས་ཀྱིས༔ ལུས་ངག་ཡིད་གསུམ་རྡུལ་དུ་རློགས༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཨོཾ་རཏྣ་མ་ཧཱ་ཀྲོ་དྷ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄༔ ཧཱུྃ༔ སོར་རྟོག་ཡེ་ཤེས་པདྨའི་རིགས༔ སྣང་བ་མཐའ་ཡས་ཏིང་འཛིན་དང༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ མཐུ་སྟོབས་བྱིན་རླབས་གཅིག་བསྡུས་པ༔ གསང་བའི་བདག་པོའི་བཀའ་བྱུང་གི༔ ནུབ་ཕྱོགས་སྟོང་གི་འཇིག་རྟེན་ན༔ གནས་པའི་ལྷ་སྲིན་སྡེ་བརྒྱད་དང༔ མ་རིག་འདོད་ཆགས་ལས་བྱུང་བའི༔ མོ་གདོན་སུམ་བརྒྱ་དྲུག་ཅུ་ཀུན༔ འབྱུང་བ་མེ་ཡི་དྭངས་མའི་བཅུད༔ གཅིག་བསྡུས་འདོད་ཡོན་རྒྱ་མཚོའི་སྤྲིན༔ གླུད་གཏོར་བཟང་པོ་འདི་ཁྱེར་ལ༔ བསྒྲུབ་བྱའི་ལུས་ངག་ཡིད་གསུམ་ལ༔ བཟུང་བ་ཐོང་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཐེག༔ ཕྱིན་ཆད་གནོད་འཚེའི་བསམ་སྦྱོར་སྤོངས༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་ལས་སྤྲུལ་པའི་ཁྲོ་བོ་རྒྱལ༔ འདོད་ཆགས་རྣམ་དག་ཧེ་རུ་ཀ༔ རྡོ་རྗེ་ཐོ་བ་ཐུགས་ཁྲོས་ནས༔ འབར་བའི་མཚོན་ཆ་སྣ་ཚོགས་ཀྱིས༔ ལུས་ངག་ཡིད་གསུམ་རྡུལ་དུ་རློགས༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཨོཾ་པདྨ་མ་ཧཱ་ཀྲོ་དྷ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄༔ ཧཱུྃ༔ བྱ་གྲུབ་ཡེ་ཤེས་ལས་ཀྱི་རིགས༔ དོན་ཡོད་གྲུབ་པའི་ཏིང་འཛིན་དང༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ མཐུ་སྟོབས་བྱིན་རླབས་གཅིག་བསྡུས་པ༔ གསང་བའི་བདག་པོའི་བཀའ་བྱུང་གི༔ བྱང་ཕྱོགས་སྟོང་གི་འཇིག་རྟེན་ན༔ གནས་པའི་ལྷ་སྲིན་སྡེ་བརྒྱད་དང༔ མ་རིག་ཕྲག་དོག་ལས་བྱུང་བའི༔ སྣ་ཚོགས་འཁྲུལ་པའི་གདོན་བགེགས་ཀུན༔ འབྱུང་བ་རླུང་གི་དྭངས་མའི་བཅུད༔ གཅིག་བསྡུས་འདོད་ཡོན་རྒྱ་མཚོའི་སྤྲིན༔ གླུད་གཏོར་བཟང་པོ་འདི་ཁྱེར་ལ༔ བསྒྲུབ་བྱའི་ལུས་ངག་ཡིད་གསུམ་ལ༔ བཟུང་བ་ཐོང་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཐེག༔ ཕྱིན་ཆད་གནོད་འཚེའི་བསམ་སྦྱོར་སྤོངས༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་སྤྲུལ་པའི་ཁྲོ་བོ་རྒྱལ༔ ཕྲག་དོག་རྣམ་དག་ཧེ་རུ་ཀ༔ རྡོ་རྗེ་ཕུར་བུ་ཐུགས་ཁྲོས་ནས༔ འབར་བའི་མཚོན་ཆ་སྣ་ཚོགས་ཀྱིས༔ ལུས་ངག་ཡིད་གསུམ་རྡུལ་དུ་རློགས༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཨོཾ་ཀརྨ་མ་ཧཱ་ཀྲོ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ གླུད་ཕྲན་དང་ཆང་བུ་རྣམས་རེ་རེ་བཞིན་སྣོད་དུ་བླུགས་ནས། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། སཾ་བྷ་ར་དང་མཚན་བཞི་བརྗོད། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ སྲེད་དང་ཆགས་དང་ཞེན་པ་རྣམས༔ དྲན་དང་བསམ་དང་བཟུང་དང་རེག༔ ཀློད་དང་གྲོལ་དང་ཞི་བར་མཛོད༔ ཞེས་གྲངས་རྫོགས་ཀྱི་བར་བསྔོས་མཐར་གླུད་གཏོར་རྣམས་བསྒྲུབ་བྱའི་འདྲེ་ལྔའམ་ཆུ་ཀླུང་སོགས་གནོད་པའི་ཕྱོགས་སུ་བསྐྱལ་ལ། བདེན་བརྗོད་སྔར་བཞིན་ལ། ཁྱད་པར་དུའང་བཅོམ་ལྡན་འདས་རྣམ་པར་འཇོམས་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་ལས་བསྒྲུབ་བྱ་འདིའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་གདུག་པའི་སེམས་འཆང་བའི་གྲིབ་བདག་འབྱུང་པོ་གདུག་པ་ཅན་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །གང་དག་མི་འགྲོ་བ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་གྱུར་ཅིག །ཅེས་གཏོར་མ་རྒྱང་རིང་དུ་དོར་ཞིང་ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་བདུག །ཉེ་སྙིང་མཐར་ཧཱུྃ་བཞིའི་སྔགས་སྦྱར། དེ་ནས་སྲུང་བ་ནི། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བསྒྲུབ་བྱའི་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་རྡོ་རྗེའི་གོ་ཆས་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར་ཅིག །ཅེས་བསམ་ལ་རྡོ་རྗེ་མགོ་བོ་དང༌། མགྲིན་པ། སྙིང་ག །དཔུང་པ་གཡས་གཡོན། ལྟེ་བ། སུམ་མདོ་རྣམས་སུ་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ དབྱེར་མེད་གསང་བདག་དཔའ་བོ་ཆེའི༔ ལྷ་སྔགས་ཡེ་ཤེས་རོལ་པ་ཡིས༔ སྒོ་གསུམ་མི་མཐུན་ཕྱོགས་ལས་སྲུངས༔ གཟུངས་སྔགས་དང༌། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཛྙཱ་ན་བཛྲ་རཀྵ་རཀྵ་བྷྲཱུྃ༔ ནད་ཐམས་ཅད་རཀྵ་རཀྵ་ཡེ་སྭཱ་ཧཱ༔ གདོན་ཐམས་ཅད༴ བགེགས་ཐམས་ཅད༴ གྲིབ་ཐམས་ཅད༴ མི་གཙང་བ་ཐམས་ཅད༴ སྡིག་པ་ཐམས་ཅད༴ སྒྲིབ་པ་ཐམས་ཅད༴ བར་དུ་གཅོད་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་རཀྵ་རཀྵ་ཡེ་སྭཱ་ཧཱ༔ དེ་ལྟར་བགྱིས་པས་ཉི་མ་དང་ཟླ་བ་གཟའ་སྒྲ་གཅན་གྱི་གནོད་པ་ལས་གྲོལ་བ་བཞིན་བསྒྲུབ་བྱ་འཁོར་དང་བཅས་པ་བདུད་དང་བར་ཆད་གདོན་བགེགས་སོགས་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་ཤིན་ཏུ་བཀྲ་ཤིས་པར་གྱུར་པ་ལ། བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས་ཀྱིས་བསྐོར་ཏེ་ཤིས་པ་བརྗོད་པའི་གླུ་དབྱངས་དི་རི་རི་སྒྲོགས་ཤིང་མེ་ཏོག་མནྡཱ་རའི་ཆར་ཆེན་པོ་ཕབ་པས་དགེ་ལེགས་ཀྱི་སྣང་བས་ས་གསུམ་ཀུན་ཏུ་ཁྱབ་པར་བྱས་པའི་མོས་པ་མཛོད། གང་ལ་སེར་སྣ་རྣམ་ཆགས་པ། །སོགས་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་ཤིས་བརྗོད་དང་བསྡུ་ན། མཆོག་གསུམ་གྱི་ཤིས་བརྗོད་ཅི་རིགས་པ་དང༌། ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །ཞེས་སོགས་བཀྲ་ཤིས་པའི་རྫས་བརྒྱད་པོ་རིམ་པ་བཞིན་གཏད་ནས་ཤིས་པར་བྱས་ལ། སྡིག་པ་ཐམས་ཅད་བྱང་བྱས་ནས། །ཞེས་པ་ནས། སྡིག་པ་ཀུན་ལས་རྣམ་པར་ཐར། །ཞེས་པའི་བར་གྱིས་ཕན་ཡོན་བཤད། དཀར་མངར་དང་སྨན་གྱི་ཁ་ཟས་སོགས་ཀྱང་བསྒྲུབ་བྱ་ནད་པ་ཡིན་ན་སྟེར་བར་གསུངས། དེ་དག་ནི་ཁྲུས་ཀྱི་ཆོ་ག་རྒྱས་པར་བྱ་བའི་ཚུལ་ཏེ། གཞན་དུ་ན། བཀྲུ་བའི་སྐབས་ཡེ་ཤེས་ལྔ་དང་ཕར་ཕྱིན་དྲུག །བྱབས་པ་ལ་འབྱུང་ལྔའི་རྫས་དང་སྐུ་གསུང་ཐུགས་ཀྱི་ཁྲུས། འབྱུང་བཞིའི་གླུད་གཏོར་དོར་བས་སྦྱང་བ་གསུམ་སྔོན་དུ་འགྲོ་བའི་བྱབས་ཁྲུས་སྤྱི་ལྟར་བྱས་ཀྱང་རུང་བར་མངོན་ནོ། །གང་ལྟར་ཡང༌། དེ་དག་གིས་རྡོ་རྗེ་རྣམ་པར་འཇོམས་པའི་དབང་ལེགས་པར་གྲུབ་པ་ཡིན་པས། འདི་ཉིད་ཡི་དམ་དུ་བཟུང་བ། དམ་ཚིག་སྤྱི་དང་བྱེ་བྲག་སྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་རྗེས་རྣམས་སྤྱི་ལྟར་བྱ། སློབ་དཔོན་གྱིས་མདུན་བསྐྱེད་ཀྱི་མཆོད་པ་བསང་སྦྱང་བྱིན་གྱིས་བརླབས། མཆོད་བསྟོད་དང༌། མ་རྙེད་ཡོངས་སུ་མ་ཚང་དང་སོགས་ཀྱི་མཐར་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་པ་བཤགས། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་དང༌། ཧོཿ སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ལྷ༔ ཟུང་འཇུག་མཚན་མ་མེད་པའི་དབྱིངས་སུ་གཤེགས༔ རྟེན་དང་བརྟེན་པར་བཅས་པའི་དམ་ཚིག་པ༔ འོད་གསལ་སྨོན་པ་མེད་པའི་ཀློང་དུ་ཐིམ༔ ཨ་ཨ་ཨཿ ཨོཾ་ཨཱཿཧཱུྃ༔ སླར་ཡང་སྣང་བའི་རང་བཞིན་གནས་གསུམ་ལྷ༔ སྒྲར་གྲགས་རླུང་གི་འཁོར་ལོའི་ཡི་གེའི་སྤྲིན༔ རྟོག་པ་རྟོག་མེད་རང་གྲོལ་གཉུག་མའི་ངང༔ དུས་གསུམ་དུས་མེད་ཆེན་པོར་རྟག་ཏུ་སྤྱོད༔ བསྔོ་སྨོན་དང་ཤིས་བརྗོད་ནི། ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ༔ བསྐྱེད་རྫོགས་ཟུང་འཇུག་དགེ་ཚོགས་ཅི་མཆིས་པ༔ འགྲོ་ཀུན་བླ་མེད་གོ་འཕང་ཐོབ་བྱའི་ཕྱིར༔ སྤྲོས་བྲལ་ཆོས་སྐུའི་དབྱིངས་སུ་བསྔོ་བར་བགྱི༔ ཕུང་ཁམས་བདེ་ཆེན་རྡོ་རྗེའི་སྐུར་སྨིན་ཅིང༔ སྲོག་རྩོལ་འོད་གསལ་དབུ་མའི་ཀློང་དུ་རྫོགས༔ རིག་སྟོང་བརྗོད་བྲལ་གདོད་མའི་གཞི་དབྱིངས་སུ༔ རབ་འབྱམས་རྩ་གསུམ་གོ་འཕང་མངོན་གྱུར་ཤོག༔ སྤང་རྟོགས་ཕྲིན་ལས་མཐར་ཕྱིན་རྫོགས་སངས་རྒྱས༔ དེས་གསུང་ཞི་བསིལ་བདུད་རྩི་དམ་པའི་ཆོས༔ ཚོགས་ཀྱི་མཆོག་གྱུར་འཕགས་པའི་དགེ་འདུན་ཏེ༔ བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔ ཅེས་སོགས་བརྗོད་པས་དགེ་ལེགས་སུ་བྱའོ། །འཁྲུལ་རྟོག་འཇིྃགས་མེདྃ་མཁྱེནྃ་དང་བརྩེྃའི། །འོདྃ་བརྒྱའི་སྣང་བའི་འཛུམ་ཟེརྃ་གྱིས། །བཀྲྃ་ཤིསྃ་ཕན་བདེའི་པདྨོའི་ནགས། །གྲུབ་གཉིས་དཔྃལ་བརྒྱས་རྟག་ཏུ་འབྱོྃར། རྩ་གསུམ་འོད་གསལ་སྙིང་ཐིག་གི་ཡི་དམ་རྡོ་རྗེའི་རིགས་རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་ཟབ་ལམ་བདུད་རྩིའི་གངྒ་ལེ་ཚན་བཅོ་ལྔ་པ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་སྦྱར་བའོ། ༈ མི་ཕྱེད་རྡོྃ་རྗེྃ་སེམས་དཔའི་ཡེ་ཤེས་ནི། །བདེ་ཆེན་ཐུྃགས་ཀྱི་ཁྱབ་བདག་ཧེ་རུ་ཀ །མཆོྃག་དངོས་གྲུབ་པའི་རིག་འཛིན་རྩྃལ་འཆང་གི །བདེ་ཆེན་གཟི་བྱིན་འབར་བས་བདག་སྐྱོངས་ཤིག །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཡི་དམ་ཡང་ཕུར་སྦྲག་མ་ཁྲག་འཐུང་འདུས་པའི་དྲིལ་སྒྲུབ་ཀྱི་དབང་ལ། མཚན་མའི་དཀྱིལ་འཁོར་རྡུལ་ཚོན་དང་རས་བྲིས་གང་ཡང་རུང་བའི་དབུས་སུ་མཚན་དང་ལྡན་པའི་བྷནྡྷའི་ནང་རོ་རས་ཀྱིས་དཀྲིས་པའི་སྡོང་བུ་དགུ་པའི་ཞུན་ཆེན་གྱི་མར་མེ་བྱས་པ་དབུས་སུ་བཞག་སྟེ་མདུན་དུ་བླ་མའི་གཏོར་ཆེན་བཅས་ལ་སྨན་རཀ་དང་ཉེར་སྤྱོད་ཀྱིས་བསྐོར། ཕུར་པ་ལས་བུམ། ཚོགས་གཏོར། སྔོན་འགྲོ་སོགས་སྤྱི་ལྟར་འདུ་བྱས་ལ། བརྒྱུད་འདེབས་དང༌། ཁྲག་འཐུང་འདུས་པའི་དྲིལ་སྒྲུབ་ཀྱི་ལས་གཞུང་བསྲངས་ལ་བདག་མདུན་ལ་དམིགས་པའི་བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་བྱ། ལས་བུམ་གྱི་ནང་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་སེར་རྒྱ་གྲམ་དང་སྡིག་མཛུབ་མཛད་པ་ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པར་གསལ་བར་གྱུར། དེ་ལ་དམིགས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄། ཞེས་བརྒྱ་རྩ་ཙམ་བཟླས་ལ། ལྷ་འོད་དུ་ཞུ་བས་ལས་ཐམས་ཅད་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཐུན་མཐར་དབྱངས་གསལ་རྟེན་སྙིང་མཆོད་བསྟོད་ཡིག་བརྒྱ་དང་ཆོས་སྲུང་གི་གསོལ་མཆོད། ཚོགས་དང་བསྐང་བཤགས་བཅས་སྔོན་དུ་འགྲོ་བས་བདག་ཉིད་དཀྱིལ་འཁོར་དུ་འཇུག་པས་གཞུང་ལྟར་དབང་ལེན་པའམ་རིག་པའི་མེ་ཏོག་དོར་ལ། སྨིན་པར་འོས་པའི་སློབ་མ་བོས་ཏེ་ཁྲུས་དང་བགེགས་བསྐྲད་སྲུང་འཁོར་སྔོན་དུ་འགྲོ་བས་སེམས་བསྐྱེད་གསལ་གདབ་དང་བཅས། དེ་ཡང་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་པདྨའི་ཞབས་ནི་ངེས་པའི་དོན་དུ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དཔལ་ཧེ་རུ་ཀ་དངོས་སུ་བཞུགས་ཀྱང་ཚུར་མཐོང་གདུལ་བྱ་འདུལ་ཕྱིར་སྐུ་ཚེ་གཅིག་གི་སྟེང་དུ་རིག་འཛིན་རྣམ་པ་བཞིའི་གོ་འཕང་རིམ་གྱིས་བགྲོད་ཚུལ་བསྟན་པས་ན། བལ་ཡུལ་ཡང་ལེ་ཤོད་གཡའ་རི་གོང་གི་སྒྲུབ་ཕུག་ཏུ་དཔལ་ཆེན་པོ་ཡང་དག་ཧེ་རུ་ཀ་ཟླ་གམ་དགུ་པའི་དགོངས་པ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་གྱི་ས་བརྙེས་ཚུལ་བསྟན་ཅིང༌། དེའི་ཚེ་མི་བསྲུན་པའི་ལྷ་འདྲེ་གློག་མ་སྤྲིན་གྱིས་གུ་རུ་རིན་པོ་ཆེའི་དགོངས་པ་ལ་བར་དུ་གཅོད་མ་ནུས་ཀྱང་བལ་ཡུལ་དུ་ལོ་ཉེས་ནད་མུག་སོགས་བྱུང་བའི་བར་ཆད་བསལ་བའི་ཕྱིར་རྒྱ་གར་ནས་རྡོ་རྗེ་ཕུར་པའི་ཆོས་སྐོར་མི་ཁུར་གཉིས་སྤྱན་དྲངས་པས་གླེགས་བམ་ཕེབས་པ་ཙམ་གྱིས་བར་ཆད་ཀྱི་གཡུལ་ལས་རྒྱལ་བས་ཡང་ཕུར་སྦྲག་མའི་སྒྲུབ་སྐོར་ཉིད་དངོས་གྲུབ་མྱུར་ཞིང་བར་ཆད་མེད་པའི་ཟབ་ཁྱད་ཅན་དུ་གཟིགས་ནས་དེའི་སྒྲུབ་སྐོར་མཐའ་ཡས་པ་མཛད་པ་བཀའ་གཏེར་དག་སྣང་གི་བབས་སོ་དུ་མ་བཞུགས་པ་ལས་སྐབས་སུ་བབ་པ་འདི་ནི་པཎ་ཆེན་བི་མ་ལ་མི་ཏྲ་དང༌། མངའ་བདག་ཆོས་ཀྱི་རྒྱལ་པོ་ཁུ་དབོན་གཉིས་སུ་མེད་པའི་སྒྱུ་འཕྲུལ། འོད་གསལ་ཁྱབ་བརྡལ་གྱི་དགོངས་པ་རང་སྣང་རིས་མེད་ཀྱི་རྟོགས་གོམས་མཐར་སོན་པས་མཆོག་གི་དངོས་གྲུབ་མངོན་སུམ་དུ་བརྙེས་པའི་གཏེར་ཆེན་ཡོངས་ཀྱི་སྤྱི་མེས་པདྨ་མདོ་སྔགས་གླིང་པ་འོད་གསལ་སྤྲུལ་པའི་རྡོ་རྗེའི་བཀའ་བབ་བདུན་གྱི་བྱེ་བྲག་ཟབ་མོ་དགོངས་གཏེར་གྱི་ཆོས་སྡེ་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཡི་དམ་གྱི་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་ཡ་གྱལ་ཁྲག་འཐུང་འདུས་པའི་དྲིལ་སྒྲུབ་ཞེས་བྱ་སྟེ་ཧེ་རུ་ཀ་གལ་པོའི་རྒྱུད་ལས། ཡང་དག་གྲུབ་པ་གཅིག་པུ་ནི། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྐུ་གསུམ་བདེ་མཆོག་བདེ། །ཞེས་གསུངས་པ་ལྟར་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཉིད་ཧེ་རུ་ཀ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་འཁོར་ལོའི་ཚུལ་དུ་སྒྲུབ་པ་འདི་ནི་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་དྲུག་པའི་བདག་ཉིད་ཡིན་པས་ཞི་ཁྲོ་རབ་འབྱམས་བདེ་གཤེགས་སྒྲུབ་སྡེ་ཀུན་དྲིལ་བཀའ་བརྒྱད་ལ་འདུ། དེ་ཡང་མཁའ་འགྲོ་སྒྱུ་མ་ཐུགས་རྡོ་རྗེ་བདེ་བ་མཆོག་ཡང་དག་ཧེ་རུ་ཀ་འདུས་པ་ཉིད་རྒྱུད་སྡེ་ཏནྟྲ་སྡེ་བཅོ་བརྒྱད་ལས་སྒྲུབ་པ་ལག་ལེན་དུ་སྟོན་པའི་རྒྱུད་སྡེ་ལྔ་ལས། ཐུགས་ཀྱི་ཏནྟྲ་ཧེ་རུ་ཀ་རོལ་པའི་རྒྱུད་གལ་པོ་ཆེ་ཆུང་ལ་བརྟེན་ཅིང༌། སྒྲུབ་སྡེ་ལྟར་ན་འཇིག་རྟེན་ལས་འདས་པའི་སྒྲུབ་སྡེ་ལྔའི་ཡ་གྱལ་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་ཟབ་པ་ཡང་དག་ཧེ་རུ་ཀའི་སྤྱི་རྒྱུད། འཇིག་རྟེན་ལས་འདས་པའི་མདོ་ལ་སོགས་པ་བསྟན་པའི་རྒྱུད་ལུང་གཉིས་ཀའི་སྙིང་པོ་སྟེ། བདེ་གཤེགས་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་ཡང་ཟབ་བཅུད་དུ་དྲིལ་བའི་མན་ངག་གུ་རུའི་ཐུགས་དམ་མཐར་ཐུག་པ་འདི་ནི། སྔགས་གསར་མ་ལྟར་ན་མ་རྒྱུད་རིགས་དྲུག་གི་ནང་ཚན་དཔལ་ཧེ་རུ་ཀའི་རིགས་བདེ་མཆོག་དང་དགྱེས་རྡོར། གཉིས་མེད་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་སོགས་ཤིན་ཏུ་ཟབ་པར་གྲགས་པ་རྣམས་དང༌། ངོ་བོ་གཅིག་པས་རྒྱ་བོད་མཁས་གྲུབ་ཀུན་གྱི་ཐུགས་དམ་གསང་བའི་ལྷ་མཆོག་ཁྱད་པར་ཅན་དང་སངས་རྒྱས་ཀུན་གྱི་ཕྲིན་ལས་ཀྱི་མངའ་བདག་དཔལ་ཆེན་རྡོ་རྗེ་ཕུར་པ་གཉིས་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་དབང་བསྐུར་བགྱི་བ་ལ། འཇུག་པ་དབང་གི་ཆོ་ག་ལ་གཉིས་སུ་ཡོད་པ་ལས། ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། བླ་མ་དཔལ་ཧེ་རུ་ཀ་དངོས་སུ་གསལ་བ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་སྙིམ་པ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ གསང་བ་མཆོག་གི་དགྱེས་པ་ན༔ ཐམས་ཅད་བདག་ཉིད་རྟག་བཞུགས་པའི༔ ཧེ་རུ་ཀ་དཔལ་སློབ་དཔོན་གྱིས༔ བདག་ཅག་ཡོངས་སུ་སྨིན་མཛད་གསོལ༔ ལན་གསུམ། དཔལ་ཆེན་ཡང་དག་ཧེ་རུ་ཀ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོ་རྩ་གསུམ་རྒྱལ་བ་ཆོས་སྲུང་དང་བཅས་པ་མཁའ་ཁྱབ་ཏུ་བཞུགས་པ་ལ་བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྩེ་གཅིག་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བ་དང༌། ཕ་མར་གྱུར་པའི་མཁའ་མཉམ་གྱི་འགྲོ་བ་མཐའ་དག་དཔལ་ཧེ་རུ་ཀའི་གོ་འཕང་མཆོག་ལ་དགོད་པར་བྱ། དེའི་གསང་བའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཟབ་མོའི་སྒོར་ཞུགས་ཤིང་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ གསང་བ་མཆོག་གི་དགྱེས་པ་སོགས་ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། ཞིང་མཆོག་དམ་པ་དེ་དག་གི་སྤྱན་སྔར་ཚོགས་གཉིས་བསགས་ཤིང་སྡིག་སྒྲིབ་སྦྱང་བ་དང་དགེ་རྩ་ཡོངས་སུ་སྤེལ་བའི་དོན་དང་ཏིང་ངེ་འཛིན་རྗེས་སུ་དྲན་པས་རྒྱུད་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་ལན་གསུམ། དེ་ཡང་དབང་ཐོབ་པ་དཀྱིལ་འཁོར་གྱི་བྱ་བས་ཐོབ་ཀྱང་དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་ལ་རག་ལས་པས་ཚོགས་ཞིང་དཀྱིལ་འཁོར་གྱི་ལྷ་དབྱེར་མེད་པ་དཔང་པོའི་ཚུལ་དུ་བཞུགས་པའི་སྤྱན་སྔར་མཁའ་ཁྱབ་ཀྱི་ཡིད་ཅན་སྲིད་ཞིའི་མཐའ་ལ་མི་གནས་པའི་ཟུང་འཇུག་ཆེན་པོའི་གོ་འཕང་ལ་འགོད་པའི་ལྷག་པ་ཀུན་སློང་བྱང་ཆུབ་སེམས་དང་མ་བྲལ་བས་དེའི་དམ་ཚིག་དང་སྡོམ་པའི་བསླབ་པ་རྒྱ་མཚོ་མཐའ་ཡས་པ་བཟུང་ནས་རྒྱལ་བ་སྲས་དང་བཅས་པའི་སྤྱོད་ཡུལ་ལ་བསླབ་པར་དམ་བཅའ་འདིའི་རྗེས་ཟློས། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །རིག་པ་འཛིན་པ་བདག་གིས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་གཟུང་བར་བགྱི། །ལན་གསུམ། དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་ནས། དངོས་གཞིའི་དབང་བསྐུར་བ་ལ། འདིར་གཏེར་གཞུང་ལས། སློབ་མ་ཡང་དག་ཧེ་རུ་ཀ༔ ལུས་དཀྱིལ་དང་བཅས་གསལ་གདབ་སླད༔ གཏོར་མ་རིག་འཛིན་བླ་མར་གསལ༔ སྤྱི་བོར་བཞག་ཅིང་བྱིན་ཆེན་དབབ༔ ཅེས་གསུངས་པས། སྤྱིར་དབང་གི་ངོ་བོ་ཤེས་རབ་དང་ཏིང་འཛིན། ངེས་ཚིག་ལམ་སྒྲུབ་པ་ལ་དབང་བ། དབྱེ་བ་དབང་བཞི། བྱེད་ལས་སྔགས་ལམ་སྒྲུབ་པ་ལ་དབང་བས་རིམ་པ་དབང་གི་ཆོ་ག་ཞེས་ཡོངས་སུ་གྲགས་པ་ལས། དེ་དག་ཀུན་གྱི་རྩ་བ་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་ལྟ་དགོངས་ཏིང་ངེ་འཛིན་གྱི་ནུས་པ་འབའ་ཞིག་ལ་རག་ལས་པས། སྐབས་འདིར་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་ཐོག་མར་རིག་འཛིན་བླ་མའི་ཡེ་ཤེས་འབེབས་པའི་གཏོར་མའི་དབང་བསྐུར་གྱི་དོན་དུ་ཐུགས་དམིགས་འདི་བཞིན་དུ་མཛོད་ཅིག །གཏོར་སྣོད་ཆོས་ཀྱི་དབྱིངས་རྡོ་རྗེ་བཙུན་མོའི་ཡེ་ཤེས་ཀྱི་མཁའ་ཀློང་དུ་དུར་ཁྲོད་གསང་བ་མཆོག་གི་གཞལ་ཡས་ཁང་དཔལ་ཧེ་རུ་ཀ་དགྱེས་པའི་ཕོ་བྲང་དུ། དཔལ་གྱི་གཏོར་མ་འདི་ཉིད་སྲིད་ཞིའི་སྤྱི་དཔལ་ཕྱོགས་དུས་རྩ་གསུམ་རྒྱལ་བའི་ཁྱབ་བདག་བདེ་བ་ཆེན་པོ་རིག་འཛིན་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་བརྒྱུད་གསུམ་རིག་འཛིན་མཁའ་འགྲོའི་རྒྱ་མཚོའི་ཚོགས་དང་བཅས་ཏེ་བཀྲ་ཤིས་སེ། བྱིན་ཐིབས་སེ། འོད་དཔུང་ངེར་བཞུགས་པའི་གནས་གསུམ་དུ་རྡོ་རྗེའི་ཡི་གེ་གསུམ་གྱིས་མཚན་པ་ལས་བདེ་བ་ཆེན་པོའི་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། སློབ་མའི་སྒོ་གསུམ་ལ་ཕོག་པ་ཙམ་གྱིས་བ་མོ་ལ་ཉི་ཟེར་ཕོག་པ་བཞིན་མ་དག་པའི་སྣང་གྲགས་ཀྱི་ཞེན་རྟོག་མཐའ་དག་དབྱིངས་སུ་ཐིམ། ཡེ་ཤེས་ལྷའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་སངས་ཀྱིས་སད་པར་བསམ་ལ། བླ་གཏོར་ལས་རྡོར་གྱིས་བཏེགས། སློབ་དཔོན་གྱིས་ཌཱ་དྲིལ་གདུང་དབྱངས་དང་བཅས། ཧཱུྃ༔ ཡང་དག་གྲུབ་པའི་རིག་འཛིན་རྣམས༔ ཆོས་ཀྱི་དབྱིངས་ནས་གནས་འདིར་གཤེགས༔ བདེ་བ་ཆེན་པོས་བྱིན་ཆེན་ཕོབ༔ ཐ་མལ་སྣང་ཞེན་སྦྱང་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ས་མ་ཡ་ཨ་བེ་ཤ་ཡ་སྟྭྃ༔ ཞེས་ཐུགས་དམ་བསྐུལ་མཐར། གཏོར་མ་སློབ་དཔོན་གྱིས་སློབ་མའི་སྤྱི་བོར་བཞག་སྟེ་དབང་བསྐུར། དེ་ལྟར་བླ་མའི་བྱིན་རླབས་འཕོས་པ་ཙམ་གྱིས་ཁྱེད་རང་རྣམས་དཔལ་ཆེན་བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། གཡས་ཞལ་དཀར་པོ་འཛུམ་པ། གཡོན་ཞལ་དམར་པོ་གཤེ་བ། དབུས་ཞལ་མཐིང་ནག་ཁྲོས་པའི་ཉམས་ཅན། ཉི་ཟླ་འབར་བའི་སྤྱན་གསུམ་དང་ལྡན་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འདྲིལ་ལ་ཕཊ྄་ཀྱི་རྐན་སྒྲ་རྡེབ་ཅིང་ཤངས་ནས་ཧཱུྃ་སྒྲ་འབྱིན་པ་སྨིན་མཚམས་ནས་ཁྲོ་གཉེར་གཡོ་བ། སྨ་ར་དང་སྨིན་མའི་གློག་འོད་འཁྱུགས་ཤིང༌། རལ་པ་ཁམས་ནག་གྱེན་དུ་འབར་བ། ཉི་མ་བྱེ་བའི་གཟི་མདངས་ཅན། སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུ་རྒྱས་པ། ཕྱག་དྲུག་གིས་གཡས་ཀྱི་དང་པོས་རྡོ་རྗེ་རྩེ་དགུ་པ་བསྣམས་པ། གཡོན་གྱི་དང་པོས་ཐོད་ཁྲག་བསྣམས་པ་ཐུགས་ཀར་དཀྲུགས་པའི་ཚུལ་ཅན། བར་པ་གཉིས་ཀྱིས་ཁཊྭཱྃ་ག་དང་རྒྱུ་མའི་ཞགས་པ། ཐ་མ་གཉིས་ཀྱིས་ཐོད་པའི་རྔེའུ་ཆུང་དང་ཁྱུང་ཆེན་ཁྲ་ཐབས་སུ་འགྱེད་པ། ཞབས་བཞི་གཡོན་བརྐྱངས་པའི་སྟབས་ཀྱིས་ཁྱུ་མཆོག་ལྷ་ཆེན་ཕོ་མོ་ཉི་ཟླ་པདྨའི་གདན་ལ་རོལ་པ། ཐོད་སྐམ་ལྔས་དབུ་རྒྱན། ཐོད་རློན་གྱི་དོ་ཤལ་དང་ཐོད་ཚལ་སྦྲུལ་རྒྱན་དང་བཅས་པ། ཞིང་ལྤགས་དང་གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང༌། སྟག་ལྤགས་ཀྱིས་ཤམ་ཐབས་གྲོལ་བ། ཁྲག་ཞག་ཐལ་བའི་མཚན་མ་སོགས་དུར་ཁྲོད་ཆེན་པོའི་ཆས་བརྒྱད་ཀྱིས་བརྒྱན་པ། ཡུམ་ཀྲོ་དྷཱི་ཤྭ་རི་མ་མཐིང་ག་གཡས་ཁཊྭཱྃ་འཛིན་པས་ཡབ་ལ་འཁྱུད་ཅིང༌། གཡོན་དུང་ཁྲག་སྟོབ་པ། གཅེར་བུ་ལང་ཚོ་རྒྱས་པའི་འཇོ་སྒེག་ཅན་ཞབས་གཡས་བརྐྱངས་པས་རོལ་པས་ཡབ་དང་གཉིས་སུ་མེད་པར་སྦྱོར་བ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་ཞིང་འཁྲུགས་པའི་དབུས་ན་བཞུགས་པའོ། །དཔལ་ཆེན་པོའི་ཐུགས་ཀར་རིན་ཆེན་ཟུར་བརྒྱད་པའི་ལྟེ་བར་པད་ཉི་དྲེགས་པའི་སྟེང་འཁོར་འདས་ཀུན་གྱི་དྭངས་མ་མི་ཤིགས་པའི་སྲོག་ཆེན་པོ་ཡེ་ཤེས་སེམས་དཔའ་དཔལ་ཆེན་བཛྲ་ཀཱི་ལ་ཡ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་ཕྲིན་ལས་ཀྱི་དོན་རྟགས་ཕུར་པ་འདྲིལ་བ། དབྱིངས་ཕྱུག་འཁོར་ལོ་རྒྱས་འདེབས་དང་གཉིས་སུ་མེད་པར་དཔལ་དང་དུར་ཁྲོད་རོལ་པའི་རྒྱན་ཆས་ཐམས་ཅད་ཡོངས་སུ་རྫོགས་པ་འབར་བའི་མེའི་ཕྲེང་བ་འཁྲུགས་པའི་ཀློང་དུ་བདེ་བ་ཆེན་པོའི་གཟི་བྱིན་རབ་ཏུ་འབར་བར་བཞུགས་པའི་ཤར་དུ་གཽ་རི་མཐིང་ག །ལྷོར་ཙཽ་རི་སེར་མོ། ནུབ་ཏུ་པྲ་མོ་དམར་མོ། བྱང་དུ་བཻ་ཏ་ལྗང་གུ། ཤར་ལྷོར་པུས་ཀ་སེར་མོ། ལྷོ་ནུབ་ཏུ་གྷསྨ་དམར་ལྗང༌། ནུབ་བྱང་དུ་སྨེ་ཤ་མཐིང་ནག །བྱང་ཤར་དུ་ཙཎྜ་སེར་སྐྱ་ཞལ་གཅིག་ཕྱག་གཉིས་གཅེར་བུ་དུར་ཁྲོད་རོལ་པའི་ཆས་ཅན་ཌཱ་རུ་དང་ཐོད་ཆང་བསྣམས་པ་ཚོགས་བརྒྱད་གནས་སུ་དག་པའི་ཡེ་ཤེས་ཀྱི་མ་མོ་བརྒྱད་དང༌། གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་དུ་གསལ་ཐོབ་ཅིག །དབང་བསྐུར་དངོས་ལ། སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་དབང་བཞི་ཟབ་མོ་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ལ། དབྱིངས་རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་མཁའ་ཀློང་ཨེ་ཡི་བཛྲ་མཉྫིའི་ཀོང་བུར། རིག་པ་ཡེ་ཤེས་ཀྱི་ཀོང་བུ་འོད་གསལ་རྡོ་རྗེ་སྙིང་པོའི་བདག་ཉིད་མཉམ་པར་སྦྱོར་བ་འཕོ་མེད་བདེ་བ་ཆེན་པོའི་ཞུན་ཆེན་གྱི་མར་ཁུས་བྲན་པ། རྣམ་ལྔའི་ཡེ་ཤེས་ཀྱི་མེ་འོད་ཀུན་ཏུ་འཕྲོ་བས་མ་རིག་འཁོར་བའི་མུན་པ་སེལ་བ་སངས་རྒྱས་ཀུན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ཡེ་ཤེས་ཀྱི་སྒྲོན་མེ་འདི་ཉིད་སྤྱི་བོར་བཀོད་དེ་བུམ་པའི་དབང་བསྐུར་བར་མོས་ཤིག །མར་མེ་སྤྱི་བོར་བཞག ཨོཾ༔ ཡང་དག་གྲུབ་པ་གཅིག་པུ་ནི༔ སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ མཁའ་འགྲོ་སྒྱུ་མ་བདེ་མཆོག་གི༔ རྡོ་རྗེའི་སྐུ་ཡི་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ས་མ་ཡ་ཨ་བེ་ཤ་ཡ་སྟྭྃ༔ ལྷག་པའི་ལྷ་ལས་གཉིས་པ་ཐིམ༔ བྱང་ཆུབ་སེམས་སུ་ཞུ་བ་ཡིས༔ ཡེ་ཤེས་ཆེན་པོར་བྱིན་གྱིས་བརླབས༔ བདེ་བའི་རྒྱུན་གྱིས་དབང་བསྐུར་བས༔ སྣང་སྟོང་ཟུང་འཇུག་རྟོགས་པ་བསྐྱེད༔ དེ་ལྟར་དམིགས་པས་ལུས་སྨིན་པར་བྱེད་པ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་དུས་སུ་བསྐྱེད་པའི་རིམ་སྒོམ་པ་ལ་དབང༌། སྣོད་བཅུད་ཁྲག་འཐུང་གི་དཀྱིལ་འཁོར་དུ་རྫོགས་ཏེ། སྐུ་རྡོ་རྗེ་མངོན་པར་བྱང་ཆུབ་པ་ལྔ་ཡི་བདག་ཉིད་མཆོག་གི་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། གཉིས་པ་ནང་གསང་བ་སྔགས་ཀྱི་དབང་བསྐུར་བའི་སླད་དུ། ཐོད་པའི་མར་མེ་མགྲིན་པར་བཞག་ལ། ཨཱཿ ཡང་དག་གྲུབ་པ་གཅིག་པུ་ནི༔ སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ མཁའ་འགྲོ་སྒྱུ་མ་བདེ་མཆོག་གི༔ ནུས་པ་གསུང་གི་དབང་བསྐུར་རོ༔ སྔགས་མཐར། ཝཱཀ་ས་མ་ཡ་ཨ་བེ་ཤ་ཡ་སྟྭྃ༔ དཔལ་ཆེན་ཡབ་ཡུམ་སྙོམས་ཞུགས་པའི༔ བྱང་སེམས་མགྲིན་པའི་ལམ་ནས་བརྒྱུད༔ རྩ་ཁམས་ཐམས་ཅད་ཁྱབ་པ་ལས༔ གསལ་སྟོང་ཡེ་ཤེས་སྐྱེས་པར་བསམ༔ རྗེས་འབྲེལ་བཟླས་པའི་ལུང་སྦྱིན་པ་ལ། མདུན་བསྐྱེད་བླ་མ་ཧེ་རུ་ཀའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོ་རྗེ་གཞོན་ནུའི་ཐུགས་ཀར་ཉི་ཟླའི་གྭའུའི་དབུས་སུ་ཧཱུྃ་མཐིང་ག་སྔགས་ཀྱིས་བསྐོར་བ་ལས་སྔགས་ཕྲེང་བར་མ་ཆད་དུ་བྱུང༌། ཞལ་ནས་ཐོན་ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས་ཐུགས་ཀར་གཞིར་གནས་ཀྱི་ཧཱུྃ་ཡིག་མཐར་འཁོད་པ་ལས། སྔགས་དང་འོད་ཟེར་ཡེ་ཤེས་སེམས་དཔའ་ཡབ་ཡུམ་གྱི་ཞལ་དང་མཁའ་གསང་ནས་བརྒྱུད་དེ། བདེ་བ་ཆེན་པོའི་གཟི་བྱིན་རྒྱས། དངོས་གྲུབ་གཉིས་ཐོབ་པར་བསམས་ལ། བསྙེན་པའི་སྔགས་ཁྲག་འཐུང་སྤྱིའི་སྙིང་པོ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ྄༔ ལན་གསུམ། སླར་ཡང་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཀཱི་ལ་ཡའི་སྔགས་ཀྱིས་བསྐོར་བ་ལས་ལྷ་སྔགས་ཕྱག་མཚན་གྱི་སྤྲོ་བསྡུས་དོན་གཉིས་སྒྲུབ་པར་མོས་ལ་སྒྲུབ་པའི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བི1$0000250[WP:5,80][WP:5,205]1$0000300ན་བྃཧཱུྃ་པཊ྄༔ ལན་གསུམ་བཟླ། གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་མ་མོ་བརྒྱད་བསྐུལ། སོ་སོའི་ཐུགས་ཀར་ཉི་མའི་སྟེང་རང་རང་གི་ས་བོན་རང་སྔགས་ཀྱིས་བསྐོར་བ་ལས་བྱུང་བའི་སྐུ་སྔགས་ཕྱག་མཚན་གྱིས་ཐུན་མོང་མཆོག་གི་ཕྲིན་ལས་བཞི་སྒྲུབ་པར་མོས་ལ་ལས་སྦྱོར་གྱི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨཱཿབཛྲ་གོཾ་ཧཱུྃ་ཕཊ྄༔ ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཨཱཿབཛྲ་ཙོཾ་ཧཱུྃ་ཕཊ྄༔ བྷྲཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ ཨོཾ་ཨཱཿབཛྲ་པྃ་ཧཱུྃ་ཕཊ༔ ཧྲཱིཿཝ་ཤཾ་ཀུ་རུ་ཧོཿ ཨོཾ་ཨཱཿབཛྲ་བྃ་ཧཱུྃ་ཕཊ྄༔ ཧཱུྃ་མཱ་ར་ཡ་ཕཊ྄༔ ཨོཾ་ཨཱཿབཛྲ་པྃ་ཧཱུྃ་ཕཊ྄༔ པྲ་བེ་ཤ་ཡ་ཕཊ྄༔ ཨོཾ་ཨཱཿབཛྲ་གྷཾ་ཧཱུྃ་ཕཊ྄༔ ཨུཙྪ་ཊ་ཡ་ཕཊ྄༔ ཨོཾ་ཨཱཿབཛྲ་ཤཾ་ཧཱུྃ་ཕཊ྄༔ སྟམྦྷ་ཡ་ཕཊ྄༔ ཨོཾ་ཨཱཿབཛྲ་ཙྃ་ཧཱུྃ་ཕཊ྄༔ མོ་ཧ་ཡ་ཕཊ྄༔ ཞེས་སོ་སོར་ཤམ་བུ་བཅས་གསུམ་རེ་བཟླས། ཞེས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་རྫས་ཀྱི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་དུས་སུ་བདག་བྱིན་བརླབ་པའི་གཏུམ་མོ་སྦར་བ་ལ་དབང༌། སྒྲ་སྐད་འབྱིན་འཇུག་གསང་སྔགས་སུ་དག་སྟེ། གསུང་རྡོ་རྗེ་བདེན་དོན་བཅུ་གཉིས་ཀྱི་བདག་ཉིད་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དོན་དུ་དབང་བསྐུར་བ་ལ། མར་མེ་སྙིང་གར་བཞག་ལ། ཧཱུྃ༔ ཡང་དག་གྲུབ་པ་གཅིག་པུ་ནི༔ སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ མཁའ་འགྲོ་སྒྱུ་མ་བདེ་མཆོག་གི༔ འོད་གསལ་ཐུགས་ཀྱི་དབང་བསྐུར་རོ༔ སྔགས་མཐར། ཙིཏྟ་ས་མ་ཡ་ཨ་བེ་ཤ་ཡ་སྟྭྃ༔ དཔལ་ཆེན་ཁྲག་འཐུང་སྦྱོར་ཡུམ་ལས༔ གཉིས་པ་སྤྲོས་ཏེ་སློབ་མའི་ཡུམ༔ ཀྲོ་དྷཱི་ཤྭ་རིར་དབྱེར་མེད་པས༔ སྙོམས་འཇུག་གསང་བའི་རྒྱུ་རྩལ་གྱིས༔ དགའ་བཞིའི་བདེ་ཆེན་སྐྱེད་པར་བསམ༔ དེས་གསང་བ་ཆོས་ཐམས་ཅད་འབྱུང་བའི་དཀྱིལ་འཁོར་དུ་ཡིད་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་ཀྱི་དྲི་མ་སྦྱངས། ལམ་དུས་སུ་ཕོ་ཉ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་གསང་ལམ་སྒོམ་པ་ལ་དབང༌། བྱུང་ཚོར་ལྷན་སྐྱེས་ཡེ་ཤེས་སུ་དག་སྟེ་ཐུགས་རྡོ་རྗེ་དགའ་བ་བཅུ་དྲུག་གི་བདག་ཉིད་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། བཞི་པ་མཐར་ཐུག་དེ་ཁོ་ན་ཉིད་ཀྱི་དབང་གི་སླད་དུ། སྒྲུབ་པའི་མར་མེ་སླར་ཡང་སྙིང་གར་བཞག་ལ། ཧོཿ ཡང་དག་གྲུབ་པ་གཅིག་པུ་ནི༔ སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ མཁའ་འགྲོ་སྒྱུ་མ་བདེ་མཆོག་གི༔ འོད་གསལ་ཡེ་ཤེས་དབང་བསྐུར་རོ༔ སྔགས་མཐར། ཛྙཱ་ན་ས་མ་ཡ་ཨ་བེ་ཤ་ཡ་སྟྭྃ༔ གཉུག་མའི་གནས་ལུགས་ཡང་དག་པ༔ རིག་སྟོང་གཉིས་སུ་མེད་པ་ནི༔ སྣང་གསལ་མར་མེའི་བརྡས་མཚོན་ཏེ༔ དོན་གྱི་ཡེ་ཤེས་སྐྱེད་པར་བསམ༔ མཐར་ནི་ལྷ་བསྟིམ་གཉིས་མེད་བཞག༔ དཔལ་ཆེན་སྐུ་ཡི་གསལ་སྣང་དང༔ ཁ་སྦྱོར་རླུང་བཟུང་འབར་འཛག་གི༔ བདེ་བས་ཐབས་བྱས་སྟོང་ཉིད་ངང༔ དབང་བཞིའི་རྟོགས་པ་བརྟན་པར་མོས༔ དེ་ལྟར་དོན་དམ་སྤྲོས་མེད་བརྡ་ཡི་དཀྱིལ་འཁོར་དུ། ཚིག་དང་རིག་པའི་རྩལ་དབང་ཐོབ། སྒོ་གསུམ་གྱི་དྲི་མ་སྦྱངས། ལམ་དུས་སུ་ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་གི་ཉམས་ལེན་བྱེད་པ་ལ་དབང༌། སྣང་བཞི་ཟད་སར་འཁྱོལ་ཏེ་ལྷུན་གྲུབ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར་པའོ། །དེ་དག་གིས་བདེ་ཆེན་ཧེ་རུ་ཀའི་གསང་གསུམ་མཆོག་གི་དངོས་གྲུབ་ལ་སྦྱོར་བ་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་བསྐུར་ཟིན་ནས། གཉིས་པ་སྨད་ལས་དགྲ་བགེགས་སྒྲོལ་བའི་དབང་བསྐུར་བ་ལ། དེ་ལྟར་དཔལ་ཧེ་རུ་ཀའི་རྡོ་རྗེ་བཞི་ཡི་དཀྱིལ་འཁོར་དུ་སྐུ་བཞིའི་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་ལ་སྦྱོར་བའི་དབང་བཞིའི་རྟོགས་པས་བདག་འཛིན་མཚན་མའི་རུ་ཏྲ་བསྒྲལ་བའི་ཡེ་ཤེས་ཀྱི་རྩལ་མཁའ་ཁྱབ་ཐུགས་རྗེ་ཐལ་འབྱིན་གྱི་ཕུར་པའི་ཡེ་ཤེས་ཆེན་པོའི་ཟིལ་གྱིས་ལས་ཀྱི་མ་མོ་བརྒྱད་བསྐུལ་ཏེ་གཙོ་འཁོར་སྤྲུལ་པ་ཕོ་ཉ་དང་བཅས་པས་བདུད་བཞི་དབྱིངས་སུ་བསྒྲལ་ཕྱིར་མཐའ་རྟེན་ཕུར་པ་རྫས་ཀྱི་དབང་བསྐུར་བར་མོས་ཤིག །ལས་ཕུར་གཏད་ལ། ཧཱུྃ༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོའི་གཟི་བྱིན་གྱིས༔ ལས་ཀྱི་མ་མོ་རྒྱུད་བསྐུལ་ནས༔ བདུད་བཞིའི་དཔུང་ཚོགས་ཚར་གཅོད་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ མ་མ་སརྦ་ས་མ་ཡ་ཧཱུྃ་ཧཱུྃ༔ སརྦ་བིགྷྣཱན་ཤ་ཏྲཱུན་མཱ་ར་ཡ་ཕཊ྄༔ ཕུར་པ་སློབ་མའི་ལག་ཏུ་གཏད་པ་ཕྱོགས་བཅུར་བསྒྲིལ་བའི་སྟང་སྟབས་བྱས་ལ། རྡོ་རྗེ་གཞོན་ནུའི་ཐུགས་ཀ་ནས༔ འོད་ཟེར་ཚ་ཞིང་རྩུབ་པ་དང༔ གཽ་རི་ལ་སོགས་བརྒྱད་རྣམས་ལས༔ རང་རང་མདོག་མཚུངས་མེ་འོད་འཕྲོས༔ ཁམས་གསུམ་ཐམས་ཅད་ཡོངས་སུ་གང༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ གསང་བའི་དགྲ་གསུམ་དབྱིངས་སུ་བསད༔ འཇིགས་པའི་བདུད་བཞི་རང་ངོར་བཅོམ༔ བར་གཅོད་འཕྲང་གསུམ་ཀློང་དུ་བསལ༔ དཔལ་ཆེན་བཛྲ་ཧེ་རུ་ཀའི༔ བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་བསམ༔ ཤིས་པ་བརྗོད་པས་མངའ་གསོལ་བྱ། དེ་དག་གིས། ཁྲག་འཐུང་གལ་པོའི་ཏནྟྲ་ཡི༔ རྡོ་རྗེའི་གླེང་གཞི་ངེས་པའི་དོན༔ སྨིན་བྱེད་རྒྱུད་ཀྱི་སྙིང་པོ་སྟེ༔ སྙིང་གི་བུ་ལ་གཏད་རྒྱས་གདབ༔ ཅེས་གསུངས་པ་ལྟར་སྙིང་པོ་དོན་གྱི་ཟབ་མོའི་དབང་བཞི་མཐའ་རྟེན་དང་བཅས་པ་ཐུན་མོང་མ་ཡིན་པ་གྲུབ་པ་ལགས་པས། སོགས་མཚམས་སྦྱོར་སྤྱི་མཐུན་གྱིས་དམ་ཚིག་ཁས་བླང་གཏང་རག་མཎྜལ་བསྔོ་སྨོན་སོགས་དབང་དང༌། ཆོ་གའི་རྗེས་རིམ་གསང་བ་སྤྱི་ལྟར་བྱའོ། །འཇིྃགས་མེདྃ་ནང་གི་ཡེ་ཤེས་ཉིད། །མཁྱེནྃ་བརྩེྃའི་འོདྃ་ཟེརྃ་འབུམ་འཕྲོ་བས། །བཀྲྃ་ཤིསྃ་མཆོག་ཐུན་དངོས་གྲུབ་དཔྃལ། །འདོད་དགུའི་འབྱོྃར་པའི་སྐྱེས་འདི་རྨད། །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཡི་དམ་ཡང་དག་ཐུགས་ཀྱི་དཀྱིལ་འཁོར་དང་རྡོ་རྗེ་ཕུར་པ་སྦྲགས་མའི་དྲིལ་སྒྲུབ་ཀྱི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་མཆོག་དངོས་གྲུབ་པའི་དཔལ་སྟེར་ལེ་ཚན་བཅུ་དྲུག་པ་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེས་སྦྱར་བའོ། ༈ སངས་རྒྱས་ཀུན་གྱི་ཕྲིན་ལས་རྡོྃ་རྗེྃའི་མཚོན། །སྙིང་རྗེ་ཁྲོས་པའི་གཟིྃ་བརྗིྃད་དང་བཅས་པས། །བདུད་བཞིའི་གྲོང་ཁྱེར་མཐར་བྱེད་མཐུ་སྟོབས་རྩྃལ། །མཚུངས་མེད་ལྷག་པའི་ལྷ་མཆོག་རྒྱལ་གྱུར་ཅིག །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཕྲིན་ལས་རྡོ་རྗེ་གཞོན་ནུ་ཕུར་པ་འདུས་པའི་དྲིལ་སྒྲུབ་ཀྱི་དབང་ལ་རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ་དང༌། དེ་ཉིད་སྒྲུབ་ཅིང་དབང་བསྐུར་བའི་ཚུལ་གཉིས་ལས། དང་པོ་ནི། དབང་བསྐུར་བའི་གནས་དེར་རས་བྲིས་གཞུང་མཐུན་བཀྲམ་པའི་ལྟེ་བར་ཕུར་གདན་ལ་ལྕགས་སམ་དྲག་པོའི་ཤིང་གི་སྒྲུབ་ཕུར་མཚན་ཉིད་དང་ལྡན་པ་དར་མཐིང་གའི་ཅོད་པན་ཅན་བཙུགས། མདུན་དུ་བླ་མའི་གཏོར་ཆེན། ལས་ཕུར་བཅས་བཀོད་ལ་ཉེར་སྤྱོད་མཆོད་པས་བསྐོར། སྨན་རཀ །སྲུང་མ་དང་ཆད་བརྟན་གྱི་འབུལ་གཏོར། ཚོགས་མཆོད། དཀར་བགེགས་སོགས་ཀྱང་བཤམས། ལས་ཀྱི་བུམ་པ་དང༌། རྡོར་དྲིལ་སོགས་སློབ་དཔོན་གྱི་མདུན་དུ་བཀོད་ལ། གཉིས་པ་ནི། བརྒྱུད་འདེབས། ཕུར་པ་འདུས་པའི་དྲིལ་སྒྲུབ་ཀྱི་གཞུང་བསྲངས་ལ་བདག་མདུན་ཛཔ྄་ཁང་དབྱེ་བས་བསྐྱེད་བཟླས་ལེགས་པར་བྱ། བསང་ཆུའམ་ལས་བུམ་གྱི་ནང་དུ་པད་ཉིའི་གདན་ལ་ཁྲོ་བོའི་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དང་སྡིག་མཛུབ་མཛད་ཅིང་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པར་གསལ་ལ། བཛྲ་ཨ་མྲྀ་ཏའི་སྔགས་ཀྱིས་བྱིན་བརླབས། ཁྲོ་བོ་འོད་དུ་ཞུ་ནས་ཆུའི་རྡུལ་རེ་རེ་བཞིན་ཁྲོ་བོར་གྱུར་པས་ཕྲིན་ལས་མཛད་པར་མོས། སྲུང་མའི་གསོལ་མཆོད། ཚོགས་དང་སྐོང་བཤགས། རིག་པའི་མེ་ཏོག་དོར་ཏེ་གནང་བ་ཞུས་ལ། སློབ་མ་རྣམས་ལ་ཁྲུས་བྱས། བགེགས་བསྐྲད། སྲུང་འཁོར་སེམས་བསྐྱེད་གསལ་གདབ་པའི་རྗེས། དེ་ཡང་རྒྱུད་ལས། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །ཞེས་གསུངས་པ་ལྟར་ངོ་བོ་ཕྱོགས་དུས་ཀྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པའི་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱར་བཞེངས་པས་བདེ་བར་གཤེགས་པ་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྤྲུལ་པར་གསུངས་ཤིང༌། རྣམ་པ་བདུད་དགྲ་དམ་སྲི་འདུལ་ལ་འགྲན་ཟླ་མེད་པའི་མཐུ་སྟོབས་ཀྱི་རྩལ་དང་ལྡན་པ་ཕྲིན་ལས་ཀྱི་གསང་བ་གཅིག་ཏུ་བསྡུས་པ་ཀརྨ་ཧེ་རུ་ཀའི་ཚུལ་དུ་སྣང་ལ། ཁྱད་པར་དུ་ཞི་བའི་དུས་ན་དཔལ་རྡོ་རྗེ་སེམས་དཔའ། གསང་སྔགས་ཕྱི་པའི་སྐབས་སུ་རྡོ་རྗེ་རྣམ་པར་འཇོམས་པ། བྱང་ཆུབ་སེམས་དཔའི་སྐབས་སུ་གསང་བདག་ཕྱག་ན་རྡོ་རྗེ། རྡོ་རྗེ་གཙུག་ཏོར་ཕྱིར་བཟློག་ཆེན་མོ་སོགས་མཚན་དང་སྐུའི་བཀོད་པ། རིགས་སྔགས་ཀྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས་ལས་དང་དངོས་གྲུབ་རབ་འབྱམས་སྒྲུབ་པ་ལ་བྱིན་རླབས་ནུས་པའི་གཟི་བྱིན་ད་ལྟའི་བར་ཉམས་པ་མེད་པས་འཕགས་བོད་གསར་རྙིང་མཁས་གྲུབ་ཀུན་གྱི་ཐུགས་དམ་གསང་བའི་ལྷ་གཅིག་མར་ཡོངས་སུ་གྲགས་ལ། འདི་ཉིད་ལ་རྒྱུད་དང་གདམས་ངག་བཀའ་བབ་ཀྱི་ལུགས་སྲོལ་ཟབ་ཅིང་རྒྱ་ཆེ་བ་བྱུང་བ་ལས། སྐབས་སུ་བབ་པ་འདི་ནི། སྔ་འགྱུར་ཟབ་མོ་གཏེར་གྱི་ཆོས་སྡེའི་བྱེ་བྲག་ཀུན་མཁྱེན་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཟབ་མོའི་དགོངས་ཀློང་ཡེ་ཤེས་ཀྱི་གསང་མཛོད་ལས་བྱོན་པའི་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཕུར་པ་འདུས་པའི་དྲིལ་སྒྲུབ་ཞེས་ཕྲིན་ལས་ཀྱི་སྒྲུབ་སྡེའི་སྐོར་ཏེ། རྗེ་འདི་ཉིད་ཀྱིས་ཕུར་པ་བཀའ་གཏེར་དག་སྣང་གི་རིམ་པ་གངས་ཅན་ན་བཞུགས་སོ་ཅོག་ལེགས་པར་གསན། ཐུགས་དམ་ཉམས་བཞེས་མཐར་ཕྱིན་པར་གནང་བས་དཔལ་ཆེན་པོའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང༌། སངས་རྒྱས་གཉིས་པ་པདྨཱ་ཀ་ར། པཎ་ཆེན་དྲི་མེད་བཤེས་གཉེན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་ཕུར་པ་གྲུབ་པའི་རིག་འཛིན་རྣམས་ཀྱིས་བྱིན་རླབས་དབུགས་དབྱུང་ཁྱད་པར་ཅན་བསྩལ། སྨིན་གྲོལ་རྒྱུད་ཀྱི་བཤད་བཀའི་ཉེ་བརྒྱུད་བརྙེས། བོད་ཕུང་མཐའ་དམག་དམ་སྲི་ཕྲིན་ལས་དྲག་པོའི་སྟོབས་ཀྱིས་བསྒྲལ་བ་སོགས་ངོ་མཚར་གྱི་ཆེ་བ་དུ་མ་དང་ལྡན་པའི་བྱེ་བྲག་ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་དབང་བསྐུར་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་དཔལ་ཆེན་ཁྲག་འཐུང་རྡོ་རྗེ་གཞོན་ནུ་དངོས་སུ་གསལ་བ་ལ་མོས་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པ༔ དབང་དང་བྱིན་རླབས་བདག་ལ་སྩོལ༔ ལན་གསུམ། དཔལ་ཆེན་ཁྲག་འཐུང་རྡོ་རྗེ་གཞོན་ནུ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོ་རྩ་གསུམ་རྒྱལ་བ་རབ་འབྱམས་ཆོས་སྲུང་དང་བཅས་པ་མཁའ་ཁྱབ་ཏུ་བཞུགས་པ་ལ་བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྩེ་གཅིག་གུས་པས་སྐྱབས་སུ་འགྲོ་བ་དང་མཁའ་མཉམ་གྱི་ཡིད་ཅན་དཔལ་ཧེ་རུ་ཀའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གསང་བའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཟབ་མོའི་སྒོར་ཞུགས་ཤིང་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ བླ་མ་རྡོ་རྗེ་གཞོན་ནུ་སོགས། ལན་གསུམ། ཡུལ་མཆོག་དེ་རྣམས་ཀྱི་སྤྱན་སྔར་ཕྱག་དང་བཤགས་པས་སྒོ་གསུམ་གྱི་སྒྲིབ་གཉིས་བག་ཆགས་སྦྱང་བ་དང༌། མཆོད་པ་ལ་སོགས་པས་ཚོགས་གཉིས་ཕུང་པོ་བླ་ན་མེད་པ་བསགས་པ་དང༌། ཡོངས་སུ་བསྔོ་བས་དགེ་བའི་རྩ་བ་རྒྱ་ཆེར་སྤེལ་བ་རྣམས་ཀྱི་དམིགས་འདུན་གསལ་ཐོབ་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་ལན་གསུམ། དབང་གི་བཅུད་ཆགས་པ་ལ་རྒྱུད་སྡོམ་པ་དང་ལྡན་པའི་སྣོད་དགོས་པས། རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པའི་སྡོམ་པ་རིགས་ལྔ་སྤྱི་དང་བྱེ་བྲག་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་རྣམས་ལེགས་པར་བླངས་ཏེ་སྲུང་སྙམ་པས་འདིའི་རྗེས་ཟློས། ཨོཾ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང༌། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་རྫོགས་གྱུར་ཅིག །ལན་གསུམ། དངོས་གཞི་དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ལ། རིག་འཛིན་བླ་མའི་བྱིན་རླབས་གཏོར་མའི་དབང་བསྐུར་བགྱི་བ་ལ། གཏོར་སྣོད་རིན་ཆེན་འབར་བའི་གཞལ་མེད་ཁང་གི་དབུས་སུ་གཏོར་མ་འདི་ཉིད་བླ་མ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་རྩལ་ཕྲིན་ལས་ཕུར་པ་གྲུབ་པའི་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་སྤྲིན་གཏིབས་པ་ལྟར་བཞུགས་པའི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་འོད་ཟེར་བདུད་རྩིའི་ཕྲེང་བ་དཀར་དམར་མཐིང་ག་ཁ་དོག་སྣ་ཚོགས་པའི་རྣམ་པར་ཆར་ལྟར་བྲུལ། སློབ་མའི་གནས་གསུམ་དུ་ཐིམ་པའི་མོས་པ་མཛོད། སློབ་དཔོན་གྱིས་ཌཱ་དྲིལ་གདངས་དབྱངས་དང་བཅས་ཏེ་བསྐུལ། ལས་རྡོར་གྱིས་གཏོར་མ་བཏེགས་ལ། ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ྄༔ ས་མ་ཡ་ཨ་བེ་ཤ་ཡ་སྟྭྃ༔ སློབ་དཔོན་གྱིས་གཏོར་མ་སློབ་མའི་གནས་གསུམ་དུ་བཞག །གཏོར་མ་དང་གཉིས་སུ་མེད་པའི་བརྒྱུད་གསུམ་རིག་འཛིན་བླ་མ་ཐམས་ཅད་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་སློབ་མའི་སྒོ་གསུམ་ལ་ཐིམ་པས་རྡོ་རྗེའི་ཡེ་ཤེས་ཆེན་པོའི་བྱིན་རླབས་ཀྱི་ཟིལ་གྱིས་ཁྱེད་རང་རྣམས་དཔལ་ཆེན་པོའི་སྐུ་འདི་ལྟར་གསལ་ཐོབ་མཛོད། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་སོགས། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། སྣོད་རྣམ་པར་དག་པ་འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་ཀྱི་བཀོད་པ་རྫོགས་པའི་དབུས་སུ་པདྨ་ཉི་མ་ལྷ་ཆེན་ཕོ་མོའི་གདན་ལ། བཅུད་རྣམ་པར་དག་པ་ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག །ཞལ་གསུམ་གཡས་དཀར་ལ་གཡོན་དམར་ཕྱག་དྲུག་གཡས་དང་པོ་དང་བར་པས་རྡོ་རྗེ་རྩེ་དགུ་དང་རྩེ་ལྔ། གཡོན་དང་པོ་དང་བར་པས་མེ་ཕུང་དང་ཁཊྭཱྃ་ག་བསྣམས་ཤིང་ཕྱག་ཐ་མ་གཉིས་ཀྱིས་རི་རབ་ཕུར་བུ་འདྲིལ་བ། དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང་ཞབས་བཞི་འདོར་ཐབས་སུ་བགྲད་པའི་པང་དུ་ཡུམ་འཁོར་ལོ་རྒྱས་འདེབས་མ་མཐིང་སྐྱ་ཨུཏྤལ་དང་དུང་ཁྲག་བསྣམས་པས་འཁྱུད་པ་གནས་ལྔར་སྲས་མཆོག་རིགས་ལྔ། ཚིགས་མཚམས་སུ་ཁྲོ་བོ་བཅུ་སྟངས་དཔྱལ་ཕྲ་ཐབས་དང་བཅས་པ། ཡན་ལག་བཞིར་སྒོ་མ་ཕུར་སྲུང་དང་བཅས་པར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གསལ་ཐོབ་ཅིག །དེ་ནས་དབང་དངོས་ལ། བསྙེན་པའི་ཕུར་པ་ལ་བརྟེན་ནས་སྟོད་ལས་མཆོག་སྒྲུབ་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་དང༌། ལས་ཀྱི་ཕུར་པ་ལ་བརྟེན་ནས་སྨད་ལས་བསྒྲལ་དབང་གི་ཚུལ་དུ་བསྐུར་བ་གཉིས་ལས། དང་པོ་ནི། མདུན་བསྐྱེད་མཚན་མ་རྫས་ཀྱི་ཕུར་པ་འདི་ཉིད་རྣམ་པ་ཕྱིའི་དབྱིབས་རྫས་ཀྱི་ཕུར་པ་ལ་ནང་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཁྲག་འཐུང་བཛྲ་ཀཱི་ལ་ཡའི་དཀྱིལ་འཁོར་དབུས་སུ་གཙོ་བོ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཁྲོ་བཅུ་ཕྲ་ཐབས་སྲས་མཆོག་སྒོ་སྐྱོང་དམ་ཅན་སྲུང་མ་དང་བཅས་པ་ལུས་དཀྱིལ་གྱི་ལྷའི་ཚུལ་དུ་བཞུགས་པ་སྤྱན་དྲངས་ཏེ་དཔྲལ་བར་བཞག་པས་སྐུ་སྣང་སྟོང་བུམ་པའི་དབང་བསྐུར་སྩོལ་བའི་མོས་པ་མཛོད། སྒྲུབ་ཕུར་སྤྱི་བོར་བཞག་སྟེ། ཨོཾ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ སྐུ་ཡི་དབྱིག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཀཱ་ཡ་ས་མ་ཡ་ཨ་བེ་ཤ་ཡ་སྟྭྃ༔ མཚན་མ་རྫས་ཀྱི་ཕུར་བུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་བདུད་རྩིའི་ཆུ་རྒྱུན་གྱི་རྣམ་པས་ལུས་ཀྱི་ནང་གང༌། རྟོག་སྒྲིབ་བག་ཆགས་དང་བཅས་པའི་དྲི་མ་གཏོར་ཞིང་ཡེ་ཤེས་ལྔའི་ནུས་པ་རྒྱུད་ལ་ཞུགས་ཤིང་རིགས་ཀྱི་བདག་པོ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། མཐར་ལྷ་ཚོགས་རྣམས་ལས་སྐུ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་ལ་ཐིམ་པར་མོས་ཤིག །དེས་སྐུ་བུམ་པའི་དབང་བསྐུར། ལུས་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། གཟི་བརྗིད་སྟོབས་ཀྱི་དངོས་གྲུབ་ཐོབ། སྐུའི་བྱིན་རླབས་ལུས་ལ་ཞུགས། བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མཚན་མ་རྫས་ཀྱི་ཕུར་བུའི་དཀྱིལ་འཁོར་གྱི་ལྷ་ཚོགས་མགྲིན་པར་བཞག་སྟེ་གསང་བའི་དབང་བསྐུར་སྩོལ་བར་མོས་པ་མཛོད། ཨཱཿ སངས་རྒྱས་ཀུན་གྱི་ཡེ་ཤེས་གསུང༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ གསུང་གི་དབྱིག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཝཱཀ་ས་མ་ཡ་ཨ་བེ་ཤ་ཡ་སྟྭྃ༔ དཀྱིལ་འཁོར་གྱི་ལྷ་ཚོགས་རང་འོད་ཀྱི་ཡུམ་དང་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་སློབ་མའི་ལྕེ་ཐོག་ཏུ་བྱིན། མགྲིན་པའི་ལམ་བརྒྱུད་རྩ་ཁམས་ཐམས་ཅད་ལ་ཁྱབ། རང་བཞིན་བརྒྱད་ཅུའི་རྟོག་ཚོགས་འོད་གསལ་གྱི་དབྱིངས་སུ་ཐིམ་པས་གསང་བའི་དབང་བསྐུར་ཐོབ་པར་མོས་མཛོད། རྗེས་འབྲེལ་བཟླས་པའི་ལུང་སྦྱིན་པ་ལ། སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོར་སེམས་ཚོན་གང་བ། དེའི་ཐུགས་ཀར་ཉི་ཟླའི་གྭའུའི་ནང་དུ་ཧཱུྃ་ཡིག་གི་མཐར་འཁོད་པ་ལས་སྐུ་དང་སྔགས་ཕྲེང་མེ་འོད་མཚོན་ཆ་ནམ་མཁའ་གང་གང་བར་འཕྲོས། རྒྱལ་བ་སྲས་བཅས་མཆོད། ཁམས་གསུམ་གྱི་ཉོན་མོངས་པ་སྦྱངས། སྲིད་པ་གསུམ་གྱི་དྲེགས་བྱེད་ཐམས་ཅད་གཟིར། བར་ཆད་འབྱུང་པོ་ཐམས་ཅད་ཚར་བཅད། སྣོད་བཅུད་དཀྱིལ་འཁོར་གསུམ་དུ་རྫོགས་པར་མོས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀཱི་ལ་ཡ་ལན་གསུམ་བཟླར་གཞུག །དེས་གསུང་གསང་བའི་དབང་བསྐུར། ངག་གི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། དྲག་སྔགས་ནུས་པའི་དངོས་གྲུབ་ཐོབ། གསུང་གི་བྱིན་རླབས་ངག་ལ་ཞུགས། བདག་བྱིན་བརླབས་པའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མཚན་མ་རྫས་ཀྱི་ཕུར་བུའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྙིང་གར་བཞག་སྟེ་གསུམ་པའི་དབང་བསྐུར་བསྩལ་བར་མོས་པ་མཛོད། ཨཱཿ སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཙིཏྟ་ས་མ་ཡ་ཨ་བེ་ཤ་ཡ་སྟྭྃ༔ དཔལ་ཆེན་པོའི་སྦྱོར་ཡུམ་ལས་གཟུགས་དང་ལང་ཚོ་ལྡན་པའི་རིག་མ་ཡེ་ཤེས་ཕྱག་རྒྱའི་ངོ་བོ་ཅན་སྤྲོས་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པས། ལུགས་འབྱུང་ལྡོག་གི་ཐབས་ཤེས་དགའ་བ་བཅུ་དྲུག་མྱོང་བའི་མཐར་ཐུག་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོ་འཕོ་མེད་དུ་བརྟན་པར་མོས་ཤིག །དེས་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར། ཡིད་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། བདེ་ཆེན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས། གཞན་ལུས་ཕོ་ཉའི་མྱུར་ལམ་བསྟེན་པ་ལ་དབང༌། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མཚན་མ་རྫས་ཀྱི་ཕུར་བུ་སླར་ཡང་སྙིང་གར་བཞག་སྟེ། དབང་བཞི་པའི་དོན་ངོ་སྤྲོད་པར་མོས་མཛོད། ཧྲཱིཿ སངས་རྒྱས་ཀུན་གྱི་ཡེ་ཤེས་དབྱིངས༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ ཡེ་ཤེས་དབྱིག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཛྙཱ་ན་ས་མ་ཡ་ཨ་བེ་ཤ་ཡ་སྟྭྃ༔ མཚོན་བྱེད་དཔེ་ཡི་ཐབས་ལ་བརྟེན་ནས་མཚོན་བྱ་དོན་གྱི་ཡེ་ཤེས་ངོ་སྤྲོད་པ་ནི། རྡོ་རྗེའི་ཚིག་འདི་ལ་གསན་འཚལ། ཕུར་ནི་ཐབས་ཀྱི་རྒྱལ་པོ་སྟེ༔ པ་ནི་ཤེས་རབ་དབྱིངས་ཀྱི་ངང༔ ཟུང་འཇུག་ཆེན་པོར་མཉམ་བཞག་པས༔ བཞི་པའི་ཡེ་ཤེས་སྐྱེས་པར་བསམ༔ ཞེས་གསུངས་པ་ལྟར་དབྱིངས་སྟོང་ཉིད་སྤྲོས་བྲལ་གྱི་འཆར་ཆ། རིག་རྩལ་འཁོར་འདས་སྣ་ཚོགས་སུ་སྣང་ཡང༌། ཟུང་འཇུག་གདོད་མའི་གཤིས་ལ་སྐྱེ་འགགས་གནས་གསུམ་དང་བྲལ་བ་སྨྲ་བསམ་བརྗོད་བྲལ་ཆེན་པོ་ནམ་ཡང་འཕོ་འགྱུར་མེད་པའི་དོན་ལ་མཉམ་པར་ཞོག་མཛོད། དེས་ཡེ་ཤེས་བཞི་པའི་དབང་བསྐུར། སྒོ་གསུམ་ཆ་མཉམ་གྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། ཡེ་ཤེས་རྡོ་རྗེའི་སྟོབས་དང་དབང་བཅུའི་དངོས་གྲུབ་ཐོབ། རིག་པ་རྩལ་གྱི་བྱིན་རླབས་ཅིག་ཆར་དུ་ཞུགས། འོད་གསལ་རྡོ་རྗེ་སྙིང་པོའི་དོན་བསྒོམ་པ་ལ་དབང༌། འབྲས་བུ་མི་འགྱུར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །སླར་ཡང་དབང་གི་ཡེ་ཤེས་སྐྱེས་བརྟན་གོང་འཕེལ་དུ་བྱ་བའི་ཕྱིར། མཚན་མ་རྫས་ཀྱི་ཕུར་བུའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྟེང་གི་ཆ་ལ་རིག་འཛིན་གྲུབ་ཐོབ་བརྒྱུད་པའི་བླ་མ། བར་གྱི་ཆ་ལ་ཡི་དམ་ཞི་བ་དང་ཁྲོ་བོ། འོག་རོལ་ཏུ་མཁའ་འགྲོ་དམ་ཅན་སྲུང་མ་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་གསང་བ་གསུམ་ལས་འབྲུ་གསུམ་དང་བྱིན་རླབས་འོད་ཟེར་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ལ་ཐིམ་པས་སྒོ་གསུམ་ཆ་མཉམ་དང་བཅས་པ་དབང་བཞིའི་ཡེ་ཤེས་ཀྱིས་སྨིན། རྡོ་རྗེའི་དཀྱིལ་འཁོར་ཆེན་པོའི་བདག་ཉིད་དུ་གྲོལ། ལས་དང་ཉོན་མོངས་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། རིག་འཛིན་རྣམ་པ་བཞིའི་ས་ལམ་ཡོངས་སུ་རྫོགས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱི་གཏེར་ལ་སྤྱོད། སངས་རྒྱས་ཀུན་གྱི་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་དང་རོ་གཅིག་ཏུ་གྱུར་པའི་མོས་པ་མཛོད། སྒྲུབ་ཕུར་སྤྱི་བོར་བཀོད་ལ། ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་ས་མ་ཡ་ཨ་བེ་ཤ་ཡ་སྟྭྃ༔ དཀྱིལ་འཁོར་གྱི་ལྷ་ཚོགས་དགྱེས་པ་ཆེན་པོའི་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་གཉིས་སུ་མེད་པར་བྱིན་གྱིས་བརླབས་པ་ལ་ཤིས་པ་བརྗོད་པའི་ཚིག་གིས་མངའ་གསོལ་བར་མོས་མཛོད། ཧཱུྃ༔ རིག་འཛིན་རྩལ་འཆང་བྱིན་རླབས་ཀུན་གྱི་བདག༔ སྲིད་པའི་ཕུར་བུ་དངོས་གྲུབ་ཀུན་གྱི་གཏེར༔ མ་མོ་མཁའ་འགྲོ་མྱུར་མགྱོགས་ཕྲིན་ལས་ཅན༔ ཕུར་པའི་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ གཉིས་པ་ལས་ཕུར་ལ་བརྟེན་ནས་མངོན་སྤྱོད་གཙོ་བོར་གྱུར་པའི་ལས་རབ་འབྱམས་སྒྲུབ་པའི་དབང་བསྐུར་ལ། ཁྱེད་རང་རྣམས་དཔལ་ཆེན་པོའི་སྙེམས་པ་མཆོག་ཏུ་བརྟན་པས་ཕྱག་ཏུ་ཕྲིན་ལས་ཀྱི་ཕོ་ཉ་ཡོངས་སུ་རྫོགས་པའི་གདབ་ཕུར་གཏད་པར་མོས་ཤིག །ལས་ཕུར་སློབ་མས་འདྲིལ་ཏེ། ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ སྔོན་ཆད་ཚུལ་བཞིན་དམ་བཅས་པའི༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ མ་རཀྨོ་ཡཀྨོ། ཀ་ལ་རཱུ་པ། སྙིང་རྩ་ལ་ཡཾ་ཡཾ། སྲོག་ལ་ཡཾ་ཡཾ། སྙིང་ལ་ཕྲིལ་ཕྲིལ། སྲོག་ལ་ཆུམ་ཆུམ། ཙིཏྟ་སྲོག་ལ་ཏུང་ཏུང༌། སྙིང་ཁྲག་སྲོག་ལ་ཤད་ཤད། ཐུམ་རི་ལི་རི་ལི། ཙེག་ཙེག །འུར་འུར། ཤིག་ཤིག །འགུལ་འགུལ། མྱག་མྱག །སོད་སོད། དྷ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ། མཱ་ར་སེ་ན་པྲ་མརྡྷ་ན་ཧཱུྃ་ཕཊ྄། དེ་ལྟར་གཏད་པའི་ཕུར་པ་ཕྱོགས་བཅུར་བསྒྲིལ་ཞིང་གཟིར་བས་བྱ་བ་ཏན་ཏུར་གྱི་ཕྲིན་ལས་སྲུང་བ་རྡོ་རྗེའི་རྫོང་མཁར། བཟློག་པ་དྲག་པོའི་དམག་དཔུང༌། གདབ་པ་ལས་ཀྱི་སྤུ་གྲི། མཐའ་སྡུད་མནན་སྲེག་འཕང་གསུམ་གྱིས་མཚོན་དྲག་ཤུལ་གྱི་ལས་ཆེན་བཅུ་གཉིས་ལོག་རྡུག་འབྱམས་གསུམ་གྱི་སྐྱོན་དང་བྲལ་བས་ཕྱི་ནང་གསང་བའི་དགྲ་གསུམ་བསད། བདུད་བཞི་བཅོམ། འཕྲང་གསུམ་ལས་བརྒལ་ནས་དཔལ་ཁྲག་འཐུང་ཆེན་པོ་འཇིགས་མཛད་རྡོ་རྗེ་གཞོན་ནུ་དང་དགོངས་སྤྱོད་མཉམ་པར་མོས་མཛོད། དེ་དག་གིས། ཐུགས་ཀྱི་ཕུར་གཅིག་ལ་བརྟེན་ནས༔ ཏིང་ངེ་འཛིན་གྱི་དབང་བསྐུར་བ༔ རྒྱུད་ཀྱི་ཁོང་སྙིང་ཕྱུང་པ་སྟེ༔ སྣོད་ལྡན་བུ་ལ་གཏད་དོ་རྒྱ༔ ཞེས་སྤྲོས་པའི་ཡན་ལག་བསྡུས་ཀྱང་ཡང་གསང་ཐུགས་ཀྱི་ཕུར་གཅིག་ལ་བརྟེན་པའི་སྙིང་པོ་དོན་གྱི་དབང་བཞི་མཐའ་རྟེན་དང་བཅས་པ་ཡོངས་སུ་རྫོགས་པའི་ཟབ་ཁྱད་ཅན་སྔོན་ཆད་རྒྱ་ཆེར་མ་བསྟན་པའི་ཟབ་གསང་ཌཱ་ཀིའི་ཐུགས་ཏིག་བྱིན་རླབས་དོན་གྱི་བརྒྱུད་པ་མ་ཉམས་པའི་དབང་གི་རིམ་པ་ལེགས་པར་གྲུབ་པ་ལགས་པས་སོགས་མཚམས་སྦྱོར་དང་བཅས་དམ་ཚིག་ཁས་བླང༌། གཏང་རག་ལུས་འབུལ། དགེ་བསྔོ་རྣམས་དང་ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་སོགས་ཕྲིན་ལས་རྗེས་ཀྱི་རིམ་པ་མཐར་ཆགས་སུ་བྱའོ། །འཇིྃགས་བྲྃལ་མཁྱེནྃ་བརྩེྃ་དགྱེས་པའི་གར། །སྟོབས་བཅུའི་འོདྃ་ཟེརྃ་སྟོང་འབར་བ། །ཕྱོགས་ལས་རྣམ་རྒྱལ་བཀྲྃ་ཤིསྃ་ཀྱི། །བསྟན་འགྲོའི་དཔྃལ་འབྱོྃར་རྒྱས་གྱུར་ཅིག །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཡི་དམ་ཕྲིན་ལས་ཕུར་པ་འདུས་པའི་དྲིལ་སྒྲུབ་ཀྱི་དབང་གི་རིམ་པ་ཕྲིན་ལས་རྒྱན་གྱི་རོལ་མོ་ལེ་ཚན་བཅུ་བདུན་པ་ཕྲིན་ལས་དྲག་པོ་རྩལ་གྱིས་སྦྱར་བ་སྟེ་རྫོགས་སོ། ༈ གཉིས་པ་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོའི་སྒྲུབ་སྐོར་ལ། རིགས་ལྔ་མཁའ་འགྲོ་སྤྱི་དང་བྱེ་བྲག་གི་སྒྲུབ་ཐབས་དབང༌། ལས་ཚོགས་བཅས་རྒྱ་ཆེར་ཡོད་པའི་རྩ་ཐོ་རྗེ་བླ་མ་ཐམས་ཅད་མཁྱེན་པའི་ཕྱག་བྲིས་དངོས་མཇལ་བའི་སྐལ་བཟང་ཐོབ་ཀྱང་ཕག་མོ་དཀར་མོ་ཙམ་ལས་གཞན་གཏན་ལ་མ་ཕབ་པར་མངོན་ལ། དེ་ལ་མཁས་གྲུབ་ཀྱི་རྒྱལ་པོ་འཇམ་མགོན་རྣམ་གཉིས་ཀྱི་ལྗགས་བསྒྲིགས་བཞུགས་བཞིན་པ་དང༌། གཞན་བདུད་རྩི་བདེ་ཆེན་སྙིང་པོ་དང༌། ཕུར་པ་འདུས་པའི་དྲིལ་སྒྲུབ་གཉིས་དབུ་ཙམ་ལས་རྫོགས་པར་མ་ཕེབས། གསུམ་པ་བཀའ་སྲུང་གསོལ་མཆོད་རྡོ་རྗེའི་དྲྭ་བ་ལ་རྗེས་གནང་སྲོག་གཏད་སོགས་དམིགས་བསལ་མེད་པས་ད་ལྟ་བདག་ཅག་གི་སྤྱོད་ཡུལ་དུ་གྱུར་པ་དེ་ཙམ་གྱིས་རྫོགས་པར་གྲུབ་པའོ། །ཐེག་མཆོག་སྟོན་པའི་ཐུགས་བསྐྱེད་སྐྱ་རེངས་དང༌། །སྐལ་བཟང་གདུལ་བྱའི་སྨོན་ལམ་རྟ་བདུན་ཤུགས། །ནང་འཛོམས་བཀའ་བབ་རིན་ཆེན་བདུན་གྱི་ཉི། །མི་མཇེད་ཞིང་གི་རྒྱན་དུ་མཛེས་པར་ཤར། རྒྱ་ཆེའི་བཀའ་དང་ཟབ་གཏེར་བདུད་རྩིའི་རླབས། །སྨིན་གྲོལ་བསྐྱེད་རྫོགས་གདམས་པའི་རོ་ནུས་ཅན། །གཅིག་ལས་གཅིག་མཚར་འཁོར་བསྒྱུར་བང་མཛོད་བཞིན། །མངོན་སུམ་སྤྱོད་པ་སྔོན་སྨོན་བཟང་པོའི་མཐུ། །གཟུར་གནས་བློ་ཡི་རིན་ཆེན་མིག་ཡངས་ཤིང༌། །འཆད་རྩོམ་སྒྲུབ་པའི་གཏོང་བའི་ཕྱག་ཡངས་པའི། །བློ་ལྡན་མཆིས་ན་ཐེག་མཆོག་ཆོས་ཀྱི་ཁབ། །མེལ་ཚེ་བགྱིད་ལ་མི་བྲེལ་སུ་ཞིག་མཆིས། །བསགས་པ་རྒྱ་ཆེ་ཕ་ཡི་ནོར་སྐལ་མཆོག །རྗེས་འཇུག་བུ་ལ་བརྩེ་བས་སྦྱིན་པ་འདི། །རང་གར་བོར་ན་དེ་ལས་ཁྲེལ་འོས་སུ། དེ་ཚུལ་ཤེས་པས་རྟག་ཏུ་བརྩོན་པ་ལེགས། །བསགས་སྲུང་བརླག་པའི་སྡུག་བསྔལ་ཁུར་བརྩེགས་ཤིང༌། །ཕུང་ཁྲོལ་གདེང་ཀས་གཡེངས་བའི་མཛོད་ཕལ་ཆེར། །དགྲ་སྡེས་བརླག་ཀྱང་ཆོས་ཀྱི་གསང་མཛོད་ནི། །འགྲིབ་མེད་བདག་གི་དཔལ་དུ་ཆས་ལ་གཟིགས། །འདི་ནི་སྐྱེ་འཆིའི་འཕོ་སྐྱེས་ཀྱིས་ཐེབ་ཀྱང༌། །ཕྱི་མར་བཅོལ་བའི་ནོར་ལ་རང་དབང་དུ། །འདི་བས་ལྷག་པས་ལེན་ཅིང་འཛིན་སྤེལ་གྱི། །སྤོབས་པའི་མགོ་འཕང་བསྟོད་ལ་སོམ་ཉི་ཅི། །མཐིང་སྐྱ་མིག་གི་བུང་བ་གཏིང་དུ་ལྷུང༌། །འཁྱོགས་པའི་སོར་མོ་སྒ་ཤིང་ལྟར་གྱུར་ཀྱང༌། །ལེགས་བཤད་བཟང་གོས་འཆི་ཁར་ཚེམས་དྲུབ་འདི། །ཆོས་སྲས་ན་ཚོད་གཞོན་ལ་སྐྱེས་སུ་འབུལ། །གསེར་གྱི་རྒྱ་ཕིབས་མཛེས་པའི་ཚོན་རིས་ཅན། །རིན་ཆེན་དར་ཟབ་མཆོད་རྫས་ཀྱིས་གཡོགས་པའི། །གཙུག་ལག་བཤིག་ཀྱང་སྔ་འགྱུར་དབང་ཆུ་བཞི། །སླར་ཡང་འཕགས་ཡུལ་ཆས་འདི་བདག་ཀྱང་སྤྲོ། །རིག་འཛིན་གྲུབ་པའི་ནུ་ཞོས་གསོས་པ་ཡི། །སེང་ཕྲུག་བདག་ཀྱང་ཐེག་མཆོག་གངས་རིའི་སྤོར། །དགའ་བས་རྩེན་པའི་ཟློས་གར་འདི་ཡིན་པས། །མཁས་གྲུབ་བྱེ་བས་བྱམས་བརྩེས་གཟིགས་མཛོད་ཀྱེ། །གཡོན་ཅན་གྲོགས་ལྡན་འདུ་འཛི་ལོག་འཚོས་གཡེངས། །བསྐྱེད་རྫོགས་གདིང་བྲལ་ལྟར་སྣང་ཆོས་ཀྱིས་འཚོ། །ཤ་ཆང་ཁྱིམ་གྱི་གྲོང་གསེབ་སྔགས་རྒན་གྱི། །འདམ་ལས་ངོ་མཚར་པདྨའི་འཛུམ་འདི་བྱུང༌། །ལེགས་བྱས་གང་མཆིས་དམ་པའི་བུང་བ་ཡིས། །དགྱེས་པར་བཞེས་ལ་སྲིད་དང་ངན་སོང་གི །གཡང་སར་ཕྱོགས་པ་བདག་གི་ཅོ་ཏོ་ནས། །བཟུང་སྟེ་བདེ་ཆེན་གླིང་དུ་འཁྲིད་མཛད་གསོལ། །དེ་སྐད་གངས་ཅན་བོད་ཀྱི་ཤར་ཕྱོགས་ཆར། །མདོ་ཁམས་དམ་ཆོས་བདུད་རྩིའི་དགའ་སྟོན་ལ། །ཅི་དགར་རོལ་པའི་སྐལ་པ་མི་དམན་པ། །མཁྱེན་བརྩེ་འོད་ཟེར་བུང་བས་བསྟན་ནས་སོང༌། །ཡབ་གཅིག་བླ་མའི་བཞེད་པ་བདག་གིས་སྐོང༌། །ཡུམ་གཅིག་མཁའ་འགྲོའི་གསང་མཛོད་དད་པས་སྤྱོད། །ལས་གཅིག་བྱས་པ་དོན་ལྡན་འདི་གྱུར་ནས། །ཕྱམ་གཅིག་སྐུ་གསུམ་གླིང་དུ་རྩེན་པར་ཤོག །ནམ་ཞིག་དྷུ་མ་ཐ་ལའི་གྲོང་ཁྱེར་ན། །མཁའ་སྤྱོད་མིག་ཡངས་འཛུམ་པའི་ཕོ་ཉ་བཅས། །ཆོས་ཉིད་རང་སྒྲའི་རྒྱུད་ཀྱི་གླིང་བུ་ལེན། །ཟབ་དོན་འགྲམ་ཆང་འཐུང་ལ་མི་ངལ་ཤོག །སངས་རྒྱས་གཉིས་པའི་ཐུགས་བསྐྱེད་དཔུང་ཚོགས་བཞིས། །དཔལ་ལ་དབང་བསྒྱུར་དྲག་ཤུལ་རྡོ་རྗེའི་ཆར། །ནག་ཕྱོགས་རྫོང་ལ་འབེབས་པའི་དམག་དཔོན་དུ། །བདག་གྱུར་ཡིད་སྲུབ་རྒོལ་ངན་མཐར་བྱེད་ཤོག །འཕགས་པའི་ཆོ་རིགས་གཙང་ཞིང་ཐོས་བསམ་སྒོམ། །ལང་ཚོའི་མེ་ཏོག་བཞད་ལ་འདི་འབུལ་བས། །བཤད་སྒྲུབ་ལས་ཀྱི་འཁོར་ལོའི་ཟློས་གར་གྱིས། །ཐུབ་བསྟན་ཀུན་དགའི་སྐྱེད་ཚལ་མཛེས་པར་མཛོད། །བདག་ཀྱང་ཐོས་པའི་མཛོད་བསགས་བསམ་པས་སྤེལ། །སྒོམ་སྟོབས་གནད་ཀྱི་ཉམས་ལེན་སྲོག་གི་ཟུངས། །ཡིད་འོང་དབེན་པའི་ངོགས་ནས་སྨིན་གྱུར་ཏེ། །ཐུབ་པའི་བསྟན་ལ་བྱ་བ་བྱེད་ནུས་ཤོག །བཀྲ་ཤིས་གང་ཞིག་རྩ་གསུམ་དགྱེས་པའི་ཉིན་མོར་བྱེད། །བྱིན་རླབས་སྣང་བ་འབུམ་གྱིས་སྒེག་པའི་འོད་ཕྲེང་གིས། །དངོས་གྲུབ་པདྨོའི་འཛུམ་གཡོ་ཕྲིན་ལས་དྲི་བསུང་ཁྱབ། །ཕན་བདེའི་བུང་བའི་ཟློས་གར་བརྩེ་བས་མཛེས་གྱུར་ཅིག །ཅེས་ཤར་མདོ་ཁམས་སྡེ་དགེའི་ཆོས་རྒྱལ་ཆེན་པོའི་མངའ་རིས་ཀྱི་ཤར་ཕྱོགས་ཤྲཱི་ན་ལེནྡྲ་གཉིས་པ་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཟིམས་སྤྱིལ་འོག་མིན་གཉིས་པ་སྤྲིན་གྱི་སྐྱེད་ཚལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ནས་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཁྱབ་བདག་རྡོ་རྗེ་སེམས་དངོས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མཆོག་གི་ཞལ་སྔ་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོའི་དགེ་མཚན་ཉི་ཟླ་ཁོར་ཡུག་ཏུ་འཆར་བའི་སྐབས། ཐུན་མོང་མ་ཡིན་པའི་ཟབ་ཆོས་འདི་དག་གི་སྨིན་གྲོལ་གྱིས་བདག་ཀྱང་རྗེས་སུ་བཟུང་བའི་སྐལ་བཟང་ཐོབ་པའི་སྐབས་འདི་བཞིན་ཞབས་ཏོག་སྲིད་ཞུ་སྤེལ་འོས་ཀྱི་བཀའ་ཕུན་སུམ་ཚོགས་པའི་རྟེན་དང་བཅས་དགྱེས་བརྩེས་ཚངས་གནས་ཀྱི་རྒྱན་དུ་བསྩལ་བ་དང་ཆབས་ཅིག །གཏེར་ཆེན་རོལ་པའི་རྡོ་རྗེའི་མཆོག་སྤྲུལ་དྭགས་རྙིང་གི་བསྟན་པའི་སྣང་བྱེད་ཆེན་པོ་ཀརྨ་དྲི་མེད་འོད་ཟེར་ཞབས་ཀྱིས་སྨིན་གྲོལ་བདུད་རྩི་ལྷན་ཅིག་བཞེས་པར་རྗེ་བླ་མའི་བཀའ་བཞིན་མྱུར་དུ་སྒྲུབ་འོས་པའི་བསྐུལ་མ་རྟེན་དང་བཅས་ཡང་ཡང་བསྩལ་བ་དང་རང་ཉིད་ཀྱིས་ཀྱང་དད་སྤྲོས་བསྙེན་སྒྲུབ་ཀྱི་ཞོར་ལ་ཟིན་ཐོ་ཁ་ཤས་བཏབ་ཀྱང༌། མཐའ་མིའི་ལོག་སྤྱོད་ཀྱིས་ཁམས་བོད་ཐམས་ཅད་རྔ་ཐོག་གི་སྲན་མ་བཞིན་ཉམས་ཉེས་སུ་གྱུར་པས་རྩ་བའི་ཟབ་ཆོས་འདི་ཉིད་ཀྱང་དབྱིངས་ཀྱི་མཁའ་འགྲོའི་ཕྱག་མཚན་དུ་བཞེས་པ་ལ་ཉེ་བར་རྩོམ་སྐབས། རྒྱལ་བའི་ཕྲིན་ལས་ཀྱི་རེ་ཁཱ་བསུབ་ཏུ་མེད་པས་རྗེ་བླ་མ་རིན་པོ་ཆེའི་ཕྱག་དཔེ་འཕགས་ཡུལ་དུ་གདན་འདྲེན་ཞུས་ཐུབ་པའི་བཀའ་དྲིན་ལས། རིམ་གྱིས་དཔེ་རྒྱུན་འཕེལ་བ་ལ་ཐེག་མཆོག་སྙིང་པོའི་བསྟན་དང་བསྟན་འཛིན་ལ་མཆོག་ཏུ་གུས་པ་བྱང་གནམ་མཚོའི་དོ་སྐྱ་མཆོག་སྤྲུལ་འགྱུར་མེད་པདྨ་དྲི་མེད་ནས་རྩ་དཔེ་ཞལ་བཤུས་ཀྱི་གླེགས་བམ་དབུས་གྱུར་རྡོ་རྗེ་གདན་གྱི་གཙུག་ལག་ཁང་ནས་གནང་བའི་རྟེན་འབྲེལ་གྱིས་མཚམས་སྦྱར་ཏེ། ཤར་མདོ་ཁམས་སྡེ་དགེའི་རྒྱལ་ཁམས་ཀྱི་མུ་ཏོ་བ། འདུ་ཤེས་གསུམ་གྱི་གཡར་དམ་འཆང་བས་གྲོང་གསེབ་ཏུ་འཁྱམས་པའི་རྙིང་སྔགས་རྒན་པོ། སྙན་ལ་བརྗིད་པའི་མིང་མང་པོའི་ཁུར་གྱིས་ནོན་པའི་རྨོངས་བརྟུལ་གྱི་ཟོག་པོས་རྒྱ་གར་གྱི་ཡུལ་གྲུ་མཐའ་དབུས་ཀུན་ཏུ་རྒྱུ་བའི་སྐབས་སུ་རང་བློས་དཔོག་ཚོད་ཇི་ལྟར་ནུས་པའི་ཞབས་ཏོག་ཞུས་པ་ལ། རྡུལ་བྲལ་ཆོས་སྤྱན་མངའ་ཞིང་ངེས་དོན་གྱི་བསྟན་པ་རིན་པོ་ཆེ་ཐུགས་ལ་བཅགས་པའི་གཟུར་གནས་མཁས་གྲུབ་རྣམས་ཀྱིས་དཔྱད་ཞུས་དང༌། སྨིན་གྲོལ་གྱི་སྲོག་རྩ་མི་ཆད་པའི་གཡར་དམ་བཞེས་གྲུབ་སྙིང་ནས་གསོལ་བ་འདེབས་པ་དང༌། ཡི་གེའི་མཐུན་སྦྱོར་བྱང་ཕྱོགས་རེབ་སྐོང་རིག་པའི་འབྱུང་གནས་ཀྱི་སྔགས་བན་འཇིགས་མེད་སྐལ་བཟང་བདེ་ཆེན་གྲུབ་པའི་རྡོ་རྗེས་དད་གུས་ཀྱི་བརྩོན་པས་བགྱིས་པའི་ངལ་བའི་ཁུར་འདིས་ཀྱང་བསྟན་འགྲོའི་དགེ་མཚན་ཉིན་བྱེད་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་འཕེལ་རྒྱས་བརྟན་པའི་རྒྱུར་འགྱུར་བར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་པར་མཛད་དུ་གསོལ། སརྦ་དཱ་སུ་ཤྲཱི་ཡེ་བྷ་ཝནྟུ།། །།}} | ༄༅། །ཆོས་དབྱིངས་ཀུན་ཁྱབ་འོད་གསལ་ཡེ་ཤེས་སྤྲིན། །རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་རོལ་སྒེག་གིས། །བྱིན་རླབས་དངོས་གྲུབ་ཕྲིན་ལས་བདུད་རྩིའི་ཆར། །འབེབས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ་འཆང་རྒྱལ། །ཁྱོད་ཐུགས་ཡེ་ཤེས་གསང་བའི་མཛོད་བརྟོལ་ནས། །ངོ་མཚར་ཟབ་རྒྱས་གདམས་པའི་ལམ་སྲོལ་གྱི། །སྣང་བས་གངས་ཅན་བསྟན་འགྲོའི་ཕན་བདེའི་དཔལ། །འདོད་དགུ་འབྱེད་མཛད་མཁྱེན་བརྩེའི་དབང་པོར་གུས། །རྒྱལ་ཀུན་གསུང་གི་རྡོ་རྗེའི་ཁྱབ་བདག་ཕྱིར། །གསང་བ་རྒྱ་མཚོའི་འདོད་དགུའི་དཔལ་གྱི་དབྱིག །རྨད་བྱུང་སྨིན་གྲོལ་ངོ་མཚར་འཕྲུལ་གྱི་སྒོ། །འདི་ན་སྐལ་བཟང་ཀུན་དགའི་གསོས་སུ་སྦྱིན། །དེ་ལ་འདིར་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྐོར་ཡོངས་རྫོགས་ཀྱི་སྨིན་ལམ་དབང་གི་ཕྲེང་བ་འཇུག་བདེ་དཀྱུས་གཅིག་ཏུ་བཀོད་པ་ལ། བླ་མ་སྐུ་གསུམ་སྤྱིར་སྒྲུབ་པ་དང༌། རྩ་གསུམ་བྱེ་བྲག་ཏུ་སྒྲུབ་པའི་སྨིན་བྱེད་གཉིས་ཀྱི། དང་པོ་ལའང༌། ཕྱི་ནང་གསང་བ་ཡང་གསང་གི་དབང་བསྐུར་རོ། །དང་པོ་རྩ་བ་ཕྱི་སྒྲུབ་བླ་མ་གསང་འདུས་རྡོ་རྗེ་འཆང་ཐོད་ཕྲེང་རིགས་ལྔ་གུ་རུ་མཚན་བརྒྱད་བཅས་གཅིག་དྲིལ་སྒྱུ་འཕྲུལ་དྲྭ་བའི་དབང་བསྐུར་འབོག་པ་ལ། གྲུབ་པའི་སློབ་དཔོན་ཆེན་པོ་སྒེག་པའི་རྡོ་རྗེས། རྒྱུ་གཉིས་རྐྱེན་བཞིས་ཡན་ལག་བསྙད། །དྲུག་ལ་གནས་པའི་ཐོབ་བྱེད་དོ། །ངོ་བོ་ཉིད་ཀྱིས་རྣམ་པར་བཤད། །ཅེས་གསུངས་པ་ལྟར་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་ནི་དབང་བསྐུར་བ་སྟེ། གསང་སྔགས་ལམ་གྱི་བསྟན་དོན་མཐར་ཐུག་ཤིན་ཏུ་རྟོགས་པར་དཀའ་བ་དག་མཉམ་བདེན་པ་དབྱེར་མེད་གཞི་ཡི་དཀྱིལ་འཁོར་ཡེ་ནས་རང་ལ་གནས་པ་ཉིད་དབང་བསྐུར་བའི་ཆོ་ག་ཟབ་མོས་བཙན་ཐབས་སུ་འཆར་བར་བྱེད་པ་སྟེ། །རྡོ་རྗེ་བཞིའི་ཡེ་ཤེས་སྨིན་པར་བྱེད་པའི་ཐབས་ཁྱད་པར་ཅན་ཡིན་པའི་ཕྱིར་ཐོག་མའི་འཇུག་སྒོ་མེད་དུ་མི་རུང་བས། དབང་བསྐུར་མཚན་ཉིད་པ་ལ་རྒྱུ་གཉིས་རྐྱེན་བཞི་ཚོགས་པས་སྐུ་བཞིའི་གོ་འཕང་གི་ཆོས་གདུལ་བྱའི་རྒྱུད་ལ་འཇོག་པའི་བྱེད་ལས་ཀྱིས་ཡེ་ཤེས་དངོས་སུ་སྐྱེས་པའམ་སྐྱེ་ངེས་ཀྱི་ནུས་པ་ཅི་རིགས་ཐོན་དགོས་པས་ན། རྒྱུའི་རྐྱེན་དབང་གི་སྣོད་དུ་རུང་བའི་སློབ་མ་སྟེ། དད་དང་བརྩོན་འགྲུས་གསུམ་ལྡན་དང༌། །བརྟུལ་ཞུགས་གསུམ་ལྡན་སློབ་མ་ལར། །ཞེས་པ་ལྟར་དང༌། བདག་པོའི་རྐྱེན་ཕྱི་ནང་གསང་བའི་དེ་ཉིད་བཅུ་དང་ལྡན་པས་གཞན་རྒྱུད་སྨིན་ནུས་པའི་རང་བཞིན་བརྒྱད་ལྡན་གྱི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པས། དམིགས་པའི་རྐྱེན་དབང་རྫས། སྔགས། ཏིང་འཛིན་གསུམ་གྱི་ནུས་པ་ཁྱད་པར་ཅན་དང་ལྡན་པ་ཚོགས་པས། དབང་དང་ཆོ་ག་སྔ་མ་སྔ་མས་གོ་ཕྱེས་ནས་ཕྱི་མ་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ཏེ། དེས་ན་དབང་བཞི་སྤྱི་དང་བྱེ་བྲག་གོ་རིམ་མ་འཆོལ་བར་བསྐུར་བས། མཚུངས་ལྡན་གྱི་རྒྱུ་སློབ་མའི་རྩ་རླུང་ཐིག་ལེ་སེམས་དང་བཅས་པའི་བྱེ་བྲག་དབང་སོ་སོའི་རྗེས་མཐུན་གྱི་ཆོས་རེ་ཆོས་ཉིད་བདེ་བ་ཆེན་པོས་ཁྱབ་སྟེ་ཡོད་པ་ལ། ལྷན་ཅིག་བྱེད་རྒྱུ་དབང་བཞི་སོ་སོའི་དབང་རྫས་སྔགས་ཀྱི་ལྟ་དགོངས་ཁྱད་པར་ཅན་གྱིས་དུས་དེར་གང་ལ་དབང་བསྐུར་བ་དེའི་ཆེད་དུ་རབ་གནས་བྱས་པའི་བྱིན་རླབས་དང་ལྡན་པ་རྣམས་ཚོགས་པའི་མཐུ་ལས་རང་གནས་ཀྱི་ཡེ་ཤེས་མངོན་དུ་འཆར་བ་ནི། ཕུར་པའི་རྒྱུད་ལས། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་རླབས་སོ། སངས་རྒྱས་ཀྱི་མཐུའོ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་དབང་ཐོབ་པས་ལྟ་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་དང༌། དེའི་དོན་བཞིན་བསྐྱེད་རྫོགས་སྒོམ་པ་ལ་དབང་བ་དང༌། སྤྱོད་པ་ལ་ནུས་པ་ཐོབ་པ་དང༌། སྒྲུབ་པ་དང་མཆོད་པ་ཕྲིན་ལས་སྔགས་ཕྱག་རྒྱ་རྣམས་དོན་ཡོད་པ་དང་དམ་ཚིག་ཐོབ་པར་བྱེད་པས་གསང་སྔགས་ཀྱི་ལམ་ཀུན་གྱི་འབྱུང་གནས་སུ་གྱུར་པ་དང༌། གོ་འཕང་གི་རིམ་པ་ཐོབ་པར་བྱེད་པ་ལ་རྒྱལ་པོ་ལྟ་བུ་ཡིན་པས་ཚུལ་འདི་ཉིད་ཀྱི་རྣམ་བཞག་རྒྱུད་དང་སྒྲུབ་སྡེའི་མན་ངག་ལས་རྒྱ་ཆེར་འབྱུང་བ་ལྟར་ཉམས་འོག་ཏུ་ཚུད་པ་ནི་ཤིན་ཏུ་གལ་ཆེ་བའི་གནད་སྤྱིར་སྨོས་ནས། བྱེ་བྲག་རིམ་པ་དབང་གི་ཆོ་ག་དངོས་ལ། ཐུན་མོང་སྨིན་བྱེད་ཡེ་ཤེས་ཐིག་ལེ། དབང་བཞི་ཡེ་ཤེས་དཔལ་སྟེར། བྱིན་རླབས་བརྡ་ཡི་དབང་བཞི། གཏོར་དབང་བྱིན་རླབས་དཔལ་སྟེར་བཅས་བཞི་ལས། དང་པོ། སྨིན་བྱེད་ཡེ་ཤེས་ཐིག་ལེའི་སྔོན་འགྲོ་ཕྱི་ནང་གི་འཇུག་པའི་ཆོས། དངོས་གཞི་ཐུན་མོང་རིགས་དབང་ལྔ། མཐའ་རྟེན་རྣམ་རྒྱལ་བུམ་པའི་དབང་བཅས་དང༌། དབང་བཞི་ཡེ་ཤེས་དཔལ་སྟེར་ཟབ་དབང་དངོས་ཡིན་པས་དེ་གཉིས་དགོངས་པ་གུང་བསྒྲིལ་གྱིས་ཐོག་མར་བསྐུར་དགོས་པས་དེའི་ཚུལ་ལ། སྔོན་འགྲོ་ལྷག་གནས་གསུམ། དངོས་གཞི་དབང་དོན་སྒྲུབ་ཅིང་མཆོད་བསྙེན། བདག་ཉིད་འཇུག་ཅིང་སློབ་མ་གཞུག་པ། རྗེས་ཚོགས་དང་གཏོར་མ་གཏོང་ཞིང་ལས་རིམ་མཐར་དབྱུང་བའོ། །དང་པོ་ལའང༌། ཡུལ་ཅན་ལྷ་དང༌། བུམ་པ། ཡུལ་སློབ་མ་ལྷག་གནས་སོ། །དང་པོ་ནི། སྤྱིར་རྩ་གསུམ་འོད་གསལ་སྙིང་ཐིག་རང་གཞུང་གི་ཐུན་མོང་སྨིན་བྱེད་ཡེ་ཤེས་ཐིག་ལེར་སྟ་གོན་དངོས་བསྟན་དུ་མི་འབྱུང་ཡང་དངོས་གཞིའི་དབང་གི་སྔོན་འགྲོར་མེད་དུ་མི་རུང་བས་རྗེ་བླ་མའི་ཟབ་གཏེར་འཇམ་དཔལ་སྙིང་ཐིག་སྒྲོན་མ་བདུན་པའི་སྟ་གོན་འདིའི་སྔོན་དུ་སྦྱོར་བ་ཕྱག་བཞེས་སུ་མཛད་འདུག་ཀྱང་དེའི་དཔེ་མ་བཞུགས་སྟབས་དགོངས་གཏེར་འཆི་མེད་འཕགས་མའི་སྙིང་ཐིག་གི་རྩ་དབང་ཡེ་ཤེས་ཐིག་ལེ་ནས་ཁ་བསྐངས་ཏེ་འགོད་པ་ལ། མཚན་ཉིད་དང་ལྡན་པའི་གནས་སུ་སྒྲུབ་པའི་ཁང་པ་ཕྱགས་དར་རྒྱན་གྱིས་སྤྲས་པར་དཀར་ཕྱོགས་ཀྱི་ཚེས་བཅུ་སོགས་དུས་དགེ་ཞིང་ཤིས་པར་གུང་དུ་གཞུང་མཐུན་གྱི་རྟེན་བཀྲམ་པའི་སྤྱན་སྔར་བདག་བསྐྱེད་མཆོད་པ་ཆུ་གཉིས་ཉེར་སྤྱོད། སྨན་གཏོར་རཀྟ་རྣམས་ཅི་བདེར་བཀོད། དཀྱིལ་འཁོར་གྱི་གཞིར་སྟེགས་བུ་ཁེབས་ལྡན་གྱི་དབུས་རིན་པོ་ཆེའི་མཎྜལ་དྲིའི་ཐིག་ལེ་བཀོད་པ་ལ་མེ་ཏོག་གམ། འབྲུ་གཤེར་ལྡན་གྱི་ཚོམ་བུ་དབུས་སུ་ཆེ་བ་གཅིག །ཕྱོགས་བཞིར་དེ་ལས་དམའ་བ་བཞི། དེ་རྒྱབ་བརྒྱད། དེ་རྒྱབ་བཞི་བཅས་ཇེ་ཆུང་དུ་བཀོད། མདུན་རྒྱབ་གང་བདེར་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་བསྐོར་བཤམས། དཀར་གཏོར་གསེར་སྐྱེམས་དང་བཅས་པ། སློབ་དཔོན་གྱི་མདུན་དུ་ལས་བུམ། རྡོར་དྲིལ་སོགས་ཉེར་མཁོའི་ཡོ་བྱད་ཚོགས་པར་བྱས་ལ། བདེ་བའི་སྟན་ལ་འཁོད་པས་ཚིག་བདུན་གསོལ་འདེབས་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས་སྐྱབས་སེམས་ནས་བརྩམས་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བ་བཟླས་པ་བཅས་བསྡུས་ཙམ་བཏང་ལ། དཀར་གཏོར་བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་མགྲོན་སྤྱན་དྲངས། སྠ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས། གྷྲྀ་ཧྣ་དཾ་བ་ལིཾ་ཏ་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་ཕུལ་ཏེ། གང་དག་འདིར་གནས་སོགས་ཀྱིས་ཕྲིན་ལས་བཅོལ་ཞིང་གཏོར་མ་དང་གསེར་སྐྱེམས་ཕུལ་བས་ས་སློང་གི་དོན་ཡང་ཚང་བས་སྒྲུབ་གནས་རྙིང་པ་ལ་དེ་ཙམ་གྱིས་རུང་བར་ཕྱག་བཞེས་སུ་མཛད་དོ། །དེ་ནས་ལྷ་སྟ་གོན་དངོས་ལ་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བའི་ལས་བྱང་གི་མཆོད་པ་བྱིན་བརླབ། ཨོཾ་ཨཱཿཧཱུྃ༔ བདག་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས༔ འཕྲོས་པའི་འོད་ཀྱིས་མཆོད་རྫས་གཟུང་འཛིན་སྦྱངས༔ སྣང་སྲིད་གཞིར་བཞེངས་ཀུན་བཟང་མཆོད་པའི་སྤྲིན༔ དཔག་ཡས་ནམ་མཁའ་མཛོད་ཀྱི་གཏེར་དུ་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་དང༌། རཱུ་པ། ཤབྡ། གྷནྡྷེ། རཱ་ས། སྤརྴེ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། ཚོམ་བུ་ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་རྟེན་ཡོངས་གྱུར་ལས༔ ཕྱི་སྣོད་བདེ་ཆེན་པདྨ་འོད་ཀྱི་གླིང༔ ཤིན་ཏུ་ཉམས་དགའ་ངོ་མཚར་བཀོད་པས་མཛེས༔ སོགས་ཕྲིན་ལས་ལྟར་དམ་ཚིག་བསྐྱེད། ཡེ་ཤེས་པ་བསྟིམ། ཕྱག་མཆོད་བསྟོད་པའི་བར་དཀྱུས་ལྟར་བཏང༌། རྡོར་དྲིལ་དང་སྤོས་ཐོགས། པུས་བཙུག་ཐལ་མོ་སྦྱར་ལ། ཨོཾ༔ ཕྱོགས་དུས་རྩ་གསུམ་རྒྱལ་ཀུན་གྱི༔ ཁྱབ་བདག་འཆི་མེད་ཐོད་ཕྲེང་རྩལ༔ སྔོན་གྱི་ཐུགས་དམ་ཆེན་པོ་ཡིས༔ བདག་ལ་དགོངས་པར་མཛད་དུ་གསོལ༔ རིག་པ་འཛིན་པ་བདག་གིས་ནི༔ ཡོ་བྱད་རྣམ་པ་ཐམས་ཅད་པས༔ བདེ་བའི་ལོངས་སྤྱོད་རབ་སྦྱར་ཏེ༔ ལྷ་རྣམས་ཡོངས་སུ་མཆོད་པ་དང༔ སྣོད་ལྡན་རྣམས་ལ་ཕན་གདགས་ཕྱིར༔ སྔགས་ཀྱི་ཆོ་གའི་ཐབས་ཆེན་པོས༔ སྙིང་པོའི་དཀྱིལ་འཁོར་བསྒྲུབ་པ་དང༔ རང་གཞན་དོན་ཀུན་བགྱི་འཚལ་ན༔ ཡེ་ཤེས་སྙིང་རྗེ་ཆེན་པོ་ཡིས༔ བཟོད་པར་མཛད་དེ་གནང་ནས་ཀྱང༔ སྣོད་བཅུད་རིག་འཛིན་བླ་མ་རྗེའི༔ རྡོ་རྗེ་གསུམ་དང་དབྱེར་མེད་པར༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཞེས་གསོལ་བས་ལྷ་ཚོགས་རྣམས་དགྱེས་པ་ཆེན་པོས་རིག་པ་འཛིན་པ་ཁྱེད་ཀྱིས་དཀྱིལ་འཁོར་གྱི་ལས་ཇི་ལྟར་འོས་པ་གྱིས་ཤིག་ཅེས་བཀའི་གནང་བ་བསྩལ་ནས་བསྒྲུབ་པའི་ས་ལ་ཐིམ་པས་ཡེ་ཤེས་གཟི་བྱིན་ལྷག་པར་འབར་བར་གྱུར། ཞེས་དམིགས་ལ་མཎྜལ་ཚོམ་བུ་བཅས་བསྡུ། གཉིས་པ་ནི། རིན་པོ་ཆེའི་བུམ་པ་དྲི་ཡི་ཆབ་དང་ཉེར་ལྔའི་བཅུད་ལྡན་གཉིས་ཁ་རྒྱན་མགུལ་ཆིངས་བཅས་བཀོད་པ་ནས། མཆོད་པ་རྣམས་སྔར་ལྟར་གསར་དུ་བཤམས་པའམ་ཁ་གསོ། དུང་ཞལ་གཟུངས་ཐག་བཅས་འདུ་བྱས་ལ། བསང་སྦྱང༌། སྟོང་པའི་ངང་ལས་རྣམ་རྒྱལ་བུམ་པ་ནི། །བྷྲཱུྃ་ཡིག་ཡོངས་གྱུར་རིན་ཆེན་སྣ་ཚོགས་ལས། །ཡོངས་གྲུབ་ཕྱི་ནི་བུམ་གཟུགས་གཞལ་ཡས་ཁང༌། །ཚད་དང་མཚན་ཉིད་ཐམས་ཅད་རྫོགས་པ་ཡི། །ལྟེ་བར་རིན་ཆེན་པདྨ་ཉི་ཟླའི་སྟེང༔ རྡོ་རྗེ་ཧཱུྃ་ཡིག་མཉམ་སྦྱོར་འཕྲོ་འདུ་ལས༔ དབུས་སུ་ལྷུན་གྲུབ་རིག་འཛིན་ཐོད་ཕྲེང་རྩལ༔ སོགས་ཕྲིན་ལས་ལྟར་དམ་ཚིག་བསྐྱེད་ཡེ་ཤེས་པ་སྤྱན་འདྲེན་བཞུགས་གསོལ་མཆོད་ཅིང་བསྟོད་པའི་བར་བཏང༌། རང་གི་ཐུགས་ནས་སྔགས་ཀྱི་ཕྲེང༔ རྡོ་རྗེའི་གཟུངས་ཐག་ལས་བརྒྱུད་དེ༔ བུམ་ལྷའི་ཐུགས་དམ་རྒྱུད་བསྐུལ་བས༔ བདེ་སྟོང་རོལ་པའི་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ འཕགས་མཆོད་འགྲོ་བའི་དོན་ཀུན་བསྒྲུབས༔ ཚུར་འདུས་ཐུགས་ཀའི་དཔལ་བེར་འཁྱིལ༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ དཔག་མེད་བྱུང་ནས་བུམ་པའི་བཅུད༔ དངོས་གྲུབ་ཀུན་གྱི་སྙིང་པོར་གྱུར༔ ཞེས་པས་ཏིང་ངེ་འཛིན་གསལ་བཏབ། གཟུངས་ཐག་བླངས་ལ་བསྙེན་སྒྲུབ་ཀྱི་སྔགས་གཉིས་སུམ་བརྒྱ་ལས་མི་ཉུང་བ་དང༌། ཧཱུྃ་བཟླས་ཀྱང་ཅུང་ཟད་བྱ། མཐར། ཨོཾ་ཨཱཿཧཱུྃ། ཞེས་དུང་ཞལ་གྱི་ཆུ་མཆོད་ཡོན་དུ་ཕུལ་བས། ལྷ་ཚོགས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་བས་སློབ་མའི་རྒྱུད་དག་ཅིང་དབང་གི་ཡེ་ཤེས་བསྐྱེད་པའི་དངོས་གྲུབ་སྟེར་བའི་ནུས་ལྡན་དུ་གྱུར། ཞེས་མོས། ལས་བུམ་ནང་དུ་པད་ཉིའི་སྟེང༔ པདྨ་རྟ་མགྲིན་སྐུ་མདོག་དམར༔ དུར་ཁྲོད་ཆས་རྫོགས་དོར་སྟབས་བཞུགས༔ སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་གང་བར་གྱུར༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཞེས་བརྒྱ་རྩ་བརྒྱད་བཟླ། ཧཱུྃ་ཞེས་བསྐུལ་བས། དཔལ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱིས་དབང་གི་བྱ་བ་མ་གྲུབ་ཀྱི་བར་དུ་བར་གཅོད་ཀྱི་བགེགས་ཐམས་ཅད་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ལས་བཅོལ་ནས་བཞག །ཐུན་མོང་རིགས་དབང་ལྔའི་དབང་རྫས་དང༌། སྐུ་རྟེན་ཙཀླི་བདུད་རྩི་སོགས་སྐབས་འདིར་ཚོགས་པར་བྱས་ལ་དེར་དམིགས་པས། དབང་རྫས་རྣམས་ངོ་བོ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་རང་བཞིན་ཡེ་ཤེས་ཀྱི་སྣང་བ་ཅིར་ཡང་འཆར་བའི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་འབྱུང་བའི་དབྱིག་ཏུ་གྱུར་པར་མོས་ལ། དཀྱིལ་འཁོར་ཡོལ་བས་བསྒྲིབ། གསུམ་པ་དབང་བསྐུར་བའི་ཡུལ་སློབ་མ་ལྷག་གནས་ནི། སོ་ཤིང༌། ཁྱོར་ཆུ། དཔུང་སྐུད། ཀུ་ཤ། སློབ་མ་མཆོད་པའི་ཉེར་སྤྱོད་ལྔ་བཅས་འདུ་བྱས་ལ། སྨིན་གྲོལ་འབོག་པར་འོས་པའི་སློབ་མ་ཇི་ལྟར་རིགས་པ་བོས་ལ། སྒོའི་ཕྱི་རོལ་དུ་ཁྲུས་ནས་དབྱུང༌། ནང་དུ་ཞུགས་པ་ན་མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། དེ་ལའང་སྐྱེས་བུ་གསུམ་གྱི་ལམ་ཡོངས་སུ་རྫོགས་པའི་སྣོད་རུང་ལྷ་བས་ལྷག་པའི་རྟེན་རྡོ་རྗེའི་ཁམས་དྲུག་དང་ལྡན་པའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་དཔེ་གྲངས་རྒྱུ་དང་ངོ་བོས་ཤིན་ཏུ་རྙེད་དཀའ་ཞིང་དོན་མེད་དུ་ཆུད་ཟ་བར་ཕངས་བ་དང༌། ཁྱད་པར་སངས་རྒྱས་ལས་ཀྱང་དཀོན་པའི་བསྟན་པའི་སྙིང་པོ་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་དང་མངོན་སུམ་དུ་མཇལ་ཡང༌། འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་སྐད་ཅིག་ཀྱང་རྟག་པ་མེད་ཅིང་སྙིགས་མའི་བསྐལ་པར་འགལ་རྐྱེན་མང་བས་འཆི་བདག་གི་སུན་མ་ནི་ནམ་འོང་ཆ་མེད། འཆི་བའི་ཕ་རོལ་ཏུ་རྣམ་པར་ཤེས་པ་རྒྱུ་ལས་དཀར་ནག་གི་རྗེས་སུ་འབྲང་བ་ལས་རང་དབང་སྐད་ཅིག་ཀྱང་མེད། འབྲས་བུ་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ཁོ་ན་ལས་མ་འདས་པས་དེ་ལས་ཐར་པའི་ཐབས་ལ་བརྩོན་དགོས། འཁོར་བའི་སྡུག་བསྔལ་གཏིང་མཐའ་མེད་པ་ལས་ཐར་པའི་ཐབས་ནི་དམ་པའི་ཆོས་མ་གཏོགས་གཞན་གང་ཡང་མ་མཆིས་ཤིང༌། དེ་ལས་ཀྱང་ཐར་པ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་ཐེག་པ་ཆེན་པོའི་སྒོར་ཞུགས་དགོས། དེ་ལའང་རྒྱུ་ལམ་དུ་བྱེད་པ་མཚན་ཉིད་ཐེག་ལས་ཁྱད་པར་དུ་མས་འཕགས་པ་འབྲས་བུ་ལམ་བྱེད་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་ནི་ཚེ་གཅིག་ལུས་གཅིག་ལ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ངེས་པར་འགྲུབ་པར་བྱེད་པ་ཡིན་ལ། དེའི་ལམ་ཐམས་ཅད་ཀྱི་རྩ་བ་སྙིང་དང་མིག་ལྟ་བུ་ནི་རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དཔལ་ལྡན་བླ་མའི་རྡོ་རྗེ་གསུམ་གྱི་གསང་བ་ལམ་དུ་བྱེད་པ་ཉིད་བྱིན་རླབས་ཀྱི་ཚན་ཀ་ཆེ་ཞིང་ས་ལམ་མཆོག་གི་བགྲོད་པ་མྱུར་ཞིང་བདེ་བ་དང༌། གེགས་སེལ་བོགས་འབྱིན་ལམ་གྱི་དངོས་གཞི་ཐམས་ཅད་གཅིག་ཏུ་རྫོགས་པ་སོགས་དགོས་པ་དང་ཆེ་བ་དུ་མས་ཁྱད་དུ་འཕགས་པ་ནི་རིག་འཛིན་བླ་མའི་ཐུགས་སྒྲུབ་སྟེ། ཚུལ་དེ་ལ་དགོངས་ནས་སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་རྩལ་གྱིས་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱ་མཛད་དེ་ཟབ་མོའི་གཏེར་དུ་སྦས་པ། སྨོན་ལམ་དང་ཐུགས་བསྐྱེད་དུས་སུ་བབ་པའི་ལས་ཅན་སྤྲུལ་པའི་སྐུ་མཆོག་གཏེར་འབྱིན་གྲུབ་རྒྱའི་སྤྱི་མེས་རྣམས་ཀྱིས་གདུལ་བྱ་སོ་སོའི་ངོ་སྐལ་དང་མཐུན་པར་སྨིན་གྲོལ་ལས་ཚོགས་དང་བཅས་པ་དུས་དང་དུས་སུ་སྣང་བས་གངས་ཅན་ཕྱི་མའི་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པ་ལས་འདིར་གསུང་རྡོ་རྗེ་པདྨ་སཾ་བྷ་ཝ་ཉིད་བཀྲ་ཤིས་བྲག་ཕུག་མཱ་ར་ཏི་ཀར་ཚེ་ལམ་གསང་བའི་དགྱེས་སྡེ་མནྡྷ་ར་བ་དང་ལྷན་ཅིག་བདེ་ཆེན་ཉེ་རྒྱུའི་སྤྱོད་པས་འཆི་མེད་ཚེ་དབང་རིག་པ་འཛིན་པའི་སྐུར་བཞེངས་ཚེ། སྤྲུལ་གཞི་གསུང་མཆོག་པདྨའི་རིགས་ཀྱི་ཁྱབ་བདག་པདྨ་དྲྭ་བ་ཡབ་ཡུམ་གྱིས་སྟོན་པ་ཉིད་དང་གཉིས་སུ་མེད་པར་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའི་ཚེ་ལྷན་ཅིག་པའི་འཁོར་ཚོམ་བུ་ཚོགས་སྒྲུབ་ཀྱི་འདུས་པ་གྲུབ་པ་ཆེན་པོའི་ས་ལ་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་རང་བྱུང་ལྷུན་གྱིས་གྲུབ་པའི་ཆོས་ཀྱི་གསང་མཛོད་དུ་བསྟན་པ་ཉིད། སླར་ཡང་ཕྲིན་ལས་ཀྱི་སྒོ་འབྱེད་པའི་འཁོར་བོད་ཡུལ་གྱི་རྡོ་རྗེའི་འདུས་པ་ལས་ཅན་རྗེ་འབངས་གྲོགས་གསུམ་ལ་ཐུགས་ཀྱི་མན་ངག་མནོག་ཆོས་སུ་གདམས་པའི་ཟབ་ཆོས་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྐོར་རྣམས་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང་མངའ་བདག་ཁུ་དབོན་གཉིས་སུ་མེད་པའི་ཐུགས་བསྐྱེད་ཀྱི་རང་གཟུགས། གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན། ཀུན་མཁྱེན་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེས་ཟབ་རྒྱས་ཆོས་སྒོ་འཛད་མེད་དགོངས་གཏེར་ནམ་མཁའ་མཛོད་ཀྱི་གཏེར་རྒྱ་བཀྲོལ་ཏེ་ལས་ཅན་ཀུན་ལ་སྤེལ་བར་མཛད་པ་སྟེ། འདི་ལའང་སྨིན་གྲོལ་ལས་ཚོགས་དང་བཅས་པ་རྒྱ་ཆེར་བཞུགས་པ་ལས་ཀུན་གྱི་རྩ་བའི་ཆོས་སྡེ་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བ་དང་འབྲེལ་བའི་དབང་བསྐུར་བ་སྐབས་སུ་བབ་པ་སྟེ། དེ་ལའང་ཐུན་མོང་རྩ་བའི་སྨིན་བྱེད་རྒྱས་པ་ཡེ་ཤེས་ཐིག་ལེ། དབང་བཞི་ཡེ་ཤེས་དཔལ་སྟེར། གཏོར་དབང་བྱིན་རླབས་དཔལ་སྟེར། བྱིན་རླབས་བརྡ་ཡི་དབང་བཞི་རྣམས་སུ་བཞུགས་པ་ལས། འདིར་སྨིན་བྱེད་ཡེ་ཤེས་ཐིག་ལེའི་རིམ་པ་སྒྲུབ་པ་ཡིན། དེ་ཉིད་ལའང་སྔོན་འགྲོ་ལྷག་པར་གནས་པ་དང༌། དངོས་གཞིའི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། ཐོག་མར་སློབ་མ་ལྷག་གནས་ཀྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གུས་པ་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། འཆི་མེད་པདྨ་ཐོད་ཕྲེང་རྩལ༔ རྡོ་རྗེའི་བླ་མ་དགོངས་སུ་གསོལ༔ བདག་ཅག་འཁོར་བ་ལས་གྲོལ་ཕྱིར༔ ཐུགས་རྗེ་ཆེན་པོས་རྗེས་བཟུང་འཚལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་གདམས་པའི་གནད་དགྲོལ་ཞིང་བཀའི་གནང་བ་སྦྱིན་པ་ལགས་ཏེ། བསམ་ཡས་ཐེག་པའི་འཇུག་སྒོ་ནི༔ བློ་དང་འཚམས་པར་སྣང་བ་ལས༔ མཐར་ཐུག་རྡོ་རྗེའི་དཀྱིལ་འཁོར་དུ༔ འཇུག་པའི་སྐལ་ལྡན་ཤིན་ཏུ་དཀོན༔ དད་དང་དམ་ཚིག་མཆོག་ལྡན་ཞིང༔ རྡོ་རྗེ་འཛིན་པའི་བསླབ་པ་ལས༔ ནམ་ཡང་འདའ་བར་མི་བགྱིད་ན༔ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི༔ མངོན་པར་བྱང་ཆུབ་ལམ་གྱི་མཆོག༔ ཡང་དག་ངེས་པའི་གསང་བ་བཞིན༔ ཐར་པ་ཆེན་པོའི་གྲོང་ཁྱེར་དུ༔ བདག་གིས་སྣོད་དུ་རུང་བའི་ཕྱིར༔ ལྷག་པར་གནས་པའི་ཆོ་ག་བྱ༔ ཞེས་གདམས་པའི་ལན་གསོལ་བ་འདིའི་རྗེས་ཟློས། བདག་ནི་གཙོ་བོ་ཁྱེད་ཉིད་ལས༔ སྐྱབས་གནས་གཞན་ན་མ་མཆིས་ཕྱིར༔ ཇི་ལྟར་བཀའ་བསྩལ་སྒྲུབ་བགྱི་ན༔ ངེས་པར་དགོངས་ཏེ་གནང་དུ་གསོལ༔ དེ་ནས་ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། སྐྱབས་ཀྱི་ཡུལ་མདུན་གྱི་ནམ་མཁར་འཆི་མེད་པདྨ་ཐོད་ཕྲེང་རྩལ་རིག་འཛིན་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་སྤྲིན་གཏིབས་པ་བཞིན་བཞུགས་པ་ལ། སྐྱབས་བྱ་བདག་གཞན་མཁའ་ཁྱབ་ཀྱི་ཡིད་ཅན་མཐའ་དག །སྐྱབས་སུ་འགྲོ་ཚུལ་སྒོ་གསུམ་འཇུག་པ་གཅིག་པས། སྐྱབས་འགྲོའི་རྒྱུ་དེང་ནས་བྱང་ཆུབ་མ་ཐོབ་བར་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་བསྒྲལ་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་ཅི་མཛད་ཁྱེད་མཁྱེན་བློ་གཏད་ལིང་སྐྱུར་གྱིས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་མཁའ་མཉམ་སོགས་དབང་ཆོག་ལྟར་ལན་གསུམ། ཐོག་མེད་དུས་ནས་ཕ་མར་གྱུར་པའི་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སྲིད་ཞིའི་མཐའ་གཉིས་ལས་འདས་པ་སྐུ་གསུམ་བླ་མའི་གོ་འཕང་ལ་བདེ་མྱུར་གྱིས་འགོད་པར་བྱ། དེའི་ཕྱིར་དུ་བླ་ན་མེད་པའི་དཀྱིལ་འཁོར་གཉན་པོ་འདིར་འཇུག་ཅིང་དབང་གིས་རྒྱུད་སྨིན་པར་བྱས་ནས་ལམ་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་དང་མ་བྲལ་བས་རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་པོ་ཆེའི་རྗེས་སུ་སློབ་སྙམ་པས་སྨོན་འཇུག་གི་སེམས་བསྐྱེད་པ་གསལ་ཐོབ་ལ་འདིའི་རྗེས་ཟློས། མ་གྱུར་རིགས་དྲུག་སོགས་དབང་ཆོག་ལྟར་ལན་གསུམ། ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར། བདག་སོགས་སེམས་ཅན་གྱི་ཐམས་ཅད་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང༌། ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོས་མཆོད་པ་དང༌། སྡིག་ལྟུང་གི་བྱས་བསགས་ལ་འགྱོད་པའི་སེམས་ཀྱི་བཤགས་སྡོམ་དང༌། ཚོགས་གཉིས་ཀྱི་དགེ་སྤྱོད་ལ་རྗེས་སུ་ཡི་རང་བ། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་ཞིང་དགེ་རྩ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་བཅས་བདུན་རྣམ་དག་ཚུལ་བཞིན་བགྱི་བའི་བློས་རྗེས་ཟློས། ཕྱོགས་བཅུ་དུས་བཞི་སོགས་ལས་བྱང་ལྟར་ལན་གསུམ། དབང་གི་ཡེ་ཤེས་སྐྱེ་བརྟན་གོང་འཕེལ་དུ་འགྱུར་བ་ལ་རྒྱུད་རྣམ་པར་དག་ཅིང་སྡོམ་པ་དང་ལྡན་པ་དགོས་པས། ཚོགས་ཞིང་དེ་རྣམས་དཔང་པོར་བྱས་ཏེ་ཕྱི་སོ་སོར་ཐར་པའི་སྡོམ་པ། ནང་བྱང་ཆུབ་སེམས་ཀྱི་བསླབ་པ། གསང་བ་རྡོ་རྗེ་ཐེག་པའི་དམ་ཚིག་རྣམས་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། ཧོཿ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་དང༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ རིག་པ་འཛིན་པ་བདག་གིས་ནི༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ ངེས་པར་འབྱུང་བས་རྒྱུད་བསྐུལ་ནས༔ ཕྱི་ནང་གསང་བ་བླ་མེད་པའི༔ མཆོག་གསུམ་སྐྱབས་ཀྱི་སྙིང་པོར་བཟུང༔ ལུས་ངག་ཡིད་ཀྱིས་གཞན་རྣམས་ལ༔ གནོད་པའི་བསམ་སྦྱོར་ཡོངས་སྤངས་ཤིང༔ བྱམས་དང་སྙིང་རྗེ་ཆེན་པོའི་བློས༔ ཕ་རོལ་ཕྱིན་པ་དྲུག་ལ་སོགས༔ ཕན་བདེའི་སྤྱོད་པ་རླབས་ཆེན་སྤྱད༔ མ་བསྒྲལ་བསྒྲལ་དང་མ་གྲོལ་སྒྲོལ༔ དབུགས་མ་ཕྱུངས་རྣམས་དབུགས་དབྱུང་ཞིང༔ ཐམས་ཅད་སྲིད་ཞི་ལས་འདས་པའི༔ བླ་མེད་བྱང་ཆུབ་དམ་པར་འགོད༔ བདེ་གཤེགས་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་ཀྱི་སྡོམ་པ་དང༔ ཡན་ལག་དམ་ཚིག་ཉེ་ཤུ་ལྔ༔ རྩ་བ་སྐུ་གསུང་ཐུགས་ལ་སོགས༔ རྡོ་རྗེ་འཆང་གི་རྒྱུད་སྡེ་ལས༔ སྔགས་ཀྱི་འདུལ་བ་གང་གསུངས་པ༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ གཙོ་བོས་བདག་ལ་བཀའ་དྲིན་མཛོད༔ ལན་གསུམ། དེ་དག་གིས་དབང་བསྐུར་བའི་སྣོད་དུ་རུང་བར་བྱས་ནས། རྡོ་རྗེ་ཐེག་པ་བླ་མེད་ཀྱི་ལམ་འདིར་ཕུང་ཁམས་སྐྱེ་མཆེད་རྣམ་པར་དག་པ་གདན་གསུམ་ལྷའི་རང་བཞིན་དུ་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་ཏེ། དབང་ཤེས་གཟུང་འཛིན་འཁྲུལ་པ་ཡེ་ཤེས་ཀྱི་རོལ་པར་ཤེས་པས་འདོད་ཡོན་བདེ་ཆེན་གྱི་རྒྱན་དུ་ལམ་དུ་བྱེད་དགོས་པས་ན། སྣོད་བཅུད་རྣམ་པར་དག་པ་རྡོ་རྗེ་དབྱིངས་ཀྱི་འཁོར་ལོར་ལྷུན་གྱིས་རྫོགས་པའི་དབུས་སུ་པདྨ་ཟླ་བའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་རིགས་ཀུན་གྱི་ཁྱབ་བདག་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་ཞི་འཛུམ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་ཅན། ཕྱག་གཡས་པས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་གཏོད་ཅིང་གཡོན་པས་དྲིལ་བུ་དཀུར་བསྟེན་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་བྱིན་རླབས་མ་ལུས་པ་ཡི་གེ་གསུམ་གྱི་རྣམ་པར་སྤྱན་དྲངས་ཏེ་ཐིམ་པས་སློབ་མའི་ལུས་ངག་ཡིད་གསུམ་ཡེ་ཤེས་ལྷ་ཡི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་བྱིན་གྱིས་བརླབས་པར་གྱུར་པ་ལ་མཆོད་པའི་ཡོ་བྱད་རྣམས་ཀྱིས་མཆོད་ཅིང་མངའ་དབུལ་བར་མོས་ཤིག །མེ་ཏོག་སོགས་གནས་སོ་སོར་སྦྱིན་ལ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་ཉེར་སྤྱོད་ལྔས་མཆོད། དང་པོ་སོ་ཤིང་སྦྱིན་པ་ལ། དྲི་དང་བ་བྱུང་གིས་བྱུགས་པའི་མཎྜལ་ཚོམ་བུ་ལྔ་པ་མདུན་དུ་བཀོད། སོ་ཤིང་ཚད་ལྡན་ལས་སྔགས་དང་ལས་ཆུས་བསངས། དེ་ནས་དངོས་གྲུབ་ཀྱི་སྣོད་བརྟགས་པའི་ཕྱིར་དྲི་ལྡན་གྱི་སོ་ཤིང་སོར་བཅུ་གཉིས་པའི་ཚད་དང་མེ་ཏོག་གི་ཅོད་པན་ཅན་གྱི་སོ་ཤིང་འདི་ཉིད་ཁྱེད་རང་རྣམས་ལ་བྱིན་པས་མཁའ་དབྱིངས་ཀྱི་ཕྱག་རྒྱས་ཐོགས་ཏེ་རྩེ་མོས་སོ་བྲུ་བའི་ཚུལ་བྱས་པས་དེ་ལས་འཕྲོས་པའི་འོད་ཟེར་གྱིས་ལུས་ཀྱི་ནང་གང༌། སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སྐད་ཅིག་གིས་སྦྱངས་བར་མོས་པ་དང་བདག་ལ་དངོས་གྲུབ་ཀྱི་ལྟས་གསལ་བར་བསྟན་དུ་གསོལ་སྙམ་པས་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་མཎྜལ་དབུས་སུ་ལྟོས་མེད་དོར་མཛོད། ཧ་ས་ཧ། ཞེས་འདོར་དུ་གཞུག །དེ་ལྟར་དོར་བའི་སོ་ཤིང་གི་རྩེ་མོ་ཤར་དུ་བསྟན་ན་ཞི་བ། ལྷོར་རྒྱས་པ། ནུབ་ཏུ་དབང༌། བྱང་དུ་དྲག་པོའི་ཕྲིན་ལས། མཚམས་རྣམས་སུ་ཕྲ་མོའི་དངོས་གྲུབ། རང་དང་བླ་མ་ལ་བསྟན་ན་མཆོག་གི་དངོས་གྲུབ་འགྲུབ་པའི་ལྟས་ཡིན་པར་གསུངས་སོ། །གཉིས་པ་ཁྱོར་ཆུ་སྦྱིན་པ་ལ། དུང་ཞལ་དྲི་ཆུས་བཀང་བ་ལས་སྔགས་བཟླས་པས་བྱིན་གྱིས་བརླབས་ལ། རྨི་ལམ་བརྟགས་པའི་སྔོན་དུ་ཁྱོར་ཆུ་སྦྱིན་པ་ནི། དྲི་བཟང་དང་སྦྱར་བའི་ཆུས་ཁ་བཤལ་ལ་ལྷག་མ་རྒྱབ་ཏུ་དོར་བས་སྒོ་གསུམ་གྱི་ཉེས་པའི་ཚོགས་སྤྱི་དང་ཁྱད་པར་ངག་གི་ཉེས་སྐྱོན་ཐམས་ཅད་ལྷག་མེད་དུ་བྱང་བའི་མོས་པ་མཛོད། ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨ་སརྦ་པ་པཾ་ནི་ཤྩ་སརྦ་བི་ཀལྤཱ་ན་ཨ་བ་ན་ཡ་ཧཱུྃ༔ ཞེས་དུང་ཞལ་གྱི་ཆུ་སྦྱིན་ལ་ཁ་བཤལ། གསུམ་པ་སྲུང་སྐུད་འདོགས་པ་ལ། སྐུད་པ་དམར་པོ་སུམ་བསྒྲིལ་ལ་རྡོ་རྗེའི་མདུད་པ་གསུམ་བཏབ་པ་ལས་སྔགས་བཟླས་པས་བྱིན་བརླབས། བྱིན་གྱིས་བརླབས་པའི་རྡོ་རྗེའི་མདུད་པ་འདི་ཉིད་ཕོ་ཡི་དཔུང་པ་གཡོན་དང་མོ་ཡི་གཡས་སུ་བཅིངས་པས་སྒོ་གསུམ་ལ་བར་དུ་གཅོད་པའི་ཚོགས་སྤྱི་དང་ཁྱད་པར་ཁམས་འཕོ་བའི་གེགས་ལས་སྲུང་བར་བྱས་པར་མོས་ཤིག །ལས་སྔགས་བཟླ་བཞིན་དུ་འཆིང༌། མདུད་མཚམས་སུ་རྡོ་རྗེ་བཞག་ལ། བཛྲ་རཀྵ་ཞེས་བརྟན་པར་བྱ། བཞི་པ་ཀུ་ཤ་སྦྱིན་པ་ལ། ཀུ་ཤའི་ཕོན་པོ་ཆེ་ཆུང་གཉིས་བསང༌། དྷི་དང་ཧ་ལས་སྐྱེས་པའི་ཀུ་ཤའི་ཆུན་པོ་ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོན་དུ་ཟུངས་ཤིག །དྲི་མེད་ཡིད་འོང་དག་པའི་རྩྭ༔ བྱང་ཆུབ་མཆོག་གི་རྡོ་རྗེའི་སྟན༔ སྔས་དང་སྟན་དུ་སྦྱིན་པ་ཡིས༔ རྨི་ལམ་ལྟས་ཀུན་གསལ་བར་ཤོག༔ དྷི་ཧ་བཛྲ་ཨཱ་ས་ན་ས་མ་ཡ་སྟྭྃ༔ ཞེས་ལག་གཡས་གཡོན་དུ་སྦྱིན། ཕྱིར་མི་ལྡོག་པའི་སླད་དུ་ཟབ་མོའི་ཆོས་བཤད་ཅིང་སྤྲོ་བ་བསྐྱེད་ལ་གདམས་ངག་བརྗོད་པ་ལགས་པས་འདི་ལ་གསན་འཚལ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ༔ འདྲེན་པ་སངས་རྒྱས་འབྱུང་བ་དང༔ ཆོས་དང་འཕགས་པའི་ཚོགས་དཀོན་ཏེ༔ དེ་ལས་ཀྱང་ནི་རྡོ་རྗེ་ཐེག༔ ཟབ་མོ་སྟོན་དང་སྒྲུབ་པ་ནི༔ མ་བྱུང་འབྱུང་བར་ཤིན་ཏུ་དཀའ༔ བསམ་པ་བློ་གྲོས་དྲི་མེད་པའི༔ སྣོད་དུ་གྱུར་པ་རྙེད་པ་གང༔ ཚུལ་ཆེན་འདི་ལས་མི་འདའ་ན༔ དཀྱིལ་འཁོར་མཐོང་བ་ཙམ་གྱིས་ཀྱང༔ བསྐལ་མང་སྡིག་སྒྲིབ་ཟད་བྱེད་ཕྱིར༔ ཚུལ་བཞིན་དབང་བླང་དམ་ཚིག་དང༔ སྡོམ་པར་ལྡན་ན་སྨོས་ཅི་དགོས༔ དེ་བས་གཞན་དོན་སངས་རྒྱས་ཀྱི༔ གོ་འཕང་མཆོག་ཏུ་དོན་གཉེར་བས༔ རྡོ་རྗེའི་ལམ་འདི་བླང་བར་གྱིས༔ ཞེས་དང༌། བུ་ཀྱཻ་ཀུ་ཤའི་སྔས་སྟན་ལ༔ གཙང་ཞིང་དགེ་བའི་སེམས་ཀྱིས་ཉོལ༔ རྨི་ལམ་ཡུལ་དུ་གང་མཐོང་བ༔ ནང་པར་སྨོས་ཤིག་ལུང་བསྟན་འགྱུར༔ དེ་ནུབ་སྔར་བྱིན་པའི་ཀུ་ཤའི་སྔས་དང་སྟན་ལ་བླ་མ་དང་དཀྱིལ་འཁོར་པ་ལ་མགོ་ཕྱོགས་ཏེ་ཉོལ་ལ་ཐོ་རངས་རྨི་ལམ་གང་བྱུང་བ་དེ་བདག་ལ་སྨྲོས་ཤིག །དེ་དག་གིས་སྔོན་འགྲོ་སྟ་གོན་གྱི་བྱ་བ་རྣམས་གྲུབ་པ་ལགས་པས་དགེ་བ་གཞན་དོན་དུ་བསྔོ་བར་ཞུ། ཞེས་དགེ་བསྔོ་བྱས་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་བྱས་པས་གྲུབ་བོ། །གཉིས་པ་དངོས་གཞི་དབང་དོན་སྒྲུབ་ཅིང་མཆོད་བསྙེན་ལ་གཉིས། དཀྱིལ་འཁོར་དང་དབང་རྫས་བཀོད་པ། དབང་དོན་སྒྲུབ་ཅིང་མཆོད་པའོ། །དང་པོ་ནི་སྟེགས་བུའི་སྟེང་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་བཀྲམ། ཅིས་ཀྱང་མ་འབྱོར་ན་གོང་དུ་སྨོས་པ་ལྟར་འབྲུའི་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་མཉྫིའི་ཁར་སྟ་གོན་བྱས་པའི་རྣམ་བུམ་བཞག །ཤར་དུ་དབུ་རྒྱན། ལྷོར་རྡོ་རྗེ། ནུབ་ཏུ་དྲིལ་བུ། བྱང་དུ་རྡོར་དྲིལ་ལྷན་ཅིག་པ། དབུས་སུ་ཀུན་བཟང༌། བཀའ་བབ་རིག་འཛིན་བརྒྱད། བཀའ་བརྒྱད་དཔལ་དགུ །ཐོད་ཕྲེང་སྡེ་ལྔ། གུ་རུ་མཚན་བརྒྱད་བཅས་ཀྱི་ལྷ་ཙཀ་ལྷ་དབང་ཡེ་ཤེས་ཆར་འབེབས་ལྟར་དང༌། མཚམས་རྣམས་སུ་གསང་དབང་གི་ཐོད་པ་ཆང་དང་ཨ་མྲྀ་ཏ་མངར་གསུམ་དང་སྦྱར་བས་བཀང་བ། རིག་ཙཀ །མེ་ལོང༌། ཤེལ་རྡོ། སྒྲུབ་པོད། དུང་དཀར། དྲིལ་བུ། འཁོར་ལོ། སེང་ཁྲི་སོགས་སློབ་མ་མངའ་གསོལ་ཆས། དབང་གཏོར་རི་རབ་རིན་ཆེན་ཟུར་བརྒྱད་ཉི་ཟླའི་སྟེང་བླ་གཏོར་རྒྱན་སྤྲོས་ཙཀ་གདུགས་ཅན། སྨན་རཀ །ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ། ལས་བུམ། སྔོན་འགྲོ་བགེགས་གཏོར། ཚོགས་ཀྱི་ཡོ་བྱད། སྲུང་མའི་མཆོད་གཏོར། ཆད་བརྟན་སོགས་ལས་བྱང་ལ་དགོས་པ་དང༌། མིག་དར། མེ་ཏོག །མིག་ཐུར། ཕྱག་ཤིང༌། མཎྜལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་གཞུང་ལྟར་ཚོགས་པར་བྱའོ། །གཉིས་པ་དབང་དོན་སྒྲུབ་མཆོད་ནི། གསོལ་འདེབས་བྱིན་རླབས་མྱུར་ལམ་དང༌། བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་སྔོན་དུ་འགྲོ་བས་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བའི་སྐྱབས་སེམས་ནས་བརྩམས་བདག་མདུན་དབྱེར་དུ་བསྐྱེད་ལ་བསྟོད་པའི་གླུས་བསྟོད། བྷྲཱུྃ་བི་ཤྭ་བི་ཤུདྡྷེ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཕཊ྄་ཛཿ ཞེས་པས་ཛཔ྄་ཁང་ཕྱེ་ལ་བདག་མདུན་གཉིས་ཀར་དམིགས་ཏེ་བསྙེན་བཟླས་ཅི་འགྲུབ། སྒྲུབ་པའི་བཟླས་པ་ཐོད་ཕྲེང་རྩལ་དངོས་གཞི་བྱས་ལ་ཅི་མང་དང༌། ཧཱུྃ་བཟླས་ཁྱུག་ཙམ་དང༌། བུམ་བཟླས་དམིགས་བསལ་ཅི་འགྲུབ་དང༌། ཁ་སྐོང༌། སྟོང་ཚིག་བུམ་ལྷ་འོད་ཞུ། ལས་བུམ་སྒྲུབ་བཟླས། བཀའ་གཏེར་སྲུང་མའི་གཏོར་ཆོག་རྒྱས་བསྡུས་སྐབས་བསྟུན། དམིགས་བསལ་བཀའ་སྲུང་གསོལ་མཆོད་རྡོ་རྗེའི་དྲྭ་བ་སྦྱར། ཚོགས་བྱིན་རླབས་ནས་རོལ་པའི་བར་ཟུར་བྱང་ལྟར་སྦྱར། བསྐང་བཤགས་རྒྱས་བསྡུས་གང་འགྲུབ་བཏང༌། གཉིས་པ་ལ་བདག་ཉིད་འཇུག་པ་དང༌། སློབ་མ་གཞུག་པ་གཉིས་ལས། དང་པོ་ནི། རང་རྒྱུད་ཀྱི་སྔགས་སྡོམ་དག་པ་དང༌། ཉམས་ཆག་བྱང་བ། སྒོམ་དང་ཡེ་ཤེས་ཀྱི་སྟོབས་འཕེལ་བ་སོགས་ཀྱི་དགོས་པས་བདག་འཇུག་འདི་ནི་ཤིན་ཏུ་གལ་ཆེ་བར་གསུངས་པས་སློབ་མ་ལ་ཇི་ལྟར་བསྐུར་བ་ལྟར་རྒྱས་པའམ། དབང་བཞི་ཡེ་ཤེས་དཔལ་སྟེར་ལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྦྱར་བ་ལྟ་བུའི་དོན་དབང་གི་ཚུལ་དུ་བྱས་ལ། མི་ནུས་ན་རིག་པའི་མེ་ཏོག་དོར་བ་ནི་སྔ་འགྱུར་རྒྱུད་སྡེ་ནས་འབྱུང་ཞིང་གྲུབ་བརྙེས་རིག་པ་འཛིན་པའི་ཕྱག་བཞེས་ཡིན་པས་འགལ་བ་མེད་ཅིང༌། སྤྱིར་རྡོ་རྗེ་སློབ་དཔོན་ཕྱི་ནང་གི་ལྟ་དགོངས་དང་འཚམས་པར་གཅེས་སོ། །གཉིས་པ་སློབ་མ་གཞུག་པ་ལ། སྔོན་དངོས་རྗེས་གསུམ་ལས། དང་པོ་སྔོན་འགྲོ་ཕྱི་ནང་གི་འཇུག་པའི་ཆོས་ནི། དཀྱིལ་འཁོར་ཡོལ་བས་བསྒྲིབ། སྔར་སྟ་གོན་བྱས་པའི་སློབ་མ་རྣམས་བོས་ལ་སྒོའི་ཕྱི་རོལ་དུ་ཁྲུས་བྱ། བགེགས་གཏོར་བཏང༌། བཀའ་བསྒོ། དྲག་སྔགས་རོལ་མོ་གུལ་ཡུངས་བཅས་བགེགས་བསྐྲད། སྲུང་འཁོར་བཅིངས་ལ་མཚམས་བཅད། ནང་དུ་གྲལ་ལ་འཁོད་ནས་མེ་ཏོག་བཀྱེ་བསྡུ་སེམས་བསྐྱེད་གསལ་གདབ། སྐབས་སུ་བབ་པའི་ཆོས་བཤད་ཇི་ལྟར་རིགས་པ་དང་ཁྱད་པར་གྱི་ལོ་རྒྱུས། དེ་ཡང་བླ་མ་དགོངས་པ་འདུས་པའི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། དྲི་མེད་མཚོ་གླིང་གེ་སར་རྒྱས་པའི་སྟེང༔ མངལ་གྱིས་མ་གོས་པདྨ་བཛྲ་རྩལ༔ བདེ་བའི་རོ་འབྱིན་ལྷ་ལྕམ་མནྡཱ་ར༔ ཐབས་ཤེས་བདེ་སྟོང་གར་གྱི་དབང་ཕྱུག་མཆོག༔ རྒྱལ་བ་ཡོངས་ཀྱི་ཐུགས་བཅུད་འདུས་པ་སྟེ༔ དེ་ཡི་རྩལ་ལས་རྣམ་འཕྲུལ་དུ་མ་སྣང༔ ཞེས་གསུངས་པ་ལྟར་རབ་འབྱམས་རྒྱལ་བ་མ་ལུས་པའི་ཐུགས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་ཆོས་སྐུ་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་དུ་ཐོག་མའི་མགོན་པོ་འོད་མི་འགྱུར་བ་དང་དགོངས་ཀློང་གཉིས་སུ་མ་མཆིས་པ་ཁྱད་པར་དྲུག་གིས་མངོན་པར་བྱང་ཆུབ་བརྙེས་པས་ཡེ་ཤེས་ནང་གསལ་དབྱིངས་རིག་འདུ་འབྲལ་མེད་པའི་ཆོས་ཉིད་དུ་གདོད་ནས་འཕོ་འགྱུར་མེད་པར་བཞུགས་ཤིང༌། གཞི་སྣང་འོད་གསལ་ཡེ་ཤེས་ཕྱིར་གསལ་གྱི་འཆར་ཆ་སྐུ་དང་ཡེ་ཤེས་ཀྱི་སྒྲོན་མ་ཆོས་ཀྱི་དབྱིངས་དང་མཉམ་པར་སྤྲོས་ཤིང་བཀོད་པའི་ཁྱབ་བདག་ཚངས་པ་རྔ་སྒྲ་རིགས་ལྔ་གངས་ཆེན་མཚོའི་འཕྲོ་གཞི་དྲུག་པའི་རིགས་ཀྱི་འཁོར་ལོས་བསྒྱུར་བ་པདྨ་ཀུན་ཏུ་འཆང་ཆེན་པོའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་སྒྱུ་འཕྲུལ་རྡོ་རྗེ་བཀོད་པའི་རོལ་མོ་འབྱམས་ཀླས་ཤིང་ཐུགས་རྗེ་རིག་རྩལ་ཀུན་ཏུ་ཁྱབ་པས་འགྲོ་འདུལ་སྤྲུལ་པའི་རོལ་རྩེད་ཕྱོགས་བཅུའི་ཞིང་དང་དུས་གསུམ་གདུལ་བྱའི་སྤྱོད་ཡུལ་དང་འཚམས་པར་རྟག་ཏུ་སྣང་ཞིང་སྟོན་པ་ལས། རེ་ཞིག་མི་མཇེད་འཇིག་རྟེན་གྱི་བཀོད་པའི་ཞིང་གཅིག་གི་ཁྱོན་དུ་ཡང་བླ་མ་སྐུ་གསུམ། ཐོད་ཕྲེང་རིགས་ལྔ། སྤྲུལ་པའི་གུ་རུ་མཚན་བརྒྱད། འཕྲུལ་མཚན་ཉི་ཤུ། མདོ་སྔགས་ཀྱི་སྟོན་པ་བརྒྱ་རྩ། འགྲོ་འདུལ་གུ་རུ་རིགས་དྲུག་ལ་སོགས་པ་སྐུ་དང་མཚན་གྱི་བཀོད་པ་དུ་མ་ཞིག་སྟོན་པར་གྲགས་ཏེ་པདྨ་བཀའ་ཡི་ཐང་ཡིག་ལས། ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང༔ སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོ༔ རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིད༔ གཉིས་མེད་པདྨ་ང་རུ་ལྷུན་གྱིས་གྲུབ༔ འགྲོ་དོན་ཀུན་ལ་བྱིན་རླབས་རྨད་པོ་ཆེ༔ ཞེས་གསུངས་པས་མཚོན་ནང་གི་རྣམ་ཐར་གྱི་གསང་བ་སངས་རྒྱས་དངོས་དང་རྣམ་དབྱེར་མ་མཆིས་ཤིང་མཛད་པའི་ཕྲིན་ལས་ཀྱིས་གདུལ་དཀའ་འདུལ་བ་དང་བོད་འབངས་ཡོངས་ལ་བཀའ་དྲིན་ནི་སངས་རྒྱས་ལས་ཀྱང་ལྷག་པའི་མགོན་པོ་དེ་ཉིད་ཀྱིས་རྩོད་དུས་ཕྱི་མའི་འགྲོ་བ་སྐྱོབ་པའི་བཙས་སུ་ཟབ་གཏེར་གྱི་ཆོས་དང་སྟོན་པས་དུས་བབ་ཀྱི་གདུལ་བྱ་གང་འདུལ་གྱི་མཛད་པས་དབུགས་དབྱུང་བའི་ཐུགས་རྗེས་རྗེས་སུ་བསྐུལ་བའི་ལས་ཅན་ཐུགས་སྲས་རྗེ་འབངས་ཀུན་ལས་སྔོན་གྱི་སྨོན་ལམ་གྱི་མཐུ་བཙན་པ་ནི་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་ཉིད་ཡིན་ལ། དེའི་སྐུ་གསུང་ཐུགས་ཀྱི་སྤྲུལ་བསྒྱུར་དག་མ་དག་ཅིར་ཡང་སྟོན་ཅིང་ཐམས་ཅད་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་རྗེས་སུ་བཟུང་ཞིང་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོ་རྫོགས་སྨིན་སྦྱངས་མཐར་སོན་པས་སྟོན་འཁོར་དགོངས་ཀློང་གཅིག་ཏུ་འདྲེས་པས་དོན་གཉིས་ལྷུན་གྱིས་གྲུབ་པས་མངོན་སངས་རྒྱས་པར་ལུང་བསྟན་པ་བཞིན་དེང་དུས་འདིར་ཡང༌། མངའ་བདག་ཆོས་ཀྱི་རྒྱལ་པོའི་སྐུ། རང་བྱུང་སངས་རྒྱས་པདྨའི་གསུང༌། གནུབས་བན་ནམ་མཁའི་སྙིང་པོའི་ཐུགས། པཎ་ཆེན་བི་མ་མི་ཏྲའི་ཡོན་ཏན། ལང་གྲོ་ལོ་ཙཱ་ཆེན་པོའི་ཕྲིན་ལས་རྣམས་གཅིག་ཏུ་བསྡུས་པའི་བདག་ཉིད་ཆེན་པོ། མཁས་ཤིང་གྲུབ་པ་བརྙེས་པའི་ཚོགས་རྗེ། གངས་ཅན་རིས་མེད་པའི་བསྟན་པའི་ཤིང་རྟ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་གང་ཉིད་ལ་ཐུགས་དྲན་ཟིན་ཙམ་ནས་ལྷ་དང་བླ་མ་རིག་འཛིན་ཌཱ་ཀིས་བྱིན་གྱིས་བརླབས་པའི་དག་སྣང་འདུ་འབྲལ་མེད་ཅིང༌། དགུང་གྲངས་བཅུ་གསུམ་དུ་ཕེབས་པའི་སྐབས་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས་རྗེས་སུ་བཟུང་བའི་རྐྱེན་ལས་འཇམ་དཔལ་སྙིང་ཐིག་སྒྲོན་མ་བདུན་པ་ཐུགས་གཏེར་དུ་བརྡོལ་ཞིང་གཟུངས་སྤོབས་ཏིང་ངེ་འཛིན་མཐའ་ཡས་པ་ལ་དབང་ཐོབ། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གྱིས་བཀའ་བབ་ཆེན་པོ་བདུན་གྱི་མངའ་བདག་ཏུ་དབང་བསྐུར་ལུང་བསྟན་པའི་བདེན་དོན་མངོན་དུ་གྱུར་པས་དུས་ཀྱི་མཐའ་མར་སངས་རྒྱས་གཉིས་པར་མངོན་སུམ་དུ་གྲུབ་སྟེ་ཛམ་གླིང་ཡོངས་ལ་རྩོད་མེད་ཉི་ཟླ་ལྟར་གྲགས་ཤིང་ཁྱད་པར་མངའ་བདག་ཁུ་དབོན། མངའ་རིས་པཎ་ཆེན། ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་ཀྱི་སྐུའི་སྐྱེ་བ་སྔ་མའི་རྣམ་ཐར་ཁར་སང་གི་མཛད་པ་དེ་རིང་གསལ་བ་ལྟ་བུའི་སྔོན་གནས་རྗེས་དྲན་གྱི་ཡེ་ཤེས་ཆེན་པོའི་མཐུ་ཐོབ་པས། རིག་འཛིན་འཇིགས་མེད་གླིང་པ་ལ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོས་རང་བྱུང་སྤྲུལ་པའི་ཤོག་སེར་ཧྲིལ་མོ་ལྔ་གཏད་པའི་ཆོས་སྡེའི་བྱེ་བྲག །བཀའ་བབ་བདུན་གྱི་བཞི་པ། རྩ་གསུམ་འོད་གསལ་སྙིང་ཐིག་འདི་ཉིད་རྗེ་བཙུན་ཐམས་ཅད་མཁྱེན་གཟིགས་དགུང་གྲངས་བཅུ་དྲུག་པའི་སྐབས་དགོངས་ཀློང་ཡེ་ཤེས་ཀྱི་གསང་མཛོད་ལས་བརྡོལ་བ་ཐུགས་ཉམས་སུ་བཞེས་ཏེ་རིང་དུ་གསང་བས་རྒྱས་བཏབ། བསྟན་འགྲོར་ཕན་བདེའི་ཕྲིན་ལས་ཀྱི་སྒོ་མཐའ་དག་གི་གསོས་སྨན་དུ་མཛད། དུས་སུ་བབ་པ་ན་སྤྲུལ་པའི་ལོ་ཆེན་བཻ་རོ་དངོས་བྱོན་རྒྱལ་བས་ལུང་བསྟན་འཇམ་པའི་རྡོ་རྗེ་པདྨ་གར་དབང་གིས་བཀའ་ཡི་ལྡེའུ་མིག་གིས་རྗེས་སུ་བསྐུལ་བའི་རྟེན་འབྱུང་ཕུན་སུམ་ཚོགས་པས་མཚམས་སྦྱར་ནས། དགུང་གྲངས་ལྔ་བཅུར་ཕེབས་པ་ལྕགས་ལུག་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་གཏན་ལ་ཕབ་ནས་ཐོག་མའི་སྒོ་འབྱེད་དབྱེ་བར་མཛད་ཅིང༌། རྗེ་དེས་ཀྱང་དཔལ་གཉགས་ལོ་ཆེན་པོའི་རྣམ་འཕྲུལ་ཀཿཐོག་སི་ཏུ་པཎྜི་ཏ་ཆོས་ཀྱི་རྒྱ་མཚོ། འཇིག་རྟེན་དབང་ཕྱུག་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེ། མཁས་དབང་རྡོ་རྗེ་འཛིན་པ་བཀྲ་ཤིས་ཆོས་འཕེལ་སོགས་ལ་བསྩལ་ཏེ་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་རིན་པོ་ཆེའི་གཅེས་ནོར་དུ་བཞུགས་པ་ལ་བླ་མ་སྐུ་གསུམ་སྤྱི་དང༌། རྩ་གསུམ་བྱེ་བྲག་གི་སྒྲུབ་ཚུལ་གཉིས་ལས། དང་པོ་ལའང་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་ཐབས་བཞི་ལས། འདིར་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བ་སྟེ་གཞུང་ལས། རྩ་གསུམ་འཆི་མེད་ཐོད་ཕྲེང་རྩལ༔ བསྙེན་ཅིང་སྒྲུབ་པའི་ལས་ཀྱི་རིམ༔ ཤིན་ཏུ་ཟབ་པའི་མཐར་ཐུག་འདི༔ འདས་དུས་བཀྲ་ཤིས་བྲག་གི་ཕུག༔ མཱ་ར་ཏི་ཀའི་ཚོགས་ཁང་དུ༔ རིགས་སྔགས་གྲུབ་པའི་རྣལ་འབྱོར་དང༔ དཔའ་བོ་ཌཱ་ཀིའི་དོན་དུ་བསྟན༔ ད་ལྟ་ལས་ཅན་དག་པའི་འཁོར༔ མངའ་བདག་རྗེ་འབངས་གྲོགས་བཅས་ལ༔ སྨིན་ཅིང་གྲོལ་བའི་སྒོ་འཕར་དབྱེ༔ མ་འོངས་ལྔ་བརྒྱའི་ཐ་མ་རུ༔ ཟབ་མོའི་ལམ་རྣམས་འཆལ་འགྱུར་ཞིང༔ ངེས་དོན་རྟོག་གེའི་ཚིག་ལ་རེ༔ བློ་ཡིས་མཚོན་པའི་སྟོང་ལྟ་ཡིས༔ བདེན་གཉིས་རྒྱུ་འབྲས་ཁྱད་དུ་བསད༔ བོད་ཁམས་སྡུག་བསྔལ་གསུམ་གྱིས་མནར༔ དེ་ཡི་ཚེ་ན་བདག་ཉིད་དང༔ འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱིས༔ བྱིན་གྱིས་བརླབས་པའི་སྙིང་གི་བུ༔ འོད་གསལ་སྤྲུལ་པའི་རྡོ་རྗེའི་དོན༔ རིག་པ་དབྱིངས་ཀྱི་སྒྲོམ་བུར་སྦས༔ ནམ་ཞིག་རྟེན་འབྲེལ་དུས་བབ་ཚེ༔ ཡང་གསང་སྙིང་གི་ཐིག་ལེའི་སྐོར༔ སྐལ་པར་ལྡན་པའི་ཚོགས་རྣམས་ལ༔ རྒྱ་ཆེར་བཤད་དང་སྒྲུབ་པའི་མཐུས༔ གངས་ཅན་སྐྱེ་འགྲོ་བདེ་བས་འཚོ༔ འབྲེལ་ཚད་གཏན་བདེའི་ས་ལ་བཀོད༔ ཅེས་རྡོ་རྗེའི་ཚིག་གིས་བསྔགས་པའི་དོན་བཞིན་ཐོད་ཕྲེང་རིགས་ལྔ་གུ་རུ་མཚན་བརྒྱད་སྤྱི་དྲིལ་དུ་སྒྲུབ་པའི་དབང་བསྐུར་འབོག་པ་སྟེ་དེ་ལའང་སྨིན་བྱེད་རྒྱས་འབྲིང་བསྡུས་པ་གཏོར་དབང་མཐའ་རྟེན་དང་བཅས་ལྔ་ལས། དབང་བསྐུར་རྒྱས་པ་བྱ་བར་སྐབས་སུ་བབ་པ་ཡིན་ལ། དེ་ལ་ཡང་སྔོན་འགྲོ་ལྷག་གནས་གསུམ་དང༌། ཕྱི་ནང་གི་འཇུག་པ་གཉིས། དངོས་གཞི་ཕན་ནུས་ཟབ་དབང་དང་བཅས་པ། རྗེས་གཏད་རྒྱ་སོགས་ཞིབ་རྒྱས་ཀྱི་ཐོག་མར་དབང་གི་སྒོ་འབྱེད་པ་གལ་ཆེ་བའི་ཕྱིར་ཐུན་མོང་སྨིན་བྱེད་ཡེ་ཤེས་ཐིག་ལེ་དང༌། ཟབ་མོའི་དབང་བཞི་ཡེ་ཤེས་དཔལ་སྟེར་དགོངས་པ་གུང་བསྒྲིལ་གྱིས་འབུལ་བ་ལ་བདག་ཉིད་ཀྱི་བགྱི་འོས་རྣམས་གྲུབ་ནས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་དང༌། ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། ཐོག་མར་འཇུག་པའི་སྐབས་ཡིན། དེ་ལའང་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་དང༌། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་གཉིས་ལས། དང་པོའི་ཡན་ལག་ཁྲུས་དང༌། བགེགས་བསལ་བ་སོགས་ནས་འཇུག་པའི་ཆོས་རྣམས་ཞུ་བའི་དོན་དུ་དམིགས་ཏེ་མཎྜལ་དབུལ་བར་ཞུ། ཞེས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་སྤྱི་ལྟར་བྱས་ལ་མིག་དར་གྱིས་གདོང་དགབ་ཅིང་མེ་ཏོག་གཏད་ལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་དད་མོས་གདུང་ཤུགས་དྲག་པོས་པུས་བཙུགས་ཐལ་སྦྱར་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་འཁོར་བ་ལས་བསྒྲལ་ཕྱིར༔ དཀྱིལ་འཁོར་ཆེན་པོར་འཇུག་པར་འཚལ༔ ལན་གསུམ། སློབ་དཔོན་གྱིས། གསང་བ་བླ་མེད་དཀྱིལ་འཁོར་འདིར༔ སྨིན་པའི་དབང་མཆོག་དོན་གཉེར་ན༔ དབང་སྲོག་དམ་ཚིག་རྒྱ་མཚོའི་གནས༔ སྲོག་ལ་བབ་ཀྱང་སྲུང་ནུས་སམ༔ ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས་མཛོད། ལྷ་དང་དབྱེར་མེད་སློབ་དཔོན་གྱི༔ བཀའ་བཞིན་རྗེས་སུ་སྒྲུབ་ལགས་ཀྱིས༔ སོ་ཐར་བྱང་སེམས་རིག་འཛིན་གྱི༔ སྡོམ་པས་བདག་རྒྱུད་གཏམས་པར་མཛོད༔ ཅེས་གསོལ་བ་ལ་སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། དུས་གསུམ་བདེ་གཤེགས་སངས་རྒྱས་ཀུན༔ རྡོ་རྗེའི་ལམ་མཆོག་འདི་ལ་བརྟེན༔ དེ་ཕྱིར་གསང་ཆེན་དཀྱིལ་འཁོར་འདིར༔ བུ་ཁྱོད་འཇུག་ཅིང་སྨིན་པར་བྱ༔ ཞེས་གནང་བ་སྦྱིན། འདིར་སྐྱབས་སེམས། ཚོགས་བསགས། སྡོམ་པ་བཟུང་བ་རྣམས་གོང་གི་སྟ་གོན་སྐབས་སུ་འབྱུང་བ་ལྟར་དམིགས་པའི་མཚམས་སྦྱོར་བཅས་རྗེས་ཟློས་བྱར་གཞུག །གསང་སྔགས་ནང་གི་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་ཐུན་མོང་མ་ཡིན་པ་ནི། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེས་མཚན་པར་བསྒོམས་ལ་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་པར་མོས་པས་འདིའི་རྗེས་ཟློས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། ལན་གསུམ། རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་བཞག །སེམས་བསྐྱེད་པ་དེ་ཉིད་བརྟན་པར་བྱས་པར་མོས་ཤིག །སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁྃ། གསང་བའི་དེ་ཁོ་ན་ཉིད་བསྒོ་བའི་དོན་ཐུགས་ལ་ངེས་པར་མཛོད་ཅིག །ཧོཿ ཚུལ་ཆེན་གསང་བ་སྔགས་ཀྱི་ལམ༔ ཐབས་མཁས་ངོ་མཚར་སྤྱོད་པ་ནི༔ གཞན་དུ་སྨྲས་ན་ཉམས་པར་འགྱུར༔ དེ་ཕྱིར་གཞན་ལ་མ་སྨྲ་ཞིག༔ ཅེས་གདམས། དེ་ནས་དཀྱིལ་འཁོར་དུ་འཇུག་པ་དངོས་ལ། ཐོག་མར་ཕྱི་ལྟར་དུ་འཇུག་པར་གསོལ་བ་གདབ་པའི་ཕྱིར། སློབ་མ་རྣམས་དཀྱིལ་འཁོར་གྱི་ཕྱི་རོལ་ཤར་སྒོའི་ཐད་དུ་འཁོད་པར་མོས་ལ། དེ་ཡང་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ལྷ་དང་བདག་ཉིད་གཉིས་མེད་དུ་སྒྲུབ་པའི་ཕྱིར་འཇུག་པ་ལ་ཐོག་མར་ཀུན་རྫོབ་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱང་བས་གཞི་བཟུང་དགོས་པ་མཚོན་པའི་ཕྱིར་གཞལ་ཡས་ཁང་གི་སྒོ་བཞིའི་ཕོ་ཉ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོཿ སྨོན་པ་ཚད་མེད་རྣམ་བཞིའི་དངོས༔ དཀྱིལ་འཁོར་ཆེན་པོའི་སྒོ་ཕྱེ་ནས༔ གཉིས་མེད་འཇུག་པའི་བྱང་ཆུབ་སེམས༔ ཡེ་ཤེས་ལྷ་ཚོགས་བསྟན་དུ་གསོལ༔ ལན་གསུམ། ཞེས་གསོལ་བ་བཏབ་པས་ཆོས་དབྱིངས་བདེ་བ་ཆེན་པོའི་ཡེ་ཤེས་དགའ་བ་བཞི་ཡི་རང་གཟུགས་དཀྱིལ་འཁོར་ཕྱིའི་སྒོ་མ་བཞིས་སྒོ་ཤག་གིས་ཕྱེ་བ་ལ་འཇུག་པས་གཞན་ཕན་ཕྲིན་ལས་རྣམ་བཞིས་འགྲོ་ཀུན་སྒྲོལ་ནུས་ཀྱི་རྟེན་འབྲེལ་མངོན་དུ་གྱུར་པར་མོས་མཛོད། བདེ་ཆེན་རོལ་པའི་དཀྱིལ་འཁོར་ནས༔ དགའ་བཞིའི་ཡེ་ཤེས་གཟུགས་འཆང་བ༔ གང་འདུལ་ཕྲིན་ལས་སྒོ་མ་བཞིས༔ སྐལ་པ་ལྡན་རྣམས་འཇུག་པར་འཚལ༔ ཛཿཧཱུྃ་བྃ་ཧོཿ པྲ་བེ་ཤ་ཡ་ཕཊ྄༔ ཞེས་ཡོལ་བ་བསལ། དེ་ལྟར་སྔགས་དང་ཕྱག་རྒྱས་སྒོ་ཕྱེས་ཏེ་ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེས་སྣ་དྲངས་ཏེ་དཀྱིལ་འཁོར་གྱི་ཤར་སྒོ་ནས་བརྩམས་ཏེ་གཡས་བསྐོར་དུ་རིམ་གྱིས་ཞུགས་པས་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཕྱག་འཚལ་བའི་མོས་པས་ཐལ་མོ་གནས་གསུམ་དུ་སྦྱར་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ན་མ་ཏེ་ཧཱུྃ༔ ན་མ་མི་ཧཱུྃ༔ ན་མོ་ན་མ་ཧཱུྃ༔ ལན་བཞི། སླར་ཡང་ཤར་གྱི་སྒོ་དྲུང་དུ་སྣ་ཚོགས་རྡོ་རྗེའི་གདན་སྟེང་དུ་འཁོད་པ་ལ་དཀྱིལ་འཁོར་ནང་དུ་ཞུགས་ནས་ལྷ་དང་སྐལ་མཉམ་དུ་སྒྲུབ་པའི་ཆོ་ག་དངོས་ནི་དབང་གི་ཆོ་གས་སྔགས་སྡོམ་འབོག་པ་སྟེ། དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་ལ་རག་ལས་པས་ཚུལ་བཞིན་བསྲུང་བའི་ཕན་ཡོན། དེ་ལས་འདས་པའི་ཉེས་དམིགས། གཉིས་ཀ་དང་སློབ་དཔོན་བཀའ་གཉན་པར་བསྒྲགས་པའི་དམ་བཞག་བཞི་པོ་རིམ་པར་འབྱུང་བ་ལ་སྙན་གཏོད་ཅིག །རྡོ་རྗེ་སྤྱི་བོར་བཞག་ལ། ཧོཿ དེང་ཁྱོད་རང་སྣང་དཀྱིལ་འཁོར་ཆེར༔ མཆོག་ཏུ་གསང་བས་རབ་ཞུགས་ན༔ ཡེ་ཤེས་དངོས་གྲུབ་ཐོབ་འགྱུར་གྱི༔ གཞན་དུ་སྨྲས་པ་དེ་ལྟར་མིན༔ བཛྲ་གུ་ཧྱ་ས་མ་ཡ་ཧོཿ རྡོ་རྗེ་སྙིང་གར་བཞག་ལ། ཧོཿ གཉིས་མེད་ཡེ་ཤེས་རྡོ་རྗེ་སེམས༔ ཁྱོད་ཀྱི་སྙིང་དབུས་ཡང་དག་ཞུགས༔ ཚུལ་མིན་སྨྲས་ན་ཉམས་པར་འགྱུར༔ དེ་བས་གསང་ཆེན་ཐུབ་པར་གྱིས༔ བཛྲ་སཏྭ་ཛྙཱ་ན་ས་མ་ཡ་ཨཱཿ ནང་མཆོད་སྦྱར་བའི་དུང་ཆུ་སྦྱིན་ལ། རྡོ་རྗེའི་དམ་ཚིག་བདུད་རྩིའི་ཆུ༔ འཐུངས་ཤིག་འཐུངས་ཤིག་སེམས་དཔའ་ཆེ༔ དམ་ཚིག་འདས་ན་སྲེག་བྱེད་ཅིང༔ བསྲུངས་ན་དངོས་གྲུབ་རྣམ་གཉིས་ཐོབ༔ བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ས་མ་ཡ་ཧོཿ རྡོ་རྗེ་གདེངས་ཤིང་མགོར་བཞག་ལ། དེང་ནས་ཁྱོད་ཀྱི་ཧེ་རུ་ཀ༔ རྡོ་རྗེ་སློབ་དཔོན་ང་ཡིན་གྱི༔ ཇི་ལྟར་བསྒོ་བའི་ཐ་ཚིག་ལས༔ ནམ་ཡང་འདའ་བར་མ་བྱེད་ཅིག༔ བཛྲ་ས་མ་ཡ་རཀྵནྟུ༔ དེ་ནས་དངོས་གཞི་དབང་གི་གཞི་འགོད་པ་ལ་ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོཿ རབ་འབྱམས་རྩ་གསུམ་ལྷ་ཚོགས་ཀྱི༔ རྡོ་རྗེའི་ཡེ་ཤེས་བདེ་བ་ཆེ༔ དེང་འདིར་བདག་ལ་དབབ་ནས་ཀྱང༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཞེས་གསོལ་བ་གདབ་པ་སྔོན་དུ་འགྲོ་བས་ཁྱེད་རང་རྣམས་ལུས་གནད་དྲང་པོར་བསྲང༌། ངག་གནད་རླུང་ཁ་སྦྱོར་དུ་འཆིང༌། སེམས་ཀྱི་གནད་ཚོགས་དྲུག་གི་ཡུལ་ལ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ལས་སྔགས་ཀྱིས་བསང༌། ཨོཾ་མ་ཧཱ་ཤཱུ་ནྱ་ཏས་སྟོང་པར་སྦྱངས། གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྟོང་པར་གྱུར། སྟོང་པའི་ངང་ལས་སྣོད་རྣམ་པར་དག་པ་འོག་མིན་པདྨ་འོད་ཀྱི་ཞིང་ངོ་མཚར་གྱི་བཀོད་པ་རྒྱ་མཚོས་མཛེས་ཤིང་བལྟ་ན་སྡུག་པའི་གཞལ་ཡས་ཁང་གི་དབུས་སུ། བཅུད་རྣམ་པར་དག་པ་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་རང་རིག་ཧཱུྃ་ཡིག་གི་རྣམ་པས་མཚན་པའི་རྡོ་རྗེ་རྩེ་ལྔ་པ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་ཕྱོགས་དུས་རྒྱལ་བ་འདུས་པའི་སྤྱི་གཟུགས་སྐུ་ལྔ་ལྷུན་གྲུབ་རིག་འཛིན་ཆེ་མཆོག་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པ་སྐུ་མདོག་ཐིང་གསལ་ལས་བཞི་ལྷུན་གྲུབ་སྤྱན་གསུམ་ཞི་འཛུམ་ཡིད་ཙམ་ཁྲོ་ཆགས་སྒེག་པའི་ཉམས་འགྱུར་ཡོངས་སུ་རྫོགས་པ། སྐུ་གཅེར་བུ་དར་དང་རིན་ཆེན་རུས་པའི་རྒྱན་གྱིས་བཀླུབས་པ། ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང་གཡོན་དྲིལ་བུ་ཀུར་བརྟེན་ནས་ཡུམ་ལ་འཁྱུད་ཅིང་ཞབས་བརྐྱང་བསྐུམ་ཕྱེད་པའི་སྐྱིལ་ཀྲུང་ཅན། གསང་བའི་ཡུམ་མཆོག་མནྡྷ་ར་དམར་མོ་གཞོན་སྒེག་ལང་ཚོའི་ཚུལ་ཅན་གྲི་ཐོད་འཛིན་པ་དང་གཉིས་མེད་སྦྱོར་བའི་རིགས་ཀྱི་བདག་པོ་ཀུན་བཟང་ཡབ་ཡུམ་ལས་རིག་འཛིན་བླ་མའི་སྤྲིན་ཕུང་འཕྲོ་བ། སྐུ་ཡི་གནས་རྣམས་སུ་དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་དང་གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ་འབུམ་ཕྲག་ཡངས་པའི་ཚོགས་ཡོངས་སུ་རྫོགས་པའི་ཡི་དམ་ཌཱ་ཀིའི་ཚོགས་སྤྲོ་བསྡུའི་ཁྱབ་བདག་ཆེན་པོར་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གསལ། དེ་ནས་རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷ་ཡི་གཟི་བྱིན་དབབ་པའི་སླད་དུ་སློབ་དཔོན་དང་རྩ་གསུམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་མོས་གུས་གདུང་ཤུགས་ཚད་མེད་པའི་རྡོ་རྗེའི་གླུ་གར་རོལ་མོས་བསྐུལ་བས། ཕྱོགས་བཅུ་དུས་བཞིའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་ཆེན་པོའི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་སྐུ་ཕྱག་རྒྱའི་གར་སྟབས་ཤིགས་སེ། གསུང་སྔགས་ཀྱི་ཛཔ྄་དབྱངས་བརྡ་གླུ། ཐུགས་བདེ་སྟོང་ཕྱག་རྒྱའི་རོལ་པས་ལྷ་སྔགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་ཆར་དྲག་ཏུ་བབ་པ་བཞིན་བྱོན་ནས་ཁྱེད་རང་རྣམས་ལ་དབྱེར་མེད་དུ་ཐིམ་པས་ལྷག་པའི་ཡེ་ཤེས་ཆེན་པོའི་གཟི་བྱིན་སྙིང་ལ་དབབ་སྟེ་གཉིས་སུ་མེད་པར་བྱིན་གྱིས་བརླབས་པར་མོས་མཛོད། འབེབས་རྫས་བསྲེགས། དབྱངས་དང་ཅང་ཏེའུ་དྲིལ་བུ་སོགས་རོལ་མོས་བསྐུལ་ལ་ལས་བྱང་གི་སྤྱན་འདྲེན་དང་དབབ་སྔགས་ཡང་ཡང་བརྗོད། སྒོ་གསུམ་བདེ་བ་ཆེན་པོའི་ཉམས་འབར་བ་སོགས་ཡེ་ཤེས་ཕེབས་པའི་རྟགས་བྱུང་ན་རྩོལ་མེད་དུ་བསྐྱང་དུ་གཞུག །དེ་ལྟར་ཕབ་པའི་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་རབ་ཏུ་གནས་པར་བྱས་པར་མོས་ཤིག །ཏིཥྛ་བཛྲས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག །མེ་ཏོག་དོར་བའི་དཀྱིལ་འཁོར་འདུ་བྱས་ལ། ཁྱེད་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད། ཡེ་ཤེས་པའི་དཀྱིལ་འཁོར་ལ་གཙོ་འཁོར་རང་རྒྱུད་བཟང་ངན་གྱི་བྱེ་བྲག་མེད་ཀྱང་རྣམ་པ་རང་རང་གི་ཚེ་རབས་སྔོན་ནས་འབྲེལ་བའི་རིགས་གང་ཡིན་པའི་ལྷ་ལ་ཕོག་པར་ཤོག་སྙམ་པས་ཚིག་འདིའི་རྗེས་ཟློས་དང་བཅས་འདོར་བར་ཞུ། ཧོཿ རང་སྣང་རྣམ་དག་འོག་མིན་དུ༔ བདེ་ཆེན་རྡོ་རྗེའི་མཎྜ་ལར༔ རིག་པའི་མེ་ཏོག་འདི་དོར་བས༔ ལྷག་པའི་ལྷ་ལ་འབབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་པུཥྤེ་པྲ་ཏཱིཙྪ་ཧོཿ ཞེས་དོར་དུ་གཞུག །དེ་ལྟར་དོར་བའི་མེ་ཏོག་དབུས་སུ་བབ་ན་བདེ་གཤེགས་རིགས་ཀྱི་ཁྱབ་བདག་བུདྡྷ་ཐོད་ཕྲེང་རྩལ། ཤར་དུ་རྡོ་རྗེ་ཐོད་ཕྲེང༌། ལྷོར་རཏྣ་ཐོད་ཕྲེང༌། ནུབ་ཏུ་པདྨ་ཐོད་ཕྲེང༌། བྱང་དུ་ཀརྨ་ཐོད་ཕྲེང་རྩལ་གྱི་རིགས་སུ་ངེས་པ་སྟེ་དེ་དག་གང་ལ་བབ་པ་ཉིད་ལྷག་པའི་ལྷར་ཟུངས་ཤིག །དབུས་སུ་བབ་ན་ཀུན་བཟང་ཐུགས་མཆོག་རྡོ་རྗེ་རྩལ། ཤར་དུ་མི་བསྐྱོད་རྡོ་རྗེ་རྩལ། ལྷོ་རུ་རིན་ཆེན་དབང་ཕྱུག་རྩལ། ནུབ་ཏུ་གར་དབང་བཞད་པ་རྩལ། བྱང་དུ་ལས་རབ་ཡོངས་གྲུབ་རྩལ་སོགས་རིགས་དང་མཐུན་པའི་གསང་མཚན་གདགས། མེ་ཏོག་གི་ཅོད་པན་སླར་ཡང་སྤྱི་བོར་བཅིངས་ལ། མེ་ཏོག་ལྷག་པའི་ལྷས་བཞེས་ཏེ་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་མཛོད། ཁྱོད་ནི་བླ་མེད་བྱང་ཆུབ་ཀྱི༔ ཡེ་ཤེས་དམ་པའི་སྣོད་ཡིན་ཕྱིར༔ རྡོ་རྗེའི་དམ་ཚིག་འདི་ཟུངས་ལ༔ རང་གཞན་དོན་གཉིས་སྒྲུབ་པར་གྱིས༔ པྲ་ཏི་གྲྀ་ཧྣ་ཨི་མཾ་སཏྭ་བ་མ་ཧཱ་བཱ་ལ༔ ཞེས་བརྗོད་པས་ལྷག་པའི་ལྷ་དང་བྱང་ཆུབ་བར་དུ་འབྲལ་བ་མེད་པར་བྱིན་གྱིས་བརླབས་ཏེ་བརྟན་པར་བྱས་པར་མོས་ཤིག །སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་མིག་ལ་ཕོག་པས་མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་ཏེ་དག་པ་ཆེན་པོ་རྡོ་རྗེའི་ཡེ་ཤེས་ཀྱི་སྤྱན་ཕྱེས་པས་འོད་གསལ་ཡེ་ཤེས་ཀྱི་དཀྱིལ་འཁོར་མཐོང་བའི་སྐལ་ལྡན་དུ་བྱས་པར་མོས། མིག་ཐུར་ཐོགས་ལ། ཨེ་མ་ཧོ་གདོད་ནས་རྣམ་དག་པའི༔ དྲི་མེད་འོད་གསལ་རྡོ་རྗེའི་སྤྱན༔ གློ་བུར་འཁྲུལ་པས་སྒྲིབ་པའི་མུན༔ ཡེ་ཤེས་ཐུར་མས་དབྱེ་བར་བྱ༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ྄༔ ཅེས་གདོང་གཡོགས་བསལ་ལ། ཕྱག་ཤིང་གིས་དཀྱིལ་འཁོར་བསྟན་ཏེ། ལྟོས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ ད་ནི་དད་པ་རབ་ཏུ་བསྐྱེད༔ རྩ་བ་གསུམ་གྱི་དཀྱིལ་འཁོར་འདིར༔ རྡོ་རྗེའི་རིག་པ་འཛིན་པར་འགྱུར༔ ཧོ་སརྦ་ཏ་ཐཱ་ག་ཏ་མཎྜལ་པ་ཤྱ་ཧོཿ དེ་ལྟར་རྣམ་དག་ཡེ་ཤེས་ཀྱི་སྤྱན་གསར་དུ་ཐོབ་པ་ལ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་བལྟ་བར་བསྐུལ་ཞིང་བརྡ་དོན་རྟགས་ཀྱི་ཕན་ཡོན་བརྗོད་པས་ཐུགས་སྤྲོ་བ་བསྐྱེད་པ་ནི། དེ་ཡང་བདེ་ཆེན་དབྱིངས་ཕྱུག་ཡུམ་ལྔའི་མཁའ་ཀློང་འབྱུང་བ་རིམ་ལྔ་རི་རབ་དང་བཅས་པའི་སྟེང་དུ་རྡོ་རྗེའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་འོག་མིན་བདེ་ཆེན་པདྨ་འོད་ཀྱི་གཞལ་མེད་ཁང་བྱང་ཆུབ་ཕྱོགས་ཆོས་རྣམ་པར་དག་པའི་ཐར་པ་ཆེན་པོའི་གྲོང་ཁྱེར་རྒྱན་དང་བཀོད་པའི་ངོ་མཚར་རབ་འབྱམས་ཡོངས་སུ་རྫོགས་པ་གྲུ་བཞི་སྒོ་བཞི་རིན་ཆེན་སྣ་ལྔའི་རྩིག་པ་ལ་ཕ་གུ་དྲ་ཕྱེད་ཤར་བུ་མདའ་ཡབ་དབུས་ཕྱུར་བུ་ཡེ་ཤེས་རིན་པོ་ཆེའི་ཏོག་གིས་མཛེས་པ། རྟ་བབ་ཆོས་འཁོར་རི་དྭགས་ཀྱིས་སྤྲས་པའི་དབུས་རིན་ཆེན་ཟུར་བརྒྱད་པདྨ་ཉི་ཟླའི་སྟེང་དུ་ཡེ་ཤེས་ལྔའི་རིགས་ཀྱི་བདག་པོ་ཐམས་ཅད་ལྷུན་གྲུབ་མཆོག་གི་ལས་མཛད་བུདྡྷ་ཐོད་ཕྲེང་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པ་སྐུ་མདོག་མཐིང་ནག །ཁྲོ་ཆགས་སྒེག་ཚུལ་ཧེ་རུ་ཀའི་ཆས་ཅན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གཟི་བྱིན་རབ་ཏུ་འབར་བའི་ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་བ། ཞབས་བརྐྱང་བསྐུམ་གར་སྟབས་དང་བཅས་ཏེ་རང་འོད་ཀྱི་ཡུམ་མནྡྷ་ར་དམར་མོ་གྲི་ཐོད་འཛིན་པ་དང་སྦྱོར་བ། གཉིས་ཀའང་དར་དང་རིན་ཆེན་རུས་པས་བརྒྱན་པའི་དབུ་གཙུག་ཏུ་ཆོས་སྐུ་ཀུན་ཏུ་བཟང་པོ་ལ་རྒྱུད་ལུང་མན་ངག་གི་རིག་འཛིན་བླ་མས་བསྐོར་བ། རྡོ་རྗེའི་སྐུའི་གནས་རྣམས་སུ་དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀྱི་ཡི་དམ་ལྷ་ཚོགས་དང༌། གནས་ཡུལ་ཉེར་བཞིའི་དཔའ་བོ་མཁའ་འགྲོའི་ཚོམ་བུ་རྣམས་འཕྲོ་ཞིང་འདུ་བའི་ཕྱོགས་ཀྱི་པད་འདབ་བཞིར་ཐོད་ཕྲེང་རིགས་བཞི་ཡབ་ཡུམ། དེའི་ཕྱིར་རིན་ཆེན་ཟུར་བརྒྱད་ལ་སྤྲུལ་པའི་གུ་རུ་མཚན་བརྒྱད། སྒོ་བཞིར་རིགས་བཞིའི་དབང་ཆེན་ཧེ་རུ་ཀ་ཡབ་ཡུམ་རྣམས་རིགས་ཀྱི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམ་འགྱུར་མ་འདྲེས་ཡོངས་སུ་རྫོགས་པ། བར་མཚམས་རྣམས་སུ་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་རྣམས་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་ཡེ་ཤེས་ཀྱི་རོལ་པ་ཚད་མེད་པར་བཞུགས་ཏེ། དེ་ལྟར་རྩ་གསུམ་ཀུན་འདུས་བླ་མ་ཆོས་སྐུ་གསང་བ་འདུས་པ་ལྷ་བཅུ་བདུན་གྱི་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཇལ་བར་མོས་ལ་དད་གུས་སྤྲོ་བ་ཆེན་པོ་བསྐྱེད་པ་ནི་མཚོན་བྱེད་དཔེ་ཡི་བཅོས་མའི་དཀྱིལ་འཁོར་རྡུལ་ཚོན་དང་རྫས་ལ་བརྟེན་ཏེ་དང་པོའི་ལས་ཅན་དབང་གིས་སྨིན་པར་བྱས་ནས་ལམ་བསྒོམས་པས། མཚོན་བྱ་རང་བྱུང་ལྷན་སྐྱེས་ཀྱི་དཀྱིལ་འཁོར་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དུ་གདན་གསུམ་ཡོངས་རྫོགས་ཆེན་པོའི་མ་དྷ་ལར་གདོད་ནས་དག་པ་ཉིད་དུ་བཞུགས་པར་ཤེས་པས། ཡིན་ཚུལ་གཤིས་ཀྱི་དཀྱིལ་འཁོར་བདེ་སྟོང་སྒྱུ་འཕྲུལ་དྲྭ་བ་མ་བཅོས་མཉམ་རྫོགས་ཆེན་པོའི་བདག་ཉིད་རང་རིག་གཉུག་མའི་ངོ་བོར་ལྷུན་གྱིས་གྲུབ་པ་རྣམས། བཞུགས་ཚུལ་དོན་གྱི་དཀྱིལ་འཁོར་ཕྱི་ནང་གཞན་གསུམ་གཉིས་མེད་དབྱིངས་རིག་བརྡལ་བ་ཆེན་པོར་རོ་གཅིག་པའི་དོན་རྟོགས་ཏེ་ལ་བཟླ་དགོས་པས། ཧོཿ ཀ་དག་གཏིང་གསལ་ཆོས་ཀྱི་སྐུ༔ སྤྲོས་པ་བྲལ་བའི་ཡེ་ཤེས་ལས༔ ལྷུན་གྲུབ་འོད་ལྔའི་ཞིང་ཁམས་སུ༔ ལོངས་སྤྱོད་ཡོངས་རྫོགས་འཁོར་ལོར་ཤར༔ ཟུང་འཇུག་སྤྲུལ་པའི་རྣམ་རོལ་ནི༔ ལྷག་པ་གཟུགས་བརྙན་དཀྱིལ་འཁོར་འདིར༔ ས་བཅུ་ལམ་ལྔའི་ཡོན་ཏན་ཀུན༔ མ་བཙལ་ལྷུན་གྱིས་གྲུབ་པ་ཡི༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ ཡིད་འོང་ཉམས་དགའི་གནས་མཆོག་ཏུ༔ སྐུ་དང་ཡེ་ཤེས་དབྱེར་མེད་པའི༔ རབ་འབྱམས་རྩ་གསུམ་ལྷ་ཡི་ཚོགས༔ སྣང་ལ་རང་བཞིན་མ་གྲུབ་པར༔ གང་འདུལ་ཚུལ་གྱིས་བཞུགས་པ་རྣམས༔ མངོན་སུམ་ལྟ་བུར་མཐོང་བའི་བློས༔ གཉིས་སུ་འཛིན་པའི་རྟོག་པ་སྤང༔ ཐམས་ཅད་རང་སྣང་ཉིད་ཡིན་ཕྱིར༔ གཉིས་མེད་ཡེ་ཤེས་ཆེན་པོར་སྦྱོར༔ ཕྱི་རུ་མཚོན་བྱེད་དཀྱིལ་དང་འཁོར༔ ནང་ལྟར་རྡོ་རྗེ་ཕུང་པོའི་གྲོང༔ གཞན་དུ་བསྐྱེད་རྫོགས་ཟུང་འཇུག་པའི༔ ཟབ་མོའི་ལམ་མཆོག་ལ་བརྟེན་ནས༔ རང་བྱུང་ལྷུན་གྲུབ་ལུས་ཀྱི་དཀྱིལ༔ རྡོ་རྗེའི་འོག་མིན་ཆེན་པོའི་ཀློང༔ རྩ་དག་སྣང་སྟོང་སྤྲུལ་པའི་སྐུ༔ རླུང་དག་བདེ་སྟོང་ལོངས་སྤྱོད་རྫོགས༔ ཐིག་ལེ་འོད་གསལ་ཚོམ་བུར་ཤར༔ བཅིང་གྲོལ་མེད་པར་ཁྱོད་ཀྱིས་མཐོང༔ བཛྲ་ཛྙཱ་ན་ས་མ་ཡ་ཧོཿ ཞེས་སྤྲོ་བ་བསྐྱེད། སྟོན་འཁོར་རྣམ་དཔྱོད་དང་ལྡན་པ་སོགས་དགོས་པ་དང་འབྲེལ་ན། ཞེས་བརྗོད་ཕྱི་ནང་གཞན་གསུམ་གྱི༔ དཀྱིལ་འཁོར་རྣམ་དབྱེ་རྒྱས་པར་བཤད༔ ཅེས་གསུངས་ཤིང་གང་ལྟར་ཡང༌། དེ་དག་གིས་ཇི་ལྟར་བརྗོད་དོན་བཞིན་མངོན་སུམ་ཉིད་དུ་རྟོགས་པའི་བློས་དད་ཅིང་སྤྲོ་བ་ཆེན་པོས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཞེས་ང་རྒྱལ་བརྟན་པོར་བཟུང་ངོ༌། །དེ་དག་གིས་ལྷ་དང་སྐལ་པ་མཉམ་པའི་ཆོས་སྔོན་འགྲོ་ཕྱི་ནང་གི་འཇུག་པའི་ཆོས་རྣམས་ཡོངས་སུ་གྲུབ་སྟེ། སྤྱི་དོན་གཉིས་པ་ཞུགས་ནས་མངོན་པར་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ནས་དངོས་གཞིའི་དབང་དངོས་བསྐུར་བའི་རིམ་པ་ལ་ཐུན་མོང་ཕྱི་ཕན་པ་རིག་པའི་དབང་ལྔ། ཐུན་མིན་ནང་ནུས་པ་འཇུག་པ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་བྱིན་རླབས་དང་དབང་བསྐུར། གསང་བ་སྐལ་པ་མཆོག་ལྡན་ལ་ཟབ་མོའི་དབང་རྣམས་སྔ་མས་གོ་ཕྱེ་ནས་ཕྱི་མ་གདུལ་བྱ་གང་ཟག་གཅིག་གི་རྒྱུད་ལ་དབང་རྣམས་རིམ་པར་བསྐུར་བ་ལ། དང་པོ་ཕྱི་སྒྲོ་འདོགས་གཅོད་པའི་བླ་མས་བུམ་དབང་ཡན་ལག་དང་བཅས་པ་སྦྱིན་པ་ལའང་རྡོ་རྗེ་སློབ་མའི་ཐུན་མོང་རིག་པའི་ནང་དབང་ལྔ་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་འདུས་རྡོ་རྗེ་འཛིན༔ བདག་ལ་རྩེ་བས་ཉེར་དགོངས་ནས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། གཞུང་ལས། ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ གདན་གསུམ་ཚང་བའི་དབང་གི་ལྷ༔ ནམ་མཁའ་གང་བར་སྤྱན་དྲངས་པར༔ མཆོད་ཅིང་བསྟོད་ནས་གསོལ་གདབ་པས༔ ཀུན་ཀྱང་དབང་གི་བྱ་བ་ལ༔ དགོངས་པ་མངོན་སུམ་གཏད་པར་མོས༔ དབང་རྫས་སློབ་མར་བཅས་པ་ཡང༔ སོ་སོའི་རིགས་ཀྱི་ལྷར་གསལ་ཞིང༔ མི་མཐུན་ཕྱོགས་ལས་རྒྱལ་བའི་སླད༔ ཤིས་པ་བརྗོད་པ་སྔོན་འགྲོ་བས༔ ཞེས་གསུངས་པ་ལྟར། བདག་མདུན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་པའི་རྣམ་པར་སྤྱན་དྲངས། བཛྲ་ས་མཱ་ཛཿ ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ དེས་འགྲེས་ཏེ། པཱདྱཾ་ནས། ཤབྡའི་བར་བརྗོད། ཕུང་ཁམས་དག་པ་གཤེགས་པ་གཤེགས་མའི་གདནཿ དབང་ཤེས་དག་པ་སེམས་དཔའ་སེམས་མ་སྟེཿ ལས་ཀྱི་བདག་པོ་ཁྲོ་བོ་ཁྲོ་མོའི་ཚོགསཿ གདན་གསུམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ གསོལ་བ་གདབ་པ་ནི། རྡོ་རྗེ་ཅན་གྱི་སངས་རྒྱས་ལ༔ འགྲོ་བ་སྐྱོབ་པའི་ཆེད་དུ་དབང༔ ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ༔ དེ་ལྟར་འདི་ལའང་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་གི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་དབང་བསྐུར། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་གར་བསྒྱུར། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད་ཅིང་དབང་གི་ཕྲིན་ལས་ལ་འཇུག་པས་འཇིག་རྟེན་གསུམ་དུ་དགེ་ལེགས་ཀྱི་སྣང་བས་ཁྱབ་པར་བྱས་ནས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཤིས་པའི་ཚིག་གིས་མངའ་གསོལ་བར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར་ཞིང་རོལ་མོ་བྱ། སློབ་མ་སྐད་ཅིག་གིས་ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ་སྐུ་མདོག་དཀར་གསལ་ཞི་ཞིང་དྭངས་བའི་ཉམས་ཅན། ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་ཆེན་རུས་པའི་རྒྱན་ལྡན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་རང་འོད་རྡོ་རྗེ་མཁའ་འགྲོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བས་པད་ཟླ་གླང་པོའི་ཁྲི་ལ་བཞུགས་པར་བསྒོམས། ནམ་མཁའ་གང་བའི་ལྷ་ཚོགས་རྣམས་ཀྱིས་རྣམ་རྒྱལ་བུམ་པའི་ཆུ་མི་བསྐྱོད་པའི་བདག་ཉིད་ཅན་གྱིས་སྤྱི་བོ་ནས་དབང་བསྐུར་བར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ༔ ཞེ་སྡང་རྣམ་དག་རྡོ་རྗེའི་རིགས༔ མི་བསྐྱོད་ཆུ་ཡིས་དབང་བསྐུར་བས༔ རྣམ་ཤེས་ཕུང་པོ་རང་གྲོལ་ནས༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པས་དབང་བསྐུར་བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང་ཡིད་ཀྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་རྒྱན་པ་ལ་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས། རྡོ་རྗེའི་ཡེ་ཤེས་རྟོག་པ་མེད༔ འོད་གསལ་རང་བཞིན་མཁའ་དང་མཉམ༔ སྤྲོས་དང་སྤྲོས་མེད་ཚུལ་ལས་འདས༔ བསམ་མི་ཁྱབ་པས་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད། དེས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ། ཉོན་མོངས་པ་ཞེ་སྡང་དག །རྣམ་ཤེས་ཀྱི་ཕུང་པོ་མེ་ལོང་ཡེ་ཤེས་སུ་གནས་གྱུར། ཐུགས་རྡོ་རྗེ་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །ཞེས་རྟོགས་པ་བརྗོད། དེ་བཞིན་དུ། སློབ་མ་སྐད་ཅིག་གིས་རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ་སྐུ་མདོག་སེར་གསལ་བརྗིད་ཅིང་དཔའ་བའི་ཉམས་ཅན། ཕྱག་གཡས་རིན་པོ་ཆེ་ཐུགས་ཀར་གཏོད་ཅིང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་ཆེན་རུས་པའི་རྒྱན་ལྡན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་རང་འོད་རིན་ཆེན་མཁའ་འགྲོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ་པད་ཟླ་རྟ་མཆོག་གི་ཁྲི་ལ་བཞུགས་པར་བསྒོམས། ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་རྣམས་ཀྱིས་དབུ་རྒྱན་རིན་ཆེན་འབྱུང་ལྡན་གྱི་བདག་ཉིད་ཅན་སྤྱི་བོར་བཅིངས་ཏེ་དབང་བསྐུར་བར་མོས་ཤིག །དབུ་རྒྱན་བསྐོན་ལ། ཧཱུྃ༔ ང་རྒྱལ་རྣམ་དག་རིན་ཆེན་རིགས༔ རིན་འབྱུང་དབུ་རྒྱན་དབང་བསྐུར་བས༔ ཚོར་བའི་ཕུང་པོ་རང་གྲོལ་ནས༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་ཨ་བྷི་ཥིཉྩ་ཏྲཱྃ༔ བཛྲ་ཀ་ལ་ཤ་སོགས་ཆུ་དབང༌། དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང༌། ཤེས་བྱའི་སྒྲིབ་པ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱི་དབུར་བརྒྱན་པ་ལ་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། འདོད་འབྱུང་ཡེ་ཤེས་རྩོལ་བ་མེད༔ ཤེས་དང་ཤེས་བྱ་ཐམས་ཅད་པ༔ ལྷུན་གྱིས་གྲུབ་པའི་ཡོན་ཏན་རྩལ༔ འཕེལ་འགྲིབ་བྲལ་བའི་བཀྲ་ཤིས་ཤོག༔ དེས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ། ཉོན་མོངས་པ་ང་རྒྱལ་དག །ཚོར་བའི་ཕུང་པོ་མཉམ་ཉིད་ཡེ་ཤེས་སུ་གནས་གྱུར། ཡོན་ཏན་རིན་ཆེན་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །སློབ་མ་སྐད་ཅིག་གིས་དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ་སྐུ་མདོག་དམར་གསལ་སྒེག་ཅིང་ཆགས་པའི་ཉམས་ཅན། ཕྱག་གཡས་པདྨ་ཐུགས་ཀར་གཏོད་ཅིང་གཡོན་པས་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་ཆེན་རུས་པའི་རྒྱན་ལྡན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་རང་འོད་པདྨ་མཁའ་འགྲོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བས་པད་ཟླ་རྨ་བྱའི་ཁྲི་ལ་བཞུགས་པར་བསྒོམས། ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་རྣམས་ཀྱིས་ཐབས་བདེ་བ་ཆེན་པོ་མཚོན་པའི་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་རང་བཞིན་ཅན་ཕྱག་གཡས་སུ་གཏད་པར་མོས་ཤིག །རྡོ་རྗེ་གཏད་ལ། ཧཱུྃ༔ འདོད་ཆགས་རྣམ་དག་པདྨའི་རིགས༔ མཐའ་ཡས་རྡོ་རྗེའི་དབང་བསྐུར་བས༔ འདུ་ཤེས་ཕུང་པོ་རང་གྲོལ་ནས༔ སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ བཛྲ་ཀ་ལ་ཤ་སོགས་ཆུ་དབང༌། དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང༌། ངག་རླུང་གི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་ཏུ་མེད་པས་དབུར་བརྒྱན་པ་ལ་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། པདྨའི་ཡེ་ཤེས་འགགས་པ་མེད༔ སྒྲ་དབྱངས་རྒྱ་མཚོའི་རྗེས་སུ་འགྲོ༔ སེམས་ཅན་ཁམས་རྣམ་སད་མཛད་པ༔ ཡི་གེ་འཁོར་ལོའི་བཀྲ་ཤིས་ཤོག༔ དེས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ། ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་སོར་རྟོགས་ཡེ་ཤེས་སུ་གནས་གྱུར། གསུང་པདྨའི་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །སློབ་མ་སྐད་ཅིག་གིས་དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ་སྐུ་མདོག་ལྗང་ནག་གཏུམ་ཞིང་ཁྲོས་པའི་ཉམས་ཅན། ཕྱག་གཡས་རྒྱ་གྲམ་ཐུགས་ཀར་གཏོད་ཅིང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་ཆེན་རུས་པའི་རྒྱན་ལྡན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་རང་འོད་ལས་ཀྱི་མཁའ་འགྲོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བས་པད་ཟླ་ཤང་ཤང་གི་ཁྲི་ལ་བཞུགས་པར་བསྒོམས། ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་རྣམས་ཀྱིས་ཤེས་རབ་སྟོང་པ་ཉིད་མཚོན་པའི་དྲིལ་བུ་ཕྱག་གཡོན་དུ་གཏད་པར་མོས་ཤིག །དྲིལ་བུ་སྦྱིན་ལ། ཧཱུྃ༔ ཕྲག་དོག་རྣམ་དག་ལས་ཀྱི་རིགས༔ དོན་གྲུབ་དྲིལ་བུའི་དབང་བསྐུར་བས༔ འདུ་བྱེད་ཕུང་པོ་རང་གྲོལ་ནས༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ བཛྲ་ཀ་ལ་ཤ་སོགས་ཆུ་དབང༌། དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང༌། ཀུན་གཞིའི་སྒྲིབ་པ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུར་བརྒྱན་པ་ལ་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ལས་ཀྱི་ཡེ་ཤེས་ཐོགས་པ་མེད༔ འདུལ་བྱའི་ཁམས་དང་མཐུན་པར་སྟོན༔ ཕན་འདོགས་ཚར་གཅོད་རྗེས་བཟུང་བའི༔ བདེ་མཆོག་སྒྱུ་མའི་བཀྲ་ཤིས་ཤོག༔ དེས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ། ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་བྱ་གྲུབ་ཡེ་ཤེས་སུ་གནས་གྱུར། ཕྲིན་ལས་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །སློབ་མ་སྐད་ཅིག་གིས་མཆོག་གི་ལས་མཛད་བུདྡྷ་ཐོད་བྲེང་རྩལ་མཐིང་གསལ་ཞི་འཛུམ་སྒེག་པའི་ཉམས་ཅན། ཕྱག་གཡས་འཁོར་ལོ་ཐུགས་ཀར་གཏོད་ཅིང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་ཆེན་རུས་པའི་རྒྱན་ཅན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་རང་འོད་མཆོག་གི་རིགས་ཀྱི་མཁའ་འགྲོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བས་པད་ཟླ་སེང་གེའི་ཁྲི་ལ་བཞུགས་པར་བསྒོམས། །ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེ་དང་བཅས་པའི་དྲིལ་བུ་ཐོགས་ཏེ། རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཅན་གྱི་མིང་གི་དབང་བསྐུར་བར་མོས་ཤིག །རྡོར་དྲིལ་ལྷན་ཅིག་པ་སྤྱི་བོར་འཁྲོལ་ལ། ཧཱུྃ༔ གཏི་མུག་རྣམ་དག་བདེ་གཤེགས་རིགས༔ སྣང་མཛད་མིང་གི་དབང་བསྐུར་བས༔ གཟུགས་ཀྱི་ཕུང་པོ་རང་གྲོལ་ནས༔ ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ གསང་བའི་མཚན་བསྒྲགས། བཛྲ་ཀ་ལ་ཤ་སོགས་ཆུ་དབང༌། དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་གང༌། ལུས་ཀྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པ་ལ་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བདེ་གཤེགས་ཡེ་ཤེས་འགྱུར་བ་མེད༔ བརྟན་གཡོ་ཀུན་ལ་ཁྱབ་པའི་སྲོག༔ ཕྱག་རྒྱའི་གཟུགས་སུ་རང་སྣང་བའི༔ དཀྱིལ་འཁོར་ཆེན་པོའི་བཀྲ་ཤིས་ཤོག༔ དེས་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡི་དབང་ཐོབ། ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་ཆོས་དབྱིངས་ཡེ་ཤེས་སུ་གནས་གྱུར། སྐུ་བདེ་གཤེགས་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །གཞུང་ལས། སོ་སོའི་དག་པ་ངོ་སྤྲད་ཅིང༔ ཤིས་པ་བརྗོད་པས་མངའ་གསོལ་བྱ༔ ཞེས་པ་ལྟར་རོ། །གཉིས་པ་ནང་ནུས་པ་འཇུག་པ་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་རིགས་ཀུན་ཁྱབ་བདག་ཆེས༔ ཕན་པའི་དབང་བསྐུར་བསྩལ་ལགས་ན༔ ད་ནི་ནུས་པ་འཇུག་པའི་དབང༔ མ་ལུས་བདག་ལ་བསྩལ་དུ་གསོལ༔ ལན་གསུམ། དེ་ནས་དབང་དངོས་ལ་སྤྱི་དང་བྱེ་བྲག་ཁྱད་པར་གྱི་དབང་གསུམ་ལས། དང་པོའི་དོན་དུ་ཁྱེད་རང་རྣམས་གཙོ་བོའི་མདུན་དཀྱིལ་འཁོར་གྱི་ཐད་དྲང་པོར་སེང་གེའི་ཁྲི་ལ་གནས་པར་སྟེང་དུ་གདུགས་ཕུབ། འདོད་ཡོན་གྱི་མཆོད་པས་མདུན་བདར་ཏེ་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་ཁྱབ་བྱེད་དྲུག་པའི་རིགས་མཆོག་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པ་རང་འོད་ཀྱི་ཕྱག་རྒྱ་མ་དང་སྦྱོར་ཞིང་སྐུ་ལ་རྩ་གསུམ་དཀྱིལ་འཁོར་མ་ལུས་ཡོངས་རྫོགས་ཏིལ་གྱི་གོང་བུ་ཁ་བྱེ་བ་བཞིན་བཞུགས་པ་རྒྱན་དང་ཕྱག་མཚན་ཡོངས་སུ་རྫོགས་པའི་བདག་ཉིད་དུ་སྙེམས་པ་བཟུང་བ་ལ་ཐབས་བདེ་བ་ཆེན་པོ་རྡོ་རྗེ་ཐུགས་ཀྱི་དམ་ཚིག་ཕྱག་གཡས་སུ་གཏད་པ་གསོར་ཏེ་ཐུགས་ཀར་གཏོད། ཤེས་རབ་སྟོང་པ་ཉིད་དྲིལ་བུ་གསུང་གི་དམ་ཚིག་གཡོན་དུ་གཏད་པས་དཀྲོལ་ལ་དཀུར་བརྟེན། བདེ་སྟོང་ཟུང་འཇུག་ཕྱག་རྒྱ་སྐུ་ཡི་དམ་ཚིག་རྡོར་དྲིལ་ཐུགས་ཀར་བསྣོལ་ཏེ་འཁྱུད་པའི་རྒྱས་ཡབ་ཡུམ་གཉིས་མེད་བདེ་བ་ཆེན་པོའི་སྦྱོར་བས་རྒྱུ་དུས་ཀྱི་ཡན་ལག་བདུན་ལ་གོམས་པས་འབྲས་བུ་སྐུ་གསུམ་ཁ་སྦྱོར་བདུན་དུ་སངས་རྒྱས་པར་མོས་ཤིག །ཨོཾ་ཨཱཿཧཱུྃ༔ ཐབས་དང་ཤེས་རབ་དབྱེར་མེད་པའི༔ རྡོ་རྗེ་དྲིལ་བུ་འདི་ཟུངས་ལ༔ ཡེ་ཤེས་ཕྱག་རྒྱར་མཉམ་སྦྱོར་བའི༔ བདེ་བ་ཆེ་ལ་རྟག་ཏུ་རོལ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་གསང་བ་དང༔ དབྱེར་མེད་རྡོ་རྗེ་འཛིན་ཁྱེད་ཀྱིས༔ གང་འདུལ་འགྲོ་ཀུན་སྒྲོལ་བར་མཛོད༔ ཨོཾ་མ་ཧཱ་བཛྲ་ཧཱུྃ༔ རྡོ་རྗེ་ཐུགས་ཀར་གསོར། ཨོཾ་མ་ཧཱ་གཎྜེ་ཧོཿ དྲིལ་བུ་འཁྲོལ་ཏེ་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔ ཞེས་འཁྱུད་རྒྱ་བྱར་གཞུག །སླར་ཡང་དབང་གི་ལྷ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་ཤིག །རྣམ་བུམ་གྱིས་དབང་བསྐུར་ལ། ཧཱུྃ་ཧྲཱིཿ སྣང་སྟོང་བུམ་པའི་དཀྱིལ་འཁོར་དུ༔ རྩ་བ་གསུམ་གྱི་ལྷ་ཚོགས་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕུང་ཁམས་ལྷ་སྐུར་སྨིན་པར་ཤོག༔ རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང༌། སྒྲིབ་པ་བཞིའི་ས་བོན་བག་ཆགས་དང་བཅས་པ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་གྱུར། གཉིས་པ་བྱེ་བྲག་ཏུ་རྗེས་སུ་གནང་བ་ལ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཀྲ་ཤིས་པའི་གདུགས་ཕུབ་ལག་གཡས་སུ་ཆོས་དུང་གཏད་ཅིང་འབུད་དུ་གཞུག །གཡོན་པས་ཤེས་རབ་ཀྱི་དྲིལ་བུ་འཁྲོལ། མཆན་དུ་རྒྱུད་ཀྱི་གླེགས་བམ་གཏད། རྐང་འོག་ཏུ་ཕྲིན་ལས་རྒྱུན་མི་ཆད་པའི་འཁོར་ལོ་བྱིན་པ་བསྐོར་ཏེ་དེ་ཉིད་བཅུ་སོགས་རྡོ་རྗེ་རྒྱལ་པོའི་བཀའ་རབ་འབྱམས་ཀྱིས་དབང་བསྐུར་བར་མོས་ཤིག །ཆས་རྣམས་གཏད་དེ། ཧཱུྃ་ཧྲཱིཿ བདེ་ཆེན་ཐབས་མཆོག་རྡོ་རྗེ་སེམས་དཔའ་དང༔ ཤེས་རབ་སྟོང་ཉིད་དབང་ཕྱུག་སྙེམས་མ་ཡུམ༔ དབྱེར་མེད་མཉམ་སྦྱོར་རྡོ་རྗེ་སློབ་དཔོན་དབང༔ དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ ཟབ་གསང་རྡོ་རྗེ་རྩེ་མོའི་ཉེ་ལམ་གྱི༔ ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་ནས་ཀྱང༔ སྣ་ཚོགས་ཐབས་ཀྱིས་གདུལ་བྱ་མ་ལུས་ཀུན༔ བདེ་ཆེན་ཐར་པའི་གྲོང་དུ་དབུགས་དབྱུངས་ཤིག༔ ནམ་མཁར་བཞུགས་པའི་དབང་གི་ལྷས་ཤིས་པའི་གླུ་དབྱངས་དང་མེ་ཏོག་གི་ཆར་བསྙིལ་བས་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས་བརྟན་གོང་འཕེལ་དུ་མཛད་པས་མངའ་གསོལ་བར་མོས། དཀོན་མཆོག་གསུམ་གྱི་ཤིས་བརྗོད་བྱ། རྟེན་སྙིང་དང་སུ་པྲ་ཏིཥྛ་བརྗོད། དབང་གི་ལྷ་རྣམས་གཉིས་མེད་དུ་ཐིམ་པར་མོས། དེ་ཡང་སྔགས་ཀྱི་སྨིན་གྲོལ་སྒྲ་ཇི་བཞིན་དུ་སྤྱོད་པ་དག་གིས་འདི་ཡན་ཆད་ཀྱི་དབང་གི་ཆོ་གས་རྒྱ་ཆེ་བའི་ལམ་གྱི་སྣོད་ལྡན་རྗེས་སུ་བཟུང་ཞིང༌། ཐུན་མོང་གི་བསྐྱེད་བཟླས་ཀྱི་མན་ངག་འབོགས་ཤིང༌། མཆོག་དབང་གོང་མ་གསུམ་ནི་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་ཤིང་ཟབ་མོའི་མན་ངག་མཐར་ཐུག་དོན་དུ་གཉེར་བ་ལ་དེའི་དབང་དང་གདམས་པ་སྟེར་བར་གསུངས་པས་གཞུང་འདིར་ཡང༌། དེ་ནས་ཟབ་མོའི་དབང་གསུམ་པོ༔ ཡེ་ཤེས་དཔལ་སྟེར་ཇི་བཞིན་ལ༔ སྤྲོས་དང་འབྲེལ་བ་དཀྱིལ་འཁོར་བ༔ ཡོངས་སུ་རྫོགས་པའི་ལྷ་དབང་བསྐུར༔ སོ་སོའི་སྔགས་ཀྱི་རྗེས་གནང་དང་༔ འོད་གསལ་ཡེ་ཤེས་དོན་ངོ་སྤྲད༔ ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་བྱ༔ ཞེས་གསུངས་ཀྱང་དེང་སང་དབང་ཁྲིད་ཀྱི་རྒྱུན་མི་ཉམས་པ་གནད་དུ་ཟབ་པས་དབང་བཞི་སྦྲེལ་ཏེ་གསུང་པའི་ཕྱག་བཞེས་བཞིན་དེ་དག་གིས་བུམ་དབང་མཐའ་རྟེན་དང་བཅས་པ་སྔོན་དུ་སོང་ནས། གསུམ་པ་ཁྱད་པར་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ནུས་པ་རྒྱུད་ལ་འཇུག་པའི་ཕྱིར་ལྷ་སྔགས་རིག་པའི་དབང་བསྐུར་སྦྱིན་པའི་ཐོག་མར་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་རིགས་ཀུན་ཁྱབ་བདག་མཆོག༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་སྨིན་ཅིང་གྲོལ་བའི་ཕྱིར༔ ཡེ་ཤེས་ལྷ་ཡི་དབང་བསྐུར་སྩོལ༔ ལན་གསུམ་བྱ། མདུན་བསྐྱེད་ལྷ་ཚོགས་གཙོ་འཁོར་རྣམས་ཀྱི་རྡོ་རྗེའི་སྐུ་ཡི་གནས་སོ་སོ་ནས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་གི་སྐུ་ཡི་གནས་སོ་སོར་ལུས་དཀྱིལ་གྱི་རྣམ་པ་རྗེས་སུ་དྲན་པའི་ལྷ་གནས་ཀྱི་པད་ཉིའི་གདན་རེ་རེ་གསལ་བ་ལ་ལྷ་ཚོགས་དཔག་ཏུ་མེད་པ་སློབ་དཔོན་དང་མདུན་བསྐྱེད་ཐ་མི་དད་པའི་ཐུགས་ཀ་ནས་བྱུང་སྟེ་ལུས་གནས་རྣམས་སུ་ཐིམ་པས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་གཉིས་མེད་དུ་གྱུར་པར་མོས་ཤིག །ཧཱུྃ་ཧྲཱིཿ སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ནས༔ རྩ་གསུམ་ཀུན་འདུས་ཐོད་ཕྲེང་རྩལ༔ ཡབ་ཡུམ་གཉིས་མེད་དབང་བསྐུར་བས༔ བདེ་གཤེགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ སྤྲོས་བྲལ་ཆོས་སྐུའི་དཀྱིལ་འཁོར་ནས༔ རིགས་ཀྱི་བདག་པོ་ཆེ་བའི་མཆོག༔ ཀུན་བཟང་ཡབ་ཡུམ་དབང་བསྐུར་བས༔ དབང་བཞིའི་ཡེ་ཤེས་སྨིན་པར་ཤོག༔ ཨོཾ་ཨཱཿཧཱུྃ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ སྣང་སྟོང་དབྱེར་མེད་དཀྱིལ་འཁོར་ནས༔ འཇམ་དཔལ་གྲུབ་པའི་རིག་པ་འཛིན༔ མཉྫུ་མི་ཏྲས་དབང་བསྐུར་བས༔ རྩ་ཁམས་ལྷ་སྐུར་སྨིན་པར་ཤོག༔ ཨོཾ་མ་ཧཱ་གུ་རུ་ཤཱ་རི་རཱཾ་མཉྫུ་ཤྲཱི་མི་ཏྲ་ཨཱཿཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ གྲགས་སྟོང་དབྱེར་མེད་དཀྱིལ་འཁོར་ནས༔ རྟ་མཆོག་གྲུབ་པའི་རིག་པ་འཛིན༔ ནཱ་གརྫུ་ནས་དབང་བསྐུར་བས༔ སྲོག་རྩོལ་སྔགས་སུ་སྨིན་པར་ཤོག༔ ཨོཾ་མ་ཧཱ་གུ་རུ་ཤཱ་རི་རཾ་ནཱ་གརྫུ་ན་ཨཱཿ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ རིག་སྟོང་དབྱེར་མེད་དཀྱིལ་འཁོར་ནས༔ ཡང་དག་གྲུབ་པའི་རིག་པ་འཛིན༔ ཧཱུྃ་ཆེན་ཀཱ་རས་དབང་བསྐུར་བས༔ རྟོགས་ཚོགས་ཆོས་སྐུར་སྨིན་པར་ཤོག༔ ཨོཾ་མ་ཧཱ་གུ་རུ་ཤཱ་རི་རཱཾ་ཧཱུྃ་ཀཱ་ར་ཨཱཿཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ ཡོན་ཏན་སྣ་ཚོགས་དཀྱིལ་འཁོར་ནས༔ བདུད་རྩི་གྲུབ་པའི་རིག་པ་འཛིན༔ བི་མ་མི་ཏྲས་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་མ་ཧཱ་གུ་རུ་ཤཱ་རི་རཱཾ་བི་མ་ལ་མི་ཏྲ་ཨཱཿ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ ཕྲིན་ལས་རྣམ་བཞིའི་དཀྱིལ་འཁོར་ནས༔ ཕུར་པ་གྲུབ་པའི་རིག་པ་འཛིན༔ པྲ་བྷ་ཧསྟིས་དབང་བསྐུར་བས༔ ཁམས་གསུམ་དབྱིངས་སུ་སྒྲོལ་བར་ཤོག༔ ཨོཾ་མ་ཧཱ་གུ་རུ་ཤཱ་རཱི་རཾ་པྲ་བྷ་ཧསྟི་ཨཱཿཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ ཀློང་ལྔ་དབྱིངས་ཀྱི་དཀྱིལ་འཁོར་ནས༔ མ་མོ་གྲུབ་པའི་རིག་པ་འཛིན༔ དྷ་ན་སཾ་ཀྲྀས་དབང་བསྐུར་བས༔ སྣང་སྲིད་སེམས་སུ་རྫོགས་པར་ཤོག༔ ཨོཾ་མ་ཧཱ་གུ་རུ་ཤཱ་རཱི་རཾ་དྷ་ན་སཾ་ཀྲྀཏ་ཨཱཿཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ དྲེགས་པ་ཟིལ་གནོན་དཀྱིལ་འཁོར་ནས༔ མཆོད་བསྟོད་གྲུབ་པའི་རིག་པ་འཛིན༔ རམྦུ་གུ་ཧྱས་དབང་བསྐུར་བས༔ གཟུང་འཛིན་འབྱུང་པོ་འདུལ་བར་ཤོག༔ ཨོཾ་མ་ཧཱ་གུ་རུ་ཤཱ་རཱི་རཾ་རམྦུ་གུ་ཧྱ་ཨཱཿཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ མངོན་སྤྱོད་དམོད་པའི་དཀྱིལ་འཁོར་ནས༔ དྲགས་སྔགས་གྲུབ་པའི་རིག་པ་འཛིན༔ ཤཱནྟིཾ་གྷརྦྷས་དབང་བསྐུར་བས༔ གཉིས་སྣང་དགྲ་བགེགས་ཚར་གཅོད་ཤོག༔ ཨོཾ་མ་ཧཱ་གུ་རུ་ཤཱ་རཱི་རཾ་ཤཱནྟིཾ་གྷརྦྷ་ཨཱཿཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བདེ་ཆེན་འཁོར་ལོའི་དཀྱིལ་འཁོར་ནས༔ མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ འཇམ་དཔལ་སྐུ་ཡི་དབང་བསྐུར་བས༔ གཤིན་རྗེ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཏ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ལོངས་སྤྱོད་འཁོར་ལོའི་དཀྱིལ་འཁོར་ནས༔ སོར་རྟོག་ཡེ་ཤེས་ངོ་བོ་ཉིད༔ པདྨ་གསུང་གིས་དབང་བསྐུར་བས༔ རྟ་མགྲིན་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་པདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཆོས་ཀྱི་འཁོར་ལོའི་དཀྱིལ་འཁོར་ནས༔ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ ཡང་དག་ཐུགས་ཀྱིས་དབང་བསྐུར་བས༔ ཁྲག་འཐུང་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྤྲུལ་པའི་འཁོར་ལོའི་དཀྱིལ་འཁོར་ནས༔ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ བདུད་རྩི་ཡོན་ཏན་དབང་བསྐུར་བས༔ ཆེ་མཆོག་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བདེ་སྐྱོང་འཁོར་ལོའི་དཀྱིལ་འཁོར་ནས༔ བྱ་བ་གྲུབ་པའི་ངོ་བོ་ཉིད༔ རྡོ་རྗེ་གཞོན་ནུས་དབང་བསྐུར་བས༔ ཕུར་པ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ རྡོ་རྗེ་ནོར་བུའི་དཀྱིལ་འཁོར་ནས༔ ཀློང་གྱུར་ཡེ་ཤེས་ངོ་བོ་ཉིད༔ བླ་མེད་ཁྲག་འཐུང་དབང་བསྐུར་བས༔ མ་མོ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རི་སྟྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བདེ་ཆེན་ཐབས་ཀྱི་དཀྱིལ་འཁོར་ནས༔ དབྱིངས་གྲོལ་ཡེ་ཤེས་ངོ་བོ་ཉིད༔ དྲེགས་པ་ཀུན་འདུལ་དབང་བསྐུར་བས༔ མཆོད་བསྟོད་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྟོང་ཉིད་ཤེས་རབ་དཀྱིལ་འཁོར་ནས༔ མཐའ་གྲོལ་ཡེ་ཤེས་ངོ་བོ་ཉིད༔ སྟོབས་ལྡན་ནག་པོས་དབང་བསྐུར་བས༔ དྲག་སྔགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གནས་ཡུལ་ཉེར་བཞིའི་དཀྱིལ་འཁོར་ནས༔ བྱང་ཆུབ་སེམས་ཀྱི་ཐིག་ལེའི་གཟུགས༔ དཔའ་བོ་མཁའ་འགྲོས་དབང་བསྐུར་བས༔ བདེ་སྟོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་མ་ཧཱ་སུ་ཁ་སརྦ་ཊཱ་ཀ་ཌཱ་ཀི་ནཱི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ནས༔ ཞི་བའི་ཕྲིན་ལས་སྒྲུབ་མཛད་པ༔ བཛྲ་ཐོད་ཕྲེང་དབང་བསྐུར་བས༔ ནད་གདོན་འཇིགས་བརྒྱད་ཞི་བར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ རིན་ཆེན་རིགས་ཀྱི་དཀྱིལ་འཁོར་ནས༔ རྒྱས་པའི་ཕྲིན་ལས་སྒྲུབ་མཛད་པ༔ རཏྣ་ཐོད་ཕྲེང་དབང་བསྐུར་བས༔ ཚེ་བསོད་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ པདྨ་རིགས་ཀྱི་དཀྱིལ་འཁོར་ནས༔ དབང་གི་ཕྲིན་ལས་སྒྲུབ་མཛད་པ༔ པདྨ་ཐོད་ཕྲེང་དབང་བསྐུར་བས༔ ཁམས་གསུམ་དབང་དུ་འདུ་བར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ནས༔ དྲག་པོའི་ཕྲིན་ལས་སྒྲུབ་མཛད་པ༔ ཀརྨ་ཐོད་ཕྲེང་དབང་བསྐུར་བས༔ དགྲ་བགེགས་འབྱུང་པོ་ཚར་གཅོད་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ བདེ་བྱེད་བརྩེགས་པའི་དུར་ཁྲོད་དུ༔ མ་ཆགས་སྐྱོན་བྲལ་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་སྐུ་འགྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨཱ་ཀ་ར་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས༔ པདྨ་སཾ་བྷས་དབང་བསྐུར་བས༔ དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ རཱ་ག་རཀྟའི་གནས་མཆོག་ཏུ༔ ཐམས་ཅད་མཁྱེན་པའི་དངོས་གྲུབ་བརྙེས༔ བློ་ལྡན་མཆོག་སྲེད་དབང་བསྐུར་བས༔ ཇི་ལྟ་ཇི་སྙེད་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པྲཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བརྙེས༔ པདྨ་རྒྱལ་པོས་དབང་བསྐུར་བས༔ རླུང་སེམས་དབུ་མར་ཐིམ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་རཱ་ཛ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ སོ་ས་གླིང་གི་དུར་ཁྲོད་དུ༔ འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས༔ ཉི་མ་འོད་ཟེར་དབང་བསྐུར་བས༔ གང་འདུལ་ཐབས་ལ་མཁས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སཱུརྻ་རསྨི་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ བདུད་འདུལ་དྲག་པོའི་དངོས་གྲུབ་བརྙེས༔ ཤཱཀྱ་སེང་གེས་དབང་བསྐུར་བས༔ ཉོན་མོངས་བདུད་བཞི་འདུལ་བར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤཱཀྱ་སིཾ་ཧ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ མ་ག་དྷ་ཡི་གྲོང་ཁྱེར་དུ༔ མུ་སྟེགས་འདུལ་བའི་དངོས་གྲུབ་བརྙེས༔ སེང་གེ་སྒྲ་སྒྲོགས་དབང་བསྐུར་བས༔ འཇིགས་ཚོགས་ལྟ་བ་འཇོམས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སིཾ་ཧ་གཎྜེ་སརྦ་སིདྡྷི་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ སྟག་ཚང་སེང་གེ་བསམ་འགྲུབ་ཏུ༔ དྲེགས་པ་འདུལ་བའི་དངོས་གྲུབ་བརྙེས༔ རྡོ་རྗེ་གྲོ་ལོད་དབང་བསྐུར་བས༔ གཟུང་འཛིན་འབྱུང་པོ་ཚར་གཅོད་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཀྲོ་དྷ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧྲཱིཿ ཚད་མེད་བཞི་ལྡན་དཀྱིལ་འཁོར་ནས༔ དབང་ཆེན་རིགས་བཞི་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ར་ཙ་ཧྲི་ཡ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་ཀུན་བཟང་པདྨ་ཐོད་ཕྲེང་བདེ་གཤེགས་ཡོངས་འདུས་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་རྫོགས་ཀྱི་དབང་བསྐུར་བས་ཐ་མལ་གྱི་འཁྲུལ་རྟོག་ཡེ་ཤེས་ལྷའི་འཁོར་ལོར་བསྡོམས་ཏེ་ངོ་སྤྲད་པའི་མཐུས་དེང་ནས་བཟུང་སྟེ་སྣང་སྲིད་སྣོད་བཅུད་ཐམས་ཅད་དག་པ་རབ་འབྱམས་སྣང་སྟོང་ལྷའི་སྐུ་སྒོམ་པ་དང་མ་བྲལ་བས་སྣང་བ་ཐམས་ཅད་ལ་ལྷ་སྐུ་ཕྱག་རྒྱའི་གཟེར་གྱིས་ཐེབ་པར་གྱིས་ཤིག །གསུང་བཟླས་པའི་ལུང་སྦྱིན་པ་ལ་དམིགས་པ་འདི་རྣམས་གསལ་ཐོབ་མཛོད། བདག་མདུན་གྱི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་གསལ་བའི་ཐུགས་ཀར་པདྨ་ཉི་ཟླའི་སྟེང་དུ་ཏིང་འཛིན་སེམས་དཔའ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཐུགས་སྲོག་ཧཱུྃ་ཡིག་མཐིང་གསལ་ལ་རྡོ་རྗེའི་ཡིག་འབྲུ་བཅུ་གཉིས་པས་བསྐོར་བ་དང༌། ཁྱེད་རང་རྣམས་ལྷར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་སུམ་བརྩེགས་ཧཱུྃ་ཡིག་སྔགས་ཕྲེང་བཅས་པ་གསལ་ཐོབ། སློབ་དཔོན་དང་ལྷ་ལ་མོས་གུས་བྱས་པའི་རྐྱེན་གྱིས་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་ཐོན་ཁྱེད་རང་རྣམས་དང་ཐུགས་ཀའི་ལྷའི་ཞལ་དུ་ཞུགས་ནས་ཐུགས་སྲོག་ཧཱུྃ་ཡིག་གི་མཐར་འཁོད། བཟླས་པའི་རྐྱེན་གྱིས་དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཕྱོགས་དུས་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་པདྨ་ཐོད་ཕྲེང་རྩལ་གྱི་སྐུ། སྔགས། ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་གསང་བ་གསུམ་གྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་ལ་བསྙེན་སྔགས་འདིའི་རྗེས་ཟློས་མཛོད། བཛྲ་གུ་རུ་ལན་གསུམ། ཐུགས་ཀའི་སྔགས་ཕྲེང་ལས་རྡོ་རྗེའི་སྲོག་སྔགས་ལུ་གུ་རྒྱུད་ཀྱི་ཕྲེང་བ་ཡབ་ཡུམ་གྱི་ཞལ་དང་མཁའ་གསང་ནས་བརྒྱུད་དེ་མགལ་མེ་ལྟར་འཁོར་བ་སྐུ་ཡི་གནས་བཞིར་སོན་པས་བདེ་སྟོང་དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་འོད་ཀྱིས་ཁམས་གསུམ་བརྟན་གཡོ་ཐམས་ཅད་ལྷ་སྔགས་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས་པར་མོས་ལ་སྒྲུབ་སྔགས་རྩ་གསུམ་སྤྱི་དྲིལ་གྱི་བཟླས་པ་ལན་གསུམ་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་ཝ་ཌཱ་ཀི་ནི་བཛྲ་ས་མ་ཡ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཨཿ སླར་ཡང་འོད་ཟེར་ལྔ་ལྡན་གྱི་སྤྲོ་བསྡུས་ཞི་རྒྱས་དབང་དྲག་མཆོག་གི་ཕྲིན་ལས་ཐམས་ཅད་ཡིད་བཞིན་དུ་སྒྲུབ་པར་མོས་ལ་ལས་སྔགས་འདིའི་རྗེས་ཟློས་མཛོད། ཐོད་ཕྲེང་རྩལ་གྱི་ཤམ་བུར། ཤཱིཾནྟ་པུཥྚིཾ་ཝཱ་ཤཾ་མ་ར་ཡ་ཕཊ྄༔ སྦྱར་བ་ལན་གསུམ་བཟླ། སྣང་གྲགས་རིག་པ་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པ་ཡེ་ཤེས་རྡོ་རྗེ་གཅིག་གི་བདག་ཉིད་དུ་ལྷུན་གྱིས་གྲུབ་པའི་དགོངས་པ་ལ་བློ་བཞག་པས་ཡེ་ཤེས་ཧཱུྃ་ལྔའི་བཟླས་པ་མཛོད། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཅུང་ཟད་བཟླ། ཕྲེང་བ་མགྲིན་པར་བཞག་ལ། སྔགས་ཀྱི་ཕྲེང་བ་གཏད་པས་བཟླས་བརྗོད་ཀྱི་ནུས་པ་བསྐྱེད་ཅིང་བརྟན་པར་བྱས་པར་མོས་ཤིག ཨཱཿ ཇི་སྙེད་བརྗོད་པ་ཐམས་ཅད་ཀུན༔ རྡོ་རྗེའི་སྔགས་སུ་རྣམ་པར་དག༔ ནུས་པ་བསྐྱེད་པའི་དབང་བསྐུར་བས༔ དངོས་གྲུབ་རྣམ་གཉིས་མྱུར་འགྲུབ་ཤོག༔ ཨོཾ་སརྦ་མཎྜལ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ དེང་ཕྱིན་ཆད་གྲགས་སྟོང་སྔགས་ཀྱི་བཟླས་པ་ཆུ་བོའི་རྒྱུན་བཞིན་དུ་བརྩོན་པས་བརྟན་གཡོའི་སྒྲ་སྐད་ཐམས་ཅད་རྡོ་རྗེའི་སྔགས་ཀྱི་གཟེར་ཐེབ་པར་གྱིས་ཤིག །ཐུགས་རང་བྱུང་གི་དགོངས་པ་ངོ་སྤྲད་པའི་སླད་དུ་མེ་ལོང་དྭངས་པའི་ངོས་སུ་གཟུགས་བརྙན་སྣ་ཚོགས་སུ་སྣང་ཡང་རང་བཞིན་མ་གྲུབ་པའི་དཔེས་མཚོན་ནས། རང་སེམས་སྟོང་པའི་རང་རྩལ་ལས་གཟུང་འཛིན་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་ཤར་ཡང་གདོད་མ་ནས་སྐྱེ་འགག་གནས་གསུམ་བྲལ་བའི་དོན་རང་རིག་སྐད་ཅིག་མའི་རང་རྩལ་དུ་ངོ་ཤེས་པར་གྱིས་ལ་སྣང་རིག་ཟུང་འཇུག་འོད་གསལ་ཆེན་པོའི་ངང་དུ་མཉམ་པར་ཞོག་ཅིག །མེ་ལོང་བསྟན་ལ། ཧཱུྃ༔ གཟུང་དང་འཛིན་པའི་རྟོག་པ་ཀུན༔ གདོད་ནས་རང་བཞིན་འོད་གསལ་ངང༔ ཡེ་ཤེས་རྟོགས་པའི་དབང་བསྐུར་བས༔ ཟུང་འཇུག་གནས་ལུགས་མངོན་གྱུར་ཤོག༔ ཨོཾ་སརྦ་མཎྜལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ནས་བཟུང་སྟེ་རིག་སྟོང་ཡེ་ཤེས་ཆེན་པོའི་ངང་ལ་རྟག་ཏུ་མཉམ་པར་བཞག་པ་ལས་མ་གཡོས་པས་རྟོག་ཚོགས་ཐམས་ཅད་ལ་དགོངས་པ་མི་འགྱུར་བའི་གཟེར་དང་འཕྲོ་འདུ་ཏིང་ངེ་འཛིན་གྱི་གཟེར་གྱིས་ཐེབ་པར་གྱིས་ཤིག །དེ་རྣམས་ཀྱིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ་ཅིང་གཞི་རགས་པ་ལུས་དང་ཕྲ་བ་རྩ་ཡི་དྲི་མ་སྦྱངས། ལམ་བསྐྱེད་རིམ་ལྷའི་འཁོར་ལོ་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་གསང་བ་ཟབ་མོའི་དབང་གསུམ་མཐའ་རྟེན་གཏད་རྒྱ་དང་བཅས་པ་བསྐུར་བ་ལ་སྦྱོར་དངོས་རྗེས་གསུམ་དུ་ཡོད་པའི་དང་པོ་ནང་རང་བྱུང་གི་ཡེ་ཤེས་སྟོན་པའི་བླ་མས་སྦྱོར་བ་རྩ་ཁམས་རང་བྱིན་བརླབ་པ་གསང་བའི་དབང་གི་སླད་དུ། བླ་མ་འཆི་མེད་པདྨ་ཐོད་ཕྲེང་དང་ཕྱག་རྒྱ་དབྱིངས་ཕྱུག་མནྡྷ་ར་དང་མཉམ་པར་སྦྱོར་བའི་དགའ་བའི་སྒྲ་དང་བདེ་བའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་སྤྱན་དྲངས་ཏེ་སྐུ་ལ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས། དཀར་དམར་ལྷག་པའི་བྱང་སེམས་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བྱིན་པར་མོས་ཤིག །གསང་ཐོད་ཀྱི་བདུད་རྩི་སྦྱིན་ལ། ཧཱུྃ་ཧྲཱིཿ ཨེ་ཝཾ་ཟུང་འཇུག་དཀྱིལ་འཁོར་ནས༔ ཞུ་བདེས་དྲངས་པའི་ཀུནྡ་ལི༔ སྐལ་ལྡན་ཁྱོད་ལ་བྱིན་པ་ཡིས༔ རླུང་སྔགས་དབུ་མར་ཐིམ་པར་ཤོག༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་མྱངས་བས་བྱང་སེམས་ཀྱིས་རྩ་ཁམས་ཐམས་ཅད་ལ་ཁྱབ། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །དེས་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། གཞི་རགས་པ་ངག་དང་ཕྲ་བ་རླུང་གི་སྒྲིབ་པ་སྦྱངས། ལམ་རང་བྱིན་བརླབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་གསང་བ་ལྷན་སྐྱེས་ཡེ་ཤེས་སྟོན་པའི་བླ་མས་དངོས་གཞི་དཔེ་ཡི་ཡེ་ཤེས་མཚོན་པའི་སླད་དུ་གཟུགས་དང་ལང་ཚོའི་མཛེས་སྡུག་ཕུལ་དུ་བྱུང་ཞིང༌། མཚན་ཉིད་མཆོག་དང་ལྡན་པའི་རིག་མ་ཕྱག་གཡོན་དུ་བྱིན་པར་མོས་ཤིག །ཕྱག་རྒྱའི་གཟུགས་བརྙན་གཏད་ལ། ཧྲཱིཿ ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ༔ བདེ་སྟོང་ཡེ་ཤེས་ཉམས་མྱོང་ཕྱིར༔ སྣ་ཚོགས་གཟུགས་ཅན་འདི་གཏད་པས༔ ཐིག་ལེ་ཆོས་སྐུར་སྒྲོལ་བར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་མ་བདེ་བ་ཆེན་པོ་ཐོད་ཕྲེང་རྩལ་དང་གཏད་པའི་རིག་མ་མནྡྷ་ར་བར་གསལ་བའི་ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་བུ་གར་ཕཊ྄། ཡུམ་མཁའ་པྃ་ལས་པདྨ་འདབ་མ་གསུམ་པ་ཟེའུ་འབྲུ་ཨཱཾ་གྱིས་མཚན་པར་གསལ་ཐོབ། ཐབས་འདི་ལ་བརྟེན་ནས་རང་གནས་ཀྱི་ཡེ་ཤེས་བདེ་བ་ཆེན་པོ་མངོན་དུ་བྱའོ་སྙམ་པའི་ཡབ་ཡུམ་འདོད་པ་མཉམ་པས། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ཨ་ནུ་རཱ་ག་ཡ་ཧོཿ ཨ་ནུ་རཱ་ག་ཡ་མི༔ ཞེས་ཕན་ཚུན་བརྡ་བཞིས་བསྣོལ་མར་བསྐུལ། ཛཿཧཱུྃ་བྃ་ཧོཿ ཞེས་འཁྱུད་སྡོམ་སྤྲད་ནས་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་མེས་བྱང་སེམས་ཐིག་ལེ་གཡོས། སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་ཡས་བབ་རྒྱུ་ཡི་དགའ་བ་བཞི་ཉམས་སུ་མྱོང༌། རྡོ་རྗེ་ནོར་བུའི་རྩེར་ལྷན་ཅིག་སྐྱེས་པའི་བདེ་ཆེན་དཔེའི་ཡེ་ཤེས་མངོན་དུ་བྱས། སླར་གྱེན་དུ་ལྡོག་པས་མས་བརྟན་འབྲས་བུའི་དགའ་བ་བཞི་དང་ཟུང་དུ་འཇུག་པའི་སྟོང་པ་བཞིའི་འོད་གསལ་གྱི་མཐར་ཐུག་བརྗོད་བྲལ་ཡེ་ཤེས་མངོན་དུ་མཐོང་བར་མོས་ཤིག །དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཐིག་ལེའི་དྲི་མ་དག །གཞན་ལུས་ཕོ་ཉའི་ལམ་བསྒོམ་པ་ལ་དབང༌། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་མཐར་ཐུག་དེ་ཁོ་ན་ཉིད་སྟོན་པའི་བླ་མས་བཞི་པ་དོན་གྱི་ངོ་སྤྲོད་གདབ་པ་ནི། སྔར་དཔེ་ལས་སྐྱེས་པའི་ཡེ་ཤེས་དྲན་པར་བྱས་ཏེ་དེའི་རང་ངོ་ལ་མཉམ་པར་འཇོག་པ་དང༌། དབྱིངས་རིག་ཟུང་འཇུག་གི་བརྡ་རྟགས་རྡོ་རྗེ་སེམས་དཔའི་མེ་ལོང་གིས་མཚོན་ཏེ་དཔེ་ལས་འདས་པའི་རིག་སྟོང་གཞི་གྲོལ་ཀུན་ཏུ་བཟང་པོའི་དགོངས་ཀློང་དུ་མཉམ་པར་ཞོག་ཅིག །ཤེལ་རྡོ་བསྟན་ལ། ཨཱཿ ཀ་དག་གཞི་ཡི་དཀྱིལ་འཁོར་དུ༔ ལྷུན་གྲུབ་ལམ་གྱི་སྣང་བ་གསལ༔ གཉིས་སུ་མེད་པར་དབང་བསྐུར་བས༔ ཆོས་ཟད་འབྲས་བུ་མངོན་གྱུར་ཤོག༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་ཅུང་ཟད་མཉམ་པར་འཇོག །ཁྱད་པར་ཅན་གྱི་སྣོད་རུང་ལ༔ དབྱིངས་དང་རིག་རྩལ་དོན་ངོ་སྤྲད༔ ཅེས་གསུངས་པས། དེ་ལྟར་རང་བྱུང་གཤིས་ཀྱི་གནས་ལུགས་དབྱིངས་རིག་དབྱེར་མེད་ཀུན་བཟང་དགོངས་པ་གཅེར་མཐོང་དུ་ངོ་སྤྲོད་པ་འདི་ཉིད་ལྟ་སྒོམ་སྤྱོད་པ་ཐུན་མོང་མ་ཡིན་པས་ལམ་དུ་ཁྱེར་ཏེ་འབྲས་བུ་གཞིར་རྫོགས་ཆེན་པོར་ལ་ཟློ་བའི་ཚུལ་རྡོ་རྗེའི་ཚིག་གིས་གསལ་འདེབས་པ་ལགས་པས་སྙན་གཏོད་འཚལ། ཨ༔ ལྟ་བ་བློ་འདས་གདོད་མའི་བབ༔ སྒོམ་པ་མ་བཅོས་ལྷུག་པར་བཞག༔ སྤྱོད་པ་རང་གྲོལ་གཉུག་མའི་ངང༔ འབྲས་བུ་གཞི་སྣང་ཆེན་པོར་རྫོགས༔ ཨ་ཨ་ཨཿ དེས་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བཞི་པ་ཚིག་གི་དབང་ཐོབ། གཞི་རགས་པ་སྣང་གསུམ་འཕོ་བ་དང་ཕྲ་བ་ཤེས་བྱའི་སྒྲིབ་པ་སྦྱངས། ལམ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །བཞི་པ་དབང་བཞི་ཡོངས་རྫོགས་མཐའ་རྟེན་གཏད་རྒྱའི་དབང་ནི། སྒྲུབ་པའི་གླེགས་བམ་སྤྱི་བོར་བཞག༔ བརྒྱུད་གསུམ་བྱིན་རླབས་དབུགས་དབྱུང་བྱ༔ ཞེས་གསུངས་པས། འདི་ཉིད་ཀྱི་སྒྲུབ་པོད་སློབ་མའི་སྤྱི་བོར་བཀོད་ལ། མདུན་གྱི་ནམ་མཁར་ཕྱོགས་དུས་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ཞི་ཁྲོ། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོ་རྣམས་མངོན་སུམ་བཞིན་དུ་བཞུགས་པའི་གནས་གསུམ་ནས་སྐུ་དང་སྔགས་ཕྲེང་ཕྱག་མཚན་འོད་ཟེར་ཐིག་ལེ་དཀར་དམར་མཐིང་གསུམ་ཆར་བབ་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་དགོངས་བརྡ་སྙན་ཁུང་མཁའ་འགྲོ་གཏད་རྒྱ་སོགས་བརྒྱུད་པ་དྲུག་ལྡན་གྱི་དགོངས་བརྒྱུད་བྱིན་རླབས་རྡོ་རྗེའི་ཡེ་ཤེས་ཁྱེད་རང་གི་རྒྱུད་ལ་འཕོས་པར་མོས་ཤིག ཨོཾ་ཨཱཿཧཱུྃ༔ བི་མའི་བླ་སྒྲུབ་བྱིན་རླབས་སྙིང་པོ་ལས་སོ། ཀུན་བཟང་རྡོ་རྗེ་སེམས་དཔའ་དགའ་རབ་རྗེ༔ དགོངས་པ་རོ་གཅིག་སྐུ་གསུམ་རྣམ་དབྱེར་མེད༔ ཤྲཱི་སིཾ་ཧ་རིག་རྩལ་རང་དབང་ཐོབ༔ བི་མ་མི་ཏྲ་འཕོ་ཆེན་ཡེ་ཤེས་སྐུ༔ པདྨ་འབྱུང་གནས་རྩ་གསུམ་རྒྱ་མཚོ་དངོས༔ བརྡ་བརྒྱུད་བླ་མ་འཆི་མེད་རིག་འཛིན་རྗེ༔ ཚིག་དོན་བྱིན་རླབས་ཆུ་རྒྱུན་མ་ཆད་པའི༔ བཀའ་དྲིན་ཅན་གྱི་སྙན་བརྒྱུད་བླ་མ་སོགས༔ ཕྱོགས་བཅུ་དུས་བཞིའི་རྩ་བརྒྱུད་བླ་མ་དང༔ ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་མ༔ དབྱིངས་དང་ཡེ་ཤེས་ཆོས་སྲུང་རྒྱ་མཚོའི་ཚོགས༔ སྐལ་ལྡན་སློབ་མ་རིགས་ཀྱི་བུ་རྣམས་ལ༔ ཐུགས་རྗེའི་རྩེར་དགོངས་ཡེ་ཤེས་བྱིན་ཆེན་ཕོབ༔ ཕྱི་ནང་གསང་བའི་ལམ་གྱི་བར་ཆད་སོལ༔ ཐུགས་རྒྱུད་དགོངས་པའི་བྱིན་རླབས་དབང་མཆོག་བསྐུར༔ རྩ་རླུང་ཐིག་ལེ་སེམས་ཀྱི་སྒྲིབ་པ་སྦྱོངས༔ ཕུང་པོ་རྩ་ཁམས་སྣང་སྟོང་ལྷ་སྐུར་དག༔ ངག་རླུང་མི་ཤིགས་བདེ་ཆེན་ལོངས་སྤྱོད་རྫོགས༔ ཡིད་དང་ཐིག་ལེ་འོད་གསལ་ཆོས་སྐུར་སྨིན༔ དབྱེར་མེད་ཡེ་ཤེས་བླ་མའི་ས་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཀཱ་ཡ་ཀ་ལ་ཤ་ཝཱཀ་གུ་ཧྱ་ཙིཏྟ་པྲཛྙཱ་ཛྙཱ་ན་དྷ་ཏུ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧོཿ དབྱངས་གསལ་རྟེན་སྙིང་བརྗོད། དཔོན་སློབ་གཉིས་ཀས་དགོངས་པའི་རྩལ་བསྐྱེད། ཐུགས་ཡིད་བསྲེས་ལ་མཉམ་པར་བཞག་གོ །དེ་ནས་མཚམས་སྦྱོར་སྤྱི་ལྟར་བྱས་ལ་བཀྲ་ཤིས་ཀྱི་ཚིག་བཅད་རྒྱས་པར་བརྗོད་ཅིང་མེ་ཏོག་འཐོར། རོལ་མོ་བསྒྲག་གོ །གསུམ་པ་རྗེས་དམ་ཚིག་ཁས་བླང་གཏང་རག་ཡོན་འབུལ་རྣམས་ལས། དང་པོ་ནི། རྗེས་སུ་དབང་སྲོག་དམ་ཚིག་གི༔ རྣམ་དབྱེ་རྒྱས་པར་བཤད་པ་དང༔ ཞེས་གསུངས་པས། དེ་དག་གིས་ལམ་གྱི་རྩ་བ་རིག་འཛིན་བླ་མ་རྩ་གསུམ་འདུས་པའི་སྲོག་སྒྲུབ་ལ་བརྟེན་ནས་རྩ་བའི་དབང་བསྐུར་ཆེན་པོ་རྒྱས་པར་གྲུབ་པ་སྟེ། དེའི་དགོས་པའང་རྒྱུད་ལས། དེ་ལྟར་དབང་རྣམས་ཡོངས་རྫོགས་པར༔ བསྐུར་བའི་ཕན་ཡོན་བསམ་མི་ཁྱབ༔ གསང་སྔགས་དངོས་གྲུབ་དབང་ལས་འབྱུང༔ ཞེས་ཆེས་ཆེར་བསྔགས་ཤིང་དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་འབའ་ཞིག་ལ་རག་ལས་ཤིང༌། དམ་ཚིག་སྲུང་བ་ལ་ཡང་ཐོག་མར་དེའི་རྣམ་གྲངས་ཤེས་དགོས་པས་ན། སྤྱི་སོ་བྱང་སྔགས་ཀྱི་བསླབ་པ། ཁྱད་པར་རྡོ་རྗེ་ཐེག་པ་ཕྱི་ནང་བླ་མེད་ཀྱི་རྒྱུད་སྡེའི་དགོངས་པས་ས་མ་ཡ་འབུམ་སྡེ། ཀུན་གྱི་རྩ་བ་སྐུ་གསུང་ཐུགས། ཡན་ལག་གི་དམ་ཚིག་ཉེར་ལྔ། བྱེ་བྲག་ཉི་ཤུ་ལ་སོགས་པའི་དབྱེ་བསྡུའི་རྣམ་བཞག་གི་སྲུང་བྱའི་རྣམ་གྲངས། འདས་རལ་ཉམས་པའི་མཚམས། ཇི་ལྟར་སྲུང་བའི་ཐབས། ཉམས་པའི་ཉེས་དམིགས། སྲུང་བའི་ཕན་ཡོན། ཉམས་པ་སྐོང་བའི་ཐབས་ལ་སོགས་པ་རྒྱུད་དང་གྲུབ་པའི་མན་ངག་ལས་འབྱུང་བ་ལྟར་ཞིབ་ཏུ་ཤེས་པར་གལ་ཆེ་ཞིང༌། མདོར་ན་དམ་ཚིག་དང་སྡོམ་པ་མཐའ་དག་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པའི་གཡར་དམ་བླང་བ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་མཚམས་སྦྱོར་རྣམས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས་སོ། །གསུམ་པ་རྗེས་རིམ་ནི། སློབ་དཔོན་གྱིས་ལས་གཞུང་ལྟར་ཚོགས་ལ་རོལ་ནས་ལྷག་མ་བཏང༌། སྨོན་ལམ་གདབ། བཀའ་སྲུང་དང་ཆད་བརྟན་རྟ་བྲོ། གཏང་རག་མཆོད་བསྟོད་དངོས་གྲུབ་བླང་བ་ནོངས་བཤགས། མདུན་བསྐྱེད་བརྟན་བཞུགས། དམ་ཚིག་པ་རང་ལ་བསྡུ་ཞིང་བདག་བསྐྱེད་བསྡུ་ལྡང༌། བསྔོ་སྨོན་ཤིས་བརྗོད་བཅས་གཞུང་ལྟར་མཐར་ཆགས་སུ་བཏང་བས་གྲུབ་པའོ། །དེ་ཡང་དབང་བཞི་ཆིག་རྫོགས་ཡེ་ཤེས་དཔལ་སྟེར་འདི་ནི་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་ཐབས་ཀུན་གྱི་དོན་དབང་སྙིང་པོ་ཡིན་པས་ན་གཞུང་ལས། འདི་ནི་ཐོག་མར་དཀྱིལ་འཁོར་ཆེར༔ ཞུགས་ཏེ་སྨིན་པའི་སློབ་མ་ལ༔ རྡོ་རྗེའི་ཡེ་ཤེས་ངོ་སྤྲོད་ཕྱིར༔ སྦྱིན་གྱིས་རྣམ་པ་ཀུན་ཏུ་མིན༔ ཞེས་གསུངས་པས་ན། གཞུང་འདིའི་ཐུན་མོང་སྨིན་བྱེད་ཡེ་ཤེས་ཐིག་ལེ་སྔོན་དུ་འགྲོ་བས་རྒྱུད་ལས་རུང་དུ་མ་བྱས་ན་ཟབ་དབང་བཞི་མཐར་ཆགས་སུ་བསྐུར་མི་རུང་བར་གསུངས་པའི་གནད་ཀྱང་ཤེས་པར་གལ་ཆེ་ཞིང་སྦྱར་བས་རྩ་དབང་འབྲིང་པོའི་ཚུལ་དུ་ཟབ་པ་འབའ་ཞིག་ཏུ་སློབ་མའི་དབང་པོའི་ཁྱད་པར་གྱིས་དབང་གསུམ་ལས་འབྲིང་པོ་མཆོག་གི་དབང་བཞི་ལས་སྐུ་གསུང་ཐུགས་གཏོར་དབང་དང་བཅས་པ་དབང་བཞི་ཡེ་ཤེས་དཔལ་སྟེར་ལ་བྱེད་ན་སྔོན་འགྲོ་འཇུག་པའི་ཆོས། ཁྲུས་བྱ་བགེགས་སྲུང་མཎྜལ་འབུལ། །ཆས་འཇུག་གསོལ་གདབ་གནང་བ་སྦྱིན། །རྒྱུད་སྦྱོང་སྡོམ་བཟུང་དམ་ལ་བཞག །དབབ་ཅིང་རིགས་བརྟགས་གདོང་གཡོགས་བཀྲོལ། །མཐོང་བ་བསྟན་དང་བཅུ་གསུམ་མོ། །ཞེས་དང༌། དབང་དངོས་ལ། བུམ་དབང༌། གསང་དབང༌། ཤེར་ཡེ། དབང་བཞི་པ། ཡོངས་རྫོགས་གཏོར་མའི་དབང་བསྐུར་བརྒྱད། རྗེས་དམ་ཚིག་ཁས་བླང༌། གཏང་རག །ལུས་ལོངས་སྤྱོད་འབུལ་བ་དགེ་བསྔོ་བཅས་དབང་རྒྱས་པ་ལས་ཁོལ་དུ་ཕྱུང་བ་དབང་བཞི་ཡེ་ཤེས་དཔལ་སྟེར་འབྲིང་པོའི་ཚུལ་དུ་ཁ་རྐྱང་ལོགས་སུ་བསྐུར་ཚུལ་ཀྱང་ཞར་བྱུང་དུ་སྨོས་པ་སྟེ་དེ་ཙམ་དུ་མ་ཟད་འདི་ནི་གཏེར་གཞུང་ལྟར་དབང་ཆོག་རྒྱས་བསྡུས་གཏོར་དབང་བཅས་སོ་སོར་བཀོད་པ་ལས་དབང་བསྐུར་རྒྱས་པའི་ཁོངས་སུ་བྱིན་རླབས་བརྡ་ཡི་དབང་བཞི་དང་གཏོར་དབང་བྱིན་རླབས་དཔལ་སྟེར་རྣམས་དཀྱུས་གཅིག་ཏུ་སྦྲེལ་ན་འཇུག་པ་བདེ་ཞིང་རུང་བས་དེ་ལྟར་ན་སྔོན་འགྲོ་སྐྱབས་སེམས། ཚོགས་བསགས། སྡོམ་བཟུང༌། ཡེ་ཤེས་དབབ་བསྟིམ་རྣམས་རེ་རེ་བཞིན་མི་དགོས་པས་བྱིན་རླབས་བརྡ་ཡི་དབང་གཞུང་བཞིན། འདི་ལྟར་བུམ་པ་ལ་སོགས་པའི་དབང་རྫས་ལྔ་པོ་རེ་རེ་བཞིན་སོགས་དང༌། གཏོར་དབང་གི་སྤྱིར་གཏོར་མ་ལ་བསྙེན་སྒྲུབ་ཀྱི་དུས་སུ་དཀྱིལ་འཁོར་སོགས་སོ་སོའི་དགོས་ཆོས་རྣམས་སྦྱར་ཞིང༌། དམ་ཚིག་ཁས་བླང་སོགས་དབང་རྒྱས་པ་ཡེ་ཤེས་ཐིག་ལེ་ལྟར་མཐར་དབྱུང་དགོས་པ་འཕྲོས་དོན་དུ་སྨོས་པའོ། །འཇིྃགས་བྲལྃ་གྲུབ་པའི་སློབ་དཔོན་གསུང༌། །མཁྱེནྃ་བརྩེྃའི་ཡེ་ཤེས་གསང་མཛོད་བཅུད། །སྨིན་ལམ་འོདྃ་ཟེརྃ་སྤྲོས་འདིས་ཀྱང༌། །སྐལ་ལྡན་བཀྲྃ་ཤིསྃ་དཔྃལ་གྱིས་འབྱོརྃ། །དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཕྱིྃ་ལྟར་བླ་མའི་ཐུགས་སྒྲུབྃ་སྒྱུྃ་འཕྲུལྃ་དྲྭྃ་བྃ་ལ་བརྟེན་པའི་རྩ་དབང་རྒྱས་པ་རྡོ་རྗེ་བཞི་ཡི་བཅུད་འབེབས་ཏེ་ལེའུ་ཚན་དང་པོ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་སྦྱར་བའོ། ༈ རྡོྃ་རྗེྃའི་མཚན་གྱི་དབྱངས་སྙན་ཁོ་ནས་ཀྱང༌། །རྣམ་གྲོལ་ལང་ཚོའི་གཟིྃ་བརྗིྃད་དཔལ་བསྐྱེད་ཅིང༌། །སྲིད་པའི་གདུང་སེལ་ཨོ་རྒྱན་ཐོད་ཕྲེང་རྩལྃ། །ཀུན་འདུས་རྒྱལ་བའི་སྤྱི་གཟུགས་ཆེན་པོ་རྒྱལ། །དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་བྱིན་རླབས་བརྡ་ཡི་དབང་བཞི་འབོགས་པ་ལ། སྦྱོར་བ་ཡོ་བྱད་ཀྱི་བཤམས་པ་ནི། རྩ་དབང་ཆེན་མོ་དང་འབྲེལ་ན་བཤམས་བཀོད་དང་དབང་སྒྲུབ་ལོགས་སུ་མི་དགོས་ལ་ཡེ་ཤེས་གཟི་བྱིན་བསྐྱེད་པའི་ཕྱིར་བྱིན་ཆེན་དབབ་པ་ལ་ནན་ཏན་དུ་བྱ་བར་གསུངས། འདི་ཉིད་ཁོ་ནའི་ཚེ་རྡུལ་ཚོན་དང་རས་བྲིས། ཚོམ་བུ་གང་རུང་གི་དཀྱིལ་འཁོར་སྟེང་བུམ་པ་བཅུད་ལྡན། དེའི་ཁར་བདུད་རྩིའི་ཐོད་པ། མེ་ལོང་སིནྡྷུ་རའི་ཐིག་ལེ་ལྔ་ཚར་ཧྲཱིཿས་མཚན་པ། དེའི་སྟེང་གཏོར་མ། སྐུ་འབག་དང་བཅས་པ་འཕྲུལ་སྟེགས་ལ་བཀོད། མི་བདེ་ན་དབང་གཏོར་མདུན་དུ་བཞག །དེ་དག་གི་གཡས་གཡོན་དུ་སྨན་དང་རཀྟ། ཉེར་སྤྱོད་ལྔ་སོགས་མཆོད་པས་བསྐོར། མིག་དར། མེ་ཏོག །འབེབས་རྫས་སོགས་དགོས་པའི་ཡོ་བྱད་ཚོགས་པར་བྱས་ལ། བསྙེན་སྒྲུབ་ལས་སྔགས་མང་ཉུང་སྐབས་ཕྱེད་པར་བཟླ། ལས་བུམ་དུ་སྐད་ཅིག་གིས་ཁྲོ་བོ་རྟ་མགྲིན་དམར་པོ་གཡས་པདྨའི་དབྱུག་ཐོ་དང་གཡོན་མེ་ཡི་ཞགས་པ་ཐོགས་པར་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་བབས་པས་བུམ་པ་གང་བར་བསམ་ལ། ཨོཾ་ཧ་ཡ་གྲཱྀ་བ་ཧཱུྃ་ཕཊ྄༔ ཅེས་བཟླས་ལ། ཧཱུྃ་ཞེས་བསྐུལ་བས་ལས་ཀྱི་ཁྲོ་བོས་དབང་གི་བྱ་བ་མ་གྲུབ་བར་བར་ཆད་ཀྱི་བགེགས་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ལས་བཅོལ། སྲུང་མའི་གཏོར་འབུལ་དང༌། ཚོགས་མཆོད་འདིར་རམ་དབང་གི་མཐའ་གང་འོས་སུ་བྱ། འོག་གི་སློབ་མའི་བྱ་བ་རྣམས་བདག་འཇུག་གི་ཏིང་ངེ་འཛིན་དབང་བསྐུར་གྱི་ཚུལ་དུ་ལེན་པའམ་རིག་པའི་མེ་ཏོག་དོར་བ་གང་འོས་བྱའོ། །དངོས་གཞི་སློབ་མའི་བྱ་བ་ནི། གནས་ཁང་གི་སྒོར་ཁྲུས་བྱ། བགེགས་གཏོར་བཏང་ལ་མཚམས་བཅད། ལས་རྡོར་གྱིས་མེ་ཏོག་བཀྱེ་བསྡུ་བྱས་ལ། སློབ་དཔོན་གྱིས་སེམས་བསྐྱེད་གསལ་འདེབས་དང་བཅས། གང་གསན་པར་བྱ་བའི་ཆོས་གསར་རྙིང་གི་ལམ་སྲོལ་བསམ་གྱིས་མི་ཁྱབ་པ་མཆིས་པ་ལས། སྐབས་འདིར་སྔ་འགྱུར་རྙིང་མའི་རིང་ལུགས་བབས་སོ་གསུམ་དུ་གྲགས་པའི་ནང་ཚན་ཟབ་མོ་གཏེར་གྱི་ཆོས་སྡེ་ཆེན་པོར་གཏོགས་པ། དེ་ལའང་རྩ་བ་སྒྲུབ་པ་སྡེ་བརྒྱད། ཡན་ལག་ཕྲིན་ལས་རབ་འབྱམས། སྙིང་པོ་བླ་རྫོགས་ཐུགས་གསུམ་གྱིས་མཚོན་པའི་རྣམ་གྲངས་དང་བྱེ་བྲག་མཐའ་ཡས་པ་མཆིས་པ་ལས་རྡོ་རྗེ་ཐེག་པའི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ནི་བླ་མའི་ཐུགས་སྒྲུབ་ཁོ་ན་ཡིན་ལ། དེ་ལའང་སྔགས་གསར་རྙིང་རྣམས་སུ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་བཀའ་སྲོལ་ཇི་སྙེད་ཅིག་བྱོན་པ་ཐམས་ཅད་ལས་ཟབ་ཅིང་ཁྱད་པར་དུ་མས་འཕགས་པ་སངས་རྒྱས་ཀུན་དངོས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་རང་གི་སྒྲུབ་ཐབས་རང་ཉིད་ཀྱིས་མཛད་པ་ཉིད་ཆེས་ཟབ་ཅིང་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་དངོས་གྲུབ་སྒྲུབ་པ་ལ་བསླུ་བ་མེད་པར་ཡོངས་སུ་གྲགས་པ་སྟེ་རྡོ་རྗེའི་གསུང་ལས། གང་ཞིག་ལས་ཅན་སྐྱེས་བུ་དད་པ་ཅན༔ བདག་ལ་གདུང་བའི་སེམས་ཀྱིས་གསོལ་འདེབས་ན༔ རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ་ཁྱད་པར་གྱིས༔ སངས་རྒྱས་གཞན་བས་བདག་ཉིད་ཐུགས་རྗེ་མྱུར༔ མཚོ་རྒྱལ་མོས་པས་རྒྱུན་དུ་གསོལ་བ་ཐོབ༔ ཅེས་གསུངས་པས་མཚོན་ཛམ་གླིང་འདིར་བྱོན་པའི་མཁས་དང་གྲུབ་པ་ཀུན་ལས་ཁྱད་པར་དུ་འཕགས་པའི་མ་འོངས་ཕྱི་མའི་གདུལ་བྱ་ལ་ཐུགས་བརྩེས་རྗེས་སུ་དགོངས་པས་ཕྱོགས་དང་རིས་སུ་མ་ཆད་ཅིང༌། ཚད་དང་མུ་མེད་པའི་ཕྲིན་ལས་ཀྱི་རྟག་པར་སྐྱོང་བའི་མཐུ་སྟོབས་བྱིན་ནུས་ལ་རྡོ་རྗེའི་བདེན་ཚིག་གི་ཞལ་བཞེས་བསླུ་བ་མེད་པ་ཡང་ཡང་བསྩལ་བའི་སྙིགས་དུས་ཀྱི་སྐྱོབ་པ་གཅིག་པུ་དེས་ཁྱད་པར་གྱི་གདུལ་ཞིང་བོད་ཡུལ་གྱི་བསྟན་ཞབས་གཏེར་གྱིས་སྐྱོང་བར་ལུང་བསྟན་པ་བཞིན་གནས་དུས་གདུལ་བྱའི་སྐབས་སུ་བབ་པ་དང་འཚམས་པའི་འགྲོ་འདུལ་སྤྲུལ་པའི་སྐྱེས་ཆེན་རེ་ཐོག་བབས་སུ་བྱོན་པས་དབུགས་དབྱུང་བར་གསུངས་པ་བཞིན་ཕྱི་མའི་དུས་འདིར་སློབ་དཔོན་ཆེན་པོ་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་དང༌། ཡབ་གཅིག་ཁྲི་སྲོང་ཁུ་དབོན་རྣམ་པ་གཉིས་སུ་མེད་པའི་མཆོག་གི་སྤྲུལ་པའི་སྐུ། ཐུན་མོང་གི་རྣམ་ཐར་མཁས་བཙུན་བཟང་པོའི་མཛད་པ་རྨད་དུ་བྱུང་བས་ཐུབ་བསྟན་ཡོངས་སུ་རྫོགས་པའི་ཤིང་རྟ། ཐུན་མིན་ཐུགས་བསྐྱེད་དང་སྨོན་ལམ་ལས་འཕྲོའི་ཟབ་རྒྱས་གསང་བ་རྒྱ་མཚོ་འཛིན་སྤེལ་སྡུད་པའི་མངའ་བདག་གསང་བདག་རྡོ་རྗེ་ཆོས་དང་ཐ་མི་དད་པ། དོན་གྱིས་སངས་རྒྱས་ཀུན་གྱི་གདུང་འཚོབ་ཅིང་འཕགས་པའི་རྣམ་ཐར་བསམ་མི་ཁྱབ་པ་ལ་དབང་བསྒྱུར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཟབ་མོ་དགོངས་པའི་གཏེར་ལས་བྱོན་པའི་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བ་ལ་དབང་བསྐུར་རྒྱས་འབྲིང་བསྡུས་པ་མཐའ་རྟེན་དང་བཅས་པ་ལས། རྩ་དབང་རྒྱས་པའི་གཤམ་དུ་སྦྲེལ་ན་འདི་ཡན་མི་དགོས། འདིར་སྨིན་བྱེད་བསྡུས་པ་བྱིན་རླབས་བརྡ་ཡི་དབང་བཞི་སྟེ། དབང་བསྐུར་བའི་ཚུལ་འདི་ནི། རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། རྡུལ་ཚོན་མེ་ལོང་བུམ་པ་དང༌། །གཏོར་མ་ལ་སོགས་རྫས་དག་ལ། །བརྟེན་ནས་མཚན་ཉིད་ཀུན་ལྡན་པའི། །བླ་མའི་བྱིན་རླབས་དབང་བསྐུར་ན། །དཀྱིལ་འཁོར་ཀུན་གྱི་སྙིང་པོ་མཆོག །བཞི་པའི་དེ་ཉིད་དབང་བཞི་ཐོབ། །ཅེས་གསུངས་པ་ལྟར་དབང་བཞི་བྱིན་རླབས་བརྡ་ཡི་ཚུལ་དུ་བསྐུར་བ་རྣམ་པ་ཉི་ཤུའི་བྱང་ཆུབ་པའི་སྨིན་བྱེད་དེ་འདི་ནི་བུམ་པ་གཏོར་མ་ལྟ་བུ་རེ་རེས་ཀྱང་དབང་བཞི་ཀ་རྫོགས་པའི་བདག་ཉིད་ཅན་གྱི་རིམ་པ་དབང་གི་ཆོ་ག་སྒྲུབ་པ་སྐབས་སུ་བབ་པ་སྟེ། དེ་ལ་སློབ་དཔོན་གྱི་བྱ་བ་སྔོན་དུ་སོང༌། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་བྱིན་རླབས་དབང་བསྐུར་ཞུ་བའི་ཡོན་དུ་མཎྜ་འབུལ་བར་ཞུ། ཞེས་བརྗོད། སློབ་མས་ཀྱང་མཎྜལ་ཕུལ། དེ་ནས་གསོལ་བ་འདེབས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་འདུས་རྡོ་རྗེ་འཛིན༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། དེ་ནས་སྐྱབས་སེམས་ཚོགས་བསགས། སྡོམ་བཟུང༌། ཡེ་ཤེས་དབབ་བསྟིམ་རྣམས་དབང་རྒྱས་པའི་སྐབས་ལྟར་བྱ། དེ་ནས་དབང་བསྐུར་བ་དངོས་ནི། འདི་ལྟར་བུམ་པ་ལ་སོགས་པའི་དབང་རྫས་ལྔ་པོ་རེ་རེ་བཞིན་གནས་གསུམ་དུ་བཞག་ནས་མཐར་ཚིག་དོན་ངོ་སྤྲོད་རྣམས་རིམ་པ་བཞིན་དབང་བཞིའི་བདག་ཉིད་ཅན་དུ་བསྐུར་བ་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་བ་ཡིན་ལ། དེ་ལ་དང་པོ་བུམ་པའི་དབང་བསྐུར་བ་ནི། བླ་མ་དཀྱིལ་འཁོར་གྱི་ལྷ་དང་དབྱེར་མ་མཆིས་པས་འདི་ལྟར་དབང་རྣམས་རིམ་པ་བཞིན་དུ་བསྐུར་བས་སྤང་བྱའི་དྲི་མ་རྣམས་དག་ཅིང་ཐོབ་བྱའི་ཡོན་ཏན་རྣམས་ཐོབ་པར་གྱུར་སྙམ་པའི་མོས་པ་མཛོད། ཧཱུྃ༔ སྣོད་བཅུད་ཡོངས་རྫོགས་བུམ་པའི་དཀྱིལ་འཁོར་ནས༔ བདེ་སྟོང་ཟུང་འཇུག་བདུད་རྩིས་དབང་བསྐུར་བས༔ ཕུང་ཁམས་སྐྱེ་མཆེད་སྒྲིབ་གཉིས་རང་སར་སྒྲོལ༔ སྣ་ཚོགས་གཟུགས་ཅན་བུམ་དབང་མངོན་དུ་གྱུར༔ གང་འདུལ་ཆོས་སྟོན་གསང་དབང་ནུས་པ་སྨིན༔ འཁོར་འདས་ཀུན་ཁྱབ་ཤེས་རབ་ཡེ་ཤེས་ངང་༔ སྣང་སྟོང་ཟུང་འཇུག་དོན་དམ་བདེ་བ་ཆེ༔ འགྲོ་འདུལ་སྤྲུལ་སྐུའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ནཱིརྨ་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ རྩ་སྔགས་ལན་གསུམ་བརྗོད་པས། བུམ་ཆུ་འཐོར་འཐུང་སྙིང་གར་རེག༔ བདེ་གསལ་མི་རྟོག་རང་ཉམས་བསྐྱངས༔ དང་པོ་བུམ་པ་སྤྱི་བོར་བཞག་ཅིང་ཁྲུས་བྱས་པ་བུམ་དབང༌། གཉིས་པ་མགྲིན་པར་གཏད་ནས་བུམ་ཆུ་བླུད་པ་གསང་དབང༌། སྙིང་གར་རེག་ནས་ཚིག་དོན་ངོ་སྤྲད་པ་ནི་སེམས་ཉིད་སྤྲོས་པ་དང་བྲལ་བར་མཚོན་པའི་བུམ་པ་ཟླུམ་པོ། སྐྱེ་མེད་རྟོགས་པ་དོན་དམ་མཚོན་བྱེད་ཆུས་བཀང་སྟེ་དབང་བསྐུར་བས་དུག་གསུམ་བག་ཆགས་དང་བཅས་པ་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང༌། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། དེས་བླ་མ་སྐུ་རྡོ་རྗེ་སྤྲུལ་པའི་སྐུས་ལུས་ལྷ་སྐུར་སྨིན་པར་བྱེད་པ་སྐུ་བུམ་པ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །གཉིས་པ་གསང་དབང་ནི། བླ་མ་འཆི་མེད་ཐོད་ཕྲེང་རྩལ་ཡབ་ཡུམ་སྙོམས་པར་ཞུགས་པའི་མཁའ་གསང་ནས་བྱུང་བའི་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་སྦྱར་ཏེ་གནས་གསུམ་དུ་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་དབང་བསྐུར་བའི་མོས་པ་མཛོད། ཐོད་པའི་བདུད་རྩི་སྟེར་ལ། ཧཱུྃ༔ ཆོས་དབྱིངས་རང་བྱུང་བྷནྡྷའི་དཀྱིལ་འཁོར་ནས༔ རིག་པ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས༔ འགྲོ་འོང་རླུང་གི་སྒྲིབ་གཉིས་རང་སར་གྲོལ༔ བུམ་དབང་ངོ་བོ་མཚན་དཔེའི་ཕུང་པོར་འབར༔ གསང་དབང་བརྡ་ཡིས་གདུལ་བྱའི་དྲི་མ་སེལ༔ ཤེས་རབ་ཡེ་ཤེས་སྲིད་ཞི་མཉམ་ཉིད་ངང་༔ བདེ་སྟོང་ཟུང་འཇུག་ཁ་སྦྱོར་བདུན་ལྡན་པའི༔ ལོངས་སྤྱོད་རྫོགས་སྐུའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃབཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སཾ་བྷོ་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ ལན་གསུམ། སྔར་བཞིན་བརྡ་དབང་རྫོགས་པར་བྱ༔ དེ་ལྟར་དང་པོ་ཐོད་པ་སྤྱི་བོར་བཞག་པ་བུམ་དབང༌། གཉིས་པ་མགྲིན་པར་གཏད་ནས་བདུད་རྩི་བླུད་པ་གསང་དབང༌། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲད་པ་ནི་སེམས་ཆོས་དབྱིངས་ཐིག་ལེ་ཉག་གཅིག་མཚོན་པའི་ཐོད་པ་ཟླུམ་པོའི་ནང་དུ། གཞི་ཉོན་མོངས་ལྔ་ངོ་བོ་ཤ་ལྔ་བདུད་རྩི་ཡེ་ཤེས་ལྔར་རང་རིག་པ་སྐུ་ལྔའི་བདག་ཉིད་འཆི་མེད་ཀྱི་གོ་འཕང་བརྙེས་པ་མཚོན་བྱེད་བདུད་རྩིས་བཀང་སྟེ་དབང་བསྐུར་བས། མཚན་འཛིན་གྱི་རྣམ་རྟོག་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང༌། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། དེས་བླ་མ་གསུང་རྡོ་རྗེ་ལོངས་སྐུས་ངག་སྔགས་སུ་སྨིན་པར་བྱེད་པ་གསུང་གསང་བ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །གསུམ་པ་མེ་ལོང་གི་དབང་བསྐུར་བའི་སླད་དུ། སྣང་སྟོང་དབྱེར་མེད་ཆོས་དབྱིངས་ཡུམ་གྱི་ཆུ་སྐྱེས་མཚོན་པའི་མེ་ལོང་སིནྡྷཱུ་རའི་ཐིག་ལེ་དང་བཅས་པ་གནས་གསུམ་དུ་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་དབང་བསྐུར་བའི་མོས་པ་མཛོད། མེ་ལོང་ཐོགས་ལ། ཧཱུྃ༔ གཞི་དབྱིངས་སྤྲོས་བྲལ་གདོད་མའི་དཀྱིལ་འཁོར་ནས༔ གཞི་སྣང་རིག་པ་ཡེ་ཤེས་དབང་བསྐུར་བས༔ གཟུང་འཛིན་རྟོག་ཚོགས་སྒྲིབ་གཉིས་རང་སར་གྲོལ༔ བུམ་དབང་ནང་གསལ་རྟག་ཆད་མཐའ་ལས་འདས༔ གསང་བའི་དམ་ཚིག་སྐྱེ་མེད་ནཱ་དའི་དབྱངས༔ ཤེས་རབ་ཡེ་ཤེས་བསམ་བརྗོད་བྲལ་བའི་ངང་༔ རིག་སྟོང་ཟུང་འཇུག་ཤིན་ཏུ་ཞི་བའི་དབྱིངས༔ འོད་གསལ་ཆོས་སྐུའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དྷརྨ་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ ལན་གསུམ། གནས་གསུམ་རེག་ཅིང་དོན་ངོ་སྤྲད༔ དེ་ལྟར་མེ་ལོང་སྤྱི་བོར་བཞག་ཅིང་དཔྲལ་བར་ཐིག་ལེ་བཀོད་པ་བུམ་དབང༌། མགྲིན་པར་བཞག་ཅིང་ཐིག་ལེ་བྱས་པ་གསང་དབང༌། སྙིང་གར་བཞག་ཅིང་ཐིག་ལེ་བྱས་པ་རིག་པ་གསལ་ལ་མ་འགག་པ་ངོ་སྤྲད་པ་ནི་སེམས་ཉིད་ཆོས་སྐུ་དྲི་མེད་མཚོན་བྱེད་མེ་ལོང་གཡའ་དག་ཟླུམ་པོ་ལ། ཀུན་རྫོབ་སྒྱུ་མ་ལྟ་བུ་དང་རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཀྱི་གཟུགས་བརྙན་ཅིར་ཡང་འཆར་བར་མཚོན་བྱེད་ཚོམ་བུ་སྔགས་བཅས་ཀྱིས་བརྒྱན་པས་དབང་བསྐུར་བས་གསལ་བ་ལ་སྟོང་པས་རྒྱས་ཐེབ་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང༌། སེམས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། དེས་བླ་མ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུས་ཡིད་ཐུགས་སུ་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །བཞི་པ་གཏོར་མའི་དབང་བསྐུར་བའི་སླད་དུ། གཏོར་སྣོད་དབྱིངས་ཀྱི་བྷཉྫ་ཡངས་པར་གཏོར་མའི་ངོ་བོ་རིག་པ་ཡེ་ཤེས་ལྔ་ལས་གུ་རུ་རྩ་བ་གསུམ་གྱི་ལྷ་ཚོགས་རང་ཤར་བའི་རྟེན་དང་བརྟེན་པར་བཅས་པ་གནས་གསུམ་དུ་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་དབང་བསྐུར་བའི་མོས་པ་མཛོད། གཏོར་མ་ཐོགས་ལ། ཧཱུྃ༔ མཉམ་ཉིད་དག་པ་གཞི་ཡི་དཀྱིལ་འཁོར་ནས༔ གློ་བུར་སྒྲིབ་བྲལ་འབྲས་བུས་དབང་བསྐུར་བས༔ གཉིས་སུ་འཛིན་པའི་རྟོག་པ་རང་སར་གྲོལ༔ བུམ་དབང་འཕོ་མེད་ཆོས་ཉིད་ཀློང་དུ་སྨིན༔ གསང་དབང་གྲགས་སྟོང་རྡོ་རྗེའི་སྔགས་སུ་རྫོགས༔ ཤེས་རབ་སོ་སོར་རྟོག་པའི་ཡེ་ཤེས་ཀློང་༔ ཐམས་ཅད་རོ་མཉམ་དོན་དམ་བདེ་བ་ཆེ༔ མི་འགྱུར་རྡོ་རྗེའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བཛྲ་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ ལན་གསུམ། སྤྱི་བོར་བཞག་ཅིང་དངོས་གྲུབ་སྦྱིན༔ སྙིང་གར་རེག་ལ་ཉམས་མྱོང་སྐྱོངས༔ དེ་ལྟར་གཏོར་མ་སྤྱི་བོར་བཞག་པ་བུམ་དབང༌། མགྲིན་པར་གཏད་ནས་གཏོར་ཟན་མྱོང་བ་གསང་དབང༌། སྙིང་གར་གཏད་དེ་ཚིག་དོན་ངོ་སྤྲད་པ་ནི་དབྱིངས་སྟོང་པ་ཉིད་མཚོན་པའི་གཏོར་སྣོད་དུ། རིག་པ་ཡེ་ཤེས་ལྔ་མཚོན་པའི་གཏོར་ཆེན་རྩ་བ་གསུམ་གྱི་རྣམ་པ། དམ་རྫས་བདུད་རྩིའི་རང་བཞིན། འདོད་ཡོན་སྣ་ཚོགས་པའི་སྤྲིན་ཕུང་འཕྲོ་བའི་དབང་བསྐུར་བས། དབྱིངས་རིག་ཟུང་དུ་འཇུག་པའི་ཕྱག་རྒྱ་གཉན་པོའི་གཟི་བྱིན་གྱིས་མ་མོ་མཁའ་འགྲོ་རྣམས་དབང་དུ་སྡུད་ཅིང་ལྷན་སྐྱེས་ཀྱི་ཡེ་ཤེས་མཚོན་པ་ཤེས་རབ་ཡེ་ཤེས་ཀྱི་དབང༌། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། དེས་བླ་མ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུས་སྤངས་རྟོགས་ཡོངས་རྫོགས་སུ་བྱེད་པ་ཡོན་ཏན་གཏོར་མ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །ལྔ་པ་གུ་རུའི་སྐུ་འབག་གི་དབང་བསྐུར་བའི་སླད་དུ། སྐུ་གཟུགས་འདི་ཉིད་ཆོས་དབྱིངས་སྐྱེ་བ་མེད་པ་ལས་རང་ཤར་བའི་ལོངས་སྤྱོད་རྫོགས་སྐུ་རྩ་གསུམ་ཀུན་འདུས་ཨོ་རྒྱན་སྣང་སྲིད་ཟིལ་ནོན་རྩལ་གང་འདུལ་སྤྲུལ་པའི་སྤྲིན་ཕུང་མཁའ་ཁྱབ་ཏུ་འཕྲོ་བའི་ཡེ་ཤེས་ཀྱི་སྐུ་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་བཞག་ཅིང་གདུང་བའི་གླུས་ཐུགས་དམ་བསྐུལ་ཏེ་ཚིག་དོན་ངོ་སྤྲད་ནས་དབང་བསྐུར་བའི་མོས་པ་མཛོད། གཙོ་བོ་ཡབ་ཡུམ་སྐུ་བརྙན་ཐོགས༔ ཧཱུྃ༔ ཐབས་ཤེས་ཟུང་དུ་འཇུག་པའི་དཀྱིལ་འཁོར་ནས༔ བདེ་སྟོང་སྒྱུ་འཕྲུལ་དྲྭ་བའི་དབང་བསྐུར་བས༔ སྲིད་དང་ཞི་བའི་རྟོག་ཚོགས་རང་སར་གྲོལ༔ བུམ་དབང་ཡོན་ཏན་ལྷུན་རྫོགས་རྡོ་རྗེའི་སྐུ༔ གསང་བ་རིག་པ་བྱིན་རླབས་ཚངས་པའི་གསུང༔ ཤེས་རབ་ཡེ་ཤེས་མཁྱེན་ཆ་འགགས་མེད་ཐུགས༔ མ་འདྲེས་ཡོངས་རྫོགས་འོད་གསལ་གཉུག་མའི་ཀློང༔ མངོན་པར་བྱང་ཆུབ་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བྷོ་དྷི་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ ལན་གསུམ། གནས་གསུམ་རེག་ཅིང་དོན་ངོ་སྤྲད༔ དེ་ལྟར་སྐུ་འབག་ཡེ་ཤེས་ཀྱི་སྐུ་དངོས་སུ་གསལ་བ་སྤྱི་བོར་བཞག་པ་བུམ་དབང༌། མགྲིན་པར་བཞག་ཅིང་གསང་མཚན་བཏགས་པ་གསང་དབང༌། སྟིང་གར་བཞག་སྟེ་བླ་མ་དང་རང་སེམས་དབྱེར་མེད་དུ་ངོ་སྤྲད་པ་ནི་སེམས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སྟོང་གསལ་རང་རིག་འདུས་མ་བྱས་པ་གདོད་ནས་བླ་མ་སྐུ་བཞིའི་ངོ་བོར་བཞུགས་པ་མཚོན་པར་བྱེད་པ་གུ་རུའི་སྐུ་འབག་གིས་དབང་བསྐུར་བས། རང་རིག་ངོ་བོ་སྒྲིབ་གཉིས་ཀྱི་འཆིང་བས་ཡེ་ནས་གོས་མ་མྱོང་བ་མཚོན་བྱ་དོན་གྱི་ཀུན་བཟང་པདྨ་འབྱུང་གནས་དང་རོ་གཅིག་ཏུ་བཞུགས་ཀྱང་རྣམ་འགྱུར་གློ་བུར་བའི་དྲི་མ་སྦྱང་ཕྱིར་མཚོན་བྱེད་བརྡ་ཡི་བླ་མས་བདག་དང་སློབ་མའི་རྒྱུད་བྱིན་གྱིས་བརླབ་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང༌། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། དེས་བླ་མ་མངོན་པར་བྱང་ཆུབ་པའི་སྐུས་འགྲོ་འདུལ་ལས་རབ་འབྱམས་འགྲུབ་པའི་ཕྲིན་ལས་སྐུ་འབག་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །དེ་རྣམས་ཀྱིས། རབ་འབྱམས་རྩ་གསུམ་ཡོངས་རྫོགས་ཀྱི༔ སྐུ་དང་ཡེ་ཤེས་དབྱེར་མེད་པ༔ རྣམ་པ་ཉི་ཤུས་བྱང་ཆུབ་པའི༔ བྱིན་རླབས་བརྡ་ཡི་དབང་བཞི་འདི༔ ལུས་ཀྱི་ནང་གི་མགོ་བོ་སྟེ༔ དབང་པོའི་དྭངས་མ་མིག་དང་མཚུངས༔ དེ་ཕྱིར་ཚེ་འདི་ཁོ་ན་ལ༔ བྱང་ཆུབ་ཐོབ་པར་འདོད་པ་ཡི༔ སྣོད་ལྡན་སློབ་མ་མ་གཏོགས་པ༔ གཞན་དུ་སྤེལ་ན་བཀའ་ཆད་འབྱུང༔ ཞེས་གསུངས་སྙིང་པོའི་རྣལ་འབྱོར་རྣམས༔ འདིར་ཞུགས་འདི་ཡི་དོན་ལ་སྤྱོད༔ ཟླ་དྲུག་ལོ་གསུམ་བཅུ་གཉིས་ན༔ ཟག་བཅས་རྡོ་རྗེའི་ལུས་སུ་གྲོལ༔ རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ༔ དབང་བཞིའི་ཡེ་ཤེས་སྐུ་ལྔར་སྨིན༔ ཞེས་ཟབ་པའི་མཐར་ཐུག་བླ་མ་རྩ་གསུམ་གྱི་དབང་ཆེན་རབ་འབྱམས་བསྙེན་སྒྲུབ་རྣམ་གསུམ་རྩ་བའི་དབང་ལྔ་ལ་བཞི་བཞིས་དབྱེ་བ་ནི་མཐར་ཐུག་བྱང་ཆུབ་དོན་གཉེར་ཅན་ལས་ཀུན་ལ་སྤེལ་དུ་མི་རུང་བའི་བཀའ་གཙིགས་ཀྱིས་རྒྱས་བསྡམས་པ་ཉིད་རིག་འཛིན་བརྒྱུད་པའི་ཕྱག་བཞེས་མ་ཉམས་པར་བསྐུར་བས་དབང་བཞིའི་མངོན་པར་རྟོགས་པའི་བྱིན་རླབས་ཐོད་རྒལ་དུ་ཐོབ་པར་འགྱུར་བའི་ཐུན་མོང་མ་ཡིན་པའི་ཟབ་ལམ་བརྡ་ཡི་དབང་བཞི་ཞེས་བྱ་བའོ། །རྗེས་རིམ་ཤིས་བརྗོད་དང་དམ་ཚིག་ཁས་བླང་མཎྜལ་ཡོན་འབུལ་རྣམས་བྱས་ལ། ལས་བྱང་གི་ཚོགས་དང་གཏོར་མ་བཏང་བ་མཆོད་བསྟོད་བཟོད་གསོལ་ཉེར་བསྡུ་སྨོན་ལམ་ཤིས་བརྗོད་རྣམས་བྱའོ། །འཁྲུལ་རྟོག་འཇིྃགས་བྲལྃ་མཁྱེནྃ་བརྩེྃའི་གཏེར། །ལྔ་ལྡན་ཡེ་ཤེས་འོདྃ་ཟེརྃ་གྱི། །བྱིན་རླབས་བརྡ་དོན་རྣམ་བཀྲྃའི་གཟུགས། །རབ་མཛེས་ཤིསྃ་པའི་དཔྃལ་གྱིས་འབྱོྃར། །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བའི་བྱིན་རླབས་བརྡ་ཡི་དབང་བཞི་ཡང་ཟབ་སྙིང་པོའི་ཐུག་ཏིག་གི་རིམ་པ་སྟེ་ལེའུ་ཚན་གཉིས་པ་པདྨ་གར་དབང་མདོ་སྔགས་གླིང་པས་སྦྱར་བའོ། ༈ འོདྃ་གསྃལ་བསམ་མི་ཁྱབ་པའི་ཡེ་ཤེས་ནི། །རང་བྱུང་སྤྲུལྃ་པའིྃ་སྒྱུ་འཕྲུལ་རྡོྃ་རྗེྃའི་གཏེར། །རབ་འབྱམས་རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཆེ། །ཀུན་བཟང་པདྨ་འབྱུང་གནས་གཙུག་ཏུ་མཆོད། །རྩ་གསུམ་འོད་གསལ་སྙིང་ཐིག་གི་གཏོར་དབང་བྱིན་རླབས་དཔལ་སྟེར་སྒེར་དུ་བྱ་བར་འདོད་པས་དང་པོ་སྦྱོར་བ་བཤམས་བཀོད་ནི། རྡུལ་ཚོན་ནམ་འབྲུ་ཚོམ་ལྷ་གྲངས་བཀོད་པའི་སྟེང་དུ་ཀ་པཱ་ལའམ་རིན་པོ་ཆེའི་སྣོད་དུ་བླ་མའི་གཏོར་ཆེན་བཟའ་བཅའ་སྣ་ཚོགས་ཀྱིས་བརྒྱན་པ་ལ་སྐུ་རྟེན་ཙཀླི་དར་གདུགས་རྣམས་ཀྱིས་སྤྲས་པ་མཛེས་པར་བཀོད། གཡས་གཡོན་དུ་སྨན་རཀ །བཀའ་སྲུང་གི་གཏོར་མ། མཆོད་པའི་བྱེ་བྲག་རྣམས་རྒྱས་པར་བཤམ་མོ། །གཉིས་པ་དངོས་གཞི་ནི། བརྒྱུད་འདེབས་ནས་བརྩམས་བཟླས་པའི་བར་ལས་བྱང་གཞུང་བཞིན་བྱའོ། །ལས་བུམ་དུ་སྐད་ཅིག་གིས་ཁྲོ་བོ་རྟ་མགྲིན་དམར་པོ་གཡས་པདྨའི་དབྱུག་ཐོ་དང༌། གཡོན་མེ་ཡི་ཞགས་པ་ཐོགས་པར་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་བབས་པས་བུམ་པ་གང་བར་བསམ། ཨོཾ་ཧྱ་གྲཱྀ་བ་ཧཱུྃ་ཕཊ྄༔ ཞེས་བརྒྱ་རྩ་བརྒྱད་བཟླ། ཁྲོ་བོ་ཆེན་པོས་བགེགས་བཟློག་ཅིང་ལས་ཐམས་ཅད་འགྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ཕྲིན་ལས་བཅོལ། ཏིང་ངེ་འཛིན་གྱིས་དབང་བླང་བ་རྣམས་བྱའོ། །གསུམ་པ་དབང་གི་ཆོ་ག་ལ། ཁྲུས་བྱ་བགེགས་ཕྲལ་སྲུང་འཁོར་བསྒོམ། །མཚམས་སྦྱར་གསོལ་གདབ་གནང་བ་སྦྱིན། །རྒྱུད་སྦྱང་སྡོམ་བཟུང་ཡེ་ཤེས་དབབ། །དབང་བསྐུར་དངོས་དང་རྗེས་རིམ་མོ། །ཞེས་བཅུ་གཅིག་ལས། ཁྲུས་བྱ་བགེགས་བསྐྲད་མེ་ཏོག་བཀྱེ་བསྡུ་བྱས་ཏེ་འཁོད་པ་ལ། སྐབས་དོན་ལོ་རྒྱུས་ཀྱི་ཁྱད་པར། གཏེར་གཞུང་རྡོ་རྗེའི་ཚིག་རྐང་ལས། བྱིན་རླབས་གཏོར་མའི་དབང་བསྐུར་ནི༔ གནས་སྐབས་འགལ་རྐྱེན་སེལ་བ་དང༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཅིང༔ མཐར་ཐུག་རྔ་ཡབ་དཔལ་གྱི་རིར༔ དབུགས་དབྱུང་མཆོག་གི་གོ་འཕང་སྦྱིན༔ ཞེས་གསུངས་པས་ན་ངོ་བོ་དབང་བསྐུར་བྱིན་རླབས་ཐམས་ཅད་ཀྱི་སྙིང་པོར་གྱུར་པས་དོན་སྨིན་བྱེད་ཡོངས་སུ་རྫོགས་ལ། རྣམ་པ་མཆོག་ཐུན་གྱི་དངོས་གྲུབ། གནས་སྐབས་མཐར་ཐུག་གི་ཕྲིན་ལས་རབ་འབྱམས་ཡིད་བཞིན་དུ་སྒྲུབ་པ་གཏོར་མའི་དབང་བསྐུར་ཆེན་པོ་སྟེ། ད་ལམ་སྐབས་སུ་བབ་པ་ཀུན་མཁྱེན་འཇམ་པའི་དབྱངས་འོད་གསལ་སྤྲུལ་པའི་རྡོ་རྗེའི་བཀའ་བབ་བཞི་པ་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྡེའི་བྱེ་བྲག །བླ་མ་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པ་ལྟར་སྒྲུབ་པ་འདི་ཕྲིན་ལས་ཀྱི་བྱང་བུ་སྒྱུ་འཕྲུལ་དྲྭ་བ་དང་འབྲེལ་བར་སྐུ་གསུམ་རྒྱལ་བ་འདུས་པའི་སྤྱི་གཟུགས་དཔལ་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་ཐར་ཕྱི་སྒྱུ་འཕྲུལ་རྡོ་རྗེ་བཀོད་པའི་རོལ་མོ་སངས་རྒྱས་ཀུན་དང་གཉིས་སུ་མ་མཆིས་ཤིང༌། ཁྱད་པར་འཕགས་ཡུལ་དང་ཨུ་རྒྱན་གངས་ཅན་གྱི་གདུལ་བྱ་ལ་སངས་རྒྱས་གཉིས་པར་གྲགས་པ་དོན་ལ་གནས་པའི་ཚར་གཅོད་དང་རྗེས་འཛིན་གྱི་ཕྲིན་ལས་བཞིས་འཁོར་བ་ཇི་སྲིད་བར་བཞུགས་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་སྐུས་བསྟན་འགྲོའི་དོན་མཛད་པའི་བཀའ་དྲིན་རྗེས་སུ་དྲན་པའི་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཏུ་སྒྲུབ་ཅིང་མཆོད་པ་ཉིད་མཆོག་ཐུན་དངོས་གྲུབ་མ་ལུས་པའི་འབྱུང་གནས་སུ་མདོ་རྒྱུད་ཀུན་ལས་ཡང་ཡང་བསྔགས་ཤིང༌། གུ་རུ་ཉིད་ཀྱི་རྡོ་རྗེའི་གསུང་ལས་ཀྱང༌། ང་སྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་རྡོ་རྗེའི་ཚིག་གི་ཞལ་གྱིས་བཞེས་པས་མཚོན་གཏེར་ཁ་དུ་མ་ནས་འབྱུང་ཞིང༌། དེ་ཉིད་མཆོད་པའི་དུས་ཀྱི་ཁྱད་པར་ཡང་སྤྱིར་བདེ་མཆོག་ལ་སོགས་པའི་རྣལ་འབྱོར་མ་རྒྱུད་རྣམས་ནས་ཚེས་བཅུ་ཉིད་བསགས་སྦྱང་གི་དུས་ཁྱད་པར་ཅན་དུ་གསུངས་ཤིང༌། ཁྱད་པར་གུ་རུ་རིན་པོ་ཆེ་ཉིད་ཀྱི་རྣམ་ཐར་མཛད་པའི་གཙོ་བོ་རགས་པ་རྣམས་ཀྱང་ཡར་ངོའི་ཚེས་བཅུའི་དུས་སུ་བསྟན་པ་དེ་ཉིད་རྗེས་དྲན་གྱིས་མཆོད་ཅིང་གསོལ་བ་བཏབ་པས་ཐུགས་རྗེའི་གཟིགས་པ་ཁྱད་པར་དུ་འཇུག་པའི་ཞལ་བཞེས་ཀྱང་གནང་ཞིང་ཚེས་བཅུ་ཡར་མར་གྱི་དུས་ཆེན་ལ་དཔའ་བོ་ཌཱ་ཀིའི་ཉེ་བའི་འདུ་བ་ཡང་ཡིན་པ་སོགས་དགོས་པའི་གནད་ཁྱད་པར་ཅན་ཆེས་མང་བས་གཏེར་ཁ་འདི་ཉིད་ལས་ཀྱང༌། ཁྱད་པར་ཡར་མར་ཚེས་བཅུའི་དུས༔ འདི་ཉིད་ཚོགས་སུ་སྒྲུབ་པ་ན༔ དངོས་ཉམས་རྨི་ལམ་མ་ངེས་པར༔ བདག་གིས་ངེས་པར་བྱིན་རློབ་ཅིང༔ འཕོས་ཚེ་ཟངས་མདོག་དཔལ་གྱི་རིར༔ རིག་པ་འཛིན་པའི་ཚོམ་བུར་སྤྱོད༔ དེ་ཕྱིར་སྙིང་གི་དབུས་སུ་ཟུངས༔ ཞེས་ཆེད་དུ་བསྔགས་ཤིང་གདམས་པའི་ཕྱིར་ཡན་ཡོན་བསམ་མི་ཁྱབ་པ་དང་ལྡན་པས་དུས་བཟང་ཚེས་བཅུའི་མཆོད་པ་དང་འབྲེལ་བས་དབང་དང་སྒོམ་སྒྲུབ་བགྱིས་ན་གནད་དུ་ཟབ་པའི་རྒྱུ་མཚན་དང་དགོས་པ་རྣམས་ཤེས་པས་དེའི་དབང་གི་སྙིང་པོ་མདོར་བསྡུས་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་སོང་ཟིན། ཁྱེད་རང་སློབ་མའི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། སློབ་མས་མཎྜལ་ཕུལ་ཏེ། སངས་རྒྱས་ཀུན་འདུས་རྡོ་རྗེ་འཛིན༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ གཏོར་མའི་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ་གྱིས་གསོལ་བ་གདབ་ལ། དུས་གསུམ་གཤེགས་པའི་སངས་རྒྱས་ཀུན༔ རྡོ་རྗེའི་ལམ་མཆོག་འདི་ལ་བརྟེན༔ དེ་ཕྱིར་གསང་ཆེན་དཀྱིལ་འཁོར་འདིར༔ བུ་ཁྱོད་འཇུག་ཅིང་སྨིན་པར་བྱ༔ ཞེས་བརྗོད་པས་རྗེས་སུ་གནང་བ་སྦྱིན། དེ་ནས་སྐྱབས་སེམས་ཚོགས་བསགས་ཀྱིས་རྒྱུད་སྦྱངས། སྡོམ་པ་གསུམ་བཟུང་ཡེ་ཤེས་པ་དབབ་བསྟིམ་རྣམས་དབང་རྒྱས་པའི་སྐབས་ལྟར་བྱའོ། །དབང་ཆོག་སྔ་མ་རྣམས་ཀྱི་གཤམ་དུ་སྦྲེལ་ན་འདི་ཡན་ཆད་མི་དགོས་ཏེ། རྩ་གཞུང་ཉིད་ལས། རྩ་བའི་དབང་བཞི་དང་འབྲེལ་ན༔ རྗེས་སུ་གཟེངས་བསྟོད་ཚུལ་དུ་སྟེ༔ འདི་ཉིད་ཁོ་ནས་སྨིན་པའི་ཚེ༔ བདག་མདུན་དབྱེར་མེད་བསྐྱེད་བཟླས་དང༔ སྔོན་འགྲོ་སྤྱི་བཞིན་སྦྱར་བའི་རྗེས༔ གཏོར་མ་ལྷ་རུ་ཤེས་པའི་ངང༔ གནས་ལྔར་ཕྱག་མཚན་རྣམ་པ་ལྔ༔ ཡིག་འབྲུས་མཚན་པའི་འོད་ཟེར་གྱིས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ བྱིན་རླབས་དངོས་གྲུབ་ཐོབ་པར་བསམ༔ ཞེས་གསུངས་པས། དོན་དབང་བསྡུས་པ་གཏོར་མ་ལ་བརྟེན་ནས་དབང་བསྐུར་སྔ་མ་རྣམས་ཀྱི་ཡེ་ཤེས་ཀྱི་རྒྱུན་སྐྱེས་བརྟན་གོང་འཕེལ་གཟི་བྱིན་བསྐྱེད་པའམ། འདི་ཁོ་ནའི་ཚེ། ཐུན་མོང་དབང་བཀའ་གཏོར་དབང་གནད་ཀྱི་ཤོག་གཅིག་མ་བསྐུར་བའམ། ཚེས་བཅུའི་མཆོད་པ་དང་འབྲེལ་ན། གུ་རུའི་ཁྱད་པར་གྱི་དུས་བཟང་ཚེས་བཅུའི་མཆོད་པའི་རྗེས་འབྲེལ་བླ་མའི་ཐུགས་སྒྲུབ་ཐུན་མོང་གི་དབང་བཀའ་ཀུན་འདུས་སྒྲོན་མེ་ཞེས་གྲགས་པ་འདི་སྒྲུབ་པ་ལ། ཞེས་མཚམས་སྦྱོར་ཚུལ་གསུམ་སྐབས་སུ་གང་བབ་འཕྲུལ་ཤེས་པར་བྱས་ལ། གཏོར་དབང་དངོས་ལ། སྤྱིར་གཏོར་མ་ལ་བསྙེན་སྒྲུབ་ཀྱི་དུས་སུ་དཀྱིལ་འཁོར་དུ་ཤེས་པ། མཆོད་པའི་དུས་སུ་འདོད་ཡོན་དུ་ཤེས་པ། དབང་གི་དུས་སུ་ལྷར་ཤེས་པ། རྗེས་དངོས་གྲུབ་ཏུ་ཤེས་པ་རྣམས་སུ་ཡོད་པ་ལས། འདིར་དབང་དུས་ལྷར་ཤེས་པར་བྱ་བ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་རིན་ཆེན་འབར་བ་འདི་ཉིད་ཕྱི་ལྟར་རིན་པོ་ཆེའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ནང་ལྟར་རིགས་ཀུན་ཁྱབ་བདག་བླ་མ་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པ་ལ་ལོངས་སྐུ་ཐོད་ཕྲེང་རིགས་ལྔ། སྤྲུལ་སྐུ་གུ་རུ་མཚན་བརྒྱད། རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་སྤྲིན་ལྟར་གཏིབས་པ། མཐའ་བསྐོར་དུ་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ཇི་ལྟར་བསྒོ་བའི་ཕྲིན་ལས་མཛད་དེ་མདོར་ན་རིག་འཛིན་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྟེན་དང་བརྟེན་པ་ཡོངས་རྫོགས་སུ་ཤར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས། གཙོ་འཁོར་ཐམས་ཅད་ཀྱི་གནས་ལྔར་འཁོར་ལོ་པདྨ་རྡོ་རྗེ་རིན་ཆེན་རྒྱ་གྲམ་སྟེ་ཕྱག་མཚན་ལྔ་གསལ་བའི་ལྟེ་བར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་སྟེ་རིགས་ལྔའི་སྙིང་པོས་མཚན་པ་ལས་འོད་ཟེར་དཀར་དམར་མཐིང་ག་སྣ་ཚོགས་པའི་མདོག་ཅན་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པ་ལ་བརྟེན་ནས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ། ལུས་ངག་ཡིད་གསུམ་ཆ་མཉམ་གྱི་སྒོ་ནས་བསགས་པའི་འགལ་རྐྱེན་སྡིག་སྒྲིབ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་ཞིང༌། གནས་སྐབས་སུ་དབང་བཞིའི་ལམ་བསྒོམ་པ་ལ་དབང༌། མཐར་ཐུག་སྐུ་བཞིའི་གོ་འཕང་ཐོབ་པའི་སྐལ་པ་ཅན་དུ་བྱས་པའི་མོས་པ་དུང་དུང་མཛོད་ཅིག །ཅེས་བརྡ་སྦྱར་ལ་གདངས་ཀྱི་དབྱངས་འགྱུར་སྙན་པོས་ཐུགས་དམ་བསྐུལ་བའི་ཕྱིར། ཧཱུྃ་ཧྲཱིཿ སྐུ་གསུམ་པདྨ་ཐོད་ཕྲེང་རྩལ༔ ཡི་དམ་ཡོངས་འདུས་ཧེ་རུ་ཀ༔ མཁའ་འགྲོའི་མིང་པོ་དཔའ་བོ་ཆེའི༔ གསང་གསུམ་བྱིན་རླབས་ཁྱོད་ལ་སྦྱིན༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྡ་སྤྲད་ལ་གཏོར་མ་གནས་གསུམ་དུ་བཞག །སྤྲོ་ན་སོ་སོར་དབང་བསྐུར་ཞིང༔ ཞེས་གསུངས་པས་ཚིག་རྐང་ཐ་མ་དང༌། ཀཱ་ཡ་སོགས་སྔགས་ཁ་ཕྲལ་ཏེ་བསྐུར་ཀྱང་རུང༌། དེ་ལྟར་གཏོར་མ་གནས་གསུམ་དུ་བཞག་ནས་དམ་རྫས་སྟེར་བར་འགྱུར་བ་རྫས་དབང་ལུས་ལ་བསྐུར་བ། བསྒྲགས་ཚིག་གསན་པ་ཚིག་དབང་རྣ་བར་བླུག་པ། གཏོར་མ་གནས་གསུམ་དུ་བཞག་སྟེ་གཏོར་མའི་ལྷའི་གནས་ལྔའི་ཕྱག་མཚན་དང་ཡིག་འབྲུ་ལས་འཕྲོས་པའི་འོད་ཀྱིས་སློབ་མའི་གནས་ལྔའི་ཕྱག་མཚན་ས་བོན་ལྔ་གསལ་བར་ཆགས་པས་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པར་མོས་པ་ནི་ཆོས་དབང་སེམས་ལ་བསྟིམ་པ། དེ་ལྟར་དབང་བཞི་གཏོར་མ་ལ་བརྟེན་ཏེ་བསྐུར་བས་རྩ་གསུམ་རྒྱལ་བ་རྒྱ་མཚོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་ཅིང༌། མཐར་དབང་ཞུ་ཡུལ་ཞུ་མཁན་བསྐུར་ཐོབ་ཐམས་ཅད་རང་སེམས་རིག་པའི་ཚུལ་ལས་འཛིན་མེད་ཁྱབ་བརྡལ་ཆེན་པོར་རང་གྲོལ་བ་ནི་གཏོར་མའི་བརྡ་དོན་ངེས་པ་དབང་དོན་ངོ་སྤྲད་པའོ། །རྗེས་དངོས་གྲུབ་ཏུ་ཤེས་པའི་ཕྱིར། གཏོར་མའི་ལྷ་འོད་དུ་ཞུ་བའི་གཏོར་ཟན་དངོས་གྲུབ་ཀྱི་རང་བཞིན་བདུད་རྩིའི་དྭངས་བཅུད་དུ་འཁྱིལ་བ་མྱོངས་བས་རྩ་ཁམས་ཐམས་ཅད་ལ་ཁྱབ། ཟག་མེད་ཀྱི་བདེ་བས་རྒྱུད་གང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། གཏོར་ཟན་དངོས་སམ། མཐའ་བསྐོར་གྱི་མཐེབ་ཀྱུ་ལྟ་བུ་བདུད་རྩིར་སྦྱར་ནས་སྦྱིན། རང་རིག་ལས་མཆོད་ཡུལ་ལོགས་སུ་མེད་པར་ཐག་བཅད་ནས། བདག་ཉིད་ལྷར་གསལ་བའི་སྤྱི་བོར་བླ་མ། རྩ་ཁམས་དཔའ་བོ་རྣལ་འབྱོར་མར་དག་པས། གཏོར་ཟན་དངོས་གྲུབ་བདུད་རྩིར་འཁྱིལ་བ་དེ་རོལ་བས་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་བསམ་པའོ། །གསུམ་པ་རྗེས་བརྒྱུད་པ་གཏད་པ་ནི། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ཁྱོད་ཀྱིས་འགྲོ་བ་འདུལ་བར་གྱིས། །དེ་ལྟར་དབང་བསྐུར་བ་ཐོབ་པའི་དུས་འདི་ཕྱིན་ཆད་རྒྱལ་བའི་གདུང་འཚོབ་པ་སྟེ་རྒྱལ་བའི་སྲས་སུ་གྱུར་པས་འགྲོ་བའི་དོན་གྱིས་ཤིག་པར་གདམས་ལ། དམ་ཚིག་ཁས་བླང༌། མཎྜལ་ཡོན་འབུལ་དང༌། གཏོར་མ་གཏོང་བ། གཏང་རག་གི་མཆོད་བསྟོད། བཟོད་གསོལ། ཉེར་བསྡུ་སྨོན་ལམ་ཤིས་བརྗོད་རྣམས་བྱའོ། །འཇིྃགས་མེདྃ་མཁྱེནྃ་བརྩེྃའི་སྒྱུ་འཕྲུལ་གྱི། །བྱིན་རླབས་འོདྃ་ཟེརྃ་འབེབས་བྱེད་ཐབས། །འདོད་འབྱུང་གཏོར་མའི་དབང་ཆོག་ཡང༌། །བཀྲྃ་ཤིསྃ་དངོས་གྲུབ་དཔྃལ་གྱིས་འབྱོྃར། །རྩ་གསུམ་འོད་གསལ་སྙིང་ཐིག་གི་གཏོར་དབང་བྱིན་རླབས་དཔལ་སྟེར་གྲུབ་གཉིས་བདུད་རྩིའི་མཆོག་སྦྱིན་ལེ་ཚན་གསུམ་པ་གཟི་བརྗིད་རབ་ཏུ་དགའ་བའི་དཔལ་གྱིས་སྦྱར་བའོ། ༈ འཆི་མེད་པྃདྨྃ་རྒྱལ་པོའི་གསུང་རྡོ་རྗེའི། །བརྩེ་ཆེན་འོདྃ་གསྃལ་སྤྲིན་གྱི་རོལ་སྒེག་ལ། །ཐུབ་བསྟན་མདོྃ་སྔྃགས་ཡོངས་རྫོགས་ཆོས་ཆར་གྱིས། །ས་གསུམ་གླིངྃ་ཀུན་སིམ་མཛད་མགོན་པོ་རྒྱལ། །དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་གུ་རུ་རིན་པོ་ཆེ་རྡོ་རྗེ་ཐོད་ཕྲེང་ལ་བརྟེན་པའི་ཚེ་སྒྲུབ་འཆི་མེད་དྲྭ་བའི་དབང་བཞི་ཡེ་ཤེས་སྙིང་པོ་ཇི་ལྟར་འབོག་ཚུལ་ལ་བསྒྲུབ་པའི་རྫས་འདུ་བྱ་བ། དེ་ཉིད་ནུས་ལྡན་དུ་སྒྲུབ་པ། འབྲས་བུ་སྨིན་བྱེད་ཀྱི་རིམ་པའོ། དང་པོ་ནི། དཀར་ཕྱོགས་ཀྱི་དུས་ཚེས་དགེ་བར་བཀྲ་ཤིས་ཡིད་འོང་གི་གནས་སུ་གཞུང་མཐུན་རྟེན་གྱི་སྤྱན་སྔར་དཀྱིལ་འཁོར་རས་བྲིས་སམ། འབྲུ་དཀར་དྲི་བཟང་གི་གཤེར་ལྡན་གྱི་ཚོམ་བུ་གཙོ་འཁོར་ལྔ། དེ་རྒྱབ་བཞི། ཡང་བཞི་བཅས་བཀོད་པའི་སྟེང་མཉྫིའི་ཁར་བུམ་པ་བཅུད་ལྡན། མདུན་དུ་ལྷ་ཙཀ་ཡོངས་རྫོགས། དེའི་གཡས་གཡོན་དུ་ཚེ་རིལ་ཆང༌། གསང་ཐོད། རིག་ཙཀ །མེ་ལོང༌། ཤེལ་རྡོ། དབང་གཏོར། བཀྲ་ཤིས་རྫས་རྟགས་རིན་ཆེན་སྣ་བདུན་གྱི་ཙཀླི། མདའ་དར་བཅས་ལ་མཆོད་པས་བསྐོར། ཚོགས་མཆོད་དང༌། སྲུང་མ། ཆད་བརྟན། དཀར་བགེགས། རྒྱས་པར་སྤྲོ་ན་རིགས་དབང་ལྔའི་ཆས་སོགས་འོག་ཏུ་དགོས་པ་ཀུན་འདུ་བྱའོ། །གཉིས་པ་ནི། བརྒྱུད་འདེབས། སྐྱབས་སེམས་ནས་བརྩམས་དངོས་གཞིའི་ལྷ་བསྐྱེད་བར་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བ་ལྟར་བཏང་རྗེས། བྱིན་འབེབས་ཟུར་གསལ་ལྟར་སྦྱར། དངོས་གཞིའི་ཁྱད་པར་བསྐྱེད་རིམ། ཧྲཱིཿ སྐྱེ་མེད་དེ་བཞིན་ཉིད་དབྱིངས་སོགས་ནས། སྤྱན་འདྲེན་བར་བཏང༌། ཧཱུྃ་ཧྲཱིཿ དམ་ཚིག་སེམས་དཔའ་སོགས་བཞུགས་གསོལ་ནས་ཕྱག་མཆོད་ཀྱི་ལས་རིམ་ཕྱི་སྒྲུབ་ལྟར་དང༌། བསྟོད་པ་ཚེ་སྒྲུབ་གཞུང་ལྟར་དང་བདག་མདུན་དབྱེར་མེད་ཛཔ྄་ཁང་དབྱེ་མིན་རང་བློས་དཔག་པས་བསྙེན་བཟླས་བྱ། རྣམ་བུམ་ལ་དམིགས་ཏེ། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས༔ འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཞེས་བརྗོད་ཅིང་བསམ་ལ་གཟུངས་ཐག་ནས་བཟུང་སྟེ་གོང་གི་བཟླས་པ་ཇི་ལྟར་ནུས་པ་རྣམས་དང༌། ལས་བུམ་དུའང་རྟ་མགྲིན་གསལ་ལ། ཨོཾ་ཧྱ་གྲཱྀ་བ་ཧཱུྃ་ཕཊ྄། ཅེས་བཟླས་མཐར་དབྱངས་གསལ་རྟེན་སྙིང་ལན་གསུམ། སྤྲོ་ན། གཞུང་གི་ཚེ་འགུགས་དང༌། མཆོད་བསྟོད། ཡིག་བརྒྱ་ལན་གསུམ་མཐར། ཨོཾ་ཨཱཿཧཱུྃ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར་པར་བསམ། བདག་འཇུག་གམ་རིག་པའི་མེ་ཏོག་དོར་ལ་སློབ་མ་འཇུག་པར་གནང་བ་ཞུ། བཀའ་གཏེར་སྲུང་མའི་གཏོར་འབུལ། ཚོགས་མཆོད་བསྐང་བཤགས་བཅས་ཕྱི་སྒྲུབ་ལྟར་བྱའོ། །གསུམ་པ་ལ། ཐུན་མོང་མ་ཡིན་པའི་སྨིན་བྱེད་དང༌། ཐུན་མོང་གི་དབང་གཉིས་ལས། དང་པོ་ནི། སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། ནང་དུ་ཞུགས་པ་དང་བགེགས་གཏོར་བསང་སྦྱངས་བྱིན་གྱིས་བརླབས་ཏེ་བསྔོས་ལ། བཀའ་བསྒོ་ཞིང་བསྐྲད་གཟིར་བྱ། སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང༌། ཀུན་སློང་དང་ཀུན་སྤྱོད་བཅོས་པ་སྔོན་དུ་འགྲོ་བས། དེ་ཡང་རྒྱལ་བ་ཐམས་ཅད་མཁྱེན་པས་གདུལ་བྱ་སོ་སོའི་མོས་པ་དང་འཚམས་པའི་ཆོས་འཁོར་རྒྱ་ཆེ་ལ་ཟབ་པ་སྒོ་དུ་མ་ནས་བསྩལ་བ་ཐམས་ཅད་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་བྱེད་འབའ་ཞིག་ཏུ་ངེས་ཀྱང༌། ཐོག་མར་ཆོས་བཞིན་སྤྱོད་པའི་སྐྱེས་བུའི་བསྒྲུབ་བྱ་གལ་ཆེ་བ་ནི་རྡོ་རྗེའི་ཚེ་སྒྲུབ་པའི་ལས་རིམ་ཡིན་ལ། དེ་ལའང་རྫས་སྔགས་ཏིང་ངེ་འཛིན་གྱི་སྒྲུབ་ཚུལ། ཐུན་མོང་དང་མཆོག་གི་ལམ་གྱིས་སྒྲུབ་པའི་སྒོ་དུ་མ་ཞིག་ཡོད་པ་ལས་ཀུན་མཐུན་ཀུན་ལས་ཁྱད་པར་འཕགས་པའི་སྒྲུབ་ཐབས་ནི་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་མེད་ཀྱི་ལམ་བསྐྱེད་རྫོགས་ཟུང་འཇུག་གི་སྒོ་ནས་སྒྲུབ་པ་ཉིད་ཆེས་ཟབ་ཅིང་རྨད་དུ་བྱུང་བ་སྟེ། དེ་ལའང་བཀའ་གཏེར་དག་སྣང་སྣང་གི་སྒྲུབ་པའི་མན་ངག་བགྲང་ལས་འདས་པ་བཞུགས་པ་ལས་ད་ལྟ་སྐབས་སུ་བབ་པ་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས་འཆི་མེད་གྲུབ་པའི་སློབ་དཔོན་རྣམས་ཀྱིས་རྗེས་སུ་བཟུང་ཞིང༌། མགོན་པོ་ཚེ་དཔག་མེད། ཚེ་ཡུམ་ཙཎྜ་ལི། འཕགས་མ་ཡིད་བཞིན་འཁོར་ལོ། གཙུག་ཏོར་རྣམ་པར་རྒྱལ་མ་རྣམས་ཀྱིས་དངོས་སུ་ཞལ་བསྟན་ཏེ་དབང་དང་བྱིན་རླབས་བསྩལ་བའི་རྟགས་མཚན་ཡང་ཡང་གཟིགས་པ། འཇམ་མགོན་གྲུབ་པའི་དཔའ་བོ་པདྨ་གར་གྱི་དབང་ཕྱུག་ལ་ཚེ་ལམ་གྱི་རྟོགས་པ་སྤར་བས་སྐུ་ཚེ་དང་ཕྲིན་ལས་ལ་མངའ་བརྙེས་པའི་གྲུབ་པའི་རྟགས་མཚན་མངོན་སུམ་བསྟན་ནུས་པའི་བདག་ཉིད་ཆེན་པོ་གང་ལ་རྩ་གསུམ་གྱི་ལྷ་སྔགས་ཀྱིས་ཚེ་སྒྲུབ་པའི་ཐབས་ཟབ་ཅིང་རྒྱ་ཆེ་བ་དུ་མའི་བཀའ་བབས་པ་ལས། འདིར་ནི་ངེས་པའི་དོན་དུ་གསུང་རྡོ་རྗེ་ཚེ་མཐའ་ཡས་པའི་ཡེ་ཤེས་དང་ཐ་མི་དད་ཀྱང་ཚུར་མཐོང་གི་གདུལ་བྱའི་སྣང་ངོར་རྒྱ་གར་ཤར་ཕྱོགས་བཀྲ་ཤིས་བྲག་ཕུག་མཱ་ར་ཏི་ཀའི་ཀེའུ་ཚང་དུ་ཚེ་ལམ་གྱི་ཕྱག་རྒྱ་མནྡྷ་ར་བ་སྒྲུབ་སྡེ་མོ་མཛད་དེ་རྡོ་རྗེ་ཐེག་པའི་ཉེ་རྒྱུའི་བརྟུལ་ཞུགས་ཀྱིས་ཚེ་བསྒྲུབས་པས་མགོན་པོ་ཚེ་དཔག་མེད་ཡབ་ཡུམ་དངོས་སུ་བྱོན་ནས་དབང་བསྐུར། ཚེ་རྒྱུད་བྱེ་བ་ཕྲག་བརྒྱ་བསྟན་པས་ཚེ་དབང་རིག་འཛིན་མངོན་དུ་གྱུར་པས་ནམ་མཁའ་ཇི་སྲིད་རྡོ་རྗེའི་སྐུ་ལ་སྐྱེ་འཆི་མི་མངའ་བས་ད་ལྟའང་ཛམ་གླིང་འདིའི་ལྷོ་ནུབ་ཟངས་མདོག་དཔལ་གྱི་རིར་མངོན་སུམ་དུ་བཞུགས་པ་དང༌། ལྷ་ལྕམ་མནྡཱ་ར་བ། རྗེ་འབངས་གྲོགས་ལྔ་སོགས་སྔོན་བྱོན་དང༌། རྒྱ་བན་རྡོ་རྗེ་འོད། གྲུབ་ཐོབ་དངོས་གྲུབ། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ། མངའ་རིས་རིག་འཛིན་ལེགས་ལྡན་རྗེ་ལ་སོགས་ཕྱིས་སུ་བྱོན་པས་མཚོན་འཕགས་བོད་ཀུན་ཏུ་སྐུ་ཚེའི་དངོས་གྲུབ་བརྙེས་པ་ད་ལྟའི་བར་ཟམ་མ་ཆད་པ་ཀུན་ཀྱང་དེའི་རྟེན་འབྱུང་ལས་བྱུང་བས་ན་འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་ཅན་སྟངས་དཔྱལ་གྱི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལ་གནད་དུ་བསྣུན་པ་ནི་རྡོ་རྗེའི་ཚེ་སྒྲུབ་པའི་གསེང་ལམ་ཀུན་ལས་ཟབ་མྱུར་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་སྟེ་གཞུང་ལས། འདི་ནི་བསྙེན་སྒྲུབ་ལས་གསུམ་པོ༔ གཅིག་དྲིལ་བསྐྱེད་རྫོགས་ཟུང་འཇུག་སྟེ༔ འཆི་མེད་གྲུབ་པའི་མན་ངག་མཆོག༔ འབུམ་ཕྲག་ཀུན་གྱི་ཡང་སྙིང་ཡིན༔ ཞེས་དང༌། དེ་ཕྱིར་འཆི་མེད་སྒྲུབ་པའི་ཐབས༔ བྱེ་བ་ཕྲག་བརྒྱའི་ཡང་སྙིང་འདི༔ འདས་དུས་མཱ་ར་ཏི་ཀ་རུ༔ རིག་འཛིན་ཌཱ་ཀི་རྣམས་ལ་བསྟན༔ མ་འོངས་ལྔ་བརྒྱའི་ཐ་མ་ལ༔ བདག་གིས་བྱིན་རླབས་རྣལ་འབྱོར་པ༔ འོད་གསལ་སྤྲུལ་པའི་རྡོ་རྗེའི་དོན༔ རིག་པ་དབྱིངས་ཀྱི་སྒྲོམ་བུར་སྦས༔ ནམ་ཞིག་རྟེན་འབྲེལ་དུས་བབ་ཚེ༔ སྔོན་གྱི་སྨོན་ལམ་ལྷན་ཅིག་པའི༔ ཆོས་བདག་སྐྱེས་བུའི་ཚོགས་ལ་སོགས༔ འབྲེལ་ཚད་དོན་དང་ལྡན་པར་ཤོག༔ ཅེས་གསུངས་པའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཚེ་སྒྲུབ་འཆི་མེད་དྲྭ་བའི་ཐུན་མོང་མ་ཡིན་པའི་ཟབ་གཏེར་ཚེ་ཡི་དབང་བསྐུར་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་སོང་གྲུབ་པ་ལགས་པས། ཁྱེད་རང་སློབ་མ་རྣམས་ཀྱི་བགྱི་བར་འོས་པ་ལ་ཐོག་མར་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །འོག་ཏུ་ཐུན་མོང་རིགས་ལྔ་སོགས་རྒྱས་པར་སྤྲོ་ན་སྔོན་འགྲོ་ཕྱི་ནང་གི་འཇུག་པ་རྩ་བའི་དབང་ཆོག་ཡེ་ཤེས་ཐིག་ལེ་ལྟར་བྱ། དབང་བཞི་ཙམ་ལས་ཀྱང་རྒྱས་པ་རིགས་དབང་ལྔ་འདིར་བསྐུར་ན། བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་དབྱེར་མེད་མི་ཕྱེད་པའི་སྤྱན་སྔར་ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་འདུས་རྡོ་རྗེ་འཛིན༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ འཆི་མེད་རྩ་གསུམ་ལྷ་ཚོགས་ཀྱིས༔ ཚེ་ཡི་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ། སྐྱབས་སེམས༌། སྡོམ་བཟུང་རྣམས་རྩ་དབང་ལྟར་བྱ། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་ལ། ཁྱེད་རང་རྣམས་ལུས་དྲང་པོར་བསྲང༌། ངག་སྲོག་རྩོལ་ཁ་སྦྱོར་དུ་འཆིང༌། ཡིད་ཚོགས་དྲུག་གི་ཡུལ་ལ་སྐད་ཅིག་ཀྱང་མ་ཡེངས་པར་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་གི་གདོད་བཅས་ཕུང་ཁམས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ས་ཕྱོགས་བདེ་ཆེན་པདྨ་དྲྭ་བའི་བཀོད་པ་ཕུན་སུམ་ཚོགས་པས་སྤྲས་པའི་དབུས་སུ་རབ་ཏུ་རྒྱས་པའི་ཆུ་སྐྱེས་དང་ཉི་ཟླའི་དཀྱིལ་འཁོར་གྱི་གདན་ལ། ཁྱེད་རང་རྣམས་སྐད་ཅིག་གིས་རྩ་གསུམ་ཀུན་འདུས་འཆི་མེད་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་གཞོན་སྒེག་ཞི་འཛུམ་བཅུ་དྲུག་ལང་ཚོ་དར་ལ་བབ་པའི་མཚན་དཔེའི་གཟི་བྱིན་ལྟ་ན་སྡུག་པ། ཞལ་གཅིག་ཞི་ཞིང་འཛུམ་པ། ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང་གཡོན་མཉམ་བཞག་གིས་བྷནྡྷ་བདུད་རྩིས་གང་བའི་ནང་དུ་འཆི་མེད་ཚེ་ཡི་བུམ་པས་མཚན་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས་པའི་པང་དུ་ལྷ་ལྕམ་མནྡྷ་ར་བ་དམར་གསལ་བདེ་ཆེན་ཆགས་པའི་ཉམས་འགྱུར་རབ་ཏུ་རྒྱས་ཤིང༌། ནུ་འབུར་མཁྲེགས་ཤིང་གསང་བའི་ཆུ་སྐྱེས་རྒྱས་པ། ཕྱག་ཉིས་མདའ་དར་དང་བདེ་སྐྱོང་བདུད་རྩིས་གཏམས་པ་བསྣམས་པ་ཨུཏྤལ་དང་རིན་པོ་ཆེའི་རྒྱན་གྱིས་སྒེག་པས་པདྨའི་སྐྱིལ་ཀྲུང་གིས་ཡབ་ལ་གཉིས་མེད་དུ་འཁྲིལ་བའི་འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་ཅན་གྱི་གནས་ལྔར་ཐོད་ཕྲེང་རིགས་ལྔ། རིགས་ཀྱི་བདག་པོ་ཚེ་མཐའ་ཡས་པ་དང་འོད་དཔག་མེད་ཐོ་བརྩེགས་སུ་བཞུགས་པར་གསལ་བའི་གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གིས་མཚན་པར་གསལ་ཐོབ་ཅིག །སློབ་དཔོན་ཀྱང་འཆི་མེད་པདྨ་འབྱུང་གནས་སུ་གསལ་བ་ལ་མོས་གུས་བསྐྱེད་པས་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་རྣམས་དང༌། ཁྱད་པར་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་ནས། མ་ཧཱ་གུ་རུ་འཆི་མེད་པདྨ་འབྱུང་གནས་གྲུབ་པ་རིག་འཛིན་དཔའ་བོ་མཁའ་འགྲོ་རྩ་གསུམ་ཚེ་ཡི་ལྷ་ཚོགས་འཁོར་དང་བཅས་སྐད་ཅིག་གིས་ཞི་ཁྲོའི་སྐུ་ཡི་རྣམ་འགྱུར། རྫུ་འཕྲུལ་བྱིན་རླབས་ཀྱི་རྩལ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་འདུན་མཛོད། དབྱངས་དང་ཐོད་རྔ་བཅས། སྤོས་རོལ་གདུང་ཤུགས་ཀྱིས་བསྐུལ་ནས་ལས་བྱང་གི་སྤྱན་འདྲེན་མཐར་འབེབས་སྔགས་དྲག་ཏུ་བརྗོད་ལ་དབབ་མཐར། དེ་ལྟར་དབབ་པའི་ཡེ་ཤེས་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་དབྱེར་མེད་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་བརྗོད་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག །དེ་ནས་དབང་དངོས་ལ་དབང་བཞི་མཐའ་རྟེན་དང་བཅས་པ་ལས། དང་པོ་ཐུན་མོང་གི་དབང་བཞིས་སྒོ་གསུམ་གྱི་སྒྲིབ་པ་སྦྱངས་ཏེ་བྱིན་རླབས་ཀྱི་སྒོ་དབྱེ། ཁྱད་པར་འཆི་མེད་ཚེའི་དབང་གིས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོར་སྨིན་པར་བྱེད། རང་རང་གི་དྭངས་མ་བསྡུ་བསྟིམ་གྱི་རྒྱས་འདེབས་གསུམ་དུ་ཡོད་པ་ལས། དང་པོ་བུམ་དབང་མཐའ་རྟེན་དང་བཅས་པའི་དོན་དུ་ཐུགས་དམིགས་འདི་ལྟར་མཛོད། བདག་མདུན་དཀྱིལ་འཁོར་གྱི་ལྷ་ཡི་ཐུགས་ཀ་ནས་སྤྲོས་པའི་རིག་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་འཆི་མེད་ཚེ་ཡི་བདུད་རྩིས་གང་བས་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང༌། དུས་མ་ཡིན་པའི་འཆི་བའི་བག་ཆགས་དང་བཅས་པ་སྦྱངས། འཆི་མེད་ཚེའི་དངོས་གྲུབ་ཐོབ། དྭངས་མ་སྙིང་དབུས་ཡེ་ཤེས་སེམས་དཔའ་པདྨ་ཚེ་དཔག་མེད་པའི་ཐུགས་ཀའི་ཧྲཱིཿལ་ཐིམ་པས་རྡོ་རྗེའི་སྲོག་འགྲུབ་པའི་མོས་པ་མཛོད། རྣམ་བུམ་ཐོགས་ལ། ཧྲཱིཿ གཞི་དབྱིངས་གཞོན་ནུ་བུམ་སྐུའི་དཀྱིལ་འཁོར་དུ༔ གཞི་སྣང་རིག་པ་ཡེ་ཤེས་ལྷ་ཚོགས་ཤར༔ ཟུང་འཇུག་ཐུགས་རྗེ་བདུད་རྩིས་དབང་བསྐུར་བས༔ འཆི་མེད་རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛཿ ཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྐབས་འདིར། སྤྲོ་ན་རིགས་པའི་དབང་ལྔ་སོགས༔ ཡེ་ཤེས་ཐིག་ལེ་ཇི་བཞིན་ལ༔ གཙོ་འཁོར་ཡོངས་རྫོགས་ལྷ་དབང་བསྐུར༔ ཞེས་གསུངས་པས་རྒྱས་པར་ཐུན་མོང་རིགས་དབང་ལྔ་རྩ་དབང་ལྟར་སྦྱོར་དགོས་པས་ཕྱི་སྒྲུབ་ཀྱི་རིགས་དབང་ལྟར་སྦྱར་ན་ལེགས་མོད་འདིར་སྤྲོས་པ་འཚམས་ཕྱིར། ཁྱེད་རང་རྣམས་རྡོ་རྗེ་ཐོད་ཕྲེང་རྩལ་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་གསལ་བ་ལས། གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བས་རྣམ་པར་རྒྱལ་བའི་བུམ་པའི་ཆུ་མི་བསྐྱོད་པའི་ངོ་བོ་ཅན་གྱིས་དབང་བསྐུར་བར་མོས་མཛོད། རྣམ་བུམ་ཐོགས་ལ། ཧཱུྃ༔ ཞེ་སྡང་རྣམ་དག་རྡོ་རྗེའི་རིགས༔ མི་བསྐྱོད་ཆུ་ཡིས་དབང་བསྐུར་བས༔ རྣམ་ཤེས་ཕུང་པོ་རང་གྲོལ་ནས༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཆུ་སྦྱིན། སྤྱི་བོར་འཐོར། བུམ་པའི་བདུད་རྩིས་ལུས་གང༌། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། དེས་མི་བསྐྱོད་པའི་སྒོ་ནས་ཆུ་ཡི་དབང་ཐོབ། ཉོན་མོངས་པ་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་རྡོ་རྗེ་རིགས་ཀྱི་སྐུ་དང་ཡེ་ཤེས་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཁྱེད་རང་རྣམས་རཏྣ་ཐོད་ཕྲེང་སེར་པོ་རིན་ཆེན་དང་དྲིལ་བུ་འཛིན་པའི་སྐུར་གསལ་བ་ལས། གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བས་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་དབུ་རྒྱན་གྱིས་དབང་བསྐུར་བར་མོས་མཛོད། དབུ་རྒྱན་ཐོགས་ལ་མགོ་བོར་བཅིངས། ཧཱུྃ༔ ང་རྒྱལ་རྣམ་དག་རིན་ཆེན་རིགས༔ རིན་འབྱུང་དབུ་རྒྱན་དབང་བསྐུར་བས༔ ཚོར་བའི་ཕུང་པོ་རང་གྲོལ་ནས༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་ཨ་བྷི་ཥིཉྩ་ཏྲཱྃ༔ བུམ་ཆུ་འཐོར་ཏེ། བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་མི༔ བུམ་པའི་བདུད་རྩིས་ལུས་གང༌། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། དེས་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་དབུ་རྒྱན་གྱི་དབང་ཐོབ། ཉོན་མོངས་པ་ང་རྒྱལ་དག །ཚོར་བའི་ཕུང་པོ་གནས་འགྱུར། རིན་ཆེན་རིགས་ཀྱི་སྐུ་དང་ཡེ་ཤེས་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཁྱེད་རང་རྣམས་པདྨ་ཐོད་ཕྲེང་དམར་པོ་པདྨ་དང་དྲིལ་བུ་འཛིན་པའི་སྐུར་གསལ་བ་ལས། གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བས་སྣང་བ་མཐའ་ཡས་ཀྱི་ངོ་བོ་རྡོ་རྗེས་དབང་བསྐུར་བར་མོས་མཛོད། རྡོ་རྗེ་ཐོགས་ལ་ལག་གཡས་སུ་གཏད། ཧཱུྃ༔ འདོད་ཆགས་རྣམ་དག་པདྨའི་རིགས༔ མཐའ་ཡས་རྡོ་རྗེས་དབང་བསྐུར་བས༔ འདུ་ཤེས་ཕུང་པོ་རང་གྲོལ་ནས༔ སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ བུམ་ཆུ་འཐོར་ལ། བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་མི༔ བུམ་པའི་བདུད་རྩིས་ལུས་གང༌། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་སྣང་བ་མཐའ་ཡས་ཀྱིས་དབུར་བརྒྱན། དེས་འོད་དཔག་མེད་པའི་སྒོ་ནས་རྡོ་རྗེའི་དབང་ཐོབ། ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་གནས་གྱུར་པདྨ་རིགས་ཀྱི་སྐུ་དང་ཡེ་ཤེས་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཁྱེད་རང་རྣམས་ཀརྨ་ཐོད་ཕྲེང་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པའི་སྐུར་གསལ་བ་ལས། གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བས་དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུས་དབང་བསྐུར་བར་མོས་མཛོད། དྲིལ་བུ་ལག་ཡོན་དུ་གཏད། ཧཱུྃ༔ ཕྲག་དོག་རྣམ་དག་ལས་ཀྱི་རིགས༔ དོན་གྲུབ་དྲིལ་བུས་དབང་བསྐུར་བས༔ འདུ་བྱེད་ཕུང་པོ་རང་གྲོལ་ནས༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ བུམ་ཆུ་འཐོར་ལ། བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་མི༔ བུམ་པའི་བདུད་རྩིས་ལུས་གང༌། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུར་བརྒྱན། དེས་དོན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི་དབང་ཐོབ། ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། ལས་ཀྱི་རིགས་ཀྱི་སྐུ་དང་ཡེ་ཤེས་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཁྱེད་རང་རྣམས་བུདྡྷ་ཐོད་ཕྲེང་མཐིང་ག་འཁོར་ལོ་དང་དྲིལ་བུ་འཛིན་པའི་སྐུར་གསལ་བ་ལས། གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བ་དང་སློབ་དཔོན་ལྷན་ཅིག་པས་རྣམ་པར་སྣང་མཛད་ཀྱི་ངོ་བོ་རྡོ་རྗེའི་མིང་གིས་དབང་བསྐུར་བར་མོས་མཛོད། རྡོར་དྲིལ་ལྷན་ཅིག་པ་སྤྱི་བོར་འཁྲོལ་ལ། ཧཱུྃ༔ གཏི་མུག་རྣམ་དག་བདེ་གཤེགས་རིགས༔ སྣང་མཛད་མིང་གིས་དབང་བསྐུར་བས༔ གཟུགས་ཀྱི་ཕུང་པོ་རང་གྲོལ་ནས༔ ཆོས་དབྱིངས་ཡེ་ཤེས་ཐོབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་འཐོར་ལ། བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་མི༔ བུམ་པའི་བདུད་རྩིས་ལུས་གང༌། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། དེས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་མིང་གི་དབང་ཐོབ། ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་གནས་གྱུར། དེ་བཞིན་གཤེགས་པའི་རིགས་ཀྱི་སྐུ་དང་ཡེ་ཤེས་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱང་འོད་ཕུང་གི་རྣམ་པས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །མེ་ཏོག་འཐོར་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། མཆོད་པའི་བྱེ་བྲག་རྣམས་ཀྱིས་མཆོད་ཅིང་ཤིས་པ་བརྗོད་པས་མངའ་གསོལ་བར་མོས་ཤིག །ཉེར་སྤྱོད་ལྔ་བཏེགས་ལ། ཨོཾ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་ཤིས་པ་བརྗོད། ནུས་འཇུག་གི་རྡོ་རྗེ་གསུམ་གྱི་དམ་ཚིག་སྦྱིན་པ་དང་རྡོ་རྗེ་སློབ་དཔོན་གྱི་དབང་རྣམས་མི་དགོས་ལ། དེ་དག་གིས་སྣང་བཅས་ཕུང་ཁམས་ཀྱི་ཆོས་ཀུན་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་རུ་ཤར་བའི་དབང་གིས་སྨིན་པའི་བྱིན་རླབས་བརྟན་ཞིང་གོང་འཕེལ་དུ་བྱ་བའི་ཕྱིར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། མདུན་བསྐྱེད་ལྷ་ཚོགས་རྣམས་ལས་རང་འདྲའི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་སྤྲོས་ནས་ཁྱེད་རང་རྣམས་ལ་ཐིམ་པས་འཆི་མེད་རྡོ་རྗེའི་སྐུ་རུ་དབང་བསྐུར་བྱིན་གྱིས་བརླབ་པར་མོས་མཛོད། ཧྲཱིཿ ཆོས་དབྱིངས་མཐའ་དབུས་བྲལ་བ་ནས། །རྒྱལ་ཀུན་གསུང་གི་རྡོ་རྗེའི་ཚུལ། །འོད་སྣང་མཐའ་ཡས་དབང་བསྐུར་བས། །ཀ་དག་ཆོས་སྐུའི་ཚེ་ཐོབ་ཤོག ཨོཾ་ཨཱཿཧཱུྃ་དྷརྨ་ཀཱ་ཡ་ཨ་མི་ཏ་བྷ་ཨ་བྷི་ཥིཉྩ་ཨ། ཧྲཱིཿ འོད་གསལ་རང་སྣང་བདེ་ཆེན་ཞིང༌། །རིགས་ཀུན་ཁྱབ་བདག་ཚེ་མཐའ་ཡས། །པདྨ་དྲྭ་བས་དབང་བསྐུར་བས། །མི་འགྱུར་རྡོ་རྗེའི་སྲོག་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་སཾ་བྷོ་ཀཱ་ཡ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཨ། ཧྲཱིཿ ཐུགས་རྗེ་མཁའ་ཁྱབ་ཞིང་ཁམས་ནས། །སྤྲུལ་པའི་སྒྱུ་འཕྲུལ་རྒྱུན་མི་ཆད། །མཚོ་སྐྱེས་རྡོ་རྗེས་དབང་བསྐུར་བས། །སྐྱེ་འཆི་མེད་པའི་ཚེ་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་ནིརྨ་ཀཱ་ཡ་གུ་རུ་ཨ་བྷི་ཥིཉྩ་ཨ། ཧྲཱིཿ བདེ་ཆེན་འཁོར་ལོའི་དཀྱིལ་འཁོར་ནས། །སྣང་སྟོང་གཉིས་མེད་རྡོ་རྗེའི་སྐུ། །བུདྡྷ་ཐོད་ཕྲེང་དབང་བསྐུར་བས། །སྐྱེ་འཆི་མེད་པའི་ཚེ་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བུདྡྷ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་ཨ། ཧྲཱིཿ ལོངས་སྤྱོད་འཁོར་ལོའི་དཀྱིལ་འཁོར་ནས། །གྲགས་སྟོང་གཉིས་མེད་རྡོ་རྗེའི་གསུང༌། །པདྨ་ཐོད་ཕྲེང་དབང་བསྐུར་བས། །གཞོམ་གཞིག་བྲལ་བའི་ཚེ་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་པདྨ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་ཨ། ཧྲཱིཿ ཆོས་ཀྱི་འཁོར་ལོའི་དཀྱིལ་འཁོར་ནས། །རིག་སྟོང་དབྱེར་མེད་རྡོ་རྗེའི་ཐུགས། །བཛྲ་ཐོད་ཕྲེང་དབང་བསྐུར་བས། །འཕོ་འགྱུར་མེད་པའི་ཚེ་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་ཨ། ཧྲཱིཿ སྤྲུལ་པའི་འཁོར་ལོའི་དཀྱིལ་འཁོར་ནས། །ཡོན་ཏན་ལྷུན་རྫོགས་ངོ་བོ་ཉིད། །རཏྣ་ཐོད་ཕྲེང་དབང་བསྐུར་བས། །བྲི་གང་བྲལ་བའི་ཚེ་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་རཏྣ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་ཨ། ཧྲཱིཿ བདེ་སྐྱོང་འཁོར་ལོའི་དཀྱིལ་འཁོར་ནས། །གང་འདུལ་ཕྲིན་ལས་བཞི་ཡི་གར། །ཀརྨ་ཐོད་ཕྲེང་དབང་བསྐུར་བས། །བྱ་རྩོལ་མེད་པའི་ཚེ་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་ཀརྨ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་ཨ། ཧྲཱིཿ རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ནས། །ཞི་བའི་ཕྲིན་ལས་སྒྲུབ་མཛད་པ། །བཛྲ་དབང་ཆེན་དབང་བསྐུར་བས། །མི་མཐུན་ཕྱོགས་ཀུན་ཞི་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་ཧྱ་གྲཱྀ་བ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ རིན་ཆེན་རིགས་ཀྱི་དཀྱིལ་འཁོར་ནས། །རྒྱས་པའི་ཕྲིན་ལས་སྒྲུབ་མཛད་པ། །རཏྣ་དབང་ཆེན་དབང་བསྐུར་བས། །ཚེ་དཔལ་ཡོན་ཏན་རྒྱས་གྱུར་ཅིག །ཨོཾ་ཨཱཿཧཱུྃ་རཏྣ་ཧྱ་གྲཱྀ་བ་ཨ་བྷི་ཥི་ཉྩ་ཧཱུྃ། ཧྲཱིཿ པདྨ་རིགས་ཀྱི་དཀྱིལ་འཁོར་ནས། །དབང་གི་ཕྲིན་ལས་སྒྲུབ་མཛད་པ། པདྨ་དབང་ཆེན་དབང་བསྐུར་བས། །སྣང་སྲིད་རླུང་སེམས་དབང་འདུས་ཤོག །ཨོཾ་ཨཱཿཧཱུྃ་པདྨ་ཧྱ་གྲཱྀ་བ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ནས། །དྲག་པོའི་ཕྲིན་ལས་སྒྲུབ་མཛད་པ། །ཀརྨ་དབང་ཆེན་དབང་བསྐུར་བས། །དགྲ་བགེགས་གཟུང་འཛིན་ཚར་གཅོད་ཤོག །ཨོཾ་ཨཱཿཧཱུྃ་ཀརྨ་ཧྱ་གྲཱྀ་བ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ ཤར་སྒོ་བྱམས་པའི་དཀྱིལ་འཁོར་ནས། །ས་ཁམས་ཤ་ཡི་ཚེ་བདག་མོ། །སངས་རྒྱས་སྤྱན་མས་དབང་བསྐུར་བས། །རྡོ་རྗེའི་ཚེ་སྲོག་སྲ་བརྟན་ཤོག །ཨོཾ་ཨཱཿཧཱུྃ་ལཱྃ་དེ་ཥ་ར་ཏི་སྟྭྃ། ཧྲཱིཿ ལྷོ་སྒོ་སྙིང་རྗེའི་དཀྱིལ་འཁོར་ནས། །ཆུ་ཁམས་ཁྲག་གི་ཚེ་བདག་མོ། །མ་མཱ་ཀི་ཡིས་དབང་བསྐུར་བས། །ཚེ་སྲོག་ཆུ་ལྟར་རིང་བར་ཤོག །ཨོཾ་ཨཱཿཧཱུྃ་མཱྃ་མོ་ཧ་ར་ཏི་སྟྭྃ། ཧྲཱིཿ ནུབ་སྒོ་དགའ་བའི་དཀྱིལ་འཁོར་ནས། །མེ་ཁམས་དྲོད་ཀྱི་ཚེ་བདག་མོ། །གོས་དཀར་མོ་ཡིས་དབང་བསྐུར་བས། །ཚེ་སྲོག་མེ་ལྟར་འབར་གྱུར་ཅིག །ཨོཾ་ཨཱཿཧཱུྃ་པྱཱྃ་ར་ག་ར་ཏི་སྟྭྃ། ཧྲཱིཿ བྱང་ཕྱོགས་བཏང་སྙོམས་དཀྱིལ་འཁོར་ནས། །རླུང་ཁམས་དབུགས་ཀྱི་ཚེ་བདག་མོ། །དམ་ཚིག་སྒྲོལ་མས་དབང་བསྐུར་བས། །ཚེ་སྲོག་རླུང་ལྟར་ཁྱབ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་ཏཱྃ་བཛྲ་ར་ཏི་སྟྭྃ། །དེ་ནས་ཚེ་ཡི་དངོས་གྲུབ་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་འཚལ། སློབ་དཔོན་འཆི་མེད་པདྨ་འབྱུང་གནས་སུ་གསལ་བའི་གནས་ལྔར་ཐོད་ཕྲེང་རིགས་ལྔའི་ཐུགས་ཀར་ཕྱག་མཚན་ལྔ་ཡིག་འབྲུ་ལྔས་མཚན་པ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་དང༌། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང༌། འབྱུང་བཞིའི་དྭངས་མ་འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེའི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་ལ་ཐིམ་པས་རྡོ་རྗེ་ཚེའི་བཅུད་ལེན་དུ་གྱུར་པར་མོས་མཛོད། ཅེས་དང༌། མདའ་དར་གཡབ་ལ། ཧྲཱིཿ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ སོགས་ཚེ་འགུགས་ལས་བྱང་བཞིན་བརྗོད། དེ་དག་གིས་སྣང་བཅས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བསྒྲུབ་པའི་རྫས་རྣམས་ལ་བརྟེན་ཏེ། སྐུ་བུམ་པའི་དབང་ཡན་ལག་དང་བཅས་པ་བསྐུར་བས། དག་བྱ་ལུས་ཀྱི་སྒྲིབ་པ་དག །བསྐྱེད་བཟླས་ཕྲིན་ལས་དང་བཅས་པ་ལ་དབང༌། འབྲས་བུ་སྐྱེ་འཆི་མེད་པ་རྡོ་རྗེའི་ཚེ་དང་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གཉིས་པ་གསང་བའི་དབང་སྦྱིན་པ་ལ་ནམ་མཁར་བཞུགས་པའི་ལྷ་རྣམས་རང་རང་གི་ཤེས་རབ་མ་དང་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་དྷཱུ་ཏིའི་ནང་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་འཁྱིལ་བ་དེ་ཉིད་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ཁྱེད་རང་རྣམས་ཀྱི་ལྕེ་ལ་བཞག་པར་མོས་ཤིག །གསང་རྫས་བདུད་རྩི་མགྲིན་པར་བཞག་ཅིང༌། ཧྲཱིཿ བདེ་བ་ཆེན་པོ་པདྨ་ཐོད་ཕྲེང་དང༔ སྟོང་ཉིད་ཤེས་རབ་མནྡྷ་ར་བ་ཡུམ༔ གཉིས་མེད་མཉམ་སྦྱོར་བྱང་སེམས་འདི་བྱིན་པས༔ ལས་རླུང་ཡེ་ཤེས་ཁམས་སུ་དག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲགུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛཿ བྷོ་དྷི་ཙིཏྟ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ བདུད་རྩི་མྱང་དུ་གཞུག །མགྲིན་པ་ནས་ཐིག་ལེ་འཕེལ་བས་རྩ་ཁམས་གང༌། དུག་གསུམ་གྱི་རྟོག་པ་འགགས། ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་བ་གསང་དབང་གི་ཡེ་ཤེས་ཏེ། དེའི་ངོ་བོ་གསལ་སྟོང་རྣམ་པར་མི་རྟོག་པའི་ངང་དུ་དར་གཅིག་མཉམ་པར་འཇོག་འཚལ། ཞེས་ཉམས་བསྐྱང་དུ་གཞུག །རྗེས་འབྲེལ་སྔགས་ཀྱི་བཟླས་ལུང་དང༔ ཞེས་གསུངས་པས། དེ་ལྟར་སྒྲར་གྲགས་པ་ཕྱེད་སྣང་ངག་རླུང་གི་ཁམས་ཀུན་ཁྱབ་བདག་བླ་མ་འཆི་མེད་པདྨ་ཐོད་ཕྲེང་རྩལ་གྱི་གསུང་དབྱངས་གཞོམ་མེད་རྡོ་རྗེ་ནཱ་དའི་ངོ་བོར་དག་པའི་ཕྱིར་བཟླས་པའི་ལུང་སྦྱིན་པ་ལ། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་གཉིས་སུ་མེད་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་ཡབ་ཡུམ་གྱི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ་ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུང༌། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་དྭངས་མའི་ས་བོན་གྱི་མཐར་འཁོར་བར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛཿ ཞེས་ལན་གསུམ་ཕྲེང་བ་སྦྲེལ་ཏེ་བཟླ། འདི་ལྟར་གྲགས་པ་ཐམས་ཅད་ཁྱབ་བདག་བླ་མ་འཆི་མེད་པདྨ་ཐོད་ཕྲེང་རྩལ་གྱི་གསུང་དབྱངས་གཞོམ་མེད་ཡི་གེའི་འཁོར་ལོའི་གྲགས་སྟོང་བརྗོད་པ་དང་བྲལ་བ་ལས་སྒྲའི་ཚུལ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་གྱིས་ཤིག །འཁོར་འདས་བརྟན་གཡོའི་དྭངས་བཅུད་གཅིག་ཏུ་འདུས་པའི་འཆི་མེད་བྱང་ཆུབ་སེམས་ཀྱི་བདུད་རྩི་བདེ་སྟོང་རྣམ་པར་རོལ་པའི་སྤྲིན་གྱི་དྭངས་མའི་ཐིག་ལེས་རྩ་ཁམས་ཐམས་ཅད་ལ་ཁྱབ་སྟེ་ཁམས་ཞུ་བའི་བདེ་བས་དུག་གསུམ་གྱི་རྣམ་རྟོག་སྦྱངས། ནད་མེད་བདེ་བའི་ཡེ་ཤེས་ཀྱི་ལང་ཚོའི་དཔྱིད་ཐོབ་པར་མོས་ཤིག །ཚེ་ཆང་སྦྱིན་ཏེ། ཧྲཱིཿ ཐབས་མཆོག་འོད་ཟེར་རྣམ་ལྔའི་རིགས་མདངས་ཀྱིས༔ འཁོར་འདས་ཚེ་དང་ཡེ་ཤེས་བསྡུས་པའི་བཅུད༔ ཤེས་རབ་མྱོང་གྲོལ་བདུད་རྩི་འདི་བྱིན་པས༔ འཆི་མེད་རིག་འཛིན་འགྲུབ་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛཿ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ གཞུང་རྩ་བ་ལས། སྐབས་སུ་འཇུག་གནས་ལྡང་བའི་རླུང༔ འབྲུ་གསུམ་སྔགས་དང་སྦྱར་ལ་བཟླ༔ སྲོག་གི་ལྕགས་ཀྱུས་ཚེ་བཅུད་བཀུག༔ ཁ་སྦྱོར་རླུང་བསྡམས་བུམ་ཅན་བཟུང༔ ཞེས་གསུངས་པས་གཞིར་གནས་ཀྱི་རླུང་གདོད་ནས་རང་བྱུང་རྡོ་རྗེའི་བཟླས་པར་ལྷུན་གྱིས་གྲུབ་པས་གཞོམ་མེད་གསང་བ་ཆེན་པོའི་རྡོ་རྗེའི་སྲོག་བསྒྲུབ་པའི་ཕྱིར་རླུང་ལ་བརྟེན་པའི་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་འདི་ལྟར་མཛོད། ཁྱེད་རང་རྣམས་འཆི་མེད་པདྨ་འབྱུང་གནས་ཡབ་ཡུམ་ཡེ་ཤེས་སེམས་དཔའི་ཐུགས་སྲོག་གི་ཧྲཱིཿདྭངས་གསལ་བདེ་བའི་གཟི་འོད་རབ་ཏུ་འབར་ཞིང་རྒྱས་པ་ལ། སྣོད་བཅུད་འཁོར་འདས་ཀྱི་དྭངས་མ་འོད་ལྔ་ཡེ་ཤེས་ཀྱི་རླུང་དུ་ཞུ་བ་སྣ་བུག་གཉིས་ནས་རླུང་ནང་དུ་འཇུག་པ་དང་སྦྲགས་སིབ་ཀྱིས་ཞུགས་ཏེ་སྙིང་གའི་ས་བོན་ལ་ཐིམ་པས་མི་ཤིགས་རྡོ་རྗེའི་སྲོག་དང་རོ་གཅིག་ཏུ་འདྲེས་པས་འཆི་མེད་གཉུག་མའི་ཚེ་གྲུབ་པར་མོས་ལ་རྡོ་རྗེའི་བཟླས་པ་མཛོད། འབྱུང་འཇུག་གནས་གསུམ། ཨོཾ་ཨཱཿཧཱུྃ་དང་སྦྱར་བའི་འབྲུ་གསུམ་རྡོ་རྗེའི་བཟླས་པའོ། །བུམ་ཅན་དང་སྦྲགས་པའི་རྡོར་བཟླས་ལན་གསུམ་མམ་བདུན་བྱ། དེ་དག་གིས་ནང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཞུ་བདེའི་རྫས་ལ་བརྟེན་ནས་གསུང་གསང་བའི་དབང་མཐའ་རྟེན་དང་བཅས་པ་བསྐུར་བས། དག་བྱ་ངག་གི་སྒྲིབ་པ་དག །རླུང་སེམས་སྒྱུ་མ་ལྟ་བུའི་ཡེ་ཤེས་བདག་བྱིན་བརླབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་གཞོམ་གཞིག་བྲལ་བའི་རྡོ་རྗེ་ནཱ་དའི་ཚེ་དང་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱག་རྒྱ་མ་རྒྱན་གྱིས་བརྒྱན་པའི་འདོད་ཡོན་ལས་བྱུང་བའི་བདེ་བ་མཐའ་དག་སྒྱུ་མ་ལྟ་བུར་ཤེས་པ་དང་ཕྱག་རྒྱ་བཞི་སྦྱོར་བདེ་ཆེན་རང་བྱུང་གི་ཡེ་ཤེས་སད་པར་མོས་ཤིག །རིག་ཙཀ་བསྟན་ལ། ཧྲཱིཿ ལྷན་སྐྱེས་ཡེ་ཤེས་འབྱུང་བའི་གནས་གཅིག་པུ༔ ཡིད་འོང་སྣ་ཚོགས་གཟུགས་ཅན་འདི་གཏད་པས༔ བདེ་སྟོང་རྣམ་ཀུན་མཆོག་ལྡན་འོད་གསལ་ངང༔ ཟུང་འཇུག་སྒྱུ་མའི་གནས་ལུགས་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ནཨཱ་ཡུར་སིདྡྷི་ཛཿ པྲཛྙཱ་ཛྙཱ་ན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཁྱེད་རང་རྣམས་དང་གཏད་པའི་རིག་མ་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་དུ་གསལ་བ་ལྷའི་འདུ་ཤེས། མཁའ་གསང་རྡོ་རྗེ་པདྨར་བྱིན་གྱིས་བརླབས་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལས་བདེ་བ་ཆེན་པོ་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ་དེ་ལྟར་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པའི་རྐྱེན་གྱིས་ཡས་བབ་དང་མས་བརྟན་གྱི་དགའ་བཞི་རིམ་པར་ཉམས་སུ་མྱོང༌། བདེ་སྟོང་དབྱེར་མེད་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱིས་ཐམས་ཅད་ལ་ཁྱབ་ཅིང་བརྟན་པའི་མོས་པ་མཛོད་ཅིག །སྲིད་ཞིའི་དྭངས་མ་འདུས་པའི་ཚེ་རིལ་འདི་ཉིད་ཡེ་ཤེས་སེམས་དཔའ་སྐུ་ཆུང་ལ་ཡན་ལག་རྫོགས་པའི་གཟུགས་ཀྱིས་ཁའི་སྒོར་བྱོན། སྙིང་དབུས་ཉི་ཟླའི་གྭའུར་བཞུགས་པས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་མོས་ཤིག །ཚེ་རིལ་སྦྱིན་ལ། ཧྲཱིཿ སྲིད་དང་ཞི་བའི་དྭངས་བཅུད་འདུས་པའི་དངོས༔ འཆི་མེད་བདུད་རྩིའི་རིལ་བུ་འདི་བྱིན་པས༔ རྩ་རླུང་ཐིག་ལེའི་སྒྲིབ་གཉིས་ཀུན་ཞི་ནས༔ དགའ་བཞིའི་ཡེ་ཤེས་རྟག་ཏུ་རྒྱས་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿ་བཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེའི་མཐའ་རྟེན་དུ། འབར་འཛག་སྙོམས་འཇུག་འོད་ཟེར་གྱིས༔ ཐུན་མོང་མཆོག་གི་དྭངས་མ་བསྡུ༔ ཞེས་གསུངས་པས་ཡས་བབ་འབར་འཛག་གིས་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་འདི་ལྟར་མཛོད། རང་ཉིད་འཆི་མེད་པདྨ་འབྱུང་གནས་ཡབ་ཡུམ་སྙོམས་པར་འཇུག་པའི་རྗེས་ཆགས་ཀྱི་མེས་ལྟེ་བའི་གཏུམ་མོ་འབར། འཁོར་ལོ་བཞི་བརྒྱུད། སྤྱི་བོའི་ཧྃ་ལ་རེག་པས་ཞུ་བདེའི་ཉམས་རྒྱས། བདུད་རྩིའི་དྭངས་མ་གནས་ནས་གཡོས་ཡས་བབ་ཀྱི་དགའ་བཞིས་ཐོད་ཕྲེང་རིགས་ལྔ་བསྐུལ། ཀུན་ཀྱང་བཟོད་མེད་ཀྱི་བདེ་བས་སྙོམས་པར་ཞུགས་པའི་འོད་ཀྱིས་བརྟན་གཡོ་ཀུན་ལ་ཁྱབ། བདེ་ཆེན་དྭངས་མའི་བཅུད་དུ་ཞུ་བ་རང་གི་སྒོ་གསུམ་ལ་སིབ་ཀྱིས་ཐིམ་པས་རྩ་རླུང་ཐིག་ལེའི་ཁམས་ཉམས་པ་གསོས། རླུང་ཡོ་བ་བསྲངས། འཕོ་མེད་བདེ་བ་ཆེན་པོའི་ལང་ཚོ་ཐོབ། དཀར་དམར་དྭངས་མ་ཐམས་ཅད་མི་ཤིགས་ཐིག་ལེའི་ཀློང་དུ་རྒྱས་བཏབ་པར་བསམ་ལ་དྲག་རླུང་བུམ་པ་ཅན་ལ་གནད་དུ་བསྣུན་པར་མཛོད་ཅིག །ཅེས་བྱས་ལ་དཔོན་སློབ་ཀུན་གྱིས་བུམ་ཅན་བདུན་ནམ་གསུམ་བཟུང་ལ་དམིགས་པ་གཅུན། དེས་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཁ་སྦྱོར་གྱི་བདེ་བ་ལ་བརྟེན་ནས་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ། དག་བྱ་ཡིད་ཀྱི་སྒྲིབ་པ་དག །འཕོ་མེད་བདེ་བ་ཆེན་པོའི་ཡེ་ཤེས་སྒོམ་པ་ལ་དབང༌། འབྲས་བུ་ཐུགས་གཡོ་འཁྲུལ་མེད་པ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །བཞི་པ་ཚིག་དབང་རིན་པོ་ཆེའི་ངོ་སྤྲོད་འབོག་པ་ལ་ཁྱེད་རྣམས་ལུས་གནད་དྲང་པོར་བསྲང་ལ་ལྟ་སྟངས་གནད་དུ་གཅུན་ཏེ་རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་ལ་མིག་གཏད་པས། དབྱིངས་ཀ་དག་སྟོང་པའི་ཡེ་ཤེས་མེ་ལོང་དྭངས་གསལ་ལྟ་བུ་དང༌། རིག་གདངས་འོད་གསལ་ཤེལ་ལས་འཇའ་ཚོན་བྱུང་བ་ལྟར་ལྷུན་གྱིས་གྲུབ་པ། དེ་གཉིས་དབྱེར་མེད་ཟུང་འཇུག་གི་བརྡ་དོན་ཐབས་འདིས་ངོ་སྤྲད་པའི་དོན་གོ་བས་མཉམ་པར་ཞོག་ཅིག །མེ་ལོང་དང་ཤེལ་རྡོ་ཕྱར་ལ། ཧྲཱིཿ ཀ་དག་སྤྲོས་པ་བྲལ་བའི་ཡེ་ཤེས་ལས༔ ལྷུན་གྲུབ་སྣང་བ་རྣམ་བཞིའི་དཀྱིལ་འཁོར་ཤར༔ དབྱིངས་རིག་དབྱེར་མེད་ཆེན་པོས་དབང་བསྐུར་བས༔ ཆོས་ཟད་བློ་འདས་གོ་འཕང་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛཿ ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཧྲཱིཿ ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག་ལ། ཁྱེད་རང་རྣམས་ཀྱི་ལུས་མི་ཤིགས་རྡོ་རྗེའི་གོ་ཆས་གཡོགས། །དྭངས་མའི་རྩ་རླུང་ཐིག་ལེའི་བཅུད་རྣམས་བདེ་ཆེན་འོད་གསལ་གྱི་སྲོག་ཏུ་བསྟིམ། གཉུག་མའི་མི་འགྱུར་རིག་པའི་རང་ངོར་སྐྱེ་ཤིའི་མཚན་མ་གདོད་ནས་མ་གྲུབ་པ་འཆི་མེད་གཉུག་མའི་དོན་ལ་མཉམ་པར་འཇོག་པར་ཞུ། ཨཱཿ སྲིད་ཞི་ཀུན་ཁྱབ་རྡོ་རྗེའི་ཚེ༔ ཐིག་ལེ་ཉག་གཅིག་ཀློང་དུ་ཐིམ༔ སྣང་གྲགས་རིག་གསུམ་ལྷ་དང་སྔགས༔ ཡེ་ཤེས་རོལ་པས་རྒྱས་གདབ་བོ༔ ཀཱ་ཡ་ཝཱཀ་ཙིཏྟ་ཨཱ་ཡུརྫྙཱ་ན་དྷརྨ་དྷཱ་ཏུ་བཛྲ་རཀྵ་བྷྲཱུྃ༔ རྗེས་འབྲེལ་འཆི་མེད་རྡོ་རྗེ་གསུམ་གྱི་དབང་གི་བྱིན་རླབས་བརྟན་པའི་ཕྱིར། བདེ་སྟོང་ཟུང་འཇུག་ཐིག་ལེའི་ངང༔ ལྷན་སྐྱེས་ཕྱག་ཆེན་དོན་ལ་ལྟ༔ སྐྱེ་མེད་ནམ་མཁའི་བཅུད་ལེན་བྱ༔ ཞེས་གསུངས་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་དྭངས་མ་འོད་ཟེར་མཐིང་གསལ་ནམ་མཁའ་གཅིག་ཏུ་གྱུར། དེ་ཉིད་རང་རང་གི་སྣ་བུག་ནས་ཞུགས་དྷུ་ཏིའི་ཡེ་ཤེས་བརྒྱུད་སྙིང་དབུས་རིག་སྟོང་ཡེ་ཤེས་ཆེན་པོའི་ཐིག་ལེར་འདྲེས་པས་སྐྱེ་འཆི་རང་དག་རྡོ་རྗེ་ཡེ་ཤེས་ཀྱི་ཚེ་ཐོབ་པར་མོས་ལ་མཉམ་པར་ཞོག་ཅིག །དེ་དག་ནི་དབང་གཞུང་ལས། སྤྲོ་ན་དབང་བཞི་སོ་སོའི་མཐར༔ རང་རང་ལམ་གྱི་སྲིད་དང་ཞིའི༔ ཚེ་བཅུད་སྡུད་པའི་དམིགས་པ་སྦྱིན༔ ཞེས་པའི་དོན་ནོ། །དེས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བརྡ་དོན་ཐབས་ལ་བརྟེན་ནས། བཞི་པ་ཚིག་གི་དབང་བསྐུར་བས་དག་བྱ་ཤེས་བྱའི་སྒྲིབ་པ་དག །ཟུང་འཇུག་མི་གནས་པའི་ཏིང་འཛིན་བསྒོམ་པ་ལ་དབང༌། འབྲས་བུ་བདེ་ཆེན་ཡེ་ཤེས་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ལྔ་པ་རྡོ་རྗེ་བཞི་ཡི་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་དུ་སྨིན་ཅིང་གྲོལ་བར་བྱེད་པའི་བྱིན་རླབས་དང་དངོས་གྲུབ་ཀྱི་རྒྱུན་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་དུ་སྤེལ་ཞིང་བརྟན་པའི་ཕྱིར་མཐའ་རྟེན་གཏོར་མའི་དབང་བསྐུར་བ་ལ། གཏོར་སྣོད་རིན་ཆེན་འབར་བའི་གཞལ་ཡས་ཁང་འཆི་མེད་པདྨ་དྲྭ་བའི་ཕོ་བྲང་དང་ཐ་དད་མེད་པའི་ནང་དུ། རིགས་ཀུན་ཁྱབ་བདག་གུ་རུ་པདྨ་འབྱུང་གནས་འཆི་མེད་ཚེ་འོད་དཔག་མེད་ཀྱི་རིགས་བདག་དང་བཅས་པ་ལ། གུ་རུ་ཐོད་ཕྲེང་སྡེ་ལྔ། སྤྲུལ་པའི་མཚན་བརྒྱད། བདུད་འཇོམས་དབང་ཆེན་རིགས་བཞི་སྟེ་འཆི་མེད་པདྨ་དྲྭ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་བཅས་སྤྲིན་གཏིབས་པ་ལྟར་བཞུགས་པའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལས་ངོ་བོ་རྡོ་རྗེའི་ཡེ་ཤེས་རྣམ་པ་བདུད་རྩིའི་འོད་ཟེར་དཀར་དམར་མཐིང་གསུམ་གྱི་མདངས་ཅན་འཆར་ཁའི་ཟེར་ཐག་ལྟ་བུ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་སྐྱེ་འཆིའི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། དབང་བཞིའི་ཡེ་ཤེས་རྩོལ་མེད་དུ་སྐྱེས། འཆི་མེད་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་དུ་བསམ་ལ་ཡིད་ཆེས་མོས་གུས་གཅིག་ཏུ་བསྐྱེད་ཅིག །ཅེས་བརྡ་སྦྱར། ཧྲཱིཿ ངོ་བོ་འོད་གསལ་ཆོས་སྐུ་སྣང་མཐའ་ཡས༔ རང་བཞིན་བདེ་སྟོང་ལོངས་སྐུ་ཚེ་དཔག་མེད༔ ཐུགས་རྗེ་འཆི་མེད་པདྨ་ཐོད་ཕྲེང་སོགས༔ རབ་འབྱམས་རྩ་གསུམ་ཚེ་ཡི་ལྷ་ཚོགས་ཀྱིས༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བླ་ཚེ་ཆད་ཉམས་ཡར་བ་རང་སོར་ཆུད༔ སྲིད་དང་ཞི་བའི་ཚེ་བཅུད་དབུ་མར་ཐིམ༔ སྒོ་གསུམ་འཆི་མེད་གཉུག་མའི་སྲོག་འགྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛཿ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་བ་ལིཾ་ཏ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཨཱཿ དེ་དག་གིས་འཆི་མེད་རྡོ་རྗེ་ཚེ་ཡི་དབང་བསྐུར་ཟབ་རྒྱས་ཐུན་མོང་མ་ཡིན་པ་བསྐུར་བས་སྒོ་གསུམ་འཆི་བདག་གི་གཡུལ་ལས་རྒྱལ། སྐྱེ་འཆི་གཞོམ་གཞིག་དང་བྲལ་བའི་བདེ་ཆེན་རྟག་པའི་ལང་ཚོ་ཐོབ་པ་ལ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་གྱི་སྲིད་ཞིའི་དཔལ་འབྱོར་ཕུན་སུམ་ཚོགས་པས་མངའ་གསོལ་ཞིང་ཤིས་པར་བརྗོད་པས་ས་གསུམ་ཀུན་ཏུ་དགེ་བའི་མེ་ཏོག་གི་ཆར་དུ་བསྙིལ་བར་མོས་ཤིག །བཀྲ་ཤིས་རྟགས་བརྒྱད་གཏད་ལ། བཀྲ་ཤིས་ཚོགས་གཉིས་དཔལ་གྱི་ཆུ་གཏེར་ལས། །བཀྲ་ཤིས་མཚན་དཔེའི་ཉི་ཟླ་འཆར་བའི་གཟུགས། །བཀྲ་ཤིས་རྟགས་མཆོག་བརྒྱད་ཀྱིས་མངའ་གསོལ་བས། །བཀྲ་ཤིས་འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག །མངྒ་ལཾ་ཨཥྚ་ཀུ་རུ་ཧོཿ བཀྲ་ཤིས་རྫས་བརྒྱད་གཏད་ལ། དགེ་ལེགས་སྟོབས་བཅུའི་དབང་དང་རྫུ་འཕྲུལ་ཅན། །དགེ་ལེགས་འཇིག་རྟེན་འདྲེན་པར་བྱོན་པའི་ཚེ། །དགེ་ལེགས་རྫས་སུ་བསྔགས་པ་འདི་གཏད་པས། །དགེ་ལེགས་ཚངས་པའི་དབྱངས་སྙན་སྒྲོགས་པར་ཤོག །མངྒ་ལཾ་དྲ་བྱམ་ཀུ་རུ་ཧོཿ རྒྱལ་སྲིད་སྣ་བདུན་གཏད་ལ། ཕུན་ཚོགས་སྡེ་བཞིའི་དཔུང་ལྡན་འཁོར་ལོས་བསྒྱུར། །ཕུན་ཚོགས་ཕྱོགས་ལས་རྣམ་རྒྱལ་མངའ་ཐང་གི །ཕུན་ཚོགས་རིན་ཆེན་བདུན་གྱི་འབྱོར་པ་ཡིས། །ཕུན་ཚོགས་མཁྱེན་བརྩེ་ནུས་ལྡན་ཚེ་ཐོབ་ཤོག །སཔྟ་རཏྣ་ལཀྵིཾ་ཀུ་རུ་ཧོཿ སྐབས་སུ་བབ་པའི་ཤིས་བརྗོད་དང་བཅས་མེ་ཏོག་གིས་ཆར་བསྙིལ་བཞིན་རོལ་མོ་རྒྱུན་རིང་དུ་འཁྲོལ་བས་དགེ་ལེགས་སུ་བྱའོ། །དེ་དག་རྣམས་ཀྱིས་རྩ་གསུམ་འོད་གསལ་སྙིང་ཐིག་གི་འཆི་མེད་ཚེ་ཡི་ཟབ་དབང་ཐུན་མོང་མ་ཡིན་པ་ཐོབ་པའི་དགོས་པ་ཡང༌། དེ་ལྟར་རྩ་གསུམ་ཀུན་འདུས་པ༔ འཆི་མེད་དྲྭ་བའི་དཀྱིལ་འཁོར་དུ༔ སྨིན་བྱེད་དབང་བཞིའི་རིམ་པ་འདིས༔ མཐར་ཐུག་ཡེ་ཤེས་སྙིང་པོར་སྦྱོར༔ གནས་སྐབས་དུས་མིན་འཆི་བ་དང༔ རྩ་རླུང་ཐིག་ལེའི་གེགས་ཀུན་ཞི༔ རྡོ་རྗེ་ཚེ་ལ་དབང་ཐོབ་པའི༔ རིག་པ་འཛིན་པའི་གཟུགས་སུ་འགྱུར༔ ཞེས་གནས་སྐབས་དང་མཐར་ཐུག་གི་དགོས་པའི་ཁྱད་པར་དུ་མ་དང་ལྡན་པར་བསྔགས་པ་དོན་ལ་གནས་པའི་དབང་བསྐུར་རྒྱས་པར་གྲུབ་པ་ལགས་པས། སྔགས་ཀྱི་རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་སྤྱི་དང༌། ཁྱད་པར་རྡོ་རྗེའི་ཚེ་ཡི་འགལ་རྐྱེན་སྲོག་གཅོད། རྟེན་གསུམ་གཞིག་གཞོམ་སོགས་སྤང་བྱ། ཚོགས་གཉིས་ཀྱི་སྒོ་ཁྱད་པར་ཅན་བསགས་པ་སོགས་བསྒྲུབ་བྱའི་རིགས་ལ་བརྩོན་པའི་གཡར་དམ་བཞེས་པ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་བླང༌། གཏང་རག་མཎྜལ་ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྲོལ་སློབ་དཔོན་གྱིས་ཆོ་གའི་རྗེས་རིམ་རྣམས་མཐའ་རྒྱས་སུ་བྱའོ། །གཉིས་པ་ཐུན་མོང་གི་སྨིན་བྱེད་ནི། གདུལ་བྱ་སྤྲོས་པ་ལ་དགའ་ཞིང་ཟབ་ལམ་གྱི་ཉམས་ལེན་མི་ནུས་པ་ལ་རིགས་དབང་ལྔ། རྡོ་རྗེ་གསུམ་གྱི་རྗེས་གནང༌། ཚེ་དབང་བཅས་དང༌། རྐྱེན་སེལ་སོགས་ཀྱི་སྐབས་བུམ་དབང་དང་ཚེ་དབང་ཁོ་ན་ཙམ་བྱ་བ་སྟེ། དེའི་ཚུལ་ལ་ཡང་གཞུང་ལས། གཞན་དུ་ཐུན་མོང་རིགས་ཅན་ལ༔ བུམ་དབང་རྗེས་འབྲེལ་བཅས་པ་དང༔ གོང་མ་རྣམས་ཀྱི་མཐའ་རྟེན་སྦྱར༔ ཞེས་པ་འདིའི་དགོངས་པ་སྟེ། ཕྲིན་ལས་དང་དབང་གི་སྤྱི་ཆིངས་སྔ་མ་ལྟར་ལ། དམིགས་བསལ་གྱི་ཁྱད་པར། སྔོན་འགྲོ་ཕྱི་ནང་གི་ཆོས། སྐྱབས་སེམས། སྡོམ་བཟུང༌། ཡེ་ཤེས་དབབ་བསྟིམ་གྲུབ་པ་དང༌། དེ་ནས་དབང་དངོས་ལ་བུམ་དབང་རྗེས་འབྲེལ་དང་བཅས་པས་དབང་གི་གཞི་འགོད་པ་དང༌། འཆི་མེད་ཚེ་ཡི་དབང་གི་རྡོ་རྗེའི་སྐུ་གསུང་ཐུགས་སུ་སྨིན་པར་བྱེད་པ་དངོས་གཉིས་ལས། དང་པོ་བུམ་དབང་རྗེས་འབྲེལ་དང་བཅས་པའི་དོན་དུ་ཐུགས་དམིགས་འདི་ལྟར་མཛོད། བདག་མདུན་དཀྱིལ་འཁོར་གྱི་ལྷ་ཡི་ཐུགས་ཀ་ནས་སྤྲོས་པའི་རིགས་པའི་ལྷ་མོ་རྣམས་སོགས་ནས་བུམ་དབང་དཀྱུས་ལྟར་ལ། རིགས་དབང་ལྔ་དང་ལྷ་དབང་མཐར། བཟླས་ལུང༌། དེ་ནས་སྒྲར་གྲགས་པ་ཕྱེད་སྣང་ངག་གི་ཁམས་ཀུན་སོགས་དང་ཐུགས་ཀྱི་དགོངས་པ་ངོ་སྤྲོད་བཅས་བྱ། དེ་དག་གིས་བུམ་དབང་ཡན་ལག་དང་བཅས་པས་རྒྱུད་ཡོངས་སུ་དག་པར་བྱས་ནས། དངོས་གཞི་འཆི་མེད་ཚེ་ཡི་དབང་གིས་རྡོ་རྗེའི་སྐུ་གསུང་ཐུགས་སུ་སྨིན་པར་བྱེད་པ་ལ། ཐོག་མར་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་འཚལ། སློབ་དཔོན་འཆི་མེད་པདྨ་འབྱུང་གནས་སོགས་ཚེ་འགུགས། འཁོར་འདས་བརྟན་གཡོའི་དྭངས་བཅུད་གཅིག་ཏུ་འདུས་པའི་སོགས་ཀྱིས་ཚེ་ཆང༌། སྲིད་ཞིའི་དྭངས་མ་འདུས་པའི་ཚེ་རིལ་སོགས་ཚེ་རིལ། ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག་ལ། ཁྱེད་རང་རྣམས་ཀྱི་ལུས་མི་ཤིགས་རྡོ་རྗེའི་གོ་ཆ་སོགས་ཀྱི་རྒྱས་གདབ། དེ་དག་གིས་འཆི་མེད་རྡོ་རྗེ་ཚེ་ཡི་དབང་བསྐུར་བགྱིས་པས་སྒོ་གསུམ་འཆི་བདག་གི་གཡུལ་ལས་རྒྱལ། སྐྱེ་འཆི་གཞོམ་གཞིག་དང་བྲལ་བ་སོགས་ཀྱིས་མཚམས་སྦྱར་ནས་ཤིས་པའི་རྫས་ཀྱིས་མངའ་གསོལ། ཤིས་པ་བརྗོད། དམ་ཚིག་ཁས་བླང་སོགས་དབང་སྔ་མ་བཞིན་བགྱིས་པས་གྲུབ་པའོ། །སྐྱེ་འཆི་འཕོ་འཇིྃགས་ཀུན་བྲལྃ་བའི། །མཁྱེནྃ་བརྩེྃའི་ཡེ་ཤེས་དཀྱིལ་འཁོར་གཟུགས། །འཆི་མེད་ལང་ཚོའི་གཟི་འོདྃ་ཟེརྃ། །བཀྲྃ་ཤིསྃ་རྟག་པའི་དཔྃལ་གྱིས་འབྱོྃར། །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཚེྃ་སྒྲུབྃ་འཆིྃ་མེདྃ་དྲྭྃ་བྃའི་དབང་བཞི་ཡེ་ཤེས་སྙིང་པོ་ཐུན་མིན་ཐུན་མོང་བཅས་བཀླག་ཆོག་འཆི་མེད་རྡོ་རྗེའི་སྲོག་འཚོའི་ལེ་ཚན་བཞི་པ་མི་ཤིགས་ཚེ་དབང་གྲུབ་པའི་རྡོ་རྗེས་སྦྱར་བའོ། ༈ རྡོྃ་རྗེྃའི་ཡེ་ཤེས་རྣམ་པ་ཐམས་ཅད་སྤྲིན། །དོན་གཉིས་ལྷུན་གྲུབ་དཀྱིལ་འཁོར་འཁོར་ལོའི་མགོན། །མཆོག་གི་ཡེ་ཤེས་གཟིྃ་བརྗིྃད་རབ་འབར་རྩྃལ། །བུདྡྷ་ཐོད་ཕྲེང་རྒྱལ་བར་རྟག་པར་གུས། །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བའི་ཡན་ལག །ཐམས་ཅད་ལྷུན་གྲུབ་མཆོག་གི་ལས་མཛད་བུདྡྷ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་ཀྱི་དབང་བསྐུར་འབོག་པ་ལ། མཎྜལ་ཚོམ་བུ་ཕྱོགས་བཞི་དབུས་དང་ལྔ། དེ་རྒྱབ་བཞི་བཀོད་པའི་སྟེང་འཕྲུལ་སྟེགས་འོག་ཏུ་རྣམ་རྒྱལ་བུམ་པ་བཅུད་ལྡན། སྟེང་དུ་བྷནྡྷ་ཁ་སྦྱོར་ནང་ཚུལ་བཞིན་བསྒྲུབས་པའི་ཨ་མྲྀ་ཏས་བཀང་བ་དར་སྣ་ལྔས་གཡོགས་ཤིང་དབུ་རྒྱན་དང༌། གཡས་གཡོན་དུ་རྡོར་དྲིལ་བཅིངས་པའི་སྨན་གྱི་ཕོ་བྲང་དང༌། སྔགས་ཕྲེང༌། མེ་ལོང༌། དཔལ་གྱི་གཏོར་མ་དར་གདུགས་ཅན་རྣམས་མཆོད་པས་བསྐོར་ལ། བརྒྱུད་འདེབས། སྐྱབས་སེམས་ནས་བརྩམས་མཆོད་པ་བྱིན་རླབས་བར་ཕྱི་སྒྲུབ་འཕྲུལ་དྲྭ་བ་ལྟར་ལ། དངོས་གཞིའི་ལྷ་བསྐྱེད་ལ། ཧཱུྃ༔ དེ་བཞིན་ཉིད་དབྱིངས་དམིགས་མེད་སྙིང་རྗེའི་ཚུལ་ནས་བཟླས་པའི་བར་སྒོས་སྒྲུབ་ལྟར་དང༌། བསྙེན་པའི་མགོར་ཛཔ྄་ཁང་ཀྱང་དབྱེ། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པའི་མཐར། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་བུདྡྷ་ཐོད་ཕྲེང་རྩལ། ཕྱོགས་བཞིར་དབང་ཆེན་རིགས་བཞི་སྒོ་སྐྱོང་དཔའ་བོ་ཡབ་ཡུམ་བཅས་མ་འདྲེས་གསལ་རྫོགས་སུ་ཤར་བའི་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན་བབ་པས་བུམ་པ་གང་བར་གྱུར། ཞེས་དམིགས་ལ་གཟུངས་ཐག་ནས་བཟུང་སྟེ་བསྙེན་སྒྲུབ་ལས་གསུམ་ཁྱུག་ཙམ་བཟླ། མཆོག་སྒྲུབ་བདུད་རྩིའི་དཀྱིལ་འཁོར་ལ་དམིགས་ཏེ། ཨཱཿ སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང༔ ཆོས་ཀྱི་དབྱིངས་མཉམ་ཡེ་ཤེས་ཀ་པཱ་ལར༔ བདུད་རྩིའི་རྒྱ་མཚོ་ཞུ་ཞིང་ཁོལ་བའི་དབུས༔ སྣ་ཚོགས་པདྨ་འདབ་བཞིའི་ལྟེ་བ་རུ༔ གླང་པོས་བཏེགས་པའི་རིན་ཆེན་མཛེས་ཁྲི་དང༔ ཐབས་ཤེས་ཟུང་འཇུག་ཉི་ཟླའི་གདན་གྱི་སྟེང༔ ཨོཾ་ཡིག་ཡོངས་གྱུར་བུདྡྷ་ཐོད་ཕྲེང་རྩལ༔ སྐུ་མདོག་དཀར་གསལ་ཞི་འཛུམ་སྒེག་པའི་ཉམས༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་གཟི་འོད་འབར༔ ཕྱག་གཡས་འཁོར་ལོ་དཀར་པོ་ཐུགས་ཀར་གཏོད༔ གཡོན་པས་འཁོར་ལོས་ཡུ་བ་བྱས་པ་ཡི༔ རིགས་ཀྱི་དྲིལ་བུ་དཀུར་བརྟེན་ཡུམ་ལ་འཁྱུད༔ རུས་པའི་ཕྱག་རྒྱ་དྲུག་གིས་རབ་ཏུ་སྤྲས༔ དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ ཡུམ་མཆོག་འཁོར་ལོ་དྲིལ་བུ་བསྣམས་པས་འཁྲིལ༔ རིག་འཛིན་བླ་མ་བྱེ་བའི་སྤྲིན་ཕུང་འཕྲོ༔ འདབ་བཞིར་དབང་ཆེན་རྟ་མཆོག་རིགས་བཞི་ལས༔ རབ་འབྱམས་ཡི་དམ་ཞི་ཁྲོའི་ཕྱག་རྒྱ་ཤར༔ ཕྱོགས་བཞིར་རིག་འཛིན་དཔའ་བོ་ཡབ་ཡུམ་ལ༔ གནས་གསུམ་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེས་རྒྱས་གདབ་ཅིང༔ ཡེ་ཤེས་དབང་བསྐུར་རིགས་ཀྱི་ཅོད་པན་འཆང༔ ཐུགས་ཀའི་འོད་ཀྱིས་ལྷ་ཚོགས་སྤྱན་དྲངས་གྱུར༔ ཧཱུྃ་ཧྲཱིཿ རང་རིག་ལྷུན་མཉམ་མཐའ་དབུས་མེད་པའི་དཀྱིལ༔ ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ་འཆང་བ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་སྐུར་སྟོན་པ༔ རྩལ་སྣང་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་ཝ་དྷཱ་ཀི་ནཱི་སརྦ་ཛྙཱ་ན་མཎྜལ་བཛྲ་ས་མ་ཡ་ཛཿ ཧཱུྃ་ཧྲཱིཿ རང་སྣང་དམ་ཚིག་སེམས་དཔའི་དཀྱིལ་འཁོར་དུ༔ རིག་རྩལ་དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ༔ གཉིས་མེད་བརྟན་བཞུགས་དབང་དང་དངོས་གྲུབ་སྩོལ༔ བཛྲ་ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱིཿ རིག་སྟོང་གདོད་ནས་སྐྱེ་མེད་ཆོས་སྐུའི་དབྱིངས༔ ཡེ་ཤེས་རང་རྩལ་གཟུགས་སྐུའི་རྣམ་པར་ཤར༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ མི་ཕྱེད་གུས་པས་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་མངོན་སྤྲུལ་པའི༔ ཕྱི་ནང་གསང་བ་རྨད་བྱུང་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་ཕྱིར་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས། རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་སུ་ཁ་ཛྙཱ་ན་པཱུ་ཛ་ཧོཿ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་ཆོས་སྐུའི་ངང་ཉིད་ལས༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྤྲིན་ཕུང་འཕྲོ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་ལྷ་ཚོགས་ལ༔ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ༔ སྨན་གྱི་ཕོ་བྲང་ལ་གཟུངས་ཐག་བཏགས་པ་བླངས་ལ། རང་གི་ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ ཐུགས་དམ་རྒྱུད་བསྐུལ་ལྷ་ཚོགས་སྙོམས་པར་ཞུགས༔ བདེ་བའི་སྒྲ་དང་ཡེ་ཤེས་འོད་སྣང་གིས༔ འཁོར་འདས་བཅུད་དང་དྭངས་མ་དགེ་མཚན་དང༔ ཁྱད་པར་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ བདེ་ཆེན་ཡེ་ཤེས་བདུད་རྩིའི་རྣམ་པར་བསྡུས༔ རྫས་ལ་ཐིམ་པས་མཐོང་ཚོར་མྱོང་རེག་ཀུན༔ རྣམ་པར་གྲོལ་བའི་ཡེ་ཤེས་གཟི་བྱིན་འབར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་སྒྲུབ་སྔགས་དང༌། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿ་ཨཱཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་བཏགས་པ་འདི་ནི་ལེགས་པའི་ཡན་ལག་ཏུ་སེམས་པས་འདིར་མདོར་བསྡུས་སུ་འཇུག་བདེར་བྲིས་པ་ཡིན། ལས་བུམ་སྒྲུབ་པ་སོགས་བྱིན་རླབས་བརྡ་ཡི་དབང་བཞི་ལྟར་བྱ། མཆོད་བསྟོད། ཡིག་བརྒྱ། ཨོཾ་ཨཱཿཧཱུྃ་གིས། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་པ་དང་མྱོང་གྲོལ་བདུད་རྩིའི་དཀྱིལ་འཁོར་གྱི་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་ཡེ་ཤེས་བདེ་བ་ཆེན་པོའི་བདུད་རྩིའི་བདག་ཉིད་དུ་གྱུར། དེ་ནས་རིག་པའི་མེ་ཏོག་དོར་བ་དང་ཚོགས་མཆོད་སོགས་སྤྱི་ལྟར་གྲུབ་པ་དང༌། སློབ་མ་རྣམས་ལ་ཁྲུས་དང་བགེགས་བསྐྲད། སྲུང་འཁོར་བཅས་གྲུབ་པ་དང༌། སྐབས་སུ་བབ་པའི་ལོ་རྒྱུས། དེ་ལ་འདིར་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཉིད་ཆོས་སྐུའི་སངས་རྒྱས་ཐམས་ཅད་ཀྱི་དགོངས་ཀློང་གཅིག་ཏུ་འཁྱིལ་བའི་བདག་ཉིད་ཆེན་པོ་པདྨ་ཀུན་ཏུ་འཆང༌། ལོངས་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་སྐུ་དང་ཡེ་ཤེས་རྒྱ་མཚོའི་སྤྲོ་བསྡུའི་བྱེད་པོར་དབང་བསྐུར་བ་གཟི་བརྗིད་ཚེ་འོད་དཔག་མེད། སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་དམུ་རྒོད་གདུལ་དཀའ་ཉོན་མོངས་རགས་ཤིང་སྡུག་བསྔལ་ཆེ་བའི་ཡིད་ཅན་འདུལ་བའི་སྙིང་རྗེ་དང་ཐུགས་བསྐྱེད་སྨོན་ལམ་གྱི་གོ་ཆ་ལ་སངས་རྒྱས་ཀུན་ལས་ཁྱད་པར་འཕགས་པ་སྟོན་པ་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོ་ཉིད་སླར་ཡང་སྔགས་ཀྱི་སྟོན་པ་རྡོ་རྗེ་སློབ་དཔོན་གྱི་སྐུར་བཞེངས་པ་པདྨ་འབྱུང་གནས་ཏེ། རྒྱལ་བའི་རྣམ་འཕྲུལ་དང་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་སྤྲུལ་གཞི་ནུབ་ཕྱོགས་བདེ་ལྡན་ཞིང་དུ་བཀྲ་ཤིས་འོ་མའི་རྒྱ་མཚོར་གུ་རུ་ཉིད་ཀྱི་ཐུགས་ཡེ་ཤེས་ལྔ་ཡི་རང་མདངས། གུ་རུ་ཐོད་ཕྲེང་སྡེ་ལྔའི་བཀོད་པས་ཞི་རྒྱས་དབང་དྲག་མཆོག་གི་ཕྲིན་ལས་མཐར་ཕྱིན་པར་མཛད་པ་ལས། འདིར་དོན་གཉིས་ཐམས་ཅད་འབད་མེད་ལྷུན་གྲུབ་མཆོག་གི་ལས་མཛད་བུདྡྷ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་ གཞན་རྣམས་ལ། ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང༌། རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང༌། དབང་གི་ལས་མཛད་པདྨ་ཐོད་ཕྲེང༌། དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་ཅེས་ཁ་བསྒྱུར། མཆན། རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྡེ་ལས་བྱོན་པའི་དབང་བསྐུར་བགྱི་བ་སྟེ། དེ་ཡང་བསྒྲུབ་བྱ་ལྷའི་རིགས་དང་ངོ་བོ། སྒྲུབ་བྱེད་ལྷ་སྔགས་ཏིང་འཛིན་གྱི་ཁྱད་པར། སྒྲུབ་པ་པོ་གདུལ་བྱ་སོ་སོའི་ཁམས་དབང་བསམ་པ་མོས་པའི་རྗེས་སུ་འགྲོ་བའི་མཆོག་ཐུན་གྱི་དངོས་གྲུབ་ཇི་ལྟར་འདོད་པ་ཡིད་བཞིན་སྒྲུབ་ནུས་པས་ན་འཇམ་དཔལ་དཔའ་བོ་གཅིག་སྒྲུབ་ལས། སྔགས་པས་ཡིད་བཞིན་ནོར་བུ་ལྟར། །འབད་དེ་ཁོ་ན་དོན་བྱེད་དོ། །ཞེས་གསུངས་པ་བཞིན་ལ་དེའི་གནད་ཀྱང་སྔགས་ལ་ཞུགས་པའི་སྐྱེས་བུ་དེས་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་གསུམ་གྱི་བྱ་བྱེད་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་སྒོ་འབའ་ཞིག་སྒྲུབ་བྱེད་ཡིན་པའི་ཐབས་སྟོབས་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་སྐད་ཅིག་གིས་ཡོངས་སུ་རྫོགས་པར་འགྱུར་ལ། ཁྱད་པར་རྡོ་རྗེ་ཐེག་པའི་མྱུར་ལམ་ནི་རྫས་སྔགས་ཏིང་འཛིན་གྱི་ནུས་པ་ཐམས་ཅད་དཔུང་བསྒྲིལ་བའི་མན་ངག་གི་མྱུར་ལམ་ཁྱད་པར་ཅན་ཡིན་པའི་དབང་གིས་བསྐྱེད་རྫོགས་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པས་དམིགས་པ་གཏད་པ་ཙམ་གྱིས་ལས་རབ་འབྱམས་བདེ་བླག་ཏུ་སྒྲུབ་ནུས་ཤིང༌། དེ་ཙམ་དུ་མ་ཟད་ལྷ་སྔགས་དབྱེར་མེད་ལ་སོམ་ཉི་མེད་པའི་དད་པ་བརྟན་པོ་ཁོ་ནས་རྩེ་གཅིག་ཏུ་བསྒྲུབས་ཀྱང་གྲུབ་འབྲས་མངོན་དུ་འབྱིན་ནུས་པ་ལ་ནམ་ཡང་བསླུ་བ་མེད་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ཆོས་མཚུངས་པས་བཀའ་གཏེར་མན་ངག་རྣམས་ལས། ལས་ཀྱི་ཚོགས་རབ་འབྱམས་སྒྲུབ་པའི་སྔགས་ཕྱག་རྒྱ་ཏིང་འཛིན་གྱི་སྒོ་དུ་མ་གསུངས་ཤིང༌། དེ་ཐམས་ཅད་ཀྱང་ཞི་རྒྱས་དབང་དྲག་མཆོག་གི་ལས་དང་ལྔར་འདུས་ཤིང༌། དེ་ལའང་ཐུན་མོང་དང་ཁྱད་པར་གྱི་སྒྲུབ་ཚུལ་གཉིས། ཚར་གཅོད་དང་རྗེས་འཛིན་གྱི་ཡན་ལག་གཉིས། ཕྱི་ཡི་རྫས། ནང་གི་ལུས་ངག་ཡིད་གསུམ་ལ་བརྟེན་པའི་དབྱེ་བ་དུ་མ་ཡོད་པ་ལས། དོན་དུ་སྙིང་རྗེ་ཆེན་པོས་ཀུན་སློང་གི་རྒྱུ་བྱས་ནས། ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་སྔགས་ཀྱི་དགོངས་སྤྱོད་དང་ལྡན་པས་ལས་རྩོམ་པ་ནི་མཆོག་ཐུན་གྱི་དངོས་གྲུབ་མྱུར་བར་སྒྲུབ་བྱེད་དུ་ཆེས་ཟབ་པས་རིག་པ་འཛིན་པ་རྣམས་ཀྱིས་གཅིག་ཏུ་སྒྲུབ་དགོས་པ་སྟེ། ལས་ཀྱི་ཚོགས་དེ་དག་ལའང་ཐུན་མོང་དང་ཁྱད་པར་གྱི་ལས་གཉིས་ལས། སྔགས་ཀྱི་ལས་རབ་འབྱམས་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་པའི་བསྒྲུབ་བྱ་ཁྱད་པར་ཅན་མཆོག་གི་དངོས་གྲུབ་སྟེ། དེ་སྒྲུབ་པ་ལའང་ཆོས་ཀུན་སེམས་ཉིད་གཉུག་མ་ཕྱག་རྒྱ་ཆེན་པོའི་འཁོར་ལོས་རྒྱས་ཐེབས་པའི་དོན་གནས་སྣང་གཉིས་ཀ་ལ་འཆར་བའི་རིག་རྩལ་གྱི་དབང་ཐོབ་པས་ལས་འདོད་དགུ་བསམ་པ་ཙམ་གྱིས་སྒྲུབ་ནུས་པ་རིག་འཛིན་ཤྲཱི་སེང་ཧ་གུ་རུ་རིན་པོ་ཆེ་སོགས་འཕགས་བོད་ཀྱི་གྲུབ་པའི་སྐྱེས་མཆོག་རྣམས་ལྟ་བུ་ཡིན་ཞིང༌། དེ་དང་རྗེས་མཐུན་གྱི་ཏིང་འཛིན་དང་བདུད་རྩི་སྨན་དང་སྐྱེ་བདུན་སོགས་རྫས། ཕྱག་རྒྱ་པདྨ་ཅན་སོགས་གྲོགས། ཀུན་བཟང་ཡབ་ཡུམ་གྱི་དགོངས་པ། སངས་རྒྱས་དང་བྱང་ཆུབ་སེམས་ཀྱི་མཚན་དང་གཟུངས་སྔགས་ལ་བརྟེན་པས་རང་རང་གི་སྐལ་པ་དང་འཚམ་པར་སྒྲུབ་ནུས་ཤིང༌། ཁྱད་པར་བླ་མའི་མོས་གུས་ལམ་བྱེད་འདི་ནི་མཆོག་གི་དངོས་གྲུབ་སྒྲུབ་པའི་ཉེ་རྒྱུ་མདོ་སྔགས་གསར་རྙིང་མཁས་གྲུབ་ཀུན་གྱི་ཡང་ཡང་བསྔགས་ཤིང་ཚད་མས་གྲུབ་པ་ལྟར་རྩ་གསུམ་ཀུན་འདུས་གུ་རུ་རིན་པོ་ཆེ་བུདྡྷ་ཐོད་ཕྲེང་ལ་བརྟེན་ནས་མཆོག་དངོས་སྒྲུབ་པ་ནི་ཆེས་ཟབ་པའི་མཐར་ཐུག་ཏུ་ངེས་ཤིང༌། དེ་ལ་ཡང་དབང་བསྐུར་སྔོན་དུ་འགྲོ་དགོས་པ་མ་ཟད་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ལས་དབང་ཐོབ་པ་ཙམ་གྱིས་འདོད་པའི་ལས་སྒྲུབ་པར་ནུས་པས་ན། ལས་རབ་འབྱམས་སྒྲུབ་པའི་རྗེས་གནང་ཞར་བྱུང་ཙམ་མ་ཡིན་པར་དམིགས་བསལ་གྱི་ལས་བཞི་ཀ་མཆོག་དང་ལྔ་སྒྲུབ་རུང་བའི་ལྔ་སྔགས་ཏིང་འཛིན་གྱི་དབང་བསྐུར་ཁྱད་པར་ཅན་འདི་ལྟ་བུ་ནི་སྔོན་ཆད་མ་བྱུང་བའི་གསང་བ་རྨད་དུ་བྱུང་བ་ཉིད་དེ། གུ་རུ་ཉིད་ཀྱི་ཞལ་ནས། དུས་གསུམ་སངས་རྒྱས་ཀུན་གྱི་ནི༔ ཐུགས་རྗེའི་རང་བཞིན་མཁྱེན་བརྩེའི་སྒོ༔ བྱིན་རླབས་འགྲོ་ལ་འཇུག་པའི་ཕྱིར༔ ཕྲིན་ལས་གནང་ངོ་ཅོག་གི་གཞི༔ སྨིན་བྱེད་དབང་འདི་ཆེད་དུ་བསྔགས༔ ཞེས་གསུངས་པའི་སྨིན་བྱེད་ཟབ་མོ་ཞུ་བའི་དོན་དུ་མཎྜལ་ཕུལ། བླ་མ་དང་འདོད་དགུ་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་མཛད་བུདྡྷ་ཐོད་ཕྲེང་ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་སོགས་སོ་སོའི་སྐབས་ཐོབ་བསྒྱུར། མཆན། ཐ་མི་དད་པའི་སྤྱན་སྔར་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧོཿ དཀྱིལ་འཁོར་གཙོ་བོ་རིགས་ཀུན་བདག༔ ཐུགས་རྗེའི་གཏེར་ཆེན་སློབ་དཔོན་གྱིས༔ ལྷུན་གྲུབ་བུདྡྷ་ཐོད་ཕྲེང་ ཞི་མཛད་བཛྲ་ཐོད་ཕྲེང་སོགས་རིགས་སོ་སོར་ཁ་བསྒྱུར། མཆན། གི༔ སྨིན་གྲོལ་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། སྐྱབས་སེམས་ཚོགས་བསགས། སྡོམ་བཟུང་བཅས་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བའི་དབང་རྒྱས་པའི་སྐབས་ལྟར་བྱ། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་ལ་སྒོ་གསུམ་གྱི་གནད་བཅུན་ཏེ་ཐུགས་དམིགས་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་སྣོད་བཅུད་ཐ་མལ་གྱི་སྣང་ཞེན་དབྱིངས་སུ་སྦྱངས། སྟོང་པའི་ངང་ལས་ཆོས་དབྱིངས་ལྷུན་རྫོགས་བདེ་ཆེན་སྟུག་པོ་བཀོད་པའི་ཞིང་ཁམས་ཕུན་སུམ་ཚོགས་པའི་དབུས་སུ་གླང་པོས་ སེང་གེ། རྟ་མཆོག །རྨ་བྱ། ཤང་ཤང་གིས་བཏེགས་པའི་རིན་པོ་ཆེའི་ཁྲི་ཞེས་བསྒྱུར། མཆན། བཏེགས་པའི་རིན་པོ་ཆེའི་ཁྲི་དང་པད་ཟླའི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་ཨོཾ་ཡིག་ ཧཱུྃ། ཏྲཱྃ། ཧྲཱིཿ ཨཱཿ ཞེས་ས་བོན་ལྔ་སོ་སོར་བསྒྱུར། མཆན། ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡི་བདག་ཉིད་མ་ཧཱ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་སྐུ་མདོག་དཀར་གསལ་མཆོག་ཏུ་ཞི་ཞིང་འཛུམ་ཁྲོ། སེར་གསལ་མཚན་དཔེའི་གཟི་བརྗིད་རྒྱས་པ་འཛུམ་ཁྲོ། དམར་གསལ་གཞོན་ཆགས་ལང་ཚོས་དགྱེས་འཛུམ་ཁྲོ། ལྗང་གསལ་རྔམས་ཤིང་ཁྲོས་པའི་ཉམས་བསྒྱུར། མཆན། སྒེག་པའི་ཉམས་འགྱུར་ཅན་གྱི་མཚན་དཔེ་རབ་ཏུ་རྒྱས་པ། ཞལ་གཅིག་སྤྱན་གསུམ་ཕྱག་གཡས་པས་འཁོར་ལོ་དཀར་པོ་ཐུགས་ཀར་གཏོད་ཅིང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་ རྡོ་རྗེ། རིན་ཆེན། པདྨ། སྣ་ཚོགས་རྡོ་རྗེ་སོ་སོར་བསྒྱུར། མཆན། འཛིན་ཏེ་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེའི་རྒྱན་ཆས་ཡོངས་སུ་རྫོགས་པའི་ཡུམ་དབྱིངས་ཕྱུག་མ་དཀར་མོ་ ཡུམ་མཱ་མ་ཀི་སྔོན་མོ། སྤྱན་མ་སེར་མོ། གོས་དཀར་དམར་མོ། དམ་ཚིག་སྒྲོལ་མ་ལྗང་གུ། ཞེས་འདི་ཡང་རིགས་སོ་སོར་ཁ་བསྒྱུར། མཆན། འཁོར་ལོ་དང་དྲིལ་བུ་ རྡོ་རྗེ། རིན་ཆེན། པདྨ། སྣ་ཚོགས་རྡོ་རྗེ་སོ་སོར་བསྒྱུར། མཆན། འཛིན་པ་དང་གཉིས་མེད་དུ་མཉམ་པར་སྦྱོར་བའི་ཡེ་ཤེས་བདེ་བ་ཆེན་པོའི་གཟི་འོད་ཉི་མ་འབུམ་ལྟར་རྒྱས་པའི་ཀློང་དུ་མཆོག་གི་ལས་མཛད་རྩ་གསུམ་རབ་འབྱམས་སྤྲོ་བསྡུའི་སྒྱུ་འཕྲུལ་བསམ་མི་ཁྱབ་པའི་བདག་ཉིད་ཆེན་པོར་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེས་མཚན་པ་དང༌། སློབ་དཔོན་དཀྱིལ་འཁོར་གྱི་མངའ་བདག་མ་ཧཱ་གུ་རུ་བུདྡྷ་ཐོད་ཕྲེང་ རྡོ་རྗེ། རིན་ཆེན། པདྨ། ཀརྨ་ཐོད་ཕྲེང་ཞེས་བསྒྱུར། མཆན། དངོས་སུ་གསལ་བའི་མོས་གུས་དྲག་ཏུ་བསྐྱེད་པས། བླ་མའི་ཐུགས་ཀ་ནས་རྡོ་རྗེའི་ཡེ་ཤེས་འགུགས་པའི་འོད་ཟེར་ལྕགས་ཀྱུའི་རྡུལ་ཕྲན་གྲངས་མེད་པ་ཤར་གྱིས་འཕྲོས། ཆོས་དབྱིངས་རྒྱས་པར་བཀང་བའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་རྣམས་དང༌། ཁྱད་པར་ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་སྒྱུ་འཕྲུལ་བཀོད་པའི་རོལ་མོ་བསམ་མི་ཁྱབ་པར་སྣང་བའི་བླ་མ་སྐུ་གསུམ་གྱི་ལྷ་ཚོགས་རྣམས་ལ་ཕོག །ཐུགས་དམ་ཆེན་པོའི་དགོངས་པ་བསྐུལ། ཐུགས་རྗེ་ཆེན་པོའི་རྩལ་བསྐྱེད་དེ་སྐད་ཅིག་གིས་ནམ་མཁའི་ཁྱོན་གང་བར་སྤྱན་དྲངས་ནས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་ངེས་ཤེས་བསྐྱེད་ཅིག །ཡེ་ཤེས་འབེབས་རྫས་སྤོས་དང་ཐོད་རྔའི་དབྱངས་སྙན་རོལ་མོ་གདུང་ཤུགས་ཀྱི་བསྐུལ་ལ་ལས་བྱང་གི་སྤྱན་འདྲེན་མཐར། ཨོཾ་ཨཱཿཧཱུྃ་བུདྡྷ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དྲག་ཏུ་བརྗོད་པས་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་དབང་དངོས་ལ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དབང་བསྐུར་སྤྱི་དང༌། བྱེ་བྲག་ལས་བཞི་མཆོག་དང་ལྔ་སོ་སོའི་དབང་བསྐུར་བ་གཉིས་ལས། དང་པོ་ནི། ཐོག་མར་སྣོད་བཅུད་ཐ་མལ་གྱི་ཞེན་རྟོག་སྦྱངས་ཕྱིར་སྐུ་བུམ་པའི་དབང་བསྐུར་བ་ལ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་ནམ་མཁའི་དབྱིངས་སུ་ཏིལ་གྱི་གོང་བུ་ལྟར་སད་པའི་རྒྱལ་བ་སྲས་དང་བཅས་པས་རྣམ་པ་ཐམས་ཅད་དང་ལྡན་པའི་ཆོ་འཕྲུལ་ཆེན་པོས་རིན་པོ་ཆེའི་བུམ་པ་རྡོ་རྗེ་བདུད་རྩིའི་ཆུས་གང་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐོགས་ཏེ་གཏོར་བླུགས་ཀྱི་ཕྲིན་ལས་མཐར་ཕྱིན་པར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། ཨོཾ༔ བུམ་པ་བཟང་པོ་ཡོན་ཏན་ཀུན་གྱི་གཏེར༔ ལྷ་ཚོགས་འོད་ཞུ་བདུད་རྩིའི་བཅུད་ཀྱིས་གཏམས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བུདྡྷ་ བཛྲ། རཏྣ། པདྨ། ཀརྨ་ཐོད་ཕྲེང་སྐུ་ཡི་དབང་ཐོབ་ཤོག །མཆན། ཐོད་ཕྲེང་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་ བཛྲ་རྩལ། རཏྣ། པདྨ། ཀརྨ་ཐོད་ཕྲེང་རྩལ། མཆན། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་དབང་བསྐུར་བས་བུམ་པའི་ཆུས་ལུས་ཐམས་ཅད་གང༌། ལས་དང་ཉོན་མོངས་པའི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་ རིགས་སོ་སོ་ལ། མི་བསྐྱོད་པ། རིན་ཆེན་འབྱུང་ལྡན། སྣང་བ་མཐའ་ཡས། དོན་ཡོད་གྲུབ་པས་དབུ་བརྒྱན། མཆན། ཀྱིས་དབུར་བརྒྱན་པར་གྱུར། དེ་ལྟར་བུམ་པའི་དབང་བསྐུར་བས་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་གདན་གསུམ་སྒྱུ་འཕྲུལ་དྲྭ་བའི་ལྷ་ཚོགས་གདོད་ནས་ཡིན་པ་ལ་ཡིན་པར་ངོ་ཤེས་པས་གསལ་བརྟན་དག་གསུམ་གྱི་སྣང་སྟོང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གོམས་པར་བྱོས་ལ་སྣང་བ་ཐམས་ཅད་ལྷ་སྐུ་ཕྱག་རྒྱའི་རིམ་པས་གདུལ་བྱའི་མོས་པ་དང་མཐུན་པར་དོན་གྱིས་ཤིག །དེ་ནས་ངག་ཐ་མལ་དུ་ཞེན་པ་སྦྱང་ཕྱིར་གསུང་བཟླས་པའི་ལུང་སྦྱིན་པ་ལ། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་གཉིས་སུ་མེད་པའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས། ཞལ་ནས་བྱུང༌། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་དྭངས་མའི་ས་བོན་གྱི་མཐར་ཕྲེང་བ་ལྟར་འཁོད། འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ་པར་མོས་ལ་བསྙེན་པའི་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་ བཛྲ། རཏྣ། པདྨ། ཀརྨ་ཐོད་ཕྲེང་རྩལ་སོ་སོར་བསྒྱུར། མཆན། སརྦ་སིདྡྷི་ཧཱུྃ༔ ལན་གསུམ། སླར་ཡང་འོད་ཟེར་སྤྲོ་བསྡུས་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་རོལ་པར་ཤར་བས་དོན་གཉིས་སྒྲུབ་པར་མོས་ལ། སྒྲུབ་པའི་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་ རིགས་སོ་སོའི་སྐབས་ཐོབ་བསྒྱུར། མཆན། བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ལན་གསུམ། སླར་ཡང་དཀྱིལ་འཁོར་གྱི་ལྷ་ཡི་ཐུགས་སྲོག་སྔགས་ལས་བྱུང་བའི་འོད་ཟེར་ལྔ་ལྡན་འཇའ་ཚོན་ལྟ་བུས་སྣོད་བཅུད་ཕྱི་ནང་ཀུན་ཏུ་ཁྱབ་པས་སྒྲིབ་གཉིས་གཟུང་འཛིན་ རིགས་སོ་སོ་ལ། འཇིགས་པ་བརྒྱད་སོགས་མི་མཐུན་ཀུན་ཞི་བའི། འབྱོར་པ་དྲུག་སོགས་ཡོན་ཏན་གྱི་དཔལ་ཐམས་ཅད་རྒྱས་པའི། ཁམས་གསུམ་བརྟན་གཡོའི་ལེགས་ཚོགས་མ་ལུས་པ་དབང་དུ་འདུས་པའི། དགྲ་བགེགས་བདུད་བཞི་ཚར་གཅོད་པ་དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་སོགས་བསྒྱུར། མཆན། ཞི། ཉམས་རྟོགས་ཡེ་ཤེས་རྒྱས། རླུང་སེམས་དབང་དུ་འདུས། གཟུང་འཛིན་བདུད་བཞི་སྒྲོལ་བའི་མཆོག་གི་ཕྲིན་ལས་ལྷུན་གྱིས་གྲུབ་པས་དོན་གཉིས་རྫོགས་པར་མོས་ལ་ལས་སྦྱོར་གྱི་སྔགས་འདིའི་རྗེས་ཟློས་མཛོད། སྒྲུབ་སྔགས་ཤམ་བུར། ཨོཾ་སརྦ་ཀརྨ་ཛྙཱ་ན་སིདྡྷི་ཧཱུྃ༔ ཧཱུྃ་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཏྲཱྃ་སརྦ་པུཥྚིཾ་ཀུ་རུ་ཨོཾ༔ ཧྲཱིཿསརྦ་ཝཱ་ཤཾ་ཀུ་རུ་ཧོཿ ཨཱཿསརྦ་མཱ་ར་ཡ་ཕཊ྄༔ ཅེས་སོ་སོར་བསྒྱུར། མཆན། ལན་གསུམ། ཕྲེང་བ་མགྲིན་པར་བཞག་པས་ནུས་པ་བརྟན་པར་བྱས་པར་མོས་མཛོད། ཨཱཿ སྒྲ་ཡི་སྙིང་པོ་བསྙེན་སྒྲུབ་ཕྲིན་ལས་ཀྱི༔ བཟླས་པའི་ནུས་རྫོགས་སྔགས་ཀྱི་ཕྲེང་བ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བུདྡྷ་ བཛྲ། རཏྣ། པདྨ། ཀརྨ། མཆན། ཐོད་ཕྲེང་གསུང་གི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བུདྡྷ་ རིགས་སོ་སོར་བསྒྱུར། མཆན། ཐོད་ཕྲེང་རྩལ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ འདི་ལྟར་སྒྲར་གྲགས་པ་ཐམས་ཅད་རྡོ་རྗེའི་གསུང་དབྱངས་གཞོམ་མེད་ཡེ་ཤེས་འཁོར་ལོའི་སྤྲིན་གྲགས་སྟོང་བརྗོད་པ་དང་བྲལ་བ་ལས་སྒྲ་ཡི་ཚུལ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་གྱིས་ཤིག །དེ་ནས་ཡིད་ཐ་མལ་དུ་ཞེན་པ་སྦྱོང་བའི་སླད་དུ་ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་པ་ནི། མེ་ལོང་བསྟན་ལ། མེ་ལོང་དྭངས་པ་ལ་གཟུགས་བརྙན་སྣ་ཚོགས་སུ་ཤར་ཡང་སྣང་དུས་ཉིད་ནས་དངོས་པོས་སྟོང༌། སྟོང་བཞིན་དུ་སྣ་ཚོགས་སུ་སྣང་བ་མ་འགགས་པ་བཞིན། ལྷ་སྔགས་ཀྱིས་མཚོན་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སེམས་སྟོང་པའི་རང་རྩལ་དུ་ཤར་ཡང༌། ཤར་དུས་ཉིད་ནས་བདེན་པར་མ་གྲུབ། མ་གྲུབ་བཞིན་དུ་ཅིར་ཡང་ཤར་བས་ཐམས་ཅད་སྐུ་གསུམ་འདུ་འབྲལ་མེད་པ་ཟུང་འཇུག་འོད་གསལ་འཁོར་ཡུག་གི་དགོངས་པར་ངོ་ཤེས་པར་གྱིས་ཤིག ཧཱུྃ༔ སྟོང་གསལ་རང་རིག་འདུས་མ་བྱས་པའི་དོན༔ བརྡ་ཡིས་མཚོན་པ་ཡེ་ཤེས་མེ་ལོང་གིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བུདྡྷ་ རིགས་སོ་སོར་བསྒྱུར། མཆན། ཐོད་ཕྲེང་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བུདྡྷ་ རིགས་སོ་སོར་བསྒྱུར། མཆན། ཐོད་ཕྲེང་རྩལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འདི་ལྟར་རྟོག་ཚོགས་ཐམས་ཅད་བུདྡྷ་ རིགས་སོ་སོར་བསྒྱུར། མཆན། ཐོད་ཕྲེང་རྩལ་གྱི་ཐུགས་ཀ་དག་འོད་གསལ་ཟང་ཐལ་ཀུན་ཁྱབ་འདུས་མ་བྱས་པ་མཉམ་ཉིད་ཆེན་པོའི་དགོངས་པར་ལ་ཟློ་བས་འབད་མེད་ལྷུན་གྱིས་གྲུབ་པའི་གཞན་དོན་རྒྱ་ཆེན་པོ་གྱིས་ཤིག །མཐར་ཡོན་ཏན་དང་ཕྲིན་ལས་ཡོངས་སུ་རྫོགས་པ་གཏོར་མ་ལ་བརྟེན་ནས་དབང་བསྐུར་བ་ལ་འདུན་པ་འདི་ལྟར་མཛོད། གཏོར་མ་འདི་ཉིད་ཐམས་ཅད་ལྷུན་གྲུབ་མཆོག་གི་ལས་མཛད་བུདྡྷ་ རིགས་སོ་སོར་བསྒྱུར། མཆན། ཐོད་ཕྲེང་རྩལ། དབང་ཆེན་སྡེ་བཞི། སྒོ་སྐྱོང་དཔའ་བོ་མཁའ་འགྲོ་དངོས་སུ་གསལ་བ་ཁྱེད་རང་གི་སྤྱི་བོར་སྤྱན་དྲངས་ཏེ་སྐུ་ཡི་གནས་ཐམས་ཅད་ལས་བྱུང་བའི་འོད་ཟེར་ཁ་དོག་ལྔ་ལྡན་གྱིས་སྒོ་གསུམ་ལ་ཁྱབ་པས་བྱིན་རླབས་ཡེ་ཤེས་ཆེན་པོ་རྒྱུད་ལ་བསྩལ་བར་མོས་མཛོད། དཔལ་གྱི་གཏོར་མ་གནས་གསུམ་དུ་བཞག་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿ གཏོར་སྣོད་རང་བྱུང་གཞལ་མེད་ཁང་ཆེན་པོར༔ གཏོར་མའི་ངོ་བོ་ལྷ་དང་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བུདྡྷ་ཐོད་ཕྲེང་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་བུདྡྷ་ བཛྲ་སོགས་སོ་སོར་བསྒྱུར། མཆན། ཐོད་ཕྲེང་རྩལ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ དེས་ཁྱེད་རང་གི་སྒོ་གསུམ་དང་བུདྡྷ་ བཛྲ། རཏྣ། པདྨ། ཀརྨ་ཐོད་ཕྲེང་རྩལ་ཞེས་སྦྱར། མཆན། ཐོད་ཕྲེང་རྩལ་གྱི་སྐུ་གསུང་ཐུགས་གཉིས་སུ་མེད་པར་བྱིན་གྱིས་བརླབས་ཤིང་དབང་བསྐུར་བ་དང༌། ཡོན་ཏན་ཕྲིན་ལས་རྒྱ་མཚོའི་དཔལ་ལ་དོན་གཉིས་ཐམས་ཅད་རྩོལ་མེད་དུ་ལྷུན་གྱིས་གྲུབ་པས་དོན་བྱེད་པར་མོས་ཤིག །གཉིས་པ་མཆོག་གི་ལས་རབ་འབྱམས་སྒྲུབ་པའི་བདུད་རྩི་མཆོག་གི་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་བ་ལ་རྒྱུད་ལས། བདུད་རྩི་མཆོག་ནི་མཉམ་པའི་དབྱིངས། །བདུད་རྩིའི་དོན་ནི་སྐྱེ་ཤི་མེད། །བདུད་རྩིའི་གནས་ནི་བྱང་ཆུབ་སེམས། །བདུད་རྩིའི་ལས་ནི་རྣམ་རྟོག་སྦྱོང༌། །བདག་དཔལ་ཚོགས་ཤིང་འགྲོ་དོན་མཛད། །སྨན་གྱི་བྱིན་རླབས་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར་སྣོད་བཅུད་གདན་གསུམ་སྒྱུ་འཕྲུལ་དྲྭ་བ་སྣང་སྟོང་ཆོས་ཀྱི་བདུད་རྩི་རུ་གདོད་མ་ཉིད་ནས་གནས་པའི་དོན། རྫས་ཀྱི་བདུད་རྩི་ལྕགས་ཀྱུ་ལྟ་བུ་དང་སྒྲོན་མ་ལྔ་རིགས་ལྔ་རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་གྱི་ཕོ་བྲང་དཀྱིལ་འཁོར་བདུན་དང་སྦྱོར་ཐབས་བརྒྱད་ཀྱི་ལྷ་སྔགས་ཏིང་འཛིན་གྱིས་མངོན་དུ་བྱས་ནས། རྟགས་ཀྱི་བདུད་རྩིས་ཕུང་ཁམས་ཟག་བཅས་དུག་ལྔ་ཡེ་ཤེས་ཀྱི་བདག་ཉིད་ཆེན་པོར་སད་ནས། དོན་གྱི་བདུད་རྩི་སྐྱེ་འཆི་མེད་པ་གཉུག་མ་ཁྱབ་བརྡལ་གྱི་དགོངས་ཀློང་རིག་པ་རྩལ་གྱི་དབང་ཐོབ་པས་གཟུང་འཛིན་དབྱིངས་སུ་ཞི། མཁྱེན་བརྩེའི་ཡེ་ཤེས་རྒྱས། རླུང་སེམས་དབང་དུ་འདུས། དུག་གསུམ་རུ་ཏྲ་བསྒྲལ་བའི་མཆོག་གི་དངོས་གྲུབ་ཆེན་པོ་མངོན་དུ་བྱེད་པའི་དབང་ཐོབ་པར་མོས་ཤིག །སྨན་གྱི་ཕོ་བྲང་བཏེགས་ལ། ཧཱུྃ༔ བཀྲ་ཤིས་མཚན་ལྡན་རྡོ་རྗེའི་ཀ་པཱ་ལ༔ ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་རབ་ཏུ་གཏམས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གྲོལ་བ་བཞི་ལྡན་ཕྲིན་ལས་མཐར་ཕྱིན་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ སརྦ་ཨ་བྷི་ཥིཉྩ་མི༔ སྨན་གྱི་ཕོ་བྲང་གནས་གསུམ་དུ་བཞག །དེ་ལྟར་བདུད་རྩི་མཆོག་གི་དངོས་གྲུབ་དམ་རྫས་རྨད་དུ་བྱུང་བས་དབང་བསྐུར་བས། མདོར་ན་མཐོང་བས་སྡིག་ལྟུང་དག༔ དྲི་ཚོར་གྲིབ་སེལ་ཉམས་ཆག་བསྐང༔ རེག་པས་བདེ་ཆེན་རྒྱུད་ལ་འཆར༔ མྱོང་བས་མངོན་སུམ་ཡེ་ཤེས་སྐྱེ༔ འཆང་བས་སྲུང་དང་རྒྱས་དབང་བསྒྱུར༔ ཞེས་སོགས་རྒྱས་པར་གསུངས་པ་ལྟར་གྲོལ་བ་དྲུག་གི་ཕྲིན་ལས་ལ་མངའ་དབང་འབྱོར་བས་འགྲོ་ཀུན་ཟུང་འཇུག་རྡོ་རྗེའི་དབྱིངས་སུ་འབད་མེད་དུ་གྲོལ་བའི་མཆོག་གི་ཕྲིན་ལས་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ལས་རབ་འབྱམས་སྒྲུབ་ནུས་པའི་དབང་ཐོབ་པར་མོས་མཛོད། འཕོ་ཞིང་འགྱུར་བའི་སྲིད་ལས་རྣམ་གྲོལ་བ། །ཡོན་ཏན་ཀུན་བདག་མཚུངས་མེད་ཆོས་ཀྱི་རྗེ། །རྟག་ཁྱབ་ཕན་བདེ་ལྷུན་གྲུབ་ཡེ་ཤེས་སྐུར། །བྱང་ཆུབ་མཆོག་གི་ཕྲིན་ལས་བཀྲ་ཤིས་ཤོག །དེ་དག་གིས་མཆོག་ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ། རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང༌། དབང་གི་ལས་མཛད་པདྨ་ཐོད་ཕྲེང༌། དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ་ཞེས་སོ་སོར་བསྒྱུར། མཆན། གི་ལས་མཛད་ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་ཀྱི་དབང་བསྐུར་གྲུབ་པ་སྟེ། རྩ་བ་དང་ཡན་ལག་གི་དམ་ཚིག་གནང་བཀག་སྤྱི་དང་ཁྱད་པར་གུ་རུ་བུདྡྷ་ བཛྲ། རཏྣ། པདྨ། ཀརྨ་སོ་སོར་བསྒྱུར། མཆན། ཐོད་ཕྲེང་རྩལ་གྱི་ལྷ་སྔགས་ཏིང་འཛིན་ལ་གཙོ་བོར་བརྟེན་པའི་མཆོག་ ཞི་བ། རྒྱས་པ། དབང༌། དྲག་པོའི་ཕྲིན་ལས་ཞེས་བསྒྱུར། མཆན། གི་ཕྲིན་ལས་རབ་འབྱམས་ཀྱིས་དོན་གཉིས་འདོད་དགུ་སྒྲུབ་པའི་གཡར་དམ་བཞེས་པས་དམ་ཚིག་ཁས་བླང་བ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང༌། གཏང་རག །ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་རྣམས་སྤྱི་ལྟར་བྱ། ཕྲིན་ལས་རྗེས་ཀྱི་རིམ་པ་མཐར་དབྱུང་བས་དགེ་ལེགས་སུ་བྱའོ། །སྲིད་ཞིའི་འཇིྃགས་མེདྃ་མཁྱེནྃ་བརྩེྃའི་ཉི། །དོན་གཉིས་ཐམས་ཅད་ལྷུན་གྲུབ་མཆོག །འོདྃ་ཟེརྃ་འབུམ་བཀྲྃ་ཤིསྃ་པའི་དཔྃལ། །དགེ་མཚན་སྦྲང་རྩིའི་བཅུད་ཀྱིས་འབྱོྃར། །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་ཀྱི་དབང་བསྐུར་རབ་འབྱམས་ཕྲིན་ལས་ཆར་འབེབས་ལེ་ཚན་ལྔ་པ་འོད་གསལ་རང་བྱུང་ཐུགས་མཆོག་རྩལ་གྱིས་སྦྱར་བའོ། ༈ ཀུན་མཁྱེནྃ་ཞི་བསིལ་བདུད་རྩིའི་འཛུམ་དཀར་གྱིས། །རབ་སྒེག་བརྩེྃ་ཆེན་ག་པུར་དབྃང་པོྃའི་རྡུལ། །སིམ་བྱེད་ལེགས་བྲིས་དཔལ་གྱིས་མི་མཚོན་པ། །མི་བསྐྱོད་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་སྲུངས། །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བའི་ཡན་ལག །ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་དབང་བསྐུར་འབོག་པ་ལ། སྤྱི་ཆིངས་རིགས་བཞི་ཀ་ལ་བུདྡྷ་ཐོད་ཕྲེང་རྩལ་གྱི་དབང་བསྐུར་ལ་ཁ་བསྒྱུར་སོ་སོའི་སྟེང་མཆན་གྱིས་གསལ་བ་ལྟར་ལ། དམིགས་བསལ་གྱི་སྒོས་ཆོས་ཞི་བའི་ལས་ཀུན་སྒྲུབ་བྱེད་བདུད་རྩིའི་བུམ་པ་མགུལ་ཆིངས་དཀར་པོ་ཅན། ནང་བཅུད་སོ་ལྔའི་རྫས་ཀྱིས་གཏམས་པ་དཀྱིལ་འཁོར་དབུས་སུ་མཉྫིའི་ལ་བཀོད། དེའི་མདུན་དུ་རྣམ་རྒྱལ་བུམ་པ་བཤམ། རྣམ་བུམ་བསྒྲུབས་ཟིན་པའི་རྗེས། རྡོ་རྗེ་ཐོད་ཕྲེང་གཞུང་གི་ཞི་བའི་བུམ་པ་སྒྲུབ་པ་ནི། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཝ་བི་ཤུདྡྷོ྅ཧཾཿ སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང་༔ བྷྲཱུྃ་ཡིག་ཡོངས་གྱུར་རིན་ཆེན་བུམ་པ་བཟང༔ བདུད་རྩིའི་བཅུད་ཀྱིས་ཡོངས་སུ་གང་བའི་དབུས༔ སྣ་ཚོགས་པདྨ་འདབ་བཞིའི་ལྟེ་བ་རུ༔ སེང་གེས་བཏེགས་པའི་རིན་ཆེན་མཛེས་ཁྲི་དང༔ ཐབས་ཤེས་ཟུང་འཇུག་ཉི་ཟླའི་གདན་གྱི་སྟེང༔ ཧཱུྃ་ཡིག་ཡོངས་གྱུར་རྡོ་རྗེ་ཐོད་ཕྲེང་རྩལ༔ སྐུ་མདོག་མཐིང་གསལ་ཞི་འཛུམ་སྒེག་པའི་ཉམས༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་གཏོད༔ གཡོས་པས་དེ་ཡིས་ཡུ་བ་བྱས་པ་ཡི༔ རིགས་ཀྱི་དྲིལ་བུ་དཀུར་བརྟེན་ཡུམ་ལ་འཁྱུད༔ རུས་པའི་ཕྱག་རྒྱ་དྲུག་གིས་རབ་ཏུ་སྤྲས༔ དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ ཡུམ་མཆོག་རྡོ་རྗེ་དྲིལ་བུ་བསྣམས་པ་འཁྲིལ༔ རིག་འཛིན་བླ་མ་བྱེ་བའི་སྤྲིན་ཕུང་འཕྲོ༔ འདབ་བཞིར་དབང་ཆེན་རྟ་མཆོག་རིགས་བཞི་ལས༔ རབ་འབྱམས་ཡི་དམ་ཞི་ཁྲོའི་ཕྱག་རྒྱར་ཤར༔ སྒོ་བཞིར་རིག་འཛིན་དཔའ་བོ་ཡབ་ཡུམ་ལ༔ གནས་གསུམ་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེས་རྒྱས་གདབ་ཅིང༔ ཡེ་ཤེས་དབང་བསྐུར་རིགས་ཀྱི་ཅོད་པན་འཆང༔ ཐུགས་ཀའི་འོད་ཀྱིས་ལྷ་ཚོགས་སྤྱན་དྲངས་གྱུར༔ ཧཱུྃ་ཧྲཱིཿ རང་རིག་ལྷུན་མཉམ་མཐའ་དབུས་མེད་པའི་དཀྱིལ༔ ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ་འཆང་བ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་སྐུར་སྟོན་པ༔ རྩལ་སྣང་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་སརྦ་ཛྙཱ་ན་མཎྜ་ལ་བཛྲ་ས་མ་ཡ་ཛཿ ཧཱུྃ་ཧྲཱིཿ རང་སྣང་དམ་ཚིག་སེམས་དཔའི་དཀྱིལ་འཁོར་དུ༔ རིག་རྩལ་དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ༔ གཉིས་མེད་བརྟན་བཞུགས་དབང་དང་དངོས་གྲུབ་སྩོལ༔ བཛྲ་ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱིཿ རིག་སྟོང་གདོད་ནས་སྐྱེ་མེད་ཆོས་སྐུའི་དབྱིངས༔ ཡེ་ཤེས་རང་རྩལ་གཟུགས་སྐུའི་རྣམ་རྣམ་པར་ཤར༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ མི་ཕྱེད་གུས་པས་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་མངོན་སྤྲུལ་པའི༔ ཕྱི་ནང་གསང་བ་རྨད་བྱུང་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་ཕྱིར་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་སུ་ཁ་ཛྙཱ་ན་པཱུ་ཛ་ཧོཿ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་ཆོས་སྐུའི་ངང་ཉིད་ལས༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྤྲིན་ཕུང་འཕྲོ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་ལྷ་ཚོགས་ལ༔ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ༔ གཟུངས་ཐག་བླངས་ཏེ། རང་གི་ཐུགས་ནས་སྔགས་ཀྱི་འོད་ཟེར་འཕྲོས༔ བུམ་པའི་ལྷ་ཚོགས་ཐུགས་དམ་རྒྱུད་བསྐུལ་བས༔ འོད་ཟེར་དཀར་པོ་མཁའ་ཁྱབ་ཀུན་ཏུ་འཕྲོས༔ འཕགས་པ་མཆོད་ཅིང་འགྲོ་བའི་མི་མཐུན་སྦྱངས༔ ཚུར་འདུས་རྩ་གསུམ་རྒྱལ་བ་རབ་འབྱམས་དང༔ གསང་སྔགས་རིགས་སྔགས་གཟུངས་སྔགས་བྱིན་རླབས་བཅུད༔ འོད་དཀར་བདུད་རྩིའི་རྣམ་པར་སྤྱན་དྲངས་ནས༔ བུམ་པའི་ལྷ་ཡི་ཐུགས་ཀར་ས་བོན་མཐར༔ སྔགས་ཀྱི་ཕྲེང་བས་མཚན་ལ་གཉིས་མེད་ཐིམ༔ དེ་ལས་བདུད་རྩིའི་ཆུ་རྒྱུན་རབ་ཏུ་བབ༔ བུམ་བཅུད་ལ་ཐིམ་མཐོང་ཚོར་མྱོང་རེག་ཀུན༔ མི་མཐུན་ཕྱོགས་ཀུན་ཞི་བའི་ནུས་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཛྲ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧཱུྃ་སརྦ་པཱ་པཾ་ཀླེ་ཤ་སརྦ་བྷ་ཡ་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་སྒྲུབ་སྔགས་ལ་ལས་སྔགས་སྦྱར་བས་སྒྲུབ་ལ་བུམ་ལྷ་འོད་ཞུ་རྣམ་བུམ་དང་ཆབས་ཅིག་ཏུ་བྱ། དབང་བསྐུར་ཀྱང་བུདྡྷ་ཐོད་ཕྲེང་དཀྱུས་བཞིན་ལ། ལོ་རྒྱུས་ཀྱི་ཁྱད་པར། ཞི་བ་མཆོག་གི་ཕྲིན་ལས་སངས་རྒྱས་སྲས་དང་བཅས་པས་ཞི་བསིལ་བདུད་རྩིའི་ཆོས་ཀྱིས་འགྲོ་ཀུན་སྲིད་དང་ངན་འགྲོའི་གཡང་ས་ལས་བསྐྱབས་ཏེ་ཕན་བདེའི་དཔལ་ལ་འགོད་པ་དང༌། སེམས་དཔའ་མཆོག་རྣམས་ཀྱིས་བྱམས་དང་སྙིང་རྗེའི་གོ་ཆ་ལྷུར་བཞེས་པས་ཉམས་ཐག་སྡུག་བསྔལ་ཅན་གྱི་སེམས་ཅན་སྒྲོལ་ཞིང་དབུག་དབྱུང་བ་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་ཕྱག་སོར་འོ་རྒྱུན་གྱིས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བ། ཛམ་གླིང་གི་ཚོང་པ་སྲིན་གླིང་ལས་སྒྲོལ་བ་སོགས་དང༌། ཐུན་མོང་གི་ཞི་བའི་ལས་འཇིག་རྟེན་དབང་ཕྱུག་གི་རིགས་སྔགས་ཀྱི་ནུས་པས་དགེ་སློང་མ་དཔལ་མོ་ཀླུ་གདོན་གྱི་སྙུན་ལས་གྲོལ་བ་དང༌། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བོད་ཡུལ་ལྷ་ས། ས་སྐྱ། ཁམས་མེ་ཉག་རྣམས་སུ་ནད་མུག་མཚོན་གྱི་བསྐལ་པ་ཞི་བར་མཛད་པས་མཚོན་སེམས་དཔའ་ཆེན་པོ་རྣམས་ཀྱིས་གཡར་དམ་གྱི་གོ་ཆ་ཆེན་པོ་ལྷུར་བཞེས་འོས་པ་སྟེ། དེ་ཡང་གདུལ་དཀའ་དམུ་རྒོད་ཀྱི་འགྲོ་བ་སྐྱོབ་པ་ལ་སངས་རྒྱས་ཀུན་ལས་ཐུགས་རྗེ་དང་ཕྲིན་ལས་ཁྱད་པར་འཕགས་པ་གུ་རུ་རྡོ་རྗེ་ཐོད་ཕྲེང་གི་ལྷ་སྔགས་ལ་བརྟེན་པ་ཆེས་ཟབ་མྱུར་བྱིན་རླབས་དང་ལྡན་པའི་དབང་བསྐུར། སོགས་དཀྱུས་ལ་འཇུག །མཐའ་རྟེན། གཉིས་པ་ཞི་བའི་ལས་རབ་འབྱམས་སྒྲུབ་པའི་དག་བྱེད་བཀྲ་ཤིས་དགེ་བ་ཁྲུས་ཀྱི་བུམ་པས་དབང་བསྐུར་བ་ལ། ཕྱི་རིན་ཆེན་བུམ་པ་བདུད་རྩིས་གང་བ་འདི་ཉིད་ནང་དུ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་གཙོ་འཁོར་ཡེ་ཤེས་འོད་ཟེར་གྱི་སྣང་བས་སྲིད་ཞིའི་རྒུད་པ་ཀུན་སེལ་གྱི་སྐུ་ལས་བྱུང་བའི་དག་བྱེད་ཡེ་ཤེས་བདུད་རྩིའི་དབང་བསྐུར་ཞིང་ཁྲུས་བགྱིས་པས་ནད་གདོན་བར་ཆད་འཇིགས་བརྒྱད་སོགས་མི་མཐུན་རྒུད་པའི་ཚོགས་ཐམས་ཅད་མིང་མེད་དུ་ཞི་བར་བྱེད་ནུས་པའི་ཕྲིན་ལས་རབ་འབྱམས་ཀྱི་དབང་ཐོབ་པར་མོས་ཤིག །ཞི་བྱེད་བུམ་པ་ཐོགས་ལ། བཀྲ་ཤིས་མཚན་ལྡན་རྡོ་རྗེའི་ཀ་ལ་ཤར༔ དག་བྱེད་བདུད་རྩིའི་རྒྱུན་གྱིས་རབ་ཏུ་གཏམས༔ སྐལ་ལྡན་སློབ་མར་དབང་བསྐུར་ཁྲུས་བགྱིས་པས༔ མི་མཐུན་འགལ་རྐྱེན་མཐའ་དག་ཞི་བར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཛྲ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བརྗོད་དེ་བུམ་ཆུ་འཐུང་ཞིང་ཁྲུས་ཀྱང་བྱ། གྲིབ་སེལ་སྔགས་ཀྱང་ཅི་རིགས་བཟླ༔ ཞེས་གསུངས་པས། རྣམ་སྨེ། ཕྱག་རྡོར་ངན་སོང་ཀུན་སྦྱོང༌། བདུད་རྩི་འཁྱིལ་བའི་གཟུངས་རིང་ཐུང་དང༌། ཁྱད་པར་རྡོར་སེམས་ཡིག་བརྒྱ་དང༌། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡྃ་ཧོ་ཤུདྡྷེ་ཤུདྡྷེ༔ བྃ་ཧོ་ཤུདྡྷེ་ཤུདྡྷེ༔ ལྃ་ཧོ་ཤུདྡྷེ་ཤུདྡྷེ༔ རྃ་ཧོ་ཤུདྡྷེ་ཤུདྡྷེ༔ ཨ་ཨཱ་སྭཱ་ཧཱ༔ ཆགས་ཉམས་དང་རྟོག་སྒྲིབ་ཐམས་ཅད་ཤཱིཾནྟ་ཀུ་རུ་སྭཱ་ཧཱ༔ ཞེས་ཁྲུས་བདུན་གྱི་རིམ་པ་སྦྱར། དམིགས་བསལ་ནད་པ་སོགས་ལ་དབང་འདིའི་མཐའ་རྟེན་དུའམ། སྒེར་དུ་བཀྲུ་བྱབས་སྲུང་བའི་ཆོ་ག་སྦྱོར་ཀྱང་རུང་བར་མངོན་པས་འདོད་ན་རྡོ་རྗེ་རྣམ་འཇོམས་ཀྱི་ཁྲུས་ལྷ་སྔགས་ཁ་བསྒྱུར་གྱིས་རུང་བར་སེམས་སོ། །དེ་ལྟར་དག་བྱེད་བདུད་རྩིའི་བུམ་པའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་ཁྲུས་བྱས་ཤིང་དབང་བསྐུར་བས་ཞི་བའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་ནས་གནས་སྐབས་དང་མཐར་ཐུག་གི་སྲིད་ཞིའི་རྒུད་པའི་ཚོགས་ཐམས་ཅད་ཞི་བར་བྱེད་པའི་ལས་རབ་འབྱམས་ཀྱི་སྒོ་ནས་དོན་གཉིས་འབད་མེད་དུ་སྒྲུབ་ནུས་པའི་བྱིན་རླབས་དང་དངོས་གྲུབ་ལ་དབང་ཐོབ་པར་མོས་མཛོད། འཇིགས་པ་བརྒྱད་སོགས་ཕྱི་ནང་ཉེར་འཚེའི་ཚོགས། །ལས་ཉོན་སྒྲིབ་སྐྱེད་བླུན་སེམས་ངན་པའི་ཆ། །བདུད་བཞིའི་འགྱུར་བ་སྐྱེད་བྱེད་འགྲོ་བའི་རྒུད། །མིང་མེད་ཞི་བའི་ལས་ཀྱི་བཀྲ་ཤིས་ཤོག །དེ་དག་གི་ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་སོགས་ནས་དམ་ཚིག་ཁས་བླང༌། གཏང་རག་སོགས་དབང་དང་ལས་བྱང་གི་མཇུག་ཆོག་བཅས་བུདྡྷ་ཐོད་ཕྲེང་ལྟར་བྱ་བའོ། །རྒུད་པས་འཇིྃགས་མེདྃ་ཞི་དབྱིངས་མཁར། །མཁྱེནྃ་བརྩེྃའི་སྤྲིན་དཀར་འཛུམ་འོདྃ་ཟེརྃ། །སྲིད་ཞིའི་དབྱིངས་ཁྱབ་བཀྲྃ་ཤིསྃ་དཔྃལ། །དགེ་ལེགས་འདོད་དགུའི་འབྱོྃར་པས་མཛེས། །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་ཀྱི་དབང་ཆོག་ཞི་བྱེད་བདུད་རྩིའི་སྤྲིན་ཕྲིན་ལེ་ཚན་དྲུག་པ་ཨོ་རྒྱན་དོན་ཀུན་གྲུབ་པས་སྦྱར་བའོ། ༈ ཡེ་ཤེས་སྣང་བས་རྟག་འཁྱུད་འཇྃམ་པའི་དཔྃལ། །བསྟན་འགྲོར་ཀུན་ཏུ་དགའྃ་བའིྃ་བཤེྃས་གཉེནྃ་ཚུལ། །འོདྃ་གསྃལ་ཀློང་ནས་སྤྲུལྃ་པའིྃ་རྡོྃ་རྗེྃའི་གཟུགས། །རིན་ཆེན་ཉི་མ་རཏྣ་ཐོད་ཕྲེང་གུས། །རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་ཀྱི་ཁྱད་པར་མཚན་ལྡན་བྷནྡྷ་གསེར་མདོག་རྒྱས་པའི་ལས་ལ་འོས་པ་དྲི་བཟང་དང་སྨན་སྣས་བྱུག །དྭངས་མ་ལྔ་སོགས་ཚེ་རྫས། ཚེ་རིང་འབྱོར་ལྡན་བཀྲ་ཤིས་པའི་ཁྱིམ་དང་སྐྱེས་པ་ཕོ་མོའི་ལག་ནས་བྱུང་བའི་རིན་ཆེན་དར་ཟབ་འབྲུ་སྨན་དཀར་མངར་གྱི་ཟས་དང་བདུད་རྩི་ཆོས་སྨན་གྱིས་བཀང་བ་དང༌། གཞུང་མཐུན་བསྙེན་སྒྲུབ་ལས་སྔགས་སྤེལ་ཚིག་ཅན་དང་ནམ་མཁའ་མཛོད་ཀྱི་སྔགས་བྱང་གསེར་གྱིས་བྲིས་པའི་གཟུངས་བསྒྲིལ་ཀྱང་བཞག་ན་ལེགས་པར་སེམས་སོ། །བྷནྡྷ་དེ་ཉིད་དར་སྣས་དྲིལ་ཞིང་དཀྱིལ་འཁོར་གྱི་དབུས་སུ་བརྟན་པོར་བཞུགས་སུ་གསོལ། སྦྱངས་ཁྲུས་ལེགས་པར་བྱས་ལ། བདག་མདུན་བུམ་པ་བཅས་བསྒྲུབས་ཟིན་པའི་རྗེས། རྟེན་ལ་བསང་ཆུས་བྲན་ཏེ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་བི་ཤུདྡྷོ་྅ཧཾ༔ སྟོང་པའི་ངང་ལས་རང་གི་མདུན་གྱི་གཞིར༔ ཡིད་འཕྲོག་མཆོད་སྤྲིན་རྒྱ་མཚོའི་བཀོད་པ་དང༔ སྲིད་ཞིའི་འབྱོར་ཚོགས་ནམ་མཁའ་མཛོད་ཀྱི་དབུས༔ ནོར་བུའི་གཞལ་མེད་ཁང་ཆེན་མཚན་ཉིད་རྫོགས༔ ལྟེ་བར་འདོད་འབྱུང་ཡེ་ཤེས་ཀ་པཱ་ལ༔ ཡངས་ཤིང་རྒྱ་ཆེ་གནོད་སྦྱིན་གཏེར་འཆང་ཆེའི༔ བུམ་པ་བཟང་དེར་འདོད་དགུའི་བཅུད་ཀྱིས་གཏམས༔ སྣང་སྟོང་འཇའ་ཟེར་ཐིག་ལེ་འཁྲིགས་པའི་དབུས༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ གསེར་མདོག་བརྗིད་ཆགས་ཤིན་ཏུ་སྒེག་པའི་ཉམས༔ ཕྱག་ཡས་ཡིད་བཞིན་ནོར་བུ་ཐུགས་ཀར་གཏོད༔ གཡོས་པས་ནོར་བུས་ཡུ་བ་བྱས་པ་ཡི༔ རིགས་ཀྱི་དྲིལ་བུ་དཀུར་བརྟེན་ཡུམ་ལ་འཁྱུད༔ དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ ཡུམ་མཆོག་རིན་ཆེན་དྲིལ་བུ་བསྣམས་པ་འཁྲིལ༔ རིག་འཛིན་བླ་མ་བྱེ་བའི་སྤྲིན་ཕུང་འཕྲོ༔ ཕྱོགས་བཞིར་ནང་དུ་རྟ་མཆོག་རིགས་བཞི་ལས༔ རབ་འབྱམས་ཡི་དམ་ཞི་ཁྲོའི་ཕྱག་རྒྱར་ཤར༔ སྒོ་བཞིར་རིག་འཛིན་དཔའ་བོ་ཡབ་ཡུམ་ལ༔ གནས་གསུམ་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེས་རྒྱས་གདབ་ཅིང༔ ཡེ་ཤེས་དབང་བསྐུར་རིགས་ཀྱི་ཅོད་པན་འཆང༔ ཐུགས་ཀའི་འོད་ཀྱིས་ལྷ་ཚོགས་སྤྱན་དྲངས་གྱུར༔ ཧཱུྃ་ཧྲཱིཿ རང་རིག་ལྷུན་མཉམ་མཐའ་དབུས་མེད་པའི་དཀྱིལ༔ ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ་འཆང་བ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་སྐུར་སྟོན་པ༔ རྩལ་སྣང་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་སརྦ་ཛྙཱ་ན་མཎྜ་ལ་བཛྲ་ས་མ་ཡ་ཛཿ ཧཱུྃ་ཧྲཱིཿ རང་སྣང་དམ་ཚིག་སེམས་དཔའི་དཀྱིལ་འཁོར་དུ༔ རིག་རྩལ་དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ༔ གཉིས་མེད་བརྟན་བཞུགས་དབང་དང་དངོས་གྲུབ་སྩོལ༔ བཛྲ་ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱིཿ རིག་སྟོང་གདོད་ནས་སྐྱེ་མེད་ཆོས་སྐུའི་དབྱིངས༔ ཡེ་ཤེས་རང་རྩལ་གཟུགས་སྐུའི་རྣམ་པར་ཤར༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ མི་ཕྱེད་གུས་པས་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་མངོན་སྤྲུལ་པའི༔ ཕྱི་ནང་གསང་བ་རྨད་བྱུང་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་ཕྱིར་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་སུ་ཁ་ཛྙཱ་ན་པཱུ་ཛ་ཧོཿ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་ཆོས་སྐུའི་ངང་ཉིད་ལས༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྤྲིན་ཕུང་འཕྲོ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་ལྷ་ཚོགས་ལ༔ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ༔ ཞེས་པས་མདུན་རྟེན་ལྷར་བསྐྱེད་ལ། རང་གི་ཐུགས་ནས་སྔགས་ཀྱི་འོད་ཟེར་འཕྲོས༔ ཐོད་པའི་ལྷ་ཚོགས་ཐུགས་དམ་རྒྱུད་བསྐུལ་བས༔ གསེར་མདོག་འོད་ཀྱིས་འཁོར་འདས་ཁམས་ཀུན་ཁྱབ༔ འཕགས་པ་མཆོད་ཅིང་འགྲོ་ཀུན་ལེགས་ཚོགས་སྤེལ༔ ཚུར་འདུས་རྩ་གསུམ་རྒྱལ་བ་རབ་འབྱམས་དང༔ འཁོར་འདས་ལེགས་ཚོགས་ཡེ་ཤེས་ཡོན་ཏན་ཀུན༔ གསེར་མདོག་བདུད་རྩིའི་རྣམ་པར་སྤྱན་དྲངས་ནས༔ ཐོད་པའི་ལྷ་ཡི་ཐུགས་ཀར་ས་བོན་མཐར༔ སྔགས་ཀྱི་ཕྲེང་བས་མཚན་པར་གཉིས་མེད་ཐིམ༔ འཁོར་འདས་དངོས་གྲུབ་ཀུན་གྱི་དབྱིག་ཏུ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཏྲཱྃ་སརྦ་ལོ་ཀ་ཛྙཱ་ན་ཨཱ་ཡུར་པུཎྱེ་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་ཇི་ལྟར་རིགས་པ་བཟླས་མཐར། ཕྱི་སྒྲུབ་ལས་བྱང་ལྟར་ཚོགས་དང་བསྐང་བཤགས་རྒྱས་པར་ཕུལ་ལ། བདག་མདུན་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཉི་མ་བྱེ་བའི་གཟི་བརྗིད་ཅན་འཕྲོས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྣམས་སུ་ཁྱབ། འཁོར་འདས་ལམ་གསུམ་གྱི་ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་ཐམས་ཅད་བཀྲ་ཤིས་རྫས་རྟགས་འཇའ་ཟེར་ཐིག་ལེ་ལ་སོགས་པའི་རྣམ་པར་སྤྱན་དྲངས། བདག་མདུན་རྟེན་རྫས་རྣམས་ལ་ཐིམ་པས་འདོད་རྒུའི་དངོས་གྲུབ་ཡིད་བཞིན་དུ་འགྲུབ་པར་བསམ་ལ། མདའ་དར་གཡབ་སྟེ། སྐབས་འདིར་ཅུང་ཟད་སྤྲོས་པ་དང་འབྲེལ་ན་ལྷ་བཙུན་ཆེན་པོ་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་གཡང་འགུགས་མེ་ཏོག་ཆར་བསིལ་སྦྱར་ཡང་རུང་ཞིང༌། དབང་བསྐུར་ཙམ་ལ་གཏེར་གཞུང་དངོས་ནི། ཏྲཱྃ༔ དགོས་འབྱུང་རིན་ཆེན་གཏེར་གྱི་ཕོ་བྲང་ནས༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་ཚོགས་རྣམས་ཀུན༔ མོས་ཤིང་གདུང་བས་ཐུགས་དམ་རྒྱུད་བསྐུལ་ན༔ ཡེ་ཤེས་ཡོན་ཏན་གཟི་བརྗིད་ཚད་མེད་པའི༔ འོད་ཟེར་ཕོ་ཉ་སྲིད་ཞིའི་ཁམས་ཀུན་སྤྲོས༔ སྣོད་ཀྱི་ཕྱྭ་དང་བཅུད་ཀྱི་དགེ་མཚན་གཡང༔ ཚེ་བསོད་དཔལ་འབྱོར་འདོད་དགུའི་ལེགས་ཚོགས་ཀུན༔ འདིར་བསྡུས་སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་སོགས༔ མཐོང་ཐོས་དྲན་རེག་གདུལ་བྱའི་ཚོགས་རྣམས་ཀྱི༔ འདོད་དགུའི་བསམ་པ་ཡིད་བཞིན་འགྲུབ་མཛད་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཏྲཱྃ་སརྦ་ལོ་ཀ་ཛྙཱ་ན་ཨཱ་ཡུར་པུཎྱེ་པུཥྚིཾ་ཀུ་རུ་ཨོཾ༔ རཏྣ་ཀ་པཱ་ལ་བ་སུ་སིདྡྷི་སྡུས་སྡུས་རཏྣ་སིདྡྷི་ས་མ་ཡ་སྟྭཾ༔ ཨཱ་ཡུར་པུཎྱེ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་དངོས་གྲུབ་རྟེན་རྫས་རྣམས་ལ་བསྟིམ། ཡེ་དྷརྨའི་སྔགས་ཀྱིས་བརྟན་པར་བྱས་ལ་མེ་ཏོག་འཐོར། དབང་བསྐུར་སྐབས་ལོ་རྒྱུས། དེ་ཡང་རྒྱས་པའི་ལས་རབ་འབྱམས་ནི་རིག་པ་འཛིན་པ་དང་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུའི་གཞི་མ་ནོར་བ་སྟེ། རྒྱས་པ་མཆོག་གི་ལས་སྔགས་ཀྱི་རྣལ་འབྱོར་པ་ལྟ་དགོངས་ཀྱི་གདིང་ཐོབ་པས་རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན་གྱི་སྦྱོར་བ་དཀྱིལ་འཁོར་བདུན་དང་སྦྱོར་ཐབས་བརྒྱད་ཀྱི་ལྷ་སྔགས་ཏིང་ངེ་འཛིན་གྱིས་སྣོད་བཅུད་ཧེ་རུ་ཀའི་ཞིང་དུ་བསྒྱུར་ཏེ་བདེ་ཆེན་ཡེ་ཤེས་མཁའ་ཁྱབ་ཏུ་སྤེལ་བ་དང༌། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནམ་མཁའ་མཛོད་ཀྱི་ཡོ་བྱད་ལ་དབང་བསྒྱུར་བས་མཆོད་སྦྱིན་ཟད་མི་ཤེས་པའི་ཐབས་མཁས་ཀྱིས་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པས་སངས་རྒྱས་ཀྱི་ས་ཡི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལ་མྱུར་དུ་སྦྱོར་ཞིང༌། སྐྱེ་དགུ་རྣམས་ཕོངས་པ་ལས་སྒྲོལ་བ་སོགས་དགོས་པའི་ཁྱད་པར་དུ་མས་འཕགས་པའི་ཕྱིར་དེ་བཞིན་གཤེགས་པས་ཀྱང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཐོག་མར་སྦྱིན་པའི་གཏམ་མཛད། རྒྱས་པའི་ལས་ཐུན་མོང་བ། འཕགས་པ་ཀླུ་སྒྲུབ་ཀྱིས་གསེར་འགྱུར་གྱི་སྦྱོར་བས་ན་ལེནྡྲའི་གཙུག་ལག་དུ་དགེ་འདུན་ལ་ལོ་མང་པོར་འཚོ་བ་སྦྱར་བ་དང༌། སློབ་དཔོན་ཆེན་པོས་བསམ་ཡས་མལ་གྲོའི་ཀླུ་ལ་བཀའ་བསྒོས་ནས་མངའ་བདག་རྒྱལ་པོའི་བང་མཛོད་ཐམས་ཅད་གསེར་གྱིས་བཀང་ནས་གཙུག་ལག་བཞེངས་པ་དང༌། དགེ་འདུན་གྱི་སྡེ་གཉིས་བཙུགས་པ་སོགས་གནས་སྐབས་དང་མཐར་ཐུག་གི་དགོས་པ་དུ་མ་དང་ལྡན་ཞིང༌། གཞན་ཡང་རིགས་བརྒྱུད་ཚེ་དཔལ་ཤེས་རབ་ལོངས་སྤྱོད་སོགས་རྒྱས་པའི་ལས་ཐམས་ཅད་མི་ཆོས་ཀྱི་གཞི་དང་ལྷ་ཆོས་ཀྱི་རྒྱན་དུ་གྱུར་པས། དེ་དག་སྒྲུབ་པའི་ཐབས་སྤྱི་དང་བྱེ་བྲག་ཆེས་མང་ཡང་གུ་རུ་ཡིད་བཞིན་ནོར་བུ་རཏྣ་ཐོད་ཕྲེང་ལ་བརྟེན་པ་ནི་ཐུགས་རྗེ་མྱུར་ཞིང་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་མཆོག་ཐུན་ཅིག་ཅར་དུ་སྒྲུབ་པའི་དབང་བསྐུར་བགྱི་བ་སོགས་དཀྱུས་ལྟར་དང་མཐའ་རྟེན་ལ། གཉིས་པ་རྒྱས་པའི་ལས་རབ་འབྱམས་སྒྲུབ་པ་འདོད་འབྱུང་རཏྣའི་ཀ་པཱ་ལའི་རྟེན་རྫས་ཀྱི་དབང་བསྐུར་བ་ལ། གོང་གསལ་གཡང་འགུགས་སྔོན་དུ་འགྲོ་བས། ཕྱི་འདོད་དགུ་ཀུན་འབྱུང་ཡེ་ཤེས་ཀྱི་ཀ་པཱ་ལ་མཚན་ཉིད་དང་ལྡན་པ་ལ། ནང་དུ་གུ་རུ་རཏྣ་ཐོད་ཕྲེང་རྩལ་གཙོ་འཁོར་ཡོངས་རྫོགས་སྲིད་ཞིའི་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་ཀྱི་ཆར་འབེབས་བཞིན་བཞུགས་པ་སྤྱི་བོར་སྤྱན་དྲངས་ཤིང་དབང་བསྐུར་བས། ལྷ་ཚོགས་རྣམས་ཀྱི་སྐུ་ལས་བྱུང་བའི་འོད་ཟེར་གྱིས་སྒོ་གསུམ་ལ་རེག་པས་ཐོགས་མེད་ནས་བསགས་པའི་དབུལ་ཕོངས་སེར་སྣའི་རྒྱུ་འབྲས་ཀྱི་སྒྲིབ་པ་ཐམས་ཅད་སྦྱངས། ཚེ་བསོད་དཔལ་དང་རླུང་རྟའི་སྟོབས་བསྐྱེད་དེ་འབྱོར་བ་དྲུག་དང་ཚོགས་གཉིས་ཀྱི་མཐུ་བྱིན་རིན་ཆེན་ནམ་མཁའ་མཛོད་ཀྱི་གཏེར་ལ་དབང་ཐོབ་པར་མོས་ཤིག །བྷནྡྷ་སྤྱི་བོར་བཞག་ལ། ཏྲཱྃ༔ བཀྲ་ཤིས་མཚན་ལྡན་རྡོ་རྗེའི་ཀ་པཱ་ལར༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་བཅུད་ཀྱིས་གཏམས༔ སྐལ་ལྡན་རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ མཐུན་རྐྱེན་དངོས་གྲུབ་ལེགས་ཚོགས་རྒྱས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཏྲཱྃ་སརྦ་ལོ་ཀ་ཛྙཱ་ན་ཨཱ་ཡུར་པུཎྱེ་པུཥྚིཾ་ཀུ་རུ་ཨོཾ༔ གནས་གསུམ་དུ་བཞག །དེ་ལྟར་འདོད་དགུ་ཀུན་འབྱུང་དངོས་གྲུབ་མི་ཟད་པའི་དབྱིག་མཚན་ལྡན་བདེ་སྐྱོང་གི་ནོར་བུའི་དབང་བསྐུར་བས་རྒྱས་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་ནས་གནས་སྐབས་དང་མཐར་ཐུག་གི་དཔལ་འབྱོར་ལེགས་པའི་ཚོགས་རབ་འབྱམས་ཡིད་བཞིན་དུ་གྲུབ་ནས་བསྟན་འགྲོའི་དོན་དཔག་ཏུ་མེད་པ་རྩོལ་མེད་དུ་སྒྲུབ་པའི་བྱིན་རླབས་དངོས་གྲུབ་ཀྱི་དབང་ཐོབ་པར་མོས་མཛོད། འབྱོར་བ་དྲུག་ལྡན་ནོར་བུའི་གཏེར་ལ་སྤྱོད། །སྲིད་དང་ཞི་བའི་ལེགས་ཚོགས་གོང་དུ་འཕེལ། །དོན་གཉིས་ཕུན་ཚོགས་ཡེ་ཤེས་འབྱོར་པའི་དཔལ། །ལྷུན་གྲུབ་མཐར་ཕྱིན་ཕྲིན་ལས་བཀྲ་ཤིས་ཤོག །དེ་དག་གིས་རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ་གྱི་སོགས་དབང་དང༌། ལས་བྱང་གི་ཚོགས་ལ་རོལ་ཞིང་ལྷག་མ་བཏང་བ་སོགས་མཐར་དབྱུང་ངོ༌། །འཇིྃགས་མེདྃ་ཚོགས་གཉིས་གཟི་བྱིན་དང༌། །རྟག་འགྲོགས་མཁྱེནྃ་བརྩེྃའི་འོདྃ་སྟོང་ཅན། །མི་ཟད་འདོད་དགུའི་ཟེརྃ་བཀྲྃ་བས། །རབ་ཤིསྃ་འདབ་སྟོང་དཔྃལ་བརྒྱས་འབྱོྃར། །རྩ་གསུམ་འོད་གསལ་སྙིང་ཐིག་གི་རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་ཀྱི་དབང་ཆོག་འདོད་འབྱུང་ནོར་བུའི་སྙེ་མ་ལེ་ཚན་བདུན་པ་འོད་གསལ་རང་བྱུང་ལྷུན་གྲུབ་རྩལ་གྱིས་སྦྱར་བའོ། ༈ འཕོ་མེད་བདེ་ཆེན་རྡོ་རྗེའི་ཉིན་མོར་བྱེད། །རྟག་ཏུ་བྲི་གང་བྲལ་བའི་འཛུམ་ཟེར་གྱིས། །སྲིད་ཞི་བརྟན་གཡོའི་དཔལ་ཀུན་སྡུད་མཛད་པ། །གར་དབང་པདྨ་ཐོད་ཕྲེང་དགྱེས་པས་སྐྱོངས། །རྩ་གསུམ་འོད་གསལ་སྙིང་ཐིག་གི་དབང་མཛད་པདྨ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་དང་འབྲེལ་བའི་དབང་ལ། བདག་མདུན་བུམ་པ་བཅས་བསྒྲུབས་ཟིན་པའི་རྗེས་སུ་དབང་གི་སྦྱིན་སྲེག་གྲུབ་ན་ལེགས་པས་དེའི་ཚུལ་ནི། ཚོང་འདུས་ཆེན་པོ་དང༌། སྨད་འཚོང་ཉལ་པོ་བྱས་པའི་ས་ལ་སྟེགས་བུ་དམར་པོ་འདོམ་གང་བ་བཅོས། ཟངས་ལས་བྱས་པའི་དབང་གི་ཐབ་ཁྲུ་གང་བ་ལྟེ་བ་པདྨ་དམར་པོ་འདབ་བཞི་དབུས་སུ་ཨུཏྤལ་དམར་པོས་མཚན་པ། ཁ་ཁྱེར་སོར་བཞི་པ་ལ་མེ་རི་མུ་རན་ལ་ལྕགས་ཀྱུ་དང་མེ་ཏོག་དམར་པོ་སྤེལ་བ་མཚན་ཉིད་དང་ལྡན་པར་བྲི་བའམ་ཡང་ན་འབྲུ་དམར་གྱི་ཚོམ་བུ་ལྷ་གྲངས་བཀོད་པས་ཀྱང་རུང་ལ། སེང་ལྡེང་ངམ། འོ་སེ། མཛོ་མོ་ཤིང་སོགས་ཀྱིས་ཟླ་གམ་དུ་བརྩེགས། དེ་དང་ཉེ་བར་རང་གི་མདུན་དུ་དགང་བླུགས་ཁ་སྦྱར་བ། རྡོར་དྲིལ། བསང་ཆུ་མེ་ཏོག་གི་སྣོད་སོགས་དང༌། གཡས་སུ་སྨན་གཏོར་རཀྟ་ཚོགས་ཀྱི་ཡོ་བྱད། གཡོན་དུ་ཏིལ་མར་གྱི་མར་ཁུ། ལས་མཐུན་ཡམ་ཤིང༌། གར་ཆང་དང་ལན་ཚྭ་དམར་པོ་སྦགས་པའི་ཟས་སྣ་དཀར་དམར་ལ་དུ་འབྲུ་སྨན་རིན་ཆེན་དར་ཟབ་གླང་སྣ་མེ་ཏོག་བཅས་དམར་པོའི་རིགས་དང༌། མངར་སྐྱུར་གྱི་རོ་ཅན་གཙོ་བོར་བྱ། ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ལ་པདྨའི་སྐྱིལ་ཀྲུང་གིས་འཁོད་དེ། རྡོར་དྲིལ་བྱིན་བརླབས་ནི། ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་པས་རྡོ་རྗེ་སྙིང་གར་གསོར། ཨོཾ་བཛྲ་གཎྜེ་ཨཱཿས་དྲིལ་བུ་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་གིས་རྡོར་དྲིལ་བསྣོལ་བའི་འཁྱུད་རྒྱ་དང་བཅས་དམ་ཚིག་གསུམ་བཟུང༌། གཉིས་པ་དངོས་གཞི་ལ། ཐོག་མར་མཆོད་སྲེག་གི་རྫས་རྣམས་ལ་བསང་ཆུ་འཐོར་ཞིང༌། རྃ་ཡྃ་ཁྃ་གིས་བསང་སྦྱང༌། སྟོང་པའི་ངང་ལས་བདེ་ཆེན་གྱི༔ རྣམ་རོལ་མཆོད་དང་བསྲེག་བྱའི་རྫས༔ ཡེ་ཤེས་བདུད་རྩི་འདོད་ཡོན་སྤྲིན༔ ཅིར་ཡང་འཆར་ཞིང་འབྱུང་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་བདུན་དང༌། སྤྲོ་ན་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ཀྱང་བརླབ་ཅིང་སྤེལ། ཐལ་མོ་སྦྱར་བའི་བར་དུ་དཔལ་འབར་ཐོགས་ལ་ཐབ་ལ་གཡོན་དུ་བསྐོར་ཞིང༌། ཨོཾ་ཨགྣེ་ཛྭ་ལ་རཾ། ཞེས་ལན་གསུམ་གྱིས་མེ་སྦར། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རླུང་གཡབ་ཀྱིས་གཡབ། བླུགས་གཟར་གྱིས་མར་ཁུའི་ཐིག་པས་ཀྱང་གསོ། ཀུ་ཤའི་འཐོར་གཡབ་ཀྱིས་ཐབ་ལ་བསང་ཆུ་འཐོར་ཞིང༌། རྟ་སྔགས་ཀྱིས་བསང༌། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་དབང་གི་ཐབ་ཁུང་ནི༔ ཟླ་གམ་འོད་དམར་རབ་ཏུ་འཁྲུགས་པའི་ནང༔ དབང་གི་མེ་དཔུང་རྗེས་ཆགས་སྣང་བ་འབར༔ དེ་དབུས་བྷྲཱུྃ་ལས་པདྨའི་གཞལ་ཡས་ཁང༔ མཚན་ཉིད་ཡོངས་རྫོགས་ངོ་མཚར་བཀོད་པས་མཛེས༔ ལྟེ་བར་རྨ་བྱས་བཏེགས་པའི་རིན་ཆེན་ཁྲིར༔ ཐབས་ཤེས་ཟུང་འཇུག་ཉི་ཟླའི་གདན་གྱི་སྟེང༔ ཧྲཱིཿཡིག་ཡོངས་གྱུར་པདྨ་ཐོད་ཕྲེང་རྩལ༔ དམར་གསལ་སྒེག་ཅིང་ཤིན་ཏུ་ཆགས་པའི་ཉམས༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་གཟི་འོད་འབར༔ ཕྱག་གཡས་པདྨ་དམར་པོ་ཐུགས་ཀར་གཏོད༔ གཡོན་པས་པདྨས་ཡུ་བ་བྱས་པ་ཡི༔ རིགས་ཀྱི་དྲིལ་བུ་དཀུར་བརྟེན་ཡུམ་ལ་འཁྱུད༔ རུས་པའི་ཕྱག་རྒྱ་དྲུག་གིས་རབ་ཏུ་སྤྲས༔ དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ ཡུམ་མཆོག་པདྨ་དྲིལ་བུ་བསྣམས་པས་འཁྲིལ༔ རིག་འཛིན་བླ་མ་བྱེ་བའི་སྤྲིན་ཕུང་འཕྲོ༔ འདབ་བཞིར་དབང་ཆེན་རྟ་མཆོག་རིགས་བཞི་ལས༔ རབ་འབྱམས་ཡི་དམ་ཞི་ཁྲོའི་ཕྱག་རྒྱར་ཤར༔ སྒོ་བཞིར་རིག་འཛིན་དཔའ་བོ་ཡབ་ཡུམ་ལ༔ གནས་གསུམ་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེས་རྒྱས་གདབ་ཅིང༔ ཡེ་ཤེས་དབང་བསྐུར་རིགས་ཀྱི་ཅོད་པན་འཆང༔ ཐུགས་ཀའི་འོད་ཀྱིས་ལྷ་ཚོགས་སྤྱན་དྲངས་གྱུར༔ ཧཱུྃ་ཧྲཱིཿ རང་རིག་ལྷུན་མཉམ་མཐའ་དབུས་མེད་པའི་དཀྱིལ༔ ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ་འཆང་བ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་སྐུར་སྟོན་པ༔ རྩལ་སྣང་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་སརྦ་ཛྙཱ་ན་མཎྜ་ལ་བཛྲ་ས་མ་ཡ་ཛཿ ཧཱུྃ་ཧྲཱིཿ རང་སྣང་དམ་ཚིག་སེམས་དཔའི་དཀྱིལ་འཁོར་དུ༔ རིག་རྩལ་དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ༔ གཉིས་མེད་བརྟན་བཞུགས་དབང་དང་དངོས་གྲུབ་སྩོལ༔ བཛྲ་ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ དགང་བླུགས་ཐོགས་ཏེ། ཧྲཱིཿ དགང་བླུགས་ཐབས་ཤེས་ཟུང་འཇུག་མཉམ་སྦྱོར་བ༔ ལྷ་རྣམས་ཞལ་གྱི་ངོ་བོར་རྣམ་དག་ལས༔ ཟག་མེད་བདུད་རྩིའི་ཆར་ཆེན་ཕབ་པ་ཡིས༔ པདྨ་ཐོད་ཕྲེང་ཡབ་ཡུམ་དཀྱིལ་འཁོར་པ༔ དགྱེས་ཚིམས་སྐུ་དང་སྦྱོར་མཚམས་ལས་བྱུང་བའི༔ འོད་ཟེར་དམར་པོས་འཁོར་འདས་ཁམས་ཀུན་ཁྱབ༔ རབ་འབྱམས་དབང་གི་ཕྲིན་ལས་ཡོངས་རྫོགས་ཤིང༔ རང་བཞིན་དོན་གཉིས་ལྷུན་གྱིས་གྲུབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ ལན་བདུན་མཐར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཁམས་གསུམ་སྣོད་བཅུད་རླུང་སེམས་སྣང་བ་ལེགས་པའི་ཡོན་ཏན་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་སྦྱར་བ་ལན་གསུམ་དུ་འབུལ། ཧཱུྃ་ཧྲཱིཿ རིག་སྟོང་གདོད་ནས་སྐྱེ་མེད་ཆོས་སྐུའི་དབྱིངས༔ ཡེ་ཤེས་རང་རྩལ་གཟུགས་སྐུའི་རྣམ་པར་ཤར༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ མི་ཕྱེད་གུས་པས་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་མངོན་སྤྲུལ་པའི༔ ཕྱི་ནང་གསང་བ་རྨད་བྱུང་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་ཕྱིར་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་སུ་ཁ་ཛྙཱ་ན་པཱུ་ཛ་ཧོཿ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་ཆོས་སྐུའི་ངང་ཉིད་ལས༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྤྲིན་ཕུང་འཕྲོ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་ལྷ་ཚོགས་ལ༔ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ༔ དེ་ནས་རྫས་རྣམས་ཁུ་བའི་རང་བཞིན་ཅན་རྣམས་ཞལ་དང༌། ཡམ་ཤིང་འོད་ཀྱི་དཀྱིལ་འཁོར། འབྲུ་སྨན་སོགས་ཕྱག་གིས་མཚོན་པར་ཕུལ་བར་མོས་ཏེ་ལག་གིས་བཟུང་དུ་བཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བ་པདྨའི་མཆོག་སྦྱིན་གྱི་ཚུལ་དང༌། དེ་ལས་གཞན་པ་རྣམས་བླུགས་གཟར་གྱིས་འབུལ་ཞིང༌། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ ལན་བདུན་མཐར་སྤེལ་ཚིག །ཁམས་གསུམ་སྣོད་བཅུད་རླུང་སེམས་སྣང་བ་ལེགས་པའི་ཡོན་ཏན་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་བཏགས་ཏེ་དེ་ལྟ་བུའི་མར་ཁུ་ཉེར་གཅིག་དང༌། ཡམ་ཤིང་དེ་མཚུངས་ཕུལ། ཁྱད་པར་དབང་གི་རྫས་ལ་ལྷ་སྔགས་ཀྱི་མཚམས་སུ་སྤེལ་ཚིག་བཏགས་པ་ལ་གྲངས་བཟུང༌། དེ་རྣམས་ཀྱི་ཚེ་ཐབ་ཀྱི་ལྷ་ཚོགས་རྣམས་ཀྱི་འོད་ཟེར་དམར་པོ་པདྨ་རཱ་གའི་མདངས་ཅན་ལྕགས་ཀྱུས་རྣམ་པས་དབང་གི་ལས་ཐམས་ཅད་རྩོལ་མེད་དུ་སྒྲུབ་པར་བསམ་ལ་དམིགས་པའི་གསལ་སྣང་ལ་རྩེ་གཅིག་ཏུ་སེམས་འཛིན་པ་ནི་རྣོ་ལ་ངར་གྱིས་གདབ་པ་བཞིན་ནོ། །གྲངས་རྫོགས་པའི་ཚེ་སྤྲོ་ན། ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱས་ལས་མཐུན་གོས་ཟུང་དང༌། ཨོཾ་བཛྲ་ཏམྦུ་ལཱ་ཡེ་སྭཱ་ཧཱསོ་རྩི་འབུལ། སྤྲོ་ན་ཚོགས་མཆོད་ཀྱང་འབུལ། གཤེགས་སྐྱེམས་ལན་བདུན་སྔར་ལྟར་དང༌། གཏང་རག་གི་མཆོད་བསྟོད་སྔོན་དུ་འགྲོ་བས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿས་དངོས་གྲུབ་བླང༌། ཡི་གེ་བརྒྱ་པས་ནོངས་པ་བཤགས། ཛཿཧཱུྃ་བྃཧོཿས་ཐབ་ཀྱི་ཡེ་ཤེས་པ་རང་གི་ལྟེ་བའི་གཏུམ་མོ་ལ་ཐིམ་པར་བསམ་ཞིང༌། བསྔོ་སྨོན་དང་ཤིས་པ་བརྗོད། ཐལ་བ་འབབ་ཆུ་ཆེན་པོའམ༔ ནུབ་ཕྱོགས་རི་རྩེར་རླུང་ལ་བསྐུར༔ དེས་ནི་རབ་འབྱམས་དབང་གི་ལས༔ མྱུར་དུ་འགྲུབ་ཅིང་མཐར་ཕྱིན་འགྱུར༔ ཞེས་གསུངས་སོ། །དབང་བསྐུར་ལ་ལོ་རྒྱུས་ཀྱི་ཁྱད་པར། དེ་ཡང་ཞི་རྒྱས་དབང་མཆོག་དང་དྲག་པོའི་ཕྲིན་ལས་ཐམས་ཅད་ཀྱི་རྩ་བ་ནི་ཟབ་པ་དབང་གི་ལས་ཉིད་ཡིན་ཏེ། མཆོག་གི་དབང་སྡུད་རྒྱལ་དང་རྒྱལ་བའི་སྲས་པོ་རྣམས་ཀྱི་ཐུགས་སྙིང་རྗེ་ཆེན་པོའི་ཁྱབ་བརྡལ་མུ་མེད་ཀྱི་ཏིང་ངེ་འཛིན་གྱིས་འཇིག་རྟེན་ཡིད་ཅན་མཐའ་དག་དབང་དུ་བསྡུས་པས་མངོན་མཐོ་ངེས་ལེགས་ཀྱི་དཔལ་ལ་སྦྱོར་བ་དང༌། སློབ་མ་དབང་རབ་མོས་གུས་ཀྱིས་གྲོལ་བ་རྣམས་ཀྱིས་བླ་མའི་ཐུགས་རྡོ་རྗེའི་ཡེ་ཤེས་ཀྱི་བྱིན་རླབས་དབང་དུ་བྱས་ནས་རྟོགས་གྲོལ་དུས་མཉམ་དུ་འབྱུང་བ་དང༌། རྣལ་འབྱོར་པ་ལྟ་དགོངས་ཅན་གྱིས་ལས་ཀྱི་ཕྱག་རྒྱ་དབང་དུ་བྱས་ཏེ་ལྷན་སྐྱེས་ཡེ་ཤེས་ཀྱི་རྟོགས་པས་རླུང་སེམས་དབུ་མར་སྡུད་པ་དང༌། ཐུན་མོང་དབང་གི་ཕྲིན་ལས་སློབ་དཔོན་སངས་རྒྱས་གཉིས་པས་ཧས་པོ་རི་ནས་བོད་ཀྱི་ལྷ་སྲིན་ཆེ་དགུ་དབང་དུ་བསྡུས་ནས་བསམ་ཡས་ཀྱི་གཙུག་ལག་ཁང་བཞེངས་པའི་འབངས་སུ་བཀོལ་བ་དང༌། ཁྲོ་ཕུ་ལོ་ཙཱ་བས་རྒྱ་གར་གྱི་པཎྜི་ཏ་འབུམ་ཕྲག་གསུམ་པ་དབང་དུ་བསྡུས་ཏེ་བོད་དུ་གདན་དྲངས་པ་སོགས་ཕན་བདེའི་ཕྲིན་ལས་ཐམས་ཅད་ཀྱི་རྩ་བ་དབང་གི་ལས་སྦྱོར་ཡིན་ཞིང༌། དེ་ཡང་ལྷ་སྔགས་གཞན་ལས་ཀྱང་གསུང་པདྨའི་རིགས་ཀྱི་ལྷ་ལ་བརྟེན་པས་དངོས་གྲུབ་མྱུར་བར་བསྔགས་པས། གར་དབང་ཐུགས་རྗེ་ཆེན་པོ། དབང་ཆེན་རྟ་མཆོག་རོལ་པ་སོགས་གཉིས་མེད་གཉིས་སུ་སྣང་བའི་ཡེ་ཤེས་ཕྱག་རྒྱའི་ཆོ་འཕྲུལ་དུ་བཀོད་པས་དེ་ཉིད་རིགས་བརྒྱའི་ཁྱབ་བདག་པདྨ་ཐོད་ཕྲེང་རྩལ་དུ་བཞེངས་པའི་སྐུ་སྔགས་ལ་བརྟེན་པའི་དབང་གི་ལས་ནི་མྱུར་ཞིང་ཚན་ཆེ་བས་མན་ངག་དེའི་དབང་བསྐུར་བགྱི་བ་ལ་སོགས་དཀྱུས་ལྟར་དང༌། གཉིས་པ་དབང་གི་ལས་རབ་འབྱམས་སྒྲུབ་པའི་རྣོ་འདོན་མེ་ཡི་ལས་ཀྱི་དབང་བསྐུར་བ་ལ། དབང་གི་ལས་མཛད་པདྨ་ཐོད་ཕྲེང་ཡབ་ཡུམ་གྱི་ངོ་བོ་ཐབས་ཤེས་དགང་བླུགས་ཀྱི་ཕྱག་རྒྱ་འདི་གཏད་པས། དབང་བྱེད་ཀྱི་ཐབ་འདིར་མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱན་དྲངས་ཏེ་སྲེག་བླུག་གི་མཆོད་པ་ཕུལ་བས་ཐུགས་དམ་བསྐུལ་ནས་རབ་འབྱམས་དབང་གི་ལས་ཡིད་བཞིན་དུ་མཛད་པར་མོས་མཛོད། ཅེས་མཚམས་སྦྱར་ཏེ་རྒྱས་པར་སྤྲོ་ན་སྔར་ལྟར་དབང་གི་སྦྱིན་སྲེག་འབུལ་དུ་གཞུག །བསྡུ་ན་དགང་བླུགས་ཙམ་གཏད་ཀྱང་རུང་བར་གསུངས་པས་དེ་ལྟར་ན། དགང་བླུགས་ཀྱི་ཕྱག་རྒྱ་འདི་གཏད་པས་དབང་གི་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་ནུས་པར་མོས་མཛོད། ཅེས་བྱས་ལ། ཧྲཱིཿ པདྨ་ཐོད་ཕྲེང་ཡབ་ཡུམ་ངོ་བོ་ཉིད༔ ཐབས་ཤེས་ཟུང་འཇུག་དགང་བླུགས་འདི་གཏད་པས༔ ལྷ་རྣམས་ཞལ་གྱུར་སྲེག་བླུགས་ལས་སྦྱོར་གྱིས༔ རབ་འབྱམས་དབང་གི་ཕྲིན་ལས་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ ཧྲཱིཿསརྦ་ཝཱ་ཤཾ་ཀུ་རུ་ཧོཿ དབང་གི་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་ཕྱིར་བདེ་སྟོང་གཉིས་མེད་དགང་བླུགས་གཏད་ཅིང་རྣོ་མྱུར་བྱིན་ཟའི་ལས་སྒྲུབ་པར་རྗེས་སུ་གནང་བས་ཁམས་གསུམ་སྐྱེ་འགྲོ་མོས་པ་བཞིས་དབང་དུ་བྱས་ཤིང་མཐར་ཐུག་རླུང་སེམས་དྷུ་ཏིའི་དབྱིངས་སུ་སྡུད་པས་དོན་གཉིས་ལྷུན་གྱིས་གྲུབ་པའི་ལས་ལ་དབང་ཐོབ་པར་ཤིས་པའི་ཚིག་གི་གླུ་དང་བཅས་མེ་ཏོག་འཐོར་བས་མངའ་གསོལ་བར་མོས་ཤིག །འགྲོ་ཁམས་རྒྱ་མཚོ་མོས་པ་རྣམ་བཞིས་སྡུད། །འཁོར་འདས་ལམ་གྱི་དྭངས་བཅུད་ཐོགས་མེད་འགུགས། །མཆོག་ཐུན་དངོས་གྲུབ་ཡིད་བཞིན་འགྲུབ་པ་ཡི། །རབ་འབྱམས་དབང་གི་ལས་ཀྱི་བཀྲ་ཤིས་ཤོག །དེ་དག་གིས་དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ་གྱི་དབང་བསྐུར་སོགས་དབང་དང༌། ཕྲིན་ལས་རྗེས་ཀྱི་རིམ་མཐའ་རྒྱས་སུ་བྱའོ། །འཇིྃགས་མེདྃ་ཆོས་དབྱིངས་དྷུ་ཏིའི་མཁར། །དགའ་བཞི་མཁྱེནྃ་བརྩེྃའི་ཡེ་ཤེས་འོདྃ། །ཟེརྃ་སྣང་རྣམ་བཀྲྃས་རྒྱས་གདབ་ནས། །བརྟན་གཡོའི་ཤིསྃ་དགུའི་དཔྃལ་གྱིས་འབྱོྃར། །རྩ་གསུམ་འོད་གསལ་སྙིང་ཐིག་གི་པདྨ་ཐོད་ཕྲེང་རྩལ་གྱི་དབང་གི་ལས་ཀྱི་སྒོས་དབང་བདེ་སྟོང་ཀུན་དགའི་གློག་ཕྲེང་ལེ་ཚན་བརྒྱད་པ་པདྨ་དབང་ཆེན་དགྱེས་པའི་སྡེས་སྦྱར་བའོ། ༈ འཇིགྃས་མེདྃ་སྟོབས་བཅུའི་རྩེ་བརྒྱའི་མཚོན་འཆང་བ། །ཀུན་མཁྱེནྃ་རིང་ལུགས་སུམ་རྩེན་ཁབ་སྲུང་བཞིན། །རྗེས་བརྩེྃའི་ཟློས་གར་གངས་ཅན་བསྟན་འགྲོའི་རྒྱན། །རྟ་ཡི་རྒྱལ་པོ་ཀརྨ་ཐོད་ཕྲེང་རྒྱལ། །རྩ་གསུམ་འོད་གསལ་སྙིང་ཐིག་གི་དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་དང་འབྲེལ་བའི་དབང་ལ། བདག་མདུན་བུམ་སྒྲུབ་བཅས་སྔ་མ་རྣམས་ལྟར་བཏང་རྗེས་དྲག་པོའི་རྗེས་གནང་ཙམ་ལ་མ་བྱས་ཀྱང་རུང་མོད་སྤྲོས་པའི་ཡན་ལག་ཏུ་དྲག་གཏོར་གྱི་ལས་རིམ་བྱ་བར་འདོད་ན། མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷོའམ་བྱང་ཕྱོགས་སུ་ཕུང་ཤུལ་གྱི་ས་ལ་སྟེགས་བུ་གྲུ་བཞི་པའི་སྟེང་དུ་མ་ཏྲཾ་མགོ་བོ་ལྷོ་ནུབ་ཏུ་བསྟན་པའི་གཟུགས་ཀྱི་སྟེང་དུ་དྲག་པོའི་འཁོར་ལོ་རྩིབས་བཞི་མཐིང་ག །དབུས་སུ་པད་ཉིའི་སྟེང་རལ་གྲིས་མཚན་པ། རྩིབས་བཞི་ཐིག་ལེ་ཕྱོགས་མདོག །བར་རྣམས་ཁྲག་མཚོ། མུ་ཁྱུད་ལྗང་ནག་སྟེང་ཐིག་ལེ་བཞི་ཕྱོགས་མདོག་ཏུ་བཀོད། རྡོ་ར་མེ་རིས་བསྐོར་བ་རྡུལ་ཚོན་ནམ་རས་བྲིས་བཀྲམ་པའི་སྟེང་འབྲུ་ནག་གི་ངར་ཕྱེ་དུག་ཁྲག་ཆང་གིས་སྦྲུས་བའི་ཟོར་གཏོར་ཐོག་མདེལ་གྱི་དབྱིབས་ཅན། གཙོ་བོའི་སུམ་ཆ་ལས་དམན་པའི་འཁོར་རང་འདྲ་བཞི། དེ་རྒྱབ་དེ་ལས་སུམ་ཆ་བྲི་བ་བཞི་བཅས་ཕྱོགས་བཞིར་བཀོད། བར་རྣམས་མཐེབ་ཀྱུ་ཁྲག་ཀོང་གིས་ལྟེམས་ཤིང་ཐམས་ཅད་ཁ་དོག་ནག་པོ་འབའ་ཞིག་བྱ། སྤྲོ་ན་གཙོ་བོ་སྲིན་ཞལ་ཕྱུངས་པ་ལ་དར་གདུགས་མཐིང་ག་ལ་གཞུང་མཐུན་སྐུ་ཙཀ་དང་ནང་ཁྲོལ། །བ་སུ་ཏས་བརྒྱན། མཚེ་རྩང་སོགས་བཙུགས། བྱང་ཤར་ནས་གཡས་བསྐོར་གྱིས་མཚམས་འཛིན། ཁྲག་གི་མཆོད་ཡོན། དུག་ཆུའི་ཞབས་བསིལ། དབང་པོའི་མེ་ཏོག །ཚིལ་ཆེན་གྱི་བདུག་སྤོས། ཞུན་གྱི་མར་མེ། མཁྲིས་སྣའི་དྲི་ཆབ། དྲག་པོའི་ཞལ་ཟས། རྐང་གི་རོལ་མོ་བཅས་ཉེར་སྤྱོད་མཆོད་པས་བསྐོར། གཡས་གཡོན་དུ་སྨན་རཀ །ཐུན་གཏོར། གཏོར་ཆུང༌། ཤ་དུམ། ཚོགས་རྫས། བ་ལིང་རྣམས་དང༌། ལྕགས་ཧོམ་དུ་ལིངྒ། ཕུར་བུ། གསེར་སྐྱེམས་ཀྱི་སྣོད་སོགས་འདུ་བྱས་ལ་ལས་དཀྱིལ་ལ་དམིགས་ཏེ། མ་ཏྲཾ་རུ་ཏྲ་ཨཀརྵ་ཡ་ཛཿ མཱ་ར་ཡ་ཕཊ྄༔ གཏོར་སྣོད་མ་ཏྲཾ་བསྒྲལ་བའི་ཁོག་པ་རུ༔ དུར་ཁྲོད་དྲག་པོའི་བཀོད་པས་རབ་ཏུ་བརྗིད༔ དེ་དབུས་གཏོར་མ་མི་དམིགས་སྟོང་པའི་ངང༔ གནམ་ལྕགས་འབར་བའི་འཁོར་ལོ་རྩིབས་བཞིའི་དབུས༔ པད་ཉི་དྲེགས་པ་བདུད་བཞིའི་གདན་སྟེང་དུ༔ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ ལྗང་ནག་ཁྲོ་གཏུམ་བཟོད་དཀའི་གཟི་བརྗིད་འབར༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར་ཟླུམ་འཁྲུགས༔ ཕྱག་གཡས་རལ་གྲི་མེ་འབར་ནམ་མཁར་གདེངས༔ གཡོན་པས་ཐོད་པ་ཁྲག་བཀང་ཐུགས་ཀར་གཏོད༔ ལས་ཀྱི་གསང་གོས་ཕོད་ཀ་སྟག་ཤམ་གསོལ༔ རུས་པའི་རྒྱན་ལྡན་རང་འོད་ཡུམ་དང་འཁྲིལ༔ ཞབས་གཉིས་གྱད་ཀྱི་དོར་སྟབས་བདུད་དཔུང་མནན༔ དྲག་མེ་དམར་ནག་འཁྲུགས་པའི་ཀློང་ན་རོལ༔ རིག་འཛིན་དྲག་པོ་བྱེ་བའི་སྤྲིན་ཕུང་འཕྲོ༔ རྩིབས་བཞིར་དབང་ཆེན་རྟ་མཆོག་རིགས་བཞི་ལས༔ རབ་འབྱམས་ཡི་དམ་ཁྲོ་བོའི་ཕྱག་རྒྱར་ཤར༔ དེ་ཡི་ཕྱོགས་བཞིར་པད་ཉི་བམ་རོའི་སྟེང༔ རིག་འཛིན་དྲག་པོ་དཔའ་བོ་ཡབ་ཡུམ་ལ༔ གནས་གསུམ་མཁའ་འགྲོ་དྲག་མོའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེས་རྒྱས་གདབ་ཅིང༔ ཡེ་ཤེས་དབང་བསྐུར་རིགས་ཀྱི་ཅོད་པན་འཆང༔ ཐུགས་ཀའི་འོད་ཀྱིས་ལྷ་ཚོགས་སྤྱན་དྲངས་གྱུར༔ ཧཱུྃ་ཧྲཱིཿ རང་རིག་ལྷུན་མཉམ་མཐའ་དབུས་མེད་པའི་དཀྱིལ༔ ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ་འཆང་བ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་སྐུར་སྟོན་པ༔ རྩལ་སྣང་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་སརྦ་ཛྙཱ་ན་མཎྜ་ལ་བཛྲ་ས་མ་ཡ་ཛཿ ཧཱུྃ་ཧྲཱིཿ རང་སྣང་དམ་ཚིག་སེམས་དཔའི་དཀྱིལ་འཁོར་དུ༔ རིག་རྩལ་དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ༔ གཉིས་མེད་བརྟན་བཞུགས་དབང་དང་དངོས་གྲུབ་སྩོལ༔ བཛྲ་ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱིཿ རིག་སྟོང་གདོད་ནས་སྐྱེ་མེད་ཆོས་སྐུའི་དབྱིངས༔ ཡེ་ཤེས་རང་རྩལ་གཟུགས་སྐུའི་རྣམ་པར་ཤར༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ མི་ཕྱེད་གུས་པས་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་མངོན་སྤྲུལ་པའི༔ ཕྱི་ནང་གསང་བ་རྨད་བྱུང་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་ཕྱིར་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་སུ་ཁ་ཛྙཱ་ན་པཱུ་ཛ་ཧོཿ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་ཆོས་སྐུའི་ངང་ཉིད་ལས༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྤྲིན་ཕུང་འཕྲོ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་ལྷ་ཚོགས་ལ༔ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ༔ མདུན་བསྐྱེད་ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང༔ རྡོ་རྗེ་རྩེ་དགུའི་ལྟེ་བར་ཧཱུྃ་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་ལས་འོད་ཟེར་ཕྲེང༔ ཚ་ཞིང་རྩུབ་པ་མཚོན་ཆའི་ཚོགས་བཅས་འཕྲོས༔ ས་གསུམ་གདུག་པའི་འབྱུང་པོ་ཟིལ་གྱིས་མནན༔ དམ་སྲི་རྒྱལ་འགོང་བྱད་ཕུར་རྦོད་གཏོང་སོགས༔ མི་མཐུན་ཕྱོགས་ཀུན་ཐལ་བའི་རྡུལ་བཞིན་བརླག༔ ཕྱོགས་ལས་རྣམ་རྒྱལ་ཕྲིན་ལས་འགྲུབ་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ སརྦ་ཤ་ཏྲཱུན་བིགྷྣཱན་བྷཱུ་ཏ་པྲེ་ཏ་པི་ཤ་ཙི་ན་བྷིནྡྷ་བྷིནྡྷ་ཧ་ན་ཧ་ན་པ་ཙ་པ་ཙ་ད་ཧ་ད་ཧ་དཱི་ན་མེ་ཀེ་ན་མཱ་ར་ཡ་ཕཊ྄༔ ཅེས་ལས་སྔགས་སྤུ་གྲི་བཏགས་པ་གཙོ་བོར་བཟླ། ལས་སྦྱོར་དང་པོ་སྲུང་དམིགས་ནི། དཔལ་ཆེན་སྐུ་ལས་ཡེ་ཤེས་ཀྱི༔ རྣམ་འཕྲུལ་ནམ་མཁའ་གང་བར་སྤྲོས༔ ཕྱོགས་མཚམས་སྟེང་འོག་ཚོམ་བུར་བཞུགས༔ སྲུང་བ་མཚམས་ཀྱི་ལས་མཛད་དེ༔ གུར་ཁང་དྲུག་གིས་གཏམས་པར་གྱུར༔ རྩ་སྔགས་ལ་མཐར། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ༔ ཞེས་དང༌། ཟློག་དམིགས་ནི། དཔལ་ཆེན་ལྷ་ཚོགས་འཁོར་དང་བཅས༔ ཁྲོས་འཁྲུགས་རྔམ་པའི་གཟི་བྱིན་བསྐྱེད༔ ཕྱི་རོལ་ཞལ་གཟིགས་སྔགས་ཀྱི་སྒྲ༔ འབྲུག་སྟོང་ལྟ་བུར་སྒྲོགས་པ་ཡིས༔ སྐུ་དང་ཞལ་ལས་དམོད་པའི་མཚོན༔ ནད་མཚོན་དུག་རླངས་ཕོ་ཉའི་ཚོགས༔ སྐར་ལྟར་འཁྲུགས་ཤིང་སེར་ལྟར་བབ༔ ནག་ཕྱོགས་འབྱུང་པོ་སྡེ་བཅས་དང༔ ཕས་རྒོལ་རིག་སྔགས་དམོད་པའི་དབལ༔ མི་མཐུན་འབྲས་བུ་ཐན་ལྟས་ངན༔ ཐམས་ཅད་རང་དབང་མེད་པར་བཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་བབ༔ རྩ་སྦུར་མེ་ལྕེས་བསྲེགས་པ་བཞིན༔ རྗེས་ཤུལ་མེད་པར་བརླག་པར་བསམ༔ རྩ་སྔགས་མཐར། སརྦ་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ ཅེས་སྦྱར་ལ་བཟླ། བསད་དམིགས་ནི། དཔལ་ཆེན་ཁྲག་འཐུང་དཀྱིལ་འཁོར་ལྷ༔ དྲག་ཤུལ་ཁྲོས་པའི་སྐུ་རུ་བཞེངས༔ ལས་བྱེད་ཕོ་ཉ་མཚོ་ཆའི་ཆར༔ ཐོག་སེར་མེ་རླུང་དང་བཅས་སྤྲོས༔ དགྲ་བགེགས་འགུགས་བསྟིམ་དབབ་པ་དང༔ དབྱེ་དང་མངོན་སྤྱོད་ནན་ཏུར་གྱིས༔ གདུག་པ་ཅན་རྣམས་དབྱིངས་སུ་བསྟིམ༔ དྭངས་མ་བསྲེ་ཞིང་སྙིགས་མ་བསྒྲལ༔ བར་མ་རང་ལ་བསྟིམ་བྱས་ཏེ༔ བདག་ཕུར་འབེན་གསུམ་དབྱེར་མེད་པ༔ ཆོས་ཉིད་མཉམ་པའི་ངང་དུ་བརྡལ༔ རྩ་སྔགས་མཐར། སརྦ་ཤ་ཏྲཱུཾ་བིགྷྣཱན་བྷཱུ་ཏ་པྲེ་ཏ་པི་ཤ་ཙི་ན་བྷིནྡྷ་བྷིནྡྷ་ཧ་ན་ཧ་ན་པ་ཙ་པ་ཙ་ད་ཧ་ད་ཧ་དཱི་ན་མེ་ཀེ་ན་མཱ་ར་ཡ་ཕཊ྄༔ ཅེས་བཏགས་པ་བཟླས་ལ་ཐུན་དང་ཟོར་རྫས་ལ་སྔགས། དེ་དག་གིས་གཙོ་བོ་ཏིང་ངེ་འཛིན་སྲུང་བཟློག་བསད་པ་སྟེ་ཟོར་གཏོར་སོགས་བཅས་བཤམ་མ་གྲུབ་ཀྱང་སྲུང་བཟློག་གི་དམིགས་བཟླས་འདི་དག་བདག་བསྐྱེད་ཀྱི་རྣལ་འབྱོར་ལ་སྦྱར་བས་ཀྱང་རུང་ཞིང་དགོས་པའི་དོན་འགྲུབ་ལ། ཐུན་མཐར་དབྱངས་གསལ་རྟེན་སྙིང་དང༌། མཆོད་བསྟོད། ཡིག་བརྒྱ། བཀའ་གཏེར་སྲུང་མའི་གསོལ་བསྐང༌། ཚོགས་མཆོད་བསྐང་བཤགས་བཅས་གྲུབ་པ་དང༌། བཟློག་པའི་ལས་རིམ་དངོས་ཀྱི་ཐོག་མར་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ཆོས་ཉིད་གདོད་ནས་སྐྱེ་བ་མེད་པ་ལས༔ སྙིང་རྗེ་ཆེན་པོས་སྐྱེ་བའི་སྐུར་བསྟན་པ༔ རྩ་གསུམ་རྒྱལ་བ་མ་ལུས་འདུས་པའི་དངོས༔ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ གཙོ་འཁོར་སྤྲུལ་པ་བཀའ་སྡོད་བཅས་པ་ཀུན༔ དུས་ལས་ཡལ་ཡོལ་དབྲི་བཀོལ་མི་མཛད་པར༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་ངང་ཉིད་ལས༔ ཐུགས་དམ་དབང་གིས་ཁྲོས་འཁྲུགས་སྐུར་བཞེངས་ཏེ༔ གདུག་ཅན་དགྲ་བགེགས་གཏུམ་པོ་ཕམ་མཛད་ཕྱིར༔ འཁོར་བཅས་ཐ་ཚིག་གཉན་པོའི་དུས་ལ་བབ༔ གསོལ་ཡང་མི་དགོངས་བསྐུལ་ཡང་མི་བགྱིད་ན༔ ཐུགས་དམ་ཞལ་བཞེས་དམ་བཅའ་རྫུན་དུ་ཐལ༔ དེ་ཕྱིར་ཡེ་ཤེས་ཆེན་པོའི་རྩལ་བསྐྱེད་ལ༔ མངོན་སྤྱོད་དམོད་པའི་ཕྲིན་ལས་ཡོངས་གྲུབ་མཛོད༔ གསེར་སྐྱེམས་དང་གཟུ་དཔང་ནི། རྃ་ཡྃ་ཁྃ། གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོན་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང༌། །བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། །ཁྱད་པར་ཀརྨ་ཐོད་ཕྲེང་ལྷ་ཚོགས་རྣམས། །གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ། །གཟུ་དང་དཔང་མཛོད་མངོན་སྤྱོད་ལས་ལ་བཞེངས། །དཔལ་མགོན་མ་ནིང་ལེགས་ལྡན་སྔགས་ཀྱི་སྲུང༌། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་པ་རྣམས། །གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ། །གཟུ་དང་དཔང་མཛོད་མངོན་སྤྱོད་ལས་ལ་བཞེངས། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང༌། །ས་ཕྱོགས་འདི་ཡི་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷ། །གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ། །གཟུ་དང་དཔང་མཛོད་མངོན་སྤྱོད་ལས་ལ་བཞེངས། །བྲུབ་ཁུང་བསྐྱེད་པ་ནི། ཨེ་ཡཾ་རཾ་ཡོངས་སུ་གྱུར་པ་ལས་དྲག་པོའི་བཙོན་ཁང་གཏིང་རིང་བ། །དུག་ལྔའི་རང་གཟུགས་འབྱུང་བ་ལྔ་འཁྲུག་ཅིང་ཕྱི་ནང་དུ་གཤིན་རྗེའི་དམག་ཚོགས་མཚོན་ཆ་སྣ་ཚོགས་འཛིན་པས་རྒྱོབ་སོད་ཀྱི་སྒྲ་སྒྲོགས་པ་འཇིགས་སུ་རུང་བ། དེའི་ནང་དུ་དགྲ་བགེགས་བྱད་མ་ཉམ་ཐག་པའི་ལུས་ཅན་ངུ་འབོད་ལྷང་ལྷང་བ་ཞིག་ཏུ་གྱུར། བདེན་སྟོབས་བརྗོད་ཅིང་འགུགས་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང༌། ཆོས་ཉིད་གདོད་ནས་སྟོང་ཞིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་རྩ་གསུམ་ཀུན་འདུས་དྲག་པོའི་ལས་མཛད་གུ་རུ་ཀརྨ་ཐོད་ཕྲེང་རྩལ་གྱི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་བསམ་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང༌། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །རྩ་སྔགས་མཐར། དགྲ་བགེགས་བྱད་མ་གྲྀཧྞ་གྲྀཧྞ༔ བྷནྡྷ་བྷནྡྷ༔ ཨཱ་ཀརྵ་ཡ༔ ཨཱ་ཀརྵ་ཡ༔ ནཱ་ཤ་ཡ༔ ནཱ་ཤ་ཡ༔ ཧ་ར་ཧ་ར༔ མོ་ཧ་ཡ་མོ་ཧ་ཡ༔ ཛཿཧཱུྃ་བྃ་ཧོཿ ཞེས་བཏགས་ལ་ལན་གསུམ་གྱིས་བཀུག །བསྒྲལ་བ་དངོས་ནི། ལས་ཕུར་འདྲིལ་ལ། ཧཱུྃ༔ ཀརྨ་ཐོད་ཕྲེང་གསོད་བྱེད་ཕོ་ཉ་ཆེ༔ ཤིན་ཏུ་མི་བཟད་ཡཀྴ་ཧེ་རུ་ཀ༔ ཕྱག་གཡས་རྣོ་དབལ་གདུག་པའི་ཕུར་བུ་འདྲིལ༔ གཡོས་པས་འཆོར་མེད་ལྕགས་ཀྱུ་རྣོན་པོ་གདེངས༔ དགྲ་བགེགས་གནོད་བྱེད་གདུག་ཅིང་གཏུམ་པའི་ཚོགས༔ ལྕགས་ཀྱུས་ཟུངས་ལ་ཕུར་བུས་སྙིང་གར་ཐོབ༔ ཚེ་བསོད་དྭངས་མ་སྒྲུབ་མཆོག་རྣམས་ལ་བསྟིམ༔ རྣམ་ཤེས་རྡོ་རྗེ་སེམས་དཔའི་སྲས་སུ་དྲོངས༔ གཟུགས་ཕུང་རྡུལ་ཕྲན་བཞིན་དུ་དུམ་བུར་གཏུབས༔ མངོན་སྤྱོད་སྟོབས་ཀྱི་ཕྲིན་ལས་ཡོངས་རྫོགས་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ བཛྲ་ཡཀྴ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚན་ཨཱ་ཡུར་པུཎྱེ་ཛཿབྷྲཱུྃ༔ ནྲྀ་ཏྲི་བི1$0000260[WP:6,118][WP:6,228]1$0000300་ཨ་ཕཊ྄༔ བྷིནྡྷ་བྷིནྡྷ་མཱ་ར་ཡ་རྦད༔ ཅེས་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་ཕུར་པ་བཏབ། སླར་ཕུར་རྩེ་ལས་ཐུན་རྫས་སྣ་ཚོགས་ཀྱི་ཆར་འབེབས་པར་བསམ་ལ། ཨེ༔ ཁྲོ་རྒྱལ་འདུས་པ་ཡུངས་ཀར་ཐོག༔ མ་མོ་ཁྲག་གི་རྦ་རླབས་འཁྲུགས༔ ཀླུ་བདུད་དུག་གི་ཁ་ཆུ་འབེབས༔ ཐིབས་གནོན་གདུག་པ་རྡོ་རྗེའི་མཚེ༔ གཟའ་རྒོད་མིག་དམར་གཟེར་མདའ་འཕེན༔ གཤིན་རྗེ་སྲོག་གཅོད་ཟངས་ལྕགས་ཆར༔ མཚོན་ཆ་སྣ་ཚོགས་རྡོ་ཡི་ཐུན༔ འབེབས་པ་ཟིལ་གནོན་སྤྲུལ་པས་འབེབས༔ འབེན་ནི་དགྲ་དང་བགེགས་ལ་བཅས༔ ཉམས་པའི་ལུས་སེམས་རྡུལ་དུ་རློག༔ ཅེས་དང༌། རྡོ་རྗེ་ཕུར་པ་ཀཱི་ལ་ཡ༔ བཏབ་པས་འཁོར་འདས་མཐའ་གཉིས་བསྒྲལ༔ དགྲ་བགེགས་སྟེང་དུ་ཕུར་ཐུན་ཡ༔ རྩ་སྔགས་མཐར། ཨེ་མྱག་ཡ་རྔུབས་མུག་ཤཀ་ཀ་དུན༔ དགྲ་བོའི་སྲོག་ལ་ཧྲིང་ཧུར་ཐུམ་ཛ་རྩ་ཁྲག་སྙིང་ཐུམ་རིལ་རྃ་ཤག་རྦད༔ སྲོག་ཐུམ་རིལ་ཛ་རྩ་ཁྲག་ཧུར་རཾ༔ སྙིང་ཐུན་རྦད་སྲོག་ལ་མཱ་ར་ཡ་བྷྱོ༔ ཞེས་དྲག་ཏུ་བརྗོད་ལ་ཕུར་བུ་འདྲིལ་ཞིང་ཐུན་བརྡེག །མཐར་ཕུར་པ་འོད་དུ་ཞུ་ཧཱུྃ་ཡིག་ཏུ་གྱུར་པ་བདག་ལ་ཐིམ་པས་མཐུ་རྩལ་དང་ལྡན་པར་གྱུར། རལ་གྲིས་གཏུབས་ལ། ཟོར་གཏོར་དུ་ལིང་རོ་ཕུལ་ལ། ཧཱུྃ༔ ཀརྨ་ཐོད་ཕྲེང་ལྷ་ཚོགས་ཞལ་ཕྱེས་ཤིག༔ དགྲ་བགེགས་འབྱུང་པོ་བསྒྲལ་བའི་ཤ་ཁྲག་རུས༔ བདེ་ཆེན་རྡོ་རྗེའི་ལོངས་སྤྱོད་ཆེན་པོར་བཞེས༔ དུག་གསུམ་རྩད་ནས་གཅོད་པའི་ཕྲིན་ལས་མཛོད༔ སརྦ་ཤ་ཏྲཱུན་བིགྷྣཱན་མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཚོགས་ལ་རོལ་ཞིང་ལྷག་མ་བཏང་ལ། བཟློག་པའི་ཕྲིན་ལས་དངོས་ནི། གཏོར་ཆུང༌། ལིང་རོ། ཤ་དུམ། ཁྲག་སྐྱེམས་སོགས་ཟོར་དུ་འབུལ་བཞིན་པས། ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་རབ་འབར་བའི༔ མངོན་སྤྱོད་དྲག་ཤུལ་རོལ་པའི་དཀྱིལ་འཁོར་ནས༔ རྩ་གསུམ་རྒྱལ་བ་མ་ལུས་འདུས་པའི་དངོས༔ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་བཞེས༔ ཁྲོས་འཁྲུགས་རྔམ་པ་འབར་བའི་ཤུགས་བསྐྱེད་ལ༔ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ གཟུང་འཛིན་འཁྲུལ་པའི་གཞན་དབང་ལས་བྱུང་བའི༔ ལུས་ཀྱི་བཞི་བརྒྱ་རྩ་བཞིའི་ནད་ཀུན་ཟློག༔ སེམས་ཀྱི་འཁྲུལ་སྣང་དངོས་ཞེན་སྡུག་བསྔལ་ཟློག༔ བྱད་ཀ་ཕུར་ཁ་བྱོལ་ཁ་རྦོད་གཏོང་ཟློག༔ གཟུགས་ཅན་དགྲ་ཡི་འཚེ་བ་ཐམས་ཅད་ཟློག༔ གཟུགས་མེད་ལྷ་འདྲེའི་ཆོ་འཕྲུལ་བར་ཆད་ཟློག༔ ས་ཆུ་མེ་རླུང་འབྱུང་བཞི་དགྲ་ལངས་ཟློག༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཟློག༔ མཐའ་དམག་དུས་འཁྲུགས་བསྟན་ལ་འཚེ་བ་ཟློག༔ ཕྱི་ནང་རྩོད་འཛིངས་འགྲོ་བའི་རྐྱེན་ངན་ཟློག༔ གློ་བུར་ཀེག་སྲི་བར་ཆད་ཐམས་ཅད་ཟློག༔ བཟློག་གོ་དྲག་པོ་ཟོར་གྱི་གཏོར་མས་ཟློག༔ བསྒྱུར་རོ་མི་མཐུན་དགྲ་བགེགས་སྟེང་དུ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ སརྦ་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ ཅུང་ཟད་རྒྱས་པར་སྤྲོ་ན། ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་རབ་འབར་བའི༔ མངོན་སྤྱོད་དྲག་ཤུལ་རོལ་པའི་དཀྱིལ་འཁོར་ནས༔ ཞི་བའི་ལས་མཛད་བཛྲ་ཧ་ཡ་གྲཱྀ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་བཞེས༔ སོགས་ཟློག་བྱང་སྦྱར། དེས་འགྲེས་ཏེ། ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་རབ་འབར་བའི༔ མངོན་སྤྱོད་དྲག་ཤུལ་རོལ་པའི་དཀྱིལ་འཁོར་ནས༔ རྒྱས་པའི་ལས་མཛད་རཏྣ་ཧ་ཡ་གྲཱྀ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་བཞེས༔ སོགས། ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་རབ་འབར་བའི༔ མངོན་སྤྱོད་དྲག་ཤུལ་རོལ་པའི་དཀྱིལ་འཁོར་ནས༔ དབང་གི་ལས་མཛད་པདྨ་ཧ་ཡ་གྲཱྀ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་བཞེས༔ སོགས། ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་རབ་འབར་བའི༔ མངོན་སྤྱོད་དྲག་ཤུལ་རོལ་པའི་དཀྱིལ་འཁོར་ནས༔ དྲག་པོའི་ལས་མཛད་ཀརྨ་ཧ་ཡ་གྲཱྀ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་བཞེས༔ སོགས། ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་རབ་འབར་བའི༔ མངོན་སྤྱོད་དྲག་ཤུལ་རོལ་པའི་སྒོ་བཞི་ནས༔ ཚད་མེད་ཕྲིན་ལས་རིགས་བཞིའི་དཔའ་བོ་ཡུམ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་བཞེས༔ སོགས། ཟློག་བྱང་ཀུན་རྫོགས་པའི་མཐར་བཟློག་སྔགས་ཅུང་ཟད་བཟླས་ལ། དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀུན༔ ཁྲོས་འཁྲུགས་རྔམས་པའི་གཟི་བྱིན་བསྐྱེད༔ འོད་ཟེར་སྤྲུལ་པས་སྟོང་གསུམ་གང༔ མི་མཐུན་རྡུལ་དུ་བརླག་པར་བསམ༔ ཞེས་དམིགས་ཟློག་པ་ཞག་གྲངས་བྱེད་ན་འདི་ནས་ཟོར་བསྐུལ་གྱིས་ཐུན་གཏོར་འབུལ་ཞིང༌། ཆད་བརྟན་སོགས་རྗེས་རིམ་རྣམས་བྱ། ཉིན་ཐ་མའི་མཐར་ཟོར་དཀྱིལ་ལ་མཆོད་བསྟོད་དང་ཡིག་བརྒྱས་ནོངས་པ་བཤགས། ཕཊ྄་ཛཿ མདུན་བསྐྱེད་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁའི་དབྱིངས་སུ་བཞུགས། དམ་ཚིག་པ་བདག་ལ་ཐིམ། སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ་ནད་མཚོན་དུག་གི་ཆར་འབེབས་པས་དགྲ་བོ་སྒྲོལ་བའི་ལས་ལ་རྔམས་པར་གྱུར། ཅེས་དམིགས་ལ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ སརྦ་ཤ་ཏྲཱུན་བིགྷྣཱན་བྷཱུ་ཏ་པྲེ་ཏ་པི་ཤ་ཙི་ན་བྷིནྡྷ་བྷིནྡྷ་ཧ་ན་ཧ་ན་པ་ཙ་པ་ཙ་ད་ཧ་ད་ཧ་དཱི་ན་མི་ཀེ་མཱ་ར་ཡ་ཕཊ྄༔ ཅེས་ཅུང་ཟད་བཟླ། དམར་གཏོར་ཤ་ཁྲག་དང་བཅས་པ་ལ་དགྲ་བགེགས་འགུགས་བསྟིམ་བྱ། རྩ་སྔགས་ཤམ་དུ་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་འབུལ། ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཕྲིན་ལས་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ ཁྲག་འཐུང་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཟོར་ལམ་བསལ་ཞིང་སྒོ་དབྱེ་བ་ནི། ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན༔ གནས་པའི་སྣང་སྲིད་ལྷ་འདྲེའི་ཚོགས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ རིག་འཛིན་བདག་གི་བཀའ་ལ་ཉོན༔ དམར་ཆེན་དྲག་པོའི་གཏོར་ཟོར་འདི༔ ལྷ་སྲིན་ཚོགས་ལ་འཕེན་སྙམ་སྟེ༔ དཀར་པོའི་ཕྱོགས་ལ་མི་འཕེན་ནོ༔ ཁྱེད་རྣམས་རང་རང་གནས་སུ་གཤེགས༔ ཧཱུྃ༔ རྣལ་འབྱོར་ཟོར་འཕེན་གང་དུ་འཕེན༔ སྡང་དགྲ་གནོད་བགེགས་ཕྱོགས་སུ་འཕེན༔ ཕྱོགས་དེར་གནས་པའི་གཞི་བདག་རྣམས༔ སྐུ་བཟུར་དབུ་སྨད་ཞབས་བསྡུས་ལ༔ དོ་ནུབ་ཟོར་གྱི་ཟོར་ལམ་ཕྱེས༔ འཁོར་བཅས་དྲག་པོའི་དམག་སྣ་དྲོངས༔ སྡང་དགྲ་གནོད་བགེགས་ཕྱོགས་སུ་ཁྱེར༔ དཔའ་བའི་འཕྲུལ་འཁོར་དེར་ཤོམས་ཤིག༔ ཅེས་བསྐུལ་ཞིང་གསེར་སྐྱེམས་འཕེན་ཕྱོགས་སུ་མཆོད། ལས་བྱང་གི་ཆད་ཐོ་བསྒྲགས་ལ་གཏོར་མ་ཟོར་ནང་དུ་འབུལ། ཧཱུྃ༔ ཀརྨ་ཐོད་ཕྲེང་དཀྱིལ་འཁོར་ལྷ་ཚོགས་རྣམས༔ མ་གཡེལ་མ་གཡེལ་ཐུགས་དམ་དུས་ལ་བབ༔ གཏོར་ཟོར་ནད་མཚོན་དུག་གི་ཆར་ཆེན་པོ༔ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་བྱེད་པའི༔ སྡང་དགྲ་གནོད་བགེགས་བྱད་མའི་སྟེང་དུ་ཕོབ༔ གསང་བའི་དགྲ་གསུམ་ཀ་དག་དབྱིངས་སུ་སོད༔ འཇིགས་པའི་བདུད་བཞི་འོད་གསལ་ཕྱག་རྒྱས་ཐོབ༔ བར་ཆད་འཕྲང་གསུམ་ཡེ་ཤེས་རལ་གྲིས་ཆོད༔ ཆག་ཆེ་ཉམ་ང་མི་མཐུན་ཕྱོགས་ཀུན་ཟློག༔ དགྲ་དཔུང་ཐུལ་ལ་བགེགས་དཔུང་རྩད་ནས་ཆོད༔ མངོན་སྤྱོད་དམོད་པའི་ཕྲིན་ལས་ཡོངས་རྫོགས་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ སརྦ་ཤ་ཏྲཱུན་བིགྷྣཱན་བྷཱུ་ཏ་པྲེ་ཏ་པི་ཤ་ཙི་ན་བྷིནྡྷ་བྷིནྡྷ་ཧ་ན་ཧ་ན་པ་ཙ་པ་ཙ་ད་ཧ་ད་ཧ་དཱི་ན་མེ་ཀེ་ན་མཱ་ར་ཡ་ཕཊ྄༔ ཟོར་རྫས་དུག་མཚོན་ཆར་ཕབ་པའི༔ རྗེས་སུ་ཡེ་ཤེས་ཁྲོ་བོའི་ཚོགས༔ དཔུང་དང་བཅས་པ་རབ་ཏུ་ཆས༔ དགྲ་དཔུང་བདུན་བརྒྱུད་རྩད་ནས་བཅད༔ བགེགས་དཔུང་ཐལ་བར་བརླག་པར་བསམ༔ ཟློག་སྔགས་བཟླ་ཞིང་ཐལ་རྡེབ་བྱ། སྲུང་འཁོར་བསྒོམ། སྒོ་དྲུང་དུ་ཕྱིན་ལ་བརྟན་མ་དང་རྟ་བྲོ་བྱ། ནང་དུ་ཕྱིན་ནས་ཟོར་གྱི་དཀྱིལ་འཁོར་ལ་མཆོད་བསྟོད་ནོངས་བཤགས་དངོས་གྲུབ་བླང་བ་རྟེན་བཞུགས། བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་བཅས་བྱས་པས་གྲུབ་པའོ། །གཏོར་བཟློག་དང་དབང་གི་མེ་མཆོད་གཉིས་མཐའ་གཅིག་ཏུ་དབང་ལ་དགོས་ངེས་མེད་ཀྱང་འཇུག་པ་བདེ་བའི་ཉེར་མཁོའི་ཆེད་ཞར་བྱུང་བཀླག་ཆོག་ཏུ་བསྡེབས་པའོ། །ཟོར་ལས་དང་འབྲེལ་བའི་དབང་བྱེད་ན་ཟློག་པའི་རྗེས་དབང་བསྐུར་ཏེ་ཟོར་འཕེན་པ་སོགས་དབང་གི་སྐབས་སུ་བྱ་དགོས་ལ། དབང་གི་སྐབས་ལོ་རྒྱུས་ཀྱི་ཁྱད་པར་ནི། མངོན་སྤྱོད་དྲག་པོའི་ལས་ནི་སངས་རྒྱས་ཀྱི་ཕྲིན་ལས་ཀུན་ལས་ངོ་མཚར་ཁྱད་དུ་འཕགས་པ་སྟེ། དྲག་པོ་མཆོག་གི་ལས་ནི། གདུལ་བྱ་སེམས་ཅན་གྱི་ཉོན་མོངས་ཇི་ཙམ་རགས་བཞིན་སངས་རྒྱས་ཀྱི་ཕྲིན་ལས་དེ་ཙམ་མྱུར་ཞིང་སྟོབས་ཆེ་བ་ཆོས་ཉིད་ཡིན་པས། སྙིགས་དུས་སེམས་ཅན་རྣམས་རྒྱུ་ཉོན་མོངས་དུག་གསུམ་འབྲས་བུ་ནད་མཚོན་དུག་གི་དབལ་ཚ་བ་ལ་ཆེད་དུ་བསྔགས་པའི་གཉེན་པོ་ནི། གསང་སྔགས་བླ་མེད་ཀྱི་རྒྱུད་དེ། སྔོན་དུག་གསུམ་རང་རྒྱུད་དུ་སྤྱོད་པའི་རུ་ཏྲ་སྡེ་གསུམ་བྱུང་བ་དཔལ་ཆེན་པོའི་ཡེ་ཤེས་ཀྱི་རོལ་པས་ཐབས་ཀྱི་ཆེ་བ་སྦྱོར་སྒྲོལ་གྱི་མཛད་པས་བཏུལ་བ་སྔགས་གསར་རྙིང་གི་རྒྱུད་སྡེ་ཐམས་ཅད་ཀྱི་གླེང་གཞི་ལས་འབྱུང་ཞིང༌། ཁྱད་པར་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་ནི་ཕྲིན་ལས་ཀྱི་གཙོ་བོ་དབང་དྲག་གི་བཀའ་བབས་པ་ལྟར་མཛད་པའི་རྟེན་འབྱུང་གིས། བརྒྱུད་འཛིན་རིག་འཛིན་གྲུབ་ཐོབ་སྤྲུལ་པའི་གཏེར་སྟོན་ཐམས་ཅད་ཀྱང༌། མངོན་སྤྱོད་དམོད་པའི་སྟོབས་འཆང་བ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་སྡིག་མཛུབ་ཀྱིས་ཐོག་ཕབ་པས་སྡིག་སྤྱོད་རྒྱལ་པོ་གླང་དར་མ་དཔའ་བཀོང་བ་དང༌། གསང་བདག་ཟུར་པ་མེས་དབོན་གྱིས་བསད་གསོའི་བརྟུལ་ཞུགས་གྲུབ་པ་ལྟར་ཡིན་ལ། ཁྱད་པར་གུ་རུ་རིན་པོ་ཆེ་ཉིད་ངེས་པའི་དོན་དུ་སངས་རྒྱས་ཀུན་གྱི་སྤྱི་གཟུགས་སུ་གྱུར་ཅིང༌། རྣམ་པ་ཙམ་དུ་ཡང་ཕྲིན་ལས་ཀྱི་རིགས་ཁྲོ་རྒྱལ་རྡོ་རྗེ་ཕུར་པ་ལ་བརྟེན་ནས་བོད་ཀྱི་ལྷ་སྲིན་དམ་ལ་བཞག་པ་དང༌། ཕྱག་རྒྱ་ཆེན་པོའི་རིག་འཛིན་སྒྲུབ་པའི་ས་ལམ་གྱི་བར་ཆད་བཏུལ་བའི་ཐུགས་དམ་གྱི་ལྷའི་ཚུལ་དུ་སྒྲུབ་པར་མཛད་པས་རྡོ་རྗེ་ཐོད་ཕྲེང་རྩལ་ཉིད་དཀྱིལ་འཁོར་གྱི་ལྷར་བརྟེན་ནས་མངོན་སྤྱོད་ཀྱི་ལས་བསྒྲུབས་ན་འགྲུབ་ཐག་ཉེ་ཞིང་ཟབ་ལ་མྱུར་བས་ན། འདིར་དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ་ལ་བརྟེན་པའི་མངོན་སྤྱོད་དམོད་པའི་རྗེས་གནང་སྒྲུབ་པ་ལ་སོགས་དཀྱུས་ལྟར་སྦྱར། མཐའ་རྟེན། གཉིས་པ་དྲག་པོའི་ལས་རབ་འབྱམས་སྒྲུབ་པའི་ཟོར་ཆེན་གཏོར་མའི་དབང་བསྐུར་བ་ལ། མདུན་གྱི་གཏོར་མ་དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ་གྱི་སྐུ་འདི་ལྟར་གསལ་ཐོབ་མཛོད། ཅེས་བརྡ་སྦྱར། སྤྲོས་པ་དང་འབྲེལ་ན་རྔ་རོལ་དང་བཅས་ཏེ། མ་ཏྲཾ་རུ་ཏྲ་ཨ་ཀརྴ་ཡ་ཛཿ མཱ་ར་ཡ་ཕཊ྄༔ གཏོར་སྣོད་མ་ཏྲཾ་བསྒྲལ་སོགས་བསྟོད་པའི་བར་ཟོར་ལས་ལྟར་མཐར་ཆགས་སུ་བཏང༌། གཏོར་ཟོར་དྲག་པོའི་ལས་མཛད་ཀརྨ་ཀཱི་ལ་ཡའི་དཀྱིལ་འཁོར་ནད་མཚོན་དུག་གི་ཐོག་གཟེར་འཁྲུགས་པ་སྲིད་གསུམ་བདུད་སྡེ་སྒྲོལ་བའི་མཚོན་ཆ་ཆེན་པོ་འདི་ཉིད་ལག་ཏུ་གཏད་ཅིང་དབང་བསྐུར་བས། སྲུང་ཟློག་བསད་གསུམ། མནན་སྲེག་འཕང་བ། དབྱེ་བསྐྲད་རྨོངས་རེངས་ལ་སོགས་པ་དྲག་ཤུལ་གྱི་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་ནུས་པའི་སྟོབས་རྩལ་མངོན་དུ་བྱས་པར་མོས་མཛོད། གཏོར་ཟོར་སློབ་མའི་ལག་ཏུ་གཏད་ལ། ཧཱུྃ༔ གདོད་ནས་རབ་འཇིགས་དྲག་པོའི་ཕོ་བྲང་དབུས༔ གཏོར་མ་ཀརྨ་ཐོད་ཕྲེང་འཁོར་བཅས་གསལ༔ སྐལ་ལྡན་རིགས་ཀྱི་བུ་ལ་གཏད་པ་ཡིས༔ ཟློག་བསྒྱུར་དྲག་པོའི་ཕྲིན་ལས་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ སརྦ་ཤ་ཏྲཱུན་བིགྷྣཱན་བྷཱུ་ཏ་པྲེ་ཏ་པི་ཤ་ཙ་ན་བྷིནྡྷ་བྷིནྡྷ་ཧ་ན་ཧ་ན་པ་ཙ་པ་ཙ་ད་ཧ་ད་ཧ་དཱི་ན་མེ་ཀེ་ན་མཱ་ར་ཡ་ཕཊ྄༔ ཀུན་ལ་འགྲིམ་ཟིན་པ་དང་རྒྱས་པར་བྱེད་ན་གོང་གི་ཟོར་འཕེན་གྱི་བསྐུལ། ཧཱུྃ༔ ཀརྨ་ཐོད་ཕྲེང་དཀྱིལ་འཁོར་ལྷ་ཚོགས་རྣམས༔ མ་གཡེལ་མ་གཡེལ་སོགས་མཐར་སློབ་མའི་གཙོ་བོ་ཞིག་གིས་གནོད་པའི་ཕྱོགས་སུ་འཕང་བར་གསུངས། དེས་དྲག་པོ་མངོན་སྤྱོད་ཀྱི་ལས་རབ་འབྱམས་སྒྲུབ་པའི་དབང་བསྐུར་ཞིང་བྱིན་གྱིས་བརླབས་པས་ལྟ་བའི་རྫོང་ཟིན། སྒོམ་པའི་འཕྲང་བརྒལ། སྤྱོད་པའི་སྲོག་འཕྲོག་པའི་གསལ་བ་གསུམ་གྱི་གདེངས་ཐོབ་ནས་བྱང་ཆུབ་ལམ་གྱི་བར་ཆད་ཐམས་ཅད་དབྱིངས་སུ་སྒྲོལ་བའི་མཐུ་སྟོབས་ཐོགས་པ་མེད་པ་མངོན་དུ་གྱུར་པ་ལ་ཤིས་པ་བརྗོད་པས་མངའ་གསོལ་བར་མོས་མཛོད། ཕྱི་རུ་འཚེ་ཞིང་གནོད་པའི་དགྲ་དང་བགེགས། །ནང་དུ་འདི་ཕྱིའི་ལེགས་ལམ་འགེགས་པའི་གེགས། །གསང་བ་ལམ་མཆོག་བར་དུ་གཅོད་པའི་བདུད། །ཚར་གཅོད་དྲག་པོའི་ལས་ཀྱི་བཀྲ་ཤིས་ཤོག །དེ་དག་གིས་དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ་སོགས་དབང་དང་ལས་བྱང་དཀྱུས་ལྟར་མཐར་དབྱུང་ངོ༌། །བདུད་བཞིའི་འཇིྃགས་བྲྃལ་མཁྱེནྃ་བརྩེྃའི་མེ། །སྟོབས་བཅུའི་འོདྃ་སྟོང་རབ་འབར་ཟེརྃ། །རྣམ་བཀྲྃ་དཀར་ཕྱོགས་ཤིསྃ་དགུའི་དཔྃལ། །ཅི་དགར་འབྱོྃར་བས་དགེ་ལེགས་བྱས། །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཀརྨ་ཐོད་ཕྲེང་རྩལ་གྱི་དྲག་པོའི་ལས་ཀྱི་སྒོས་དབང་གནམ་ལྕགས་རྡོ་རྗེའི་ཐོག་ཟེར་ལེ་ཚན་དགུ་པ་བདུད་འདུལ་ཀརྨ་དྲག་པོ་རྩལ་གྱིས་སྦྱར་བའོ། ༈ ཆོས་དབྱིངས་ཁྱབ་བརྡལ་གརྃ་དབྃང་ཐུགས་རྗེའི་སྤྲིན། །འོདྃ་གསྃལ་སྐུ་དང་ཞིང་གི་ཕན་བདེའི་ཆར། །མཐའ་ཀླས་གདུལ་བྱའི་གླིངྃ་དུ་རྟག་འབེབས་མཛད། །འགྲོ་འདུལ་འཕགས་པའི་དབང་ཕྱུག་བཞེངས་ལ་འདུད། །དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་ནང་སྒྲུབ་བླ་མ་ལོངས་སྐུ་ཐུགས་རྗེ་ཆེན་པོ་པདྨ་དྲྭ་བའི་དབང་ལ་སྤྱིར་ཐུན་མོང་སྨིན་བྱེད་ཡེ་ཤེས་ཐིག་ལེ་སོགས་དབང་བཞི་ཀ་ཚུལ་འདིའི་ནང་སྒྲུབ། གསང་བ། ཡང་གསང་ཀུན་ཆོས་སྡེ་གཅིག་གི་བསྡེབས་སུ་བྱོན་པས་དེ་ཐམས་ཅད་ལ་སྦྱར་དུ་རུང་བས་བླ་མ་སྐུ་གསུམ། དྲག་སྒྲུབ་གང་རུང་གཅིག་སྒེར་དུ་བྱེད་ན་དེ་ལྟར་བྱ་ཞིང༌། འདིར་སྨིན་བྱེད་ཡོངས་རྫོགས་བསྡེབས་གཅིག་ཏུ་བསྐུར་བའི་དབང་དུ་བྱས་ཏེ་རྩ་བ་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བ་ལ་དབང་སྔ་མ་བཞི་ཀ་ཡོངས་རྫོགས་རྒྱས་པར་བསྐུར་བས་སྒོ་ཕྱེས་ཏེ། གཞན་རྣམས་ལ་དབང་བཞི་ཡེ་ཤེས་དཔལ་སྟེར་ཉིད་ཅུང་ཟད་སྤྲོས་ནས་དབང་འབྲིང་ཁ་རྐྱང་དུ་བསྐུར་བ་ཕྱག་བཞེས་སུ་མཛད་པ་ལྟར་འཆད་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །སྔོན་འགྲོའི་དང་པོ་སྦྱོར་བ་ཡོ་བྱད་འདུ་བྱ་བ་ནི། གཞུང་མཐུན་དཀྱིལ་འཁོར་སྟེང་མཉྫི་ལ་རྣམ་རྒྱལ་བུམ་པ། ལྷ་ཙཀ་ཡོངས་རྫོགས། མེ་ལོང་གསང་ཐོད། རིག་ཙཀ །ཤེལ་རྡོ། སྒྲུབ་སྐོར་གྱི་གླེགས་བམ། དབང་གཏོར་བཅས་བཤམས་ལ་མཆོད་པས་བསྐོར། ཚོགས་དང༌། བཀའ་སྲུང་དང་ཆད་བརྟན་གཏོར་མ། དཀར་བགེགས། ལས་བུམ། མིག་དར། མེ་ཏོག །མིག་ཐུར། ཕྱག་ཤིང་སོགས་འོག་ཏུ་དགོས་པའི་རིགས་འདུ་བྱས་ལ། གཉིས་པ་དབང་དོན་སྒྲུབ་མཆོད་ནི། བརྒྱུད་འདེབས་སྔོན་དུ་འགྲོ་བས་ནང་སྒྲུབ་པདྨ་དྲྭ་བའི་ལས་བྱང་གི་བདག་མདུན་དབྱེར་མེད་དུ་སྒྲུབ། བསྟོད་པའི་མཐར་ཛཔ་ཁང་དབྱེ། བཟླས་པ་སྒྲུབ་པ་གཙོ་བོར་བྱ། བུམ་པ་ལ་དམིགས་ནས། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས༔ འགྲོ་འདུལ་འཕགས་པའི་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ བུམ་པ་ཡོངས་སུ་གང་བར་མོས༔ ཞེས་དམིགས་ལ་བསྙེན་སྒྲུབ་ཀྱི་ལས་སྔགས་ཚང་བར་བཟླ། ལས་བུམ་དུ་སྐད་ཅིག་གིས་ཁྲོ་བོ་རྟ་མགྲིན་དམར་པོ་གཡས་པདྨའི་དབྱུག་ཐོ་དང་གཡོན་མེ་ཡི་ཞགས་པ་ཐོགས་པར་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་བབ་པས་བུམ་པ་གང་བར་བསམ་ལ། ཨོཾ་ཧ་ཡ་གྲཱྀ་བ་ཧཱུྃ་ཕཊ྄༔ ཅེས་བཟླས་ལ། ཧཱུྃ་ཞེས་བསྐུལ་བས་ལས་ཀྱི་ཁྲོ་བོས་དབང་གི་བྱ་བ་མ་གྲུབ་བར་བར་ཆད་ཀྱི་བགེགས་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ལས་བཅོལ། གསུམ་པ་སློབ་དཔོན་བདག་ཉིད་འཇུག་པ་ནི། སློབ་མ་ལ་ཇི་ལྟར་བསྐུར་བའི་དབང་རྣམས་རྒྱས་པར་བདག་འཇུག་གི་ཚུལ་དུ་ལེན་པའམ། མི་ནུས་ན་རིག་པའི་མེ་ཏོག་དོར་བ་ཙམ་གྱི་སྒོ་ནས་འཇུག་ཅིང་གནང་བ་ནོད་པ་ནི། དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པས་མེ་ཏོག་འདོར་བ་དང་བཅས། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་མེ་ཏོག་ཕུལ་བས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར་པར་བསམ་སྟེ་འཇུག་བྱའི་དཀྱིལ་འཁོར་དང་བདག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་ཆོས་ལྔ་པོ་དབྱེར་མེད་རོ་གཅིག་ཏུ་བསམ་པའོ། ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སྟྭྃ། ཨོཾ་བཛྲ་ས་མ་ཡ་ཧོཿ ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ། དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་དེ། ཨོཾ། རྡོ་རྗེའི་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་འཇུག་པར་འཚལ། །ཞེས་གསོལ་བ་བཏབ་པས་གནང་བ་བྱིན་པར་བསམ་མོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ལ་གསུམ་ལས། དང་པོ་སྔོན་འགྲོ་འཇུག་པའི་ཆོས་ལ་བཅུ་གཅིག་ལས། ཁྲུས་དང་བགེགས་བསྐྲད་པ་བཅས་སྔོན་དུ་འགྲོ་བས་ལས་རྡོར་གྱིས་མེ་ཏོག་བཀྱེ་བསྡུ་བྱ། སློབ་དཔོན་གྱིས། འོ་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ལ་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་མདོ་རྒྱུད་རྣམས་ལས་ཇི་སྐད་གསུངས་པ་ལྟར་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ། གང་གསན་པར་བྱ་བའི་ཆོས་ནི་གངས་ཅན་བོད་ཀྱི་ཡུལ་འདིའི་ཕན་བདེའི་རྩ་ལག་ཆོས་ཀྱི་རྒྱལ་པོ་མེས་དབོན་རྣམ་གསུམ་དུ་གྲགས་པ་ལས་མདོ་སྔགས་སངས་རྒྱས་ཀྱི་བསྟན་པ་དཀར་འཇམ་ཡུག་གཅིག་ཏུ་བརྡལ། མཁན་སློབ་ཉི་ཟླ་ཟུང་གིས་གཙོ་བོར་བྱས་ལོ་པཎ་བརྒྱ་རྩ་གདན་འཛོམས། ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་གཉིས་བཙུགས། ཟབ་རྒྱས་ཀྱི་སྡེ་སྣོད་བསྒྱུར་བཤད་ཉན་གསུམ་གྱིས་གཏན་ལ་ཕབ་པའི་ཕྱག་རྗེས་ལ་འགྲན་ཟླ་ཐམས་ཅད་དང་བྲལ་བ་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་ལྡེའུ་བཙན་ཉིད་འབྲས་བུ་མཐར་ཕྱིན་པའི་ཡེ་ཤེས་ཀྱི་རང་གཟུགས་བསམ་བཞིན་སྲིད་པ་ཉེ་བར་བཟུང་སྟེ་རྒྱལ་བསྟན་རིས་སུ་མ་ཆད་པ་འཛིན་སྐྱོང་སྤེལ་གསུམ་གྱིས་བཤད་སྒྲུབ་ལས་ཀྱི་འཁོར་ལོའི་ཕྲིན་ལས་མུ་མཐའ་མེད་པ་ལ། རྩ་གསུམ་རྒྱལ་བ་སྲས་དང་བཅས་པས་ཀྱང་བསྔགས་པའི་མེ་ཏོག་འཐོར་ཞིང་དགྱེས་ཤིང་བྱིན་གྱིས་བརླབས་པའི་སྐྱེས་བུ་དམ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཉིད། ཕྱི་གསན་བསམ་སྒོམ་པ། ནང་མཁས་བཙུན་བཟང་གྲུབ། གསང་བ་བཀའ་བབ་ཆེན་པོ་བདུན་གྱི་ངོ་མཚར་བའི་རྣམ་ཐར་བསམ་མི་ཁྱབ་པ་མངའ་བ་ལས། ཕྱི་མའི་ནང་ཚན་བཞི་པ་ཟབ་མོ་དགོངས་པའི་གཏེར་ལའང་རྣམ་གྲངས་དུ་མ་ཞིག་བཞུགས་པའི་བྱེ་བྲག་རྩ་གསུམ་འོད་གསལ་སྙིང་ཐིག་གི་ནང་སྒྲུབ་པདྨ་དྲྭ་བའི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཏེ། རང་རེ་བོད་ཀྱི་ཡུལ་འདི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཕྱག་མཚན་དུ་བཞེས་པའི་ཞིང་ཁམས་ཡིན་པའི་དབང་གིས་ཐོག་མར་མིའི་འགྲོ་བ་མཆེད། བདེ་སྐྱིད་ཀྱི་གཞི་ཟང་ཟིང་གི་ལོངས་སྤྱོད་འཕེལ་བ། ར་ས་ཁྲ་འབྲུག་གི་གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ་བསྐྲུན། མདོ་སྡེ་ཟ་མ་ཏོག་བསྒྱུར་ནས་དམ་པའི་ཆོས་ཀྱི་དབུ་བརྙེས་ཏེ་དགེ་བཅུའི་ལམ་སྲོལ་བྱུང་བ་ཀུན་ཀྱང་རང་བྱུང་འཕགས་པའི་རྟེན་དང་མེས་པོ་ཆོས་རྒྱལ་སྲོང་བཙན་གྱི་བཀའ་དྲིན་ལས་བྱུང་བར་གསུངས་པས་མཚོན་རྒྱུ་མཚན་དགོས་པ་དུ་མས་བོད་ཡུལ་གྱི་ལྷ་སྐལ་ཇོ་བོ་ཐུགས་རྗེ་ཆེན་པོ་འབའ་ཞིག་སྟེ། དེའི་མཚན་ནས་བརྗོད་པ་དང༌། རིགས་སྔགས་བཟླས་པ་ཙམ་གྱིས་ཀྱང་བྱང་ཆུབ་ཀྱི་སྤྱོད་པ་འབད་མེད་དུ་རྫོགས་པ་དང༌། གཞན་ཕན་སྙིང་རྗེའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བ་སོགས་ཕན་ཡོན་བསམ་མི་ཁྱབ་པ་མདོ་རྒྱུད་དུ་མ་ནས་གསུངས་ན། ཚུལ་བཞིན་སྨིན་གྲོལ་གྱི་ལམ་ལ་འཇུག་ཅིང༌། རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི་དོན་གཉིས་ལྷུན་གྲུབ་ཟུང་འཇུག་གི་གོ་འཕང་ལ་དབུགས་དབྱུང་བའི་ཉེ་རྒྱུ་ཁོ་ནར་ངེས་པའི་ཕྱིར་གཅིག་ཏུ་བརྩོན་པ་གལ་ཆེ་བས་མཚུངས་མེད་ལྷག་པའི་ལྷ་གཅིག་དེའི་དབང་བསྐུར་ཟབ་མོ་ཞུ་བ་ལ་སྔོན་འགྲོ་འཇུག་པའི་ཆོས་རྣམས་གསན་པའི་ཡོན་དུ་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས། ཁྱེད་རང་རྣམས་སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་མཐུག་པོས་ལྡོངས་ཏེ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ། མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བ་མཚོན་བྱེད་དུ་སྤྱན་དར་དམར་པོ་རེས་གདོང་བཅིང་བའི་མོས་པ་མཛོད། ཨོཾ་ཙཀྵུ་བྷནྡྷ་ཝཱ་ར་མ་ན་ཡ་ཧཱུྃ། ཞེས་མིག་དར་འཆིང༌། དཀྱིལ་འཁོར་གྱི་ལྷ་རྣམས་ཕྱག་སྟོང་པར་མཇལ་དུ་མི་རུང་བས་ཕྱག་རྟེན་ཨུ་དུམྦཱ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བྱིན་པའི་མོས་པ་མཛོད། ཨོཾ་སུ་ནཱེ་སིདྡྷི་ཧཱུྃ། ཞེས་མེ་ཏོག་གཏད། དེ་ནས་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ་སློབ་དཔོན་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་རྣམ་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྒྱལ་བ་ཀུན་གྱི་སྙིང་རྗེའི་ལྷ༔ འཇིག་རྟེན་དབང་ཕྱུག་དཀྱིལ་འཁོར་དུ༔ བདག་སོགས་སྣོད་ལྡན་ལེགས་དྲངས་ནས༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་གདབ། རྒྱལ་བ་ཀུན་གྱི་ཐུགས་རྗེའི་རང་གཟུགས་ཀྱི་ལྷག་པའི་ལྷའི་དཀྱིལ་འཁོར་དུ་འཇུག་པའི་བློ་སྐྱེས་པ་ནི་ཤིན་ཏུ་སྐལ་པ་བཟང་བར་ངེས་པས་གནང་བ་སྦྱིན་པ་ནི། དུས་གསུམ་གཤེགས་པའི་སངས་རྒྱས་ཀུན༔ རྡོ་རྗེའི་ལམ་མཆོག་འདི་ལ་བརྟེན༔ དེ་ཕྱིར་གསང་ཆེན་དཀྱིལ་འཁོར་འདིར༔ བུ་ཁྱོད་འཇུག་ཅིང་སྨིན་པར་བྱ༔ སྐྱབས་སུ་འགྲོ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་རྣམ་པར་བཞུགས་པ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོའོ་སྙམ་པ་དང༌། མཁའ་མཉམ་གྱི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་ཏུ་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ནས་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧྲཱིཿ བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ སྐུ་གསུམ་འཕགས་པའི་ལྷ་ལ་སྐྱབས་སུ་མཆི༔ མཐའ་ཀླས་སྲིད་པའི་ཁམས་རྣམས་བསྒྲལ་བའི་ཕྱིར༔ པདྨ་དྲྭ་བའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ། དེ་ནས་ཚོགས་བསགས་པའི་ཕྱིར། ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ་ཕྱག་འཚལ་མཆོད་པ་འབུལ་བ་སོགས་བསགས་སྦྱང་གི་སྙིང་པོ་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། ཧོཿ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་ཀུན་བཟང་མཆོད་སྤྲིན་འབུལ༔ ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་མཐོལ་ཞིང་བཤགས༔ བྱང་ཆུབ་སྤྱོད་པ་རྒྱ་མཚོར་རྗེས་ཡི་རང༔ ཐེག་མཆོག་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབས༔ འདིས་མཚོན་དགེ་ཚོགས་ཆོས་དབྱིངས་སྙིང་པོར་བསྔོ༔ ལན་གསུམ། དེ་ནས་དབང་བསྐུར་བ་དེའང་རྟེན་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང༌། དབང་སྲོག་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལས་པས་སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་དུ་བསྒྲུབ་པའི་ཕྱིར། ཐུན་མོང་དུ་རིགས་ལྔའི་དམ་ཚིག །ཁྱད་པར་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག །ཡན་ལག་གི་དམ་ཚིག་ཉི་ཤུ་ལྔ་སྟེ་བླ་ན་མེད་པའི་དམ་ཚིག་དང་སྡོམ་པ་མ་ལུས་པ་ཡོངས་སུ་གཟུང་བར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །རིག་པ་འཛིན་པ་བདག་གིས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་གཟུང་བར་བགྱི། །ལན་གསུམ། དེ་དག་གིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་སོང་ནས། གཉིས་པ་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སྔོན་འགྲོ་དམ་ལ་བཞག་པ་ནི། ཁྱབ་བདག་པདྨ་དྲྭ་བ་ནས་བར་མ་ཆད་པའི་དམ་ཚིག་བདུད་རྩིའི་ཆུ་ནན་རྡོ་རྗེའི་ལྕེ་ལས་བརྒྱུད་ནས་སྙིང་དབུས་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་ཏེ། དམ་ཚིག་བསྲུངས་ན་བྱིན་གྱིས་རློབ་ཅིང་མ་བསྲུངས་ན་རྡོ་རྗེ་གནོད་སྦྱིན་དུ་ཁྲོས་ནས་བཀའི་ཆད་པ་འབེབས་པར་འགྱུར་བས་དེའི་དོན་ངེས་པར་གྱིས་ཤིག །དམ་ཆུ་སྦྱིན་ལ། ཧཱུྃ༔ སྔགས་ཀྱི་རྩ་བ་དམ་ཚིག་སྟེ༔ བསྲུང་ན་དངོས་གྲུབ་རྣམ་གཉིས་ཐོབ༔ མ་བསྲུངས་ཚེ་འདིར་དམྱལ་བར་འགྲོ༔ དམ་བསྲུང་རྡོ་རྗེའི་ཆུ་འཐུང་ཤིག༔ ཅེས་གདམས་པ་ལ། དེང་ཕྱིན་ཆད་དམ་ཚིག་ཚུལ་བཞིན་དུ་བསྲུང་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས་མཛོད། བཛྲ་ས་མ་ཡ་ཨི་དཾ་ན་ར་ཀན༔ དེ་ལྟར་དམ་ལ་བཞག་པས་བརྟན་པར་བྱས་ལ། ཡེ་ཤེས་པ་དབབ་པའི་སླད་དུ། ཁྱེད་རང་རྣམས་ལུས་གནད་སྐྱིལ་ཀྲུང་དྲང་པོར་བསྲང༌། ངག་གནད་རླུང་ཁ་སྦྱོར་དུ་ཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། སྐད་ཅིག་གིས་འཕགས་པ་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་གསལ་བདེ་བ་ཆེན་པོའི་ལང་ཚོ་རབ་ཏུ་རྒྱས་པ་ཁྲོ་འཛུམ་ཆགས་པའི་ཉམས་ཀྱིས་སྒེག་པ། སྤྱན་གཉིས་འགྲོ་ལ་ལྷག་པར་གཟིགས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་བཅིངས་པའི་ལྷག་མ་ཐུར་དུ་འཕྱང་བ། ཕྱག་གཡས་པདྨའི་ཕྲེང་བ་ཐུགས་ཀར་འདྲེན་ཞིང༌། གཡོན་མཉམ་བཞག་གིས་བདུད་རྩིས་གང་བའི་ཚེ་བུམ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཉི་ཟླ་བའི་སྟེང་དུ་བཞུགས་པའི་པང་དུ་ཡུམ་གསང་བ་ཡེ་ཤེས་དམར་མོ་ཨུཏྤལ་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་ཆས་ཡོངས་སུ་རྫོགས་པ། རིགས་ཀྱི་བདག་པོ་བདེ་གཤེགས་སྣང་བ་མཐའ་ཡས་དང༌། ཐུགས་ཀར་བདེ་གཤེགས་ཞི་བའི་ལྷ་ཚོགས། དུང་ཁང་དུ་འབར་བ་ཁྲག་འཐུང་གི་ཚོམ་བུ་བཅས། མ་འདྲེས་གསལ་རྫོགས་སུ་བཞུགས་པའི་སྐུ་ལས་དྲི་མ་མེད་པའི་འོད་ཟེར་འཕྲོ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། སྐུ་གསུམ་རྒྱལ་བའི་ཞིང་ཁམས་རབ་འབྱམས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཕགས་པ་འཇིག་རྟེན་དབང་ཕྱུག་གི་རྣམ་པར་ཁ་བ་དང་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་གཉིས་མེད་དུ་གྱུར་པའི་མོས་པ་མཛོད། ཁྱད་པར་གྱི་སྤོས་བདུག ཌཱ་དྲིལ་སོགས་རོལ་མོའི་སྒྲ་འཁྲོལ་ཞིང༌། ལས་བྱང་གི་སྤྱན་འདྲེན་དང་སྔགས་དྲག་ཏུ་བརྗོད་པས་དབབ། དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་རྣམས་བརྟན་པར་གྱུར་སྙམ་པའི་མོས་པ་མཛོད། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ། ཨོཾ་བཛྲ་ཏིཥྛནྟུ། དངོས་གྲུབ་ཀྱི་ལྟས་བརྟགས་པའི་སླད་དུ་མིག་དར་དང་བཅས་པས་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁའ་ལ་ལྟོས་ལ་ཁ་དོག་ཅི་མཐོང༌། ཞེས་འདྲི། སོ་སོར་མཐོང་བ་དང་བསྟུན་ཏེ་འདི་སྐད་ཅེས། དེ་ནས་དཀར་པོར་མཐོང་ན་གཙོ་བོ་རྡོ་རྗེའི་རིགས། སྔོན་པོར་མཐོང་ན་དེ་བཞིན་གཤེགས་པའི་རིགས། སེར་པོར་རིན་ཆེན། དམར་པོར་པདྨ། ལྗང་གུ་ལས་ཀྱི་རིགས་ཀྱི་ལས་དང་དངོས་གྲུབ་ཐོབ་པ་ཡིན་ནོ། །ཞེས་བརྡ་སྦྱར། དེ་ནས་རིགས་བརྟགས་པའི་ཕྱིར་མེ་ཏོག་དོར་བ་ནི། འདི་ནི་འཕགས་པ་འཇིག་རྟེན་དབང་ཕྱུག་པདྨ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཞུགས་པ་ཡིན་པས། ངོ་བོ་ཡེ་ཤེས་ཀྱི་རོལ་པ་ལ་བཟང་ངན་མེད་ཀྱང་རང་གི་ལས་འབྲེལ་ཡོད་པའི་ལྷ་དེ་འབབ་པར་ཤོག་ཅིག་སྙམ་དུ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དེ་ཉིད་ལྟོས་པ་མེད་པར་དོར་མཛོད། ཧོཿ རང་སྣང་རྣམ་དག་འོག་མིན་དུ༔ བདེ་ཆེན་རྡོ་རྗེའི་མཎྜ་ལར༔ རིག་པའི་མེ་ཏོག་འདི་དོར་བས༔ ལྷག་པའི་ལྷ་ལ་འབབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་པུཥྤེ་པྲ་ཏཱིཙྪ་ཧོཿ ཞེས་མཎྜལ་ཚོམ་བུ་ལྔ་པ་དཀྱིལ་འཁོར་དང་རོ་གཅིག་ཏུ་མོས་ནས་དོར་དུ་གཞུག །དེའང་མེ་ཏོག་དབུས་ཀྱི་ཚོམ་བུ་ལ་བབ་ན་གསང་མཚན་རིགས་ཀྱི་གཙོ་བོ་དང་མཐུན་པར་བཏགས་པ་ཡིན་པས་མ་བརྗེད་པར་གྱིས་ཤིག །ཅེས་བཏགས་ནས། རང་གིས་ཕུལ་བའི་མེ་ཏོག་གི་ཕྲེང་བ་དེ་རིགས་གང་གིས་བཞེས་པའི་ལྷ་དེས་སླར་ཡང་རང་གི་སྤྱི་བོར་བཅིངས་པའི་མོས་པ་མཛོད། ཁྱོད་ནི་བླ་མེད་བྱང་ཆུབ་ཀྱི༔ ཡེ་ཤེས་དམ་པའི་སྣོད་ཡིན་ཕྱིར༔ རྡོ་རྗེའི་དམ་ཚིག་འདི་ཟུངས་ལ༔ རང་གཞན་དོན་གཉིས་སྒྲུབ་པར་གྱིས༔ པྲ་ཏི་གྲྀ་ཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཞེས་མེ་ཏོག་སྤྱི་བོར་བཞག །དེ་ནས་མ་རིག་པའི་ལིང་ཏོག་མིག་དར་དང་ལྷན་ཅིག་བསལ་བའི་མོས་པ་མཛོད། ཧོཿ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ འཇིག་རྟེན་རབ་རིབ་བསལ་བ་ལྟར༔ བུ་ཁྱོད་ཀྱི་ནི་མི་ཤེས་པའི༔ རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ༔ ཨོཾ་ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ྄༔ ཅེས་མིག་རས་བསལ། དེ་ལྟར་མ་རིག་པའི་ལིང་ཐོག་མིག་དར་གྱིས་མཚོན་པ་བསལ་བའི་ཤུལ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེས་འཕགས་པ་ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་པ་ལྟར་མཐོང་བའི་མོས་པ་མཛོད། དེ་ཡང་གཉིས་འཛིན་རྟོག་པ་སྲེག་པའི་བརྡར་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བ། དེའི་ནང་དུ་མི་རྟོག་པའི་ཡེ་ཤེས་ཅིས་ཀྱང་མི་ཤིགས་པའི་བརྡར་རྡོ་རྗེའི་ར་བ། རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པའི་བརྡར་དུར་ཁྲོད་ཆེན་པོ་བརྒྱད། ཉེས་པའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨའི་ཕྲེང་བ། རང་བཞིན་གྱིས་འོད་གསལ་བའི་བརྡར་ཉི་མའི་གདན། རྟེན་འབྲེལ་བཅུ་གཉིས་དག་པའི་བརྡར་འོག་གཞི་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ། སངས་རྒྱས་ཀྱི་ཡེ་ཤེས་ཉིད་དབྱིབས་དང་ཁ་དོག་ཏུ་སྣང་བས་གདུལ་བྱའི་རེ་བ་སྐོང་བའི་བརྡར་གཞལ་ཡས་ཁང་རྒྱུ་རིན་པོ་ཆེ་ལས་གྲུབ་པ། བྱང་ཕྱོགས་སོ་བདུན་དང་མ་འདྲེས་པའི་ཡོན་ཏན་སོགས་འབྲས་བུའི་ཆོས་ཐམས་ཅད་མ་འདྲེས་ཡོངས་རྫོགས་སུ་དག་པའི་བརྡར་དཀྱིལ་འཁོར་གྱི་དབྱིབས་དང་རྒྱན་གྱི་བྱེ་བྲག་ལ་སོགས་ཏེ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཡེ་ཤེས་ལྔ་མཚོན་པའི་པདྨ་འདབ་བཞིའི་ལྟེ་བ་དང་བཅས་པའི་དབུས་དང་ཕྱོགས་མཚམས་སུ་གདན་པདྨ་དང་ཟླ་བའི་དཀྱིལ་འཁོར། སྒོ་བཞིར་ཉི་མའི་གདན་རེ་རེ། བརྟེན་པ་ལྷ་ནི་དཀྱིལ་འཁོར་དབུས་སུ་རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་འཕགས་པ་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་གསལ་ཕྱག་གཡས་ཐུགས་ཀར་པད་ཕྲེང་འཛིན་ཞིང༌། གཡོན་པས་མཉམ་བཞག་གིས་ཚེ་བུམ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་ཡུམ་གསང་བ་ཡེ་ཤེས་པདྨ་དང་བྷནྡྷ་འཛིན་པ་དང་སྦྱོར་བ་དར་དང་རིན་པོ་ཆེའི་རྒྱན་ཅན། ཕྱོགས་མཚམས་ཀྱི་འདབ་མ་དྲུག་ལ་མཉམ་ཉིད་ཡེ་ཤེས་ཀྱི་བདག་ཉིད་ལྷ་ཡི་ཐུབ་པ་དཀར་པོ་པི་ཝང་འཛིན་པ། བྱ་གྲུབ་ཡེ་ཤེས་ཀྱི་བདག་ཉིད་ལྷ་མིན་ཐུབ་པ་ལྗང་ནག་གོ་མཚོན་འཛིན་པ། རང་བྱུང་ཡེ་ཤེས་ཀྱི་བདག་ཉིད་མི་ཡི་ཐུབ་པ་སེར་པོ་གསེག་སྤར་འཛིན་པ། ཆོས་དབྱིངས་ཡེ་ཤེས་ཀྱི་བདག་ཉིད་བྱོལ་སོང་ཐུབ་པ་སྔོ་ནག་པུསྟི་འཛིན་པ། སོར་རྟོག་ཡེ་ཤེས་ཀྱི་བདག་ཉིད་ཡི་དྭགས་ཐུབ་པ་དམར་སྐྱ་སྒྲོམ་བུ་འཛིན་པ། མེ་ལོང་ཡེ་ཤེས་ཀྱི་བདག་ཉིད་དམྱལ་བའི་ཐུབ་པ་ནག་པོ་མེ་ཆུ་འཛིན་པ། ཀུན་ཀྱང་ཚངས་པར་སྤྱོད་པའི་ཆ་བྱད་ཅན་མཉམ་པའི་སྟབས་ཀྱིས་བཞེངས་པ། པདྨའི་གེ་སར་ཟིལ་ཕོད་རབ་ཏུ་རྒྱས་པའི་སྟེང་ན་སྟོང་དང་སྙིང་རྗེའི་ཡེ་ཤེས་ཟུང་དུ་འཇུག་པའི་བདག་ཉིད་ཕ་རོལ་ཏུ་ཕྱིན་པ་བཅུའི་རྫོགས་སྨིན་སྦྱངས་པ་ཕ་མཐར་སོན་པའི་བསྐལ་བཟང་གི་སེམས་དཔའ་སྟོང་རྩ་གཉིས་ཐམས་ཅད་འགྲོ་འདུལ་ཐུགས་རྗེ་ཆེན་པོའི་རྣམ་པར་བཞུགས་པ། སྒོ་བཞིར་ཚད་མེད་བཞིས་འགྲོ་བ་འདུལ་བས་ཕྲིན་ལས་བཞིའི་བདག་ཉིད་སྒོ་མ་ཌཱ་ཀི་བཞི་སྟེ། ཤར་སྒོར་ལྕགས་ཀྱུ་མ་དཀར་མོ། ལྷོ་སྒོར་ཞགས་པ་མ་སེར་མོ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ། བྱང་སྒོར་དྲིལ་བུ་མ་ལྗང་གུ། བཞི་ཀའང་གཡོན་སྡིག་མཛུབ་དང་ཞབས་དོར་སྟབས། དར་དང་རིན་པོ་ཆེ་དང་རུས་པས་བརྒྱན་པ། ལྷ་ཚོགས་དེ་ཐམས་ཅད་ཀྱང་སེམས་ཉིད་རང་བྱུང་གི་ཡེ་ཤེས་འགག་མེད་སྒྱུ་འཕྲུལ་གྱི་རོལ་པར་འཆར་བའི་ཡེ་ཤེས་ཀྱི་སྣང་བརྙན། ད་རེས་མཚན་མའི་རྟགས་འདིས་མཚོན་ནས་མཐོང་བར་གྱུར་སྙམ་དུ་མོས་པ་ཡང་དག་པར་མཛོད། ཅེས་ངོ་སྤྲད། དེ་ལྟར་ཕྱི་ནང་གི་འཇུག་པའི་རིམ་པ་རྣམས་སོང་ནས། གཉིས་པ་དངོས་གཞི་ཞུགས་ནས་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ལའང་སྐབས་ཕྱེད་པའི་སླད་དུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་མི་ཕྱེད་དད་པའི་ཤུགས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་འདུས་ཐུགས་རྗེའི་གཏེར༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ འགྲོ་འདུལ་འཕགས་པའི་ལྷ་ཚོགས་ཀྱི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། ཞེས་པས་གསོལ་བ་གདབ་ནས། དངོས་གཞིའི་དབང་བསྐུར་བ་ལ། བུམ་པ། གསང་བ། ཤེས་རབ་ཡེ་ཤེས། བཞི་པ་ཚིག་དབང༌། མཐའ་རྟེན་གཏད་རྒྱའི་དབང་དང་ལྔ་ལས་ཐོག་མར་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་སྐབས་སུ་བབ་པ་ཡིན། དང་པོ་དད་བརྩོན་ཅན་རྗེས་སུ་བཟུང་བར་བྱ་བའི་ཕྱིར་ཕན་པའི་དབང་བསྐུར་བ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཀྱི་རྣམ་པར་སྤྲིན་ཕུང་གཏིབས་པ་བཞིན་དུ་མདུན་གྱི་ནམ་མཁར་སད་པར་གྱུར། ནམ་མཁར་བཞུགས་པའི་དབང་གི་ལྷ་དང་སློབ་དཔོན་ལྷན་ཅིག་པས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བས་དབང་བསྐུར་བར་བསམ་ལ། རྣམ་བུམ་གྱིས་དབང་བསྐུར་ལ། ཧཱུྃ་ཧྲཱིཿ སྣང་སྟོང་བུམ་པའི་དཀྱིལ་འཁོར་དུ༔ འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕུང་ཁམས་ལྷ་སྐུར་སྨིན་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་པའི་ཆུས་དབང་བསྐུར་བས་སྐུ་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོས་དབུ་བརྒྱན་པ་ལ་ནམ་མཁའ་གང་བའི་གདན་གསུམ་ཚང་བའི་ལྷ་ཐམས་ཅད་ཀྱང་ཐིམ་པར་གྱུར་པ་ལ་དཀྱིལ་འཁོར་གྱི་ལྷ་དང་སློབ་དཔོན་ལྷན་ཅིག་པས་ཤིས་པ་བརྗོད་ཅིང་མེ་ཏོག་གཏོར་བས་རབ་ཏུ་གནས་པར་བྱས་པའི་མོས་པ་མཛོད། ཅེས་མེ་ཏོག་འཐོར་བཞིན་དུ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དེ་ནས་ནང་ལུས་དཀྱིལ་གྱི་བསྐྱེད་རིམ་ལ་དབང་བའི་སླད་དུ་ཐ་མལ་གྱི་སྣང་ཞེན་སྦྱོང་བ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུའི་དབང་སྦྱིན་པ་ནི། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་གཙོ་བོར་གསལ་བར་གྱུར་པ་ལ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་མར་མེ་གཅིག་ལས་གཉིས་མཆེད་ལྟར་བྱོན་ནས་རང་རང་གི་བསྐུར་གནས་སོ་སོར་ཐིམ་པས་ཅིར་སྣང་ལྷ་སྐུ་སྒྱུ་མ་ལྟ་བུའི་རོལ་པས་རང་གཞན་གྱི་དོན་སྒྲུབ་པའི་ནུས་པ་ཁྱད་པར་ཅན་ཐོབ་པའི་མོས་པ་མཛོད། གཙོ་བོའི་སྐུ་ཙཀ་སྙིང་གར་བཞག་སྟེ། ཧྲཱིཿ བདེ་ཆེན་བཞད་པ་གར་གྱི་དབང༌། །སྟོང་དང་སྙིང་རྗེའི་དབང་ཕྱུག་ཆེ། །སྤྱན་རས་གཟིགས་ཀྱིས་དབང་བསྐུར་བས། བྱང་ཆུབ་སྤྱོད་པ་ཡོངས་རྫོགས་ཤོག །ཨོཾ་ཨཱཿཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ མ་ཆགས་བདེ་ཆེན་པདྨའི་རིགས། སྐུ་ཚེ་འོད་སྣང་མཐའ་ཡས་མགོན། །འོད་དཔག་མེད་པས་དབང་བསྐུར་བས། །རྡོ་རྗེའི་ཡེ་ཤེས་མཆོག་ཐོབ་ཤོག །ཨོཾ་ཨཱཿཧཱུྃ། ཨ་མི་ཏ་བྷ་ཧཱུྃ། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ རྡོ་རྗེའི་སྐུ་ཡི་གནས་ལྔ་ནས། །ཡེ་ཤེས་རྣམ་པ་ལྔ་ཡི་དངོས། །དབང་ཆེན་རིགས་ལྔས་དབང་བསྐུར་བས། །སྐུ་ལྔའི་ཡེ་ཤེས་མངོན་གྱུར་ཤོག །ཨོཾ་ཨཱཿཧཱུྃ། བུདྡྷ་པདྨ་བཛྲ་རཏྣ་ཀརྨ་ཧ་ཡ་གྲཱྀ་བ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ ཐུགས་ཀ་སྤྱི་བོ་དུང་ཁང་ནས། །ཐབས་ཤེས་བདེ་ཆེན་སྒྱུ་འཕྲུལ་དྲ། །ཞི་ཁྲོའི་ལྷ་ཡིས་དབང་བསྐུར་བས། །བདེ་སྟོང་ཡེ་ཤེས་མངོན་གྱུར་ཤོག །ཨོཾ་ཨཱཿཧཱུྃ། བཛྲ་ཤཱནྟིཾ་ཀྲོ་དྷ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ མེ་ལོང་ཡེ་ཤེས་རྣམ་དག་པས། །ཚ་གྲང་སྡུག་བསྔལ་སྦྱོང་མཛད་པ། །དམྱལ་བའི་ཐུབ་པས་དབང་བསྐུར་བས། །ཞེ་སྡང་རྒྱུ་འབྲས་དག་གྱུར་ཅིག །ཨོཾ་ཨཱཿཧཱུྃ། མ་ཧཱ་མུ་ན་ཡེ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ མཉམ་ཉིད་ཡེ་ཤེས་རྣམ་དག་པས། །བཀྲེས་སྐོམ་སྡུག་བསྔལ་སྦྱོང་མཛད་པ། །ཡི་དྭགས་ཐུབ་པས་དབང་བསྐུར་བས། །སེར་སྣའི་རྒྱུ་འབྲས་དག་གྱུར་ཅིག །ཨོཾ་ཨཱཿཧཱུྃ། མ་ཧཱ་མུ་ན་ཡེ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ སོར་རྟོག་ཡེ་ཤེས་རྣམ་དག་པས། །གླེན་ལྐུག་སྡུག་བསྔལ་སྦྱོང་མཛད་པ། །དུད་འགྲོའི་ཐུབ་པས་དབང་བསྐུར་བས། །གཏི་མུག་རྒྱུ་འབྲས་དག་གྱུར་ཅིག །ཨོཾ་ཨཱཿཧཱུྃ། མ་ཧཱ་མུ་ན་ཡེ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ རང་བྱུང་ཡེ་ཤེས་རྣམ་དག་པས། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྦྱོང༌། །མི་ཡི་ཐུབ་པས་དབང་བསྐུར་བས། །ཐེ་ཚོམ་རྒྱུ་འབྲས་དག་གྱུར་ཅིག །ཨོཾ་ཨཱཿཧཱུྃ། མ་ཧཱ་མུ་ན་ཡེ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ བྱ་གྲུབ་ཡེ་ཤེས་རྣམ་དག་པས། །འཐབ་རྩོད་སྡུག་བསྔལ་སྦྱོང་མཛད་པ། །ལྷ་མིན་ཐུབ་པས་དབང་བསྐུར་བས། །ཕྲག་དོག་རྒྱུ་འབྲས་དག་གྱུར་ཅིག །ཨོཾ་ཨཱཿཧཱུྃ། མ་ཧཱ་མུ་ན་ཡེ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ མཉམ་ཉིད་ཡེ་ཤེས་རྣམ་དག་པས། །འཕོ་ལྟུང་སྡུག་བསྔལ་སྦྱོང་མཛད་པ། །ལྷ་ཡི་ཐུབ་པས་དབང་བསྐུར་བས། །ང་རྒྱལ་རྒྱུ་འབྲས་དག་གྱུར་ཅིག །ཨོཾ་ཨཱཿཧཱུྃ། མ་ཧཱ་མུ་ན་ཡེ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ མཁྱེན་བརྩེའི་ཡེ་ཤེས་རྣམ་དག་པས། །དུས་གསུམ་གདུལ་བྱ་འདུལ་མཛད་པ། །སངས་རྒྱས་སྟོང་གིས་དབང་བསྐུར་བས། །འགྲོ་འདུལ་ཕྲིན་ལས་མཐར་ཕྱིན་ཤོག །ཨོཾ་ཨཱཿཧཱུྃ། མ་ཧཱ་མུ་ན་ཡེ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ ཚད་མེད་བཞི་པོ་རྣམ་དག་པས། །་བསྡུ་བ་རྣམ་བཞིའི་ཕྲིན་ལས་ཅན། །ཌཱ་ཀི་རིགས་བཞིས་དབང་བསྐུར་བས། །དགའ་བཞིའི་ཡེ་ཤེས་མངོན་གྱུར་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་རཏྣ་པདྨ་ཀརྨ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་ནང་ལྷའི་དབང་བསྐུར་བས་འཁོར་འདས་ཀྱི་རྟོག་ཚོགས་ཐམས་ཅད་སྣང་སྟོང་ལྷ་ཡི་རོལ་པར་ཡོངས་སུ་དག་པས་ནང་དཀྱིལ་འཁོར་ཟབ་མོའི་བསྐྱེད་རིམ་འཁོར་བཅས་ལ་དབང་འབྱོར་བར་བྱས་པ་ཡིན་ནོ། །དེ་ནས་ངག་ཐ་མལ་དུ་ཞེན་པ་སྦྱོང་བའི་ཕྱིར་གསུང་བཟླས་པའི་ལུང་སྦྱིན་པ་ལ། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་གཉིས་སུ་མེད་པའི་སོ་སོའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས། ཞལ་ནས་བྱུང༌། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་ཡེ་ཤེས་སེམས་དཔའ་དབང་ཆེན་རྟ་ཕག་ཡབ་ཡུམ་གྱི་ཐུགས་པད་ཉི་ཟླ་བའི་སྟེང་དྭངས་མའི་ས་བོན་ཧྲཱིཿཡིག་གི་མཐར་ཕྲེང་བ་ལྟར་འཁོད་པར་མོས་ལ། བསྙེན་པའི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཡི་གེ་བདུན་པ་ལན་གསུམ་བཟླར་གཞུག །སླར་ཡང་ཐུགས་ཀའི་ཧྲཱིཿ་ལས་བྱུང་བའི་སྔགས་ཕྲེང་ཡེ་ཤེས་སེམས་དཔའ་ཡབ་ཡུམ་གྱི་ཞལ་དང་མཁའ་གསང་ནས་བརྒྱུད་དེ་འཁོར་བའི་འོད་ཟེར་གྱིས་རྩ་བ་གསུམ་གྱི་ལྷ་ཚོགས་མཆོད་ཅིང་ཐུགས་དམ་བསྐུལ། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་ཐིམ། སྣོད་བཅུད་ཀྱི་དངོས་འཛིན་བག་ཆགས་དང་བཅས་པ་སྦྱངས་ནས་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་གྱུར་པར་མོས་ལ་གཙོ་འཁོར་ཡོངས་རྫོགས་སུ་སྒྲུབ་པའི་སྔགས་འདིའི་རྗེས་ཟློས། ཞེས་སྒྲུབ་སྔགས་ལན་གསུམ། དེས་གསུང་གི་དབང་ཐོབ་པས་དེང་ཕྱིན་ཆད་གྲགས་སྟོང་སྔགས་ཀྱི་ལམ་ཁྱེར་དང་མ་བྲལ་བར་གྱིས་ཤིག །ཐུགས་རང་བྱུང་གི་དགོངས་པ་ངོ་སྤྲད་པའི་སླད་དུ། མེ་ལོང་དྭངས་པའི་ངོས་སུ་གཟུགས་བརྙན་སྣ་ཚོགས་སུ་སྣང་ཡང་རང་བཞིན་མ་གྲུབ་པའི་དཔེ་མཚོན་ནས། རང་སེམས་སྟོང་པའི་རང་རྩལ་ལས་གཟུང་འཛིན་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་ཤར་ཡང་གདོད་མ་ནས་སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་རང་རིག་སྐད་ཅིག་མའི་རང་རྩལ་དུ་ངོ་ཤེས་པར་གྱིས་ལ་སྣང་རིག་ཟུང་འཇུག་འོད་གསལ་ཆེན་པོའི་ངང་དུ་མཉམ་པར་ཞོག་ཅིག །མེ་ལོང་བསྟན་ལ། ཧཱུྃ༔ གཟུང་དང་འཛིན་པའི་རྟོག་པ་ཀུན༔ གདོད་ནས་རང་བཞིན་འོད་གསལ་ངང༔ ཡེ་ཤེས་རྟོགས་པའི་དབང་བསྐུར་བས༔ ཟུང་འཇུག་གནས་ལུགས་རྟོགས་པར་ཤོག༔ ཨོཾ་སརྦ་མཎྜལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་ཁམས་གསུམ་གྱི་རྣམ་པར་རྟོག་པའི་འཇུག་ལྡང་ཐམས་ཅད་རིག་སྟོང་དབྱེར་མེད་བསམ་མི་ཁྱབ་པ་ཐུགས་རྡོ་རྗེའི་ངོ་བོར་རྣམ་པར་དག་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་སྒོམ་པ་ལ་དབང༌། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་ནས་གསང་བ་ཟབ་མོའི་དབང་ལ་གསུམ་ཡོད་པ་ལས། རྩ་བའི་ས་བཅད་གཉིས་པ་བླ་མ་གསུང་རྡོ་རྗེའི་བདག་ཉིད་ཅན་ལ་གསང་དབང་ཞུ་བའི་ཕྱིར། དེ་ནས་སློབ་དཔོན་ཐུགས་རྗེ་ཆེན་པོ་རང་སྣང་གི་ཡུམ་གསང་བ་ཡེ་ཤེས་དང་རྗེས་སུ་ཆགས་པའི་སྦྱོར་བས་སྙོམ་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་རྟེན་དུ་གྱུར་པ་དྷཱུ་ཏིའི་ལམ་ནས་བརྒྱུད་འཁོར་ལོ་བཞིར་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བ་ཡུམ་གྱི་པདྨོར་འཁྱིལ་བས་ཉི་ཟླ་གཉིས་འདྲེས། དེ་ཉིད་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པས་བདུད་རྩི་བྱང་སེམས་ཀྱི་རྒྱུན་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཧཱུྃ་ཧྲཱིཿ ཨེ་ཝཾ་ཟུང་འཇུག་དཀྱིལ་འཁོར་ནས༔ ཞུ་བདེའི་དྲངས་པའི་ཀུནྡ་ལི༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རླུང་སྔགས་དབུ་མར་དག་པར་ཤོག༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ བདུད་རྩི་ཆང་དང་སྦྱར་བ་མྱོང་དུ་གཞུག །དེ་ནས་མགྲིན་པ་ནས་ཐིག་ལེ་འཕེལ་བས་ལུས་བདུད་རྩིས་ཁྱབ། དེ་བྱང་ཆུབ་ཀྱི་སེམས་ཀྱིས་གང་ཞིང་ཁྱབ། དུས་གསུམ་གྱི་རྟོག་པ་འགགས། བྱང་ཆུབ་སེམས་ཀྱིས་ཁྱབ་པ་དེ་ཐམས་ཅད་ལ་བདེ་བས་ཁྱབ་སྟེ་ཞུ་བདེ་ཁྱད་པར་དུ་བྱས་པས་སེམས་གསལ་སྟོང་གི་ཡེ་ཤེས་ཉམས་སུ་མྱོང་བ་ནི་གསང་དབང་གི་ཡེ་ཤེས་སོ། །དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་གཏུམ་མོའི་རྣལ་འབྱོར་སྒོམ་པ་ལ་དབང༌། སྒྱུ་མ་ཆུ་ཟླ་ལྟ་བུའི་བདག་བྱིན་གྱིས་བརླབས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གསུམ་པ་བླ་མ་ཐུགས་རྡོ་རྗེའི་བདག་ཉིད་ཅན་གྱིས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་སླད་དུ། བླ་མས་མཚན་ཉིད་དང་ལྡན་པའི་རིག་མ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པས་བརྒྱན་པ་ཞིག་ལག་པ་གཡས་ནས་བཟུང་སྟེ་ཁྱེད་རང་རྣམས་ཀྱི་ལག་གཡོན་དུ་གཏད་པའི་མོས་པ་མཛོད། ཧྲཱིཿ ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ༔ བདེ་སྟོང་ཡེ་ཤེས་ཉམས་མྱོང་ཕྱིར༔ སྣ་ཚོགས་གཟུགས་ཅན་འདི་གཏད་པས༔ ཐིག་ལེ་ཆོས་སྐུར་གྲོལ་བར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རིག་ཙཀ་གཏད། དེ་ནས་ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོ་དང༌། གཏད་པའི་རིག་མ་དེ་ཡུམ་གསང་བ་ཡེ་ཤེས་སུ་གསལ་བ་ནི་ལྷའི་འདུ་ཤེས། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ། ལྟེ་བར་བྱང་ཆུབ་སེམས་ཀྱི་ངོ་བོ་ཧཱུྃ། བུ་གར་ཕཊ྄་ཀྱིས་མཚན་པ། ཡུམ་གྱི་མཁའ་ཨཱཿལས་པདྨ། ཟེའུ་འབྲུར་ཨཱཿས་མཚན་པར་གསལ་བ་ནི་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། དེ་ལྟར་འདུ་ཤེས་གསུམ་གྱི་སྒོ་ནས་སྙོམས་པར་ཞུགས་པ་རྗེས་ཆགས་ཀྱི་མེས་ཧྃ་ཡིག་ཞུ་བས་བྱང་ཆུབ་སེམས་ཀྱི་རྒྱུན་མགྲིན་པ་སོགས་འཁོར་ལོ་བཞིར་ལུགས་འབྱུང་གི་དགའ་བ་དང༌། མཆོག་དགའ་དང་ཁྱད་པར་གྱི་དགའ་བ་དང༌། དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བཞི་རིམ་པར་ཉམས་སུ་མྱོང་ནས། སླར་ཡང་མཁའ་གསང་གི་རྩེར་འཛག་མེད་དུ་བཟུང་བ་དེ་ཉིད་གྱེན་དུ་དྲངས་པས་ལྟེ་བ་སོགས་འཁོར་ལོ་བཞིར་མས་བརྟན་གྱི་དགའ་བ་དང༌། ཁྱད་པར་གྱི་དགའ་བ་དང༌། རང་བཞིན་ལྷན་ཅིག་སྐྱེས་པའི་དགའ་བ་བཞི་རིམ་པར་ཉམས་སུ་མྱངས་ཏེ། རང་བཞིན་ལྷན་སྐྱེས་འོད་གསལ་ཆེན་པོ་རང་གི་ངོ་བོར་ཆོས་ཐམས་ཅད་རོ་གཅིག་པར་མཐོང་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་སྟེ། དེ་ལྟར་ན་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ཕོ་ཉའི་ལམ་སྒོམ་པ་ལ་དབང༌། ཆོས་ཐམས་ཅད་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། བཞི་པ་བླ་མ་ཡེ་ཤེས་རྡོ་རྗེའི་བདག་ཉིད་ཅན་གྱིས་དབང་བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ལ། ཁྱེད་རང་རྣམས་ལུས་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དྲང་པོར་བསྲང༌། ངག་གནད་རླུང་རྩོལ་མེད་རང་བབས་སུ་ཞོགས། །ཡིད་ཀྱི་གནད་དུས་གསུམ་གྱི་རྟོག་པས་མ་བསླད་པའི་རང་རིག་སྐད་ཅིག་མའི་ངང་གཤིས་སྟོང་ཉིད་དུ་རྗེན་ནེ། གདངས་རིག་རྩལ་དུ་ལམ་མེ། དེ་གཉིས་དབྱེར་མེད་པར་ཉམས་སུ་མྱོང་བཞིན་དུ་བརྗོད་པའི་མཐའ་ཐམས་ཅད་ལས་འདས་པའི་བདེན་གཉིས་ཟུང་འཇུག་ལྷག་པའི་ཆོས་སྐུ་ཆེན་པོའི་དབྱིངས་སུ་འཛིན་མེད་དུ་མཉམ་པར་འཇོག་མཛོད། ཅེས་གདམས་ལ་དཔོན་སློབ་གཉིས་ཀས་ཅུང་ཟད་མཉམ་པར་བཞག །དེ་མཚོན་པར་བྱ་བའི་ཕྱིར་དབྱིངས་རིག་གཉིས་མེད་ཤེལ་དང་འཇའ་ཚོན་གྱི་བརྡས་མཚོན་ཏེ། ཨཱཿ ཀ་དག་གཞི་ཡི་དཀྱིལ་འཁོར་དུ༔ ལྷུན་གྲུབ་ལམ་གྱི་སྣང་བ་གསལ༔ གཉིས་སུ་མེད་པར་དབང་བསྐུར་བས༔ ཆོས་ཟད་འབྲས་བུ་མངོན་གྱུར་ཤོག༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ དེ་ལྟར་བཞག་པས་སྣང་རིག་ངོས་བཟུང་དང་བྲལ་བའི་ཡེ་ཤེས་རྣམ་པར་མི་རྟོག་པ། གདངས་མ་འགགས་ས་ལེ། རྩལ་ཅིར་ཡང་འཆར་བའི་ཟང་ཐལ། དྭངས་གསལ་མི་གཡོ་བ་རྒྱ་ཆད་ཕྱོགས་དང་བྲལ་བ་ནམ་མཁའ་དྭངས་པའི་དཀྱིལ་འཁོར་ལྟ་བུ་དེ་ནི་རང་བྱུང་གི་ཡེ་ཤེས་ཏེ་དབང་བཞི་པའི་ཡེ་ཤེས་ཡིན་ནོ། །ཞེས་ངོ་སྤྲད། དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཕྲ་བའི་སྒོ་གསུམ་སྣང་གསུམ་གྱི་དྲི་མ་དག །ལམ་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང༌། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། ལྔ་པ་དབང་བཞིའི་ཡེ་ཤེས་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་འཕེལ་དུ་བྱ་བ་མཐའ་རྟེན་གཏད་རྒྱའི་དབང་ནི། སྒྲུབ་པོད་སློབ་མའི་སྤྱི་བོར་བཀོད་དེ། མདུན་གྱི་ནམ་མཁར་ཕྱོགས་དུས་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་རྒྱལ་བ་ཞི་ཁྲོ། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོ་རྣམས་མངོན་སུམ་བཞིན་དུ་བཞུགས་པའི་གནས་གསུམ་ནས་སྐུ་དང་སྔགས་ཕྲེང་ཕྱག་མཚན་འོད་ཟེར་ཐིག་ལེ་དཀར་དམར་མཐིང་གསུམ་ཆར་བབ་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་བསགས་པའི་དགེ་ཚོགས་རྒྱ་མཚོ་ཐམས་ཅད་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་གྱེས། གསུམ་པ་ཆོ་གའི་རྗེས་ཀྱི་ལས་རིམ་རྣམས་གཞུང་ལྟར་མཐར་དབྱུང་བས་གྲུབ་པའོ། །སྲིད་ཞིའི་འཇིྃགས་མེདྃ་མཁྱེནྃ་དང་བརྩེྃའི། །འོདྃ་ཟེརྃ་འབུམ་འཕྲོ་འཕགས་མཆོག་གི །སྨིན་གྲོལ་བཀྲྃ་ཤིསྃ་དཔྃལ་གྱི་མཛོད། །གཞན་ཕན་རྒྱ་མཚོའི་འབྱོྃར་པས་མཛེས། །རྩ་གསུམ་འོད་གསལ་སྙིང་ཐིག་གི་ནང་སྒྲུབ་ཐུགས་རྗེ་ཆེན་པོ་པདྨ་དྲྭ་བའི་དབང་བསྐུར་གཞན་ཕན་རྒྱ་མཚོའི་སྒོ་འབྱེད་ལེ་ཚན་བཅུ་པ་པདྨ་དྲི་མེད་རབ་ཏུ་དགའ་བས་སྦྱར་བའོ། ༈ ཡེ་ཤེས་འོདྃ་བརྒྱའི་སྣང་བས་ཕྱོགས་དུས་ཞིང༌། རབ་གསྃལ་དཔག་མེད་མཚན་སྙན་ཁོ་ནས་ཀྱང༌། །ཕན་བདེའི་སྤྲུལྃ་པའིྃ་གར་གྱི་ཐུགས་བསྐྱེད་མཐུ། །རྡོྃ་རྗེྃའི་གོ་ཆ་ལྟ་བུར་བཞེས་གང་རྒྱལ། །དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་གསང་སྒྲུབ་བླ་མ་ཆོས་སྐུ་འོད་དཔག་མེད་ཀྱི་སྒྲུབ་ཐབས་འོད་གསལ་དྲྭ་བའི་སྨིན་བྱེད་བཀླག་ཆོག་ཏུ་བཀོད་པ་ལ་གསུམ། དབང་བསྐུར་བའི་གཞི་དཀྱིལ་འཁོར་དང་དབང་རྫས་འདུ་བྱ་བ། དེ་ཉིད་བདག་མདུན་བུམ་པའི་ཆོ་གས་སྒྲུབ་པ། སློབ་མ་ལ་མངོན་པར་དབང་བསྐུར་བའི་རིམ་པ་དང་གསུམ་ལས། དང་པོ་ནི། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་བཅོས་མ་གཉིས་སམ། དྲི་བཟང་གིས་སྦག་པའི་ཚོམ་བུ་གཤེར་ལྡན་རིན་པོ་ཆེའི་མཎྜལ་ལ་ལྷ་གྲངས་སུ་བཀོད་པའི་སྟེང་མཉྫིའི་ཁར་རྣམ་རྒྱལ་བུམ་པ་ཆས་ལྡན་བཅུད་ཀྱིས་སུམ་གཉིས་བཀང་བ། གསང་ཐོད་བདུད་རྩིས་སྦག་པའི་མ་དཱ་ན། རིག་ཙཀ །ཤེལ་རྡོ། ལྷ་ཙཀ །མེ་ལོང༌། མིག་དར། མེ་ཏོག །མིག་ཐུར་རྣམས་དང༌། གཏོར་མ་སྨན་རཀ །སྲུང་མ་དང་ཆད་བརྟན་གྱི་འབུལ་གཏོར་བཅས་བཤམས་ལ་ཉེར་སྤྱོད་མཆོད་པས་མཛེས་པར་བསྐོར། གཞན་ཡང་དཀར་བགེགས། ཚོགས། སློབ་དཔོན་གྱི་མདུན་དུ་ལས་བུམ། ཌཱ་དྲིལ། རྡོ་རྗེ། འཐོར་ནས། ཡུངས་ཐུན་སོགས་འདུ་བྱའོ། །གཉིས་པ་ནི་ལྷག་པའི་ཏིང་ངེ་འཛིན་གྱི་རིག་སྟོང་ཡེ་ཤེས་ཀྱི་རང་རྩལ་མ་འགགས་སྒྱུ་འཕྲུལ་དྲྭ་བའི་བཀོད་པ་སྣོད་བཅུད་བདེ་ཆེན་ཞིང་གི་རྟེན་བརྟེན་པའི་ཆོ་འཕྲུལ་བདག་མདུན་གཉིས་མེད་དཀྱིལ་འཁོར་གཅིག་ཏུ་གདོད་ནས་དག་པའི་དགོངས་པའམ། མ་འགགས་ཡེ་ཤེས་ཀྱི་རོལ་པ་གང་འདུལ་དེར་སྣང་དུ་ཤར་བས་བསྙེན་སྒྲུབ་ལ་བབ་པའི་ཚེ་ཛཔ྄་ཁང་དབྱེ་བ་གང་རུང་གི་སྒོ་ནས། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་གསང་བའི་སྒྲུབ་ཐབས་འོད་གསལ་དྲྭ་བ་ལྟར་མཐར་ཆགས་སུ་བཏང༌། བསྙེན་སྒྲུབ་ཀྱི་བཟླས་པ་གྲུབ་པ་དང༌། རྣམ་རྒྱལ་བུམ་པ་ལ་དམིགས་ཏེ། མདུན་གྱི་བུམ་པ་མི་དམིགས་པ་བྷྲཱུྃ་ཡིག་འོད་དུ་ཞུ་བ་ལས་རིན་པོ་ཆེའི་གཞལ་ཡས་ཁང་དུ་བསྒོམ་པའི་སུམ་ཆ་མན་ཆད་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་དབུས་སུ་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཉི་ཟླའི་གདན་ལ་ཆོས་སྐུ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག་གི་མདོག་ཅན་གསོལ་ཞིང༌། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཞི་བ་བཞི་བཅུ་རྩ་གཉིས། བདེ་ཆེན་འཁོར་ལོར་འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། མགྲིན་པར་རིག་འཛིན་དཔའ་བོ་མཁའ་འགྲོ་རྣམས་གདོད་ནས་དག་པ་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེ་རང་བྱུང་ལྷུན་གྲུབ་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ཆེན་པོར་མ་འདྲེས་གསལ་རྫོགས་སུ་བཞུགས་པ་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས་ཏེ་མདུན་བསྐྱེད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿདམར་པོ་ཡོད་པ་ལ་ཐིམ་པས་ཐུགས་རྒྱུད་བསྐུལ་ནས་དོན་གཉིས་བསྒྲུབ་པར་བསམ་ལ། བསྙེན་སྒྲུབ་ཀྱི་བཟླས་པ་འོས་འཚམས་མཐར། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ཡེ་ཤེས་འཁོར་ལོའི་ལྷ་ཚོགས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་བས་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ། ལས་བུམ་ནང་དུ་པད་ཉིའི་སྟེང༔ པདྨ་རྟ་མགྲིན་སྐུ་མདོག་དམར༔ དུར་ཁྲོད་ཆས་རྫོགས་དོར་སྟབས་བཞུགས༔ སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན༔ བབ་པས་བུམ་པ་གང་བར་གྱུར༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཞེས་པ་བརྒྱ་རྩ་བཟླ། ཧཱུྃ་ཞེས་བསྐུལ་བས། དཔལ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱིས་དབང་གི་བྱ་བ་མ་གྲུབ་ཀྱི་བར་དུ་བར་གཅོད་ཀྱི་བགེགས་ཐམས་ཅད་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ལས་བཅོལ་ནས་བཞག །སྲུང་མའི་གསོལ་མཆོད་དང་ཚོགས་སྐོང་གཏང་དགོས་ཡོད་ན་བྱས་ལ། འོག་ནས་འབྱུང་བ་ལྟར་དབང་བཞི་མཐའ་རྟེན་དང་བཅས་པའི་བདག་འཇུག་སྔོན་དུ་འགྲོ་བས་སློབ་མ་འཇུག་པར་གསོལ་བ་བཏབ་སྟེ་གནང་བ་ཞུ། ཡང་ན་རིག་པའི་མེ་ཏོག་དོར་བས་ཀྱང་རུང་ངོ༌། །གསུམ་པ་ནི། སློབ་མ་རྣམས་ལ་སྒོ་དྲུང་དུ་ཁྲུས་དང༌། ནང་དུ་འཇུག་པ་ན་བགེགས་གཏོར་བསྔོ་ཞིང་བཀའ་བསྒོ། སྲུང་འཁོར་བཅས་སྤྱི་ལྟར་བྱས་ལ་གྲལ་དུ་འཁོད། མེ་ཏོག་བཀྱེ་བསྡུ་གྲུབ་པ་དང༌། དེ་ལ་རང་རེ་རྣམས་མདོ་སྔགས་ཀྱི་ཆོས་མ་ལུས་པའི་རྟེན་དུ་གྱུར་པའི་དལ་འབྱོར་གྱི་ལུས་རྟེན་ཁྱད་པར་ཅན་ཐོབ། ཐུབ་བསྟན་ཡོངས་སུ་རྫོགས་པ་དར་ལ་མ་ཉམས་པར་བཞུགས། སྐྱེས་བུ་དམ་པ་དགེ་བའི་བཤེས་གཉེན་མཆོག་རྣམས་ཀྱིས་རྗེས་སུ་བཟུང༌། ཐོས་བསམ་སྒོམ་པ་ཅི་འདོད་བྱེད་པ་ལ་འགལ་རྐྱེན་དང་བྲལ་ཞིང་མཐུན་རྐྱེན་ཕུན་སུམ་ཚོགས་པའི་སྐབས་འདིར་དམ་པའི་ཆོས་ཡང་དག་པ་ཞིག་ཅིས་ཀྱང་བྱེད་དགོས། དམ་པའི་ཆོས་ལ་ཡང་མདོ་དང་སྔགས། ཟབ་པ་དང་རྒྱ་ཆེ་བ། ཐུན་མོང་ཐུན་མིན་དུ་མ་ཞིག་བཞུགས་པ་ཐམས་ཅད་ཀྱི་མཐར་ཐུག་ནི་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ལའང་རྒྱུད་སྡེ་ཕྱི་ནང་གཉིས་སུ་བཞུགས་པ་ལས་ཟབ་པའི་མཐར་ཐུག་གསང་སྔགས་ནང་རྒྱུད་ཡོ་ག་གསུམ་དུ་གྲགས་ཤིང༌། རྒྱུད་སྡེ་གསུམ་གྱི་དགོངས་པ་ལྟར་བཀྲལ་བའི་བཀའ་གཏེར་དག་སྣང་གི་ཤིང་རྟའི་ལམ་སྲོལ་ཆེན་པོ་གསུམ་ལས། དམ་ཆོས་མི་ནུབ་པ་དང༌། གདམས་ངག་མི་འཆུག་པ། བྱིན་རླབས་མ་ཡལ་བ། བརྒྱུད་ཐག་ཉེ་བའི་དགོས་པ་ཆེན་པོ་བཞི་དང་ལྡན་པའི་ཟབ་མོ་གཏེར་གྱི་ཁོངས་སུ་གཏོགས། དེ་ལའང་རྒྱ་ཆེ་བ་ས་གཏེར། ཟབ་པ་དགོངས་གཏེར་གཉིས་ལས་ཕྱི་མ་སྟེ་སྒྲུབ་བྱེད་ཀྱི་ཆོས་དེ་ལ་བསྒྲུབ་བྱ་ལྷ་ཡིས་དབྱེ་ན་རྒྱུད་དང༌། སྒྲུབ་སྡེའི་ངེས་པ་གཉིས་ལས། རྒྱུད་སྡེའི་དབང་དུ་བྱས་ན་སྒྱུ་འཕྲུལ་སྡེ་བརྒྱད་ཀྱི་ནང་ཚན་བྱིན་རླབས་ཀྱི་རྩ་བ་བླ་མ་རིག་འཛིན་སྒྱུ་འཕྲུལ་དྲྭ་བ་ཞི་ཁྲོ་རྣམ་པར་རོལ་པའི་རྒྱུད་ལ་བརྟེན་ཞིང༌། བྱེ་བྲག་ཏུ་སྐུ་གསུམ་གྱི་སྒྲུབ་སྐོར་ལས་བླ་མ་ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་ཏུ་མེད་པའི་སྒྲུབ་ཐབས། མན་ངག་གི་ངེས་པས་སྒྲུབ་སྡེ་བཀའ་བརྒྱད་ཀྱི་བྱེ་བྲག་པདྨ་གསུང ཞི་བའི་ཕྱོགས་སུ་བསྡུས་ཀྱང་མི་འགལ་ལ། གང་ལྟར་ཡང་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་རྡོ་རྗེའི་གསུང་ལས། རྒྱ་གར་མཁས་པ་པདྨ་འབྱུང་གནས་ང༔ གདུལ་བྱའི་མོས་ངོར་ཇི་སྙེད་སྤྲུལ་པའི་སྐུ༔ ཆུ་ཟླའི་རོལ་པར་བསམ་མི་ཁྱབ་སྟོན་ཀྱང༔ ངོ་བོ་མི་འགྱུར་ཀུན་བཟང་སྣང་མཐའ་ཡས༔ རྒྱལ་བ་རྒྱ་མཚོའི་ཁྱབ་བདག་སྤྱི་མེས་ཡིན༔ དེ་ཕྱིར་ང་བསྒྲུབ་སངས་རྒྱས་ཀུན་བསྒྲུབ་འགྱུར༔ ལྷ་གཞན་བསྒྲུབས་ཀྱང་ང་ཉིད་སྒྲུབ་པ་སྟེ༔ བཟང་ངན་ཕྱོགས་རིས་འདི་ཞེས་དབྱེ་བ་མེད༔ འོན་ཀྱང་སྔོན་གྱི་སྨོན་ལམ་ཁྱད་པར་གྱིས༔ པདྨའི་རིགས་སུ་བསྒྲུབ་ན་དངོས་གྲུབ་མྱུར༔ ཕྲིན་ལས་མཐའ་རྒྱས་གཞན་སྣང་དབང་དུ་སྡུད༔ འགལ་རྐྱེན་མི་འབྱུང་བྱང་ཆུབ་གོ་འཕང་ཉེ༔ ཞེས་ཆེད་དུ་གདམས་པ་ལྟར་པདྨའི་རིགས་མཆོག་གར་གྱི་དབང་པོའི་ཞིང་ཁམས། རྡོ་རྗེ་ཐེག་པའི་རྒྱུད་ཀྱི་གསང་བ་ལས་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བའི་གནས་ཉི་ཤུ་རྩ་བཞི་ལས་བདེ་ཆེན་འབྱུང་གནས་མཚན་མ་པྲེ་ཏ་པཱུ་རི་ལྷ་གཅིག་འཕགས་པ་ཡབ་ཡུམ་གྱི་གདུང་ལས་གྲོལ་བས། ཕོ་མོ་ཐམས་ཅད་ཐེག་པ་ཆེན་པོའི་ཆོས་ལ་མོས་ཤིང་དཔའ་བོ་དང་ཌཱ་ཀིའི་རིགས་ཅན་རྣམས་ཀྱི་རྟེན་འབྲེལ་གྱིས་སྒྲུབ་ཐག་ཉེ་བའི་ལྷ་ནི་གསུང་པདྨའི་རིགས་ཡིན་ལ། དེ་ལའང་རིགས་ཀྱི་གཙོ་བོ་དང་འཁོར། མཆོག་དང་ཐུན་མོང་གི་སྒྲུབ་ཚུལ་དུ་མ་ལས། འདི་ནི་གསུང་པདྨའི་རིགས་ཀྱི་ཁྱབ་བདག་ཆོས་སྐུ་སྣང་བ་མཐའ་ཡས་པ་གཙོ་བོའི་མཆོག་གི་འོད་གསལ་གྱི་ཡེ་ཤེས་སྣང་བ་བཞི་མཐར་སོན་པར་བྱེད་པའི་སྒྲུབ་ཐབས་ཏེ། ངེས་པའི་དོན་དུ་ཀུན་བཟང་འོད་སྣང་མཐའ་ཡས་གསུང་སོ་སོར་རྟོག་པའི་ཡེ་ཤེས་ཁྱབ་བརྡལ་གྱི་འཁོར་ལོར་སྐུ་དང་ཞིང་ཁམས་རྒྱ་མཚོའི་སྒྲོན་མ་རྣམ་པར་བཀོད་པའི་གཟི་བརྗིད་ཚེ་དཔག་མེད་ཅེས་ཐོག་མའི་དུས་ནས་བྱང་ཆུབ་པའི་སངས་རྒྱས་ཉིད་ཡིན་ལ། ཐུན་མོང་དུ་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་སྤྱན་སྔར་སངས་རྒྱས་ཀྱི་ཞིང་ཡོངས་སུ་བཟུང་བའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དམ་བཅའ་རླབས་པོ་ཆེ་མཛད་པའི་ཚུལ། ད་ལྟར་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཡོན་ཏན་དང་བཀོད་པ་ཐམས་ཅད་གཅིག་ཏུ་འདུས་པའི་ཞིང་མཆོག་བདེ་བ་ཅན་ཞེས་བྱ་བར་འཚོ་ཞིང་གཞེས་ལ། ཆོས་ཀྱང་སྟོན་པའི་མཚན་ཐོས་ནས་དད་པ་སྐྱེས་པས་ཀྱང་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་བུད་མེད་ཀྱི་ལུས་ཐ་མར་འགྱུར་བ་དང༌། དགེ་བའི་རྩ་བ་བསྐྱེད་ཅིང་བསམ་མ་ཐག་པས་ཞིང་དེར་སྐྱེ་བའི་རྒྱུར་བསྔོས་ན་འཆི་འཕོས་མ་ཐག་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་ཞིང་མྱུར་དུ་འཚང་རྒྱ་བ་སོགས་ཐུགས་བསྐྱེད་དང་ཕྲིན་ལས་རྨད་དུ་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་ཞེས་འཕགས་པ་དཀོན་མཆོག་བརྩེགས་པ། འོད་དཔག་ཏུ་མེད་པ་བཀོད་པའི་མདོ་ལ་སོགས་པ་མདོ་སྡེ་དུ་མ་དང༌། རྒྱུད་སྡེ་ཆེན་པོ་བཞི་ཀ་ནས་ལྷ་སྔགས་ཀྱི་སྒྲུབ་ཚུལ་སྣ་ཚོགས་ཡང་ཡང་གསུངས་པ་དེ་ཉིད་སྐབས་འདིར་སྔགས་བླ་མེད་ཨ་ཏི་ཡོ་ག་ལྟར་སྒྲུབ་པ་འདི། ཐམས་ཅད་མཁྱེན་གཟིགས་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཟབ་མོ་དགོངས་པའི་གཏེར་མཛོད་ཀྱི་ཆོས་སྡེ་རྩ་གསུམ་འོད་གསལ་སྙིང་ཐིག་གི་རྩ་བའི་སྒྲུབ་ཐབས་འོད་གསལ་དྲྭ་བའི་དབང་གི་ཆོ་གས་སྨིན་པར་བྱེད་པ་སྐབས་སུ་བབ་པས་དེ་ཉིད་གསན་པའི་ཡོན་དུ་མཎྜལ་ཕུལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་དད་མོས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་ཀུན་འདུས་རྡོ་རྗེ་འཛིན༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ འོད་སྣང་མཐའ་ཡས་དཀྱིལ་འཁོར་དུ༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། དེ་ནས་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་ལ་ཐོག་མར་རྒྱུད་དག་པའི་སླད་དུ། བླ་མ་ཚེ་འོད་མཐའ་ཡས་དཀྱིལ་འཁོར་ལྷ་ཚོགས་སྐྱབས་ཡུལ་ཞིང་གི་རྡུལ་སྙེད་ཀྱི་སྤྱན་སྔར་བདག་སོགས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང་ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་གྱིས་སེམས་བསྐྱེད་པ་གཟུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧྲཱིཿ ཀ་དག་སོ་སོར་རྟོག་པའི་ཡེ་ཤེས་སྐུ༔ འཆི་མེད་ཐོག་མའི་མགོན་པོར་སྐྱབས་སུ་འཆི༔ ལྷུན་གྲུབ་འོད་གསལ་སྣང་བཞིའི་དཀྱིལ་འཁོར་དུ༔ ཁམས་གསུམ་འགྲོ་ཀུན་སྒྲོལ་བར་སེམས་བསྐྱེད་དོ༔ ལན་གསུམ། ཚོགས་ཞིང་དེ་དག་གི་མདུན་སར་བསགས་སྦྱང་ཕུལ་དུ་གྱུར་པ་ཡན་ལག་བདུན་པའི་རིམ་པ་ལ་བསླབ་བོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧོཿ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་ཀུན་བཟང་མཆོད་སྤྲིན་འབུལ༔ ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་མཐོལ་ཞིང་བཤགས༔ བྱང་ཆུབ་སྤྱོད་པ་རྒྱ་མཚོར་རྗེས་ཡི་རང༔ ཐེག་མཆོག་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབས༔ འདིས་མཚོན་དགེ་ཚོགས་ཆོས་དབྱིངས་སྙིང་པོར་བསྔོ༔ ལན་གསུམ། དེ་ནས་དབང་བསྐུར་བ་དེའང་རྟེན་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང༌། དབང་སྲོག་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལས་པས་སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་དུ་བསྒྲུབ་པའི་ཕྱིར་ཁྱད་པར་གྱི་སྡོམ་པ་རྣམས་གཟུང་བར་བྱ་སྟེ། རིགས་ལྔའི་དམ་ཚིག །ཡན་ལག་གི་ཉི་ཤུ་རྩ་ལྔ། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། མདོར་ན་བླ་ན་མེད་པའི་དམ་ཚིག་དང་སྡོམ་པ་མ་ལུས་པ་གཟུང་བར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །རིག་པ་འཛིན་པ་བདག་གིས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་གཟུང་བར་བགྱི། །ལན་གསུམ། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སྔོན་འགྲོ་དམ་ལ་བཞག་པ་ནི། རྡོ་རྗེ་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་ནན་འདི་ཉིད་ལྕེ་ལ་བཞག་ཀྱང་སྙིང་གི་དཀྱིལ་དུ་བབས་ཏེ། གལ་ཏེ་དམ་ཚིག་ལས་འདས་ན་བཛྲ་ཡཀྴ་ཀྲོ་དྷ་ཞེས་བྱ་བ་སྡིག་པ་མགོ་དགུ་པར་གྱུར་ནས་སྙིང་ཁྲག་འཇིབས་ཤིང་མཐོང་ཆོས་སུའང་ཚེ་ཐུང་ཞིང་ནད་མང༌། ཕྱི་མར་དམྱལ་བའི་གནས་སུ་ལྷུང་ནས་ཉམས་ཐག་པར་འགྱུར་ལ། དམ་ཚིག་བསྲུངས་ན་ལྷ་ཡེ་ཤེས་སེམས་དཔར་གྱུར་ནས་རྟག་ཏུ་བྱིན་གྱིས་རློབ་ཅིང༌། འདི་ཕྱིའི་ཕན་བདེ་མ་ལུས་པ་སྟེར་བར་འགྱུར་བའི་དོན་ངེས་པར་གྱིས་ཤིག །ནང་མཆོད་དང་སྦྱར་བའི་ཆུ་སྦྱིན་ལ། ཧཱུྃ༔ སྔགས་ཀྱི་རྩ་བ་དམ་ཚིག་སྟེ༔ བསྲུང་ན་དངོས་གྲུབ་རྣམ་གཉིས་ཐོབ༔ མ་བསྲུང་ཚེ་འདིར་དམྱལ་བར་འགྲོ༔ དམ་སྲུང་རྡོ་རྗེའི་ཆུ་འཐུངས་ཤིག༔ ཅེས་གདམས་པ་ལ། དེང་ཕྱིན་ཆད་དམ་ཚིག་ཚུལ་བཞིན་དུ་བསྲུང་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས་མཛོད། བཛྲ་ས་མ་ཡ་ཨི་དཾ་ན་ར་ཀན༔ ཞེས་བརྗོད་དུ་གཞུག་པས་རྒྱུད་བརྟན་པར་བྱ། སྔོན་ཆད་མ་རིག་པའི་སྒྲིབ་གཡོགས་ཀྱིས་རིག་པ་ཡེ་ཤེས་ཀྱི་མིག་ལྡོང་བ་མཚོན་ཕྱིར་དར་ཡུག་དམར་པོས་གདོང་བཀབ་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མིག་རས་སྦྱིན། དཀྱིལ་འཁོར་པ་དང་མཇལ་བའི་ཕྱག་རྟེན་དབང་གི་ཅོད་ཅན་དམར་པོ་རིགས་ཀྱི་རྟགས་སུ་བྱིན་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་ཐལ་སྦྱར་བར་དུ་སྦྱིན། ཡེ་ཤེས་པ་དབབ་པའི་སླད་དུ་སྒོ་གསུམ་གནད་ལེགས་པར་གཅུན་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག །རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མེ་ལོང་གི་རླངས་པ་ཡལ་བ་ལྟར་སངས་ཀྱིས་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣོད་བཅུད་བདེ་ལྡན་ཞིང་གི་བཀོད་པ་ངོ་མཚར་རྨད་དུ་བྱུང་བའི་དབུས་སུ། གནས་ཁང་འདི་ཉིད་ཀྱང་བྱང་ཆུབ་སེམས་དཔའ་ནོར་བུ་རིན་པོ་ཆེའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཆོས་སྐུ་འོད་སྣང་མཐའ་ཡས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག་གི་མདོག་ཅན་གསོལ་ཞིང་ཆགས་བྲལ་མཆོག་གི་སྤྲུལ་པའི་སྐུའི་ངང་ཚུལ་ཅན་གྱི་ཐུགས་ཀ་འོད་ལྔའི་དྲྭ་བའི་ཀློང་དུ་བདེ་གཤེགས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཞི་བཅུ་རྩ་གཉིས་དང༌། སྤྱི་བོར་འབར་བ་ཁྲག་འཐུང་གི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད། མགྲིན་པར་རིག་འཛིན་དཔའ་བོ་ཌཱ་ཀིའི་ཚོམ་བུ་དང་བཅས་པ་གསལ་བའི་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་ལྡན་པདྨ་བཀོད་པའི་ཞིང་ཁམས་སོགས་སྐུ་གསུམ་དག་པའི་ཞིང་ཐམས་ཅད་ནས་སངས་རྒྱས་དང་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་ཁ་ཆར་བུ་ཡུག་འཚུབས་པ་ལྟར་སྤྱན་དྲངས་ནས་ཁྱེད་རང་གི་སྒོ་གསུམ་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། སྤོས་དབྱངས་ཌཱ་དྲིལ་བཅས་ལས་བྱང་གི་སྤྱན་འདྲེན་དང་འབེབས་སྔགས་སྦྱར་བའི་བསྙེན་པ་ཡང་ཡང་བརྗོད་པས་བྱིན་དབབ། ཏིཥྛ་བཛྲས་རྡོ་རྗེ་མགོ་བོར་བཞག་ལ་བརྟན་པར་བྱ། སྔར་བྱིན་པའི་མེ་ཏོག་དེ་ཉིད་ལྷག་པའི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་མཛོད། ཧོཿ རང་སྣང་རྣམ་དག་འོག་མིན་དུ༔ བདེ་ཆེན་རྡོ་རྗེའི་མཎྜ་ལར༔ རིག་པའི་མེ་ཏོག་འདི་དོར་བས༔ ལྷག་པའི་ལྷ་ལ་འབབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་པུཥྤེ་པྲ་ཏཱིཙྪ་ཧོཿ ཞེས་ཚོམ་བུའི་དཀྱིལ་འཁོར་དུ་དོར་བ་དེ་ཉིད་བླངས་ལ་སྤྱི་བོར་བཞག་སྟེ། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་གྱུར་ཅིག །མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོཿ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ འཇིག་རྟེན་རབ་རིབ་བསལ་བ་ལྟར༔ བུ་ཁྱོད་ཀྱི་ནི་མི་ཤེས་པའི༔ རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ༔ ཨོཾ་ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ྄༔ ཅེས་མིག་རས་བསལ། ཨོཾ་ཙཀྵུ་ས་མནྟ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ༔ ཞེས་མ་རིག་པའི་སྒྲིབ་བྱེད་བསལ་བས་དག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་མཇལ་བར་གྱུར་པར་མོས་ཤིག །ཀྱེ་རིགས་ཀྱི་བུ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་བརྡ་དོན་རྟགས་ཀྱིས་མཚོན་པའི་རས་བྲིས་ཀྱི་དཀྱིལ་འཁོར་འདི་ནི་རྟེན་གཞལ་ཡས་ཁང་སྟེ། ནང་ཕུང་པོ་ཁམས་དང་སྐྱེ་མཆེད་མཚོན་ལ། དེ་ན་བཞུགས་པའི་བརྟེན་པ་ཡེ་ཤེས་ཀྱི་ལྷ་ནི་རང་རིག་གི་སེམས་རྣམ་ཤེས་ཚོགས་བརྒྱད་སེམས་བྱུང་དང་བཅས་པ་རང་བྱུང་གི་ཡེ་ཤེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་སོ་སོར་རྟོག་པའི་ཡེ་ཤེས་པདྨའི་རིགས་ཀྱི་ཁྱབ་བདག་རྫོགས་པའི་སངས་རྒྱས་འོད་སྣང་མཐའ་ཡས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་ཅིང་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་བྱེ་བས་འཁྱུད་པའི་གཟི་བྱིན་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ས་པའི་སྟེང་དུ་ལྷུང་བཟེད་ཀྱིས་མཚན་པའི་ཕྱག་གཉིས་མཉམ་པར་བཞག་ཅིང་དར་དམར་སེར་གྱིས་ཤམ་ཐབས། སྔོན་པོས་བླ་གོས། དམར་པོས་སྣམ་སྦྱར་ཅན། དབུའི་གཙུག་ཏོར་ལྟར་མི་མངོན་པ་ལ་སོགས་པའི་མཚན་དཔེའི་རྒྱན་མ་ཚང་བ་མེད་པས་བརྒྱན་པའི་རྡོ་རྗེའི་ཕུང་ཁམས་སྐྱེ་མཆེད་གདོད་ནས་བདེ་ཆེན་གདན་གསུམ་ཚང་བ་རབ་འབྱམས་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱི་འཁོར་ལོའི་སྤྲིན་ཆེན་པོའི་བདག་ཉིད་དུ་ལྷུན་གྱིས་གྲུབ་པས་བཞུགས་པ་ཐབས་འདིས་མངོན་སུམ་དུ་ངོ་སྤྲད་པའི་མཚོན་དོན་ཤེས་པར་མཛོད་ཅིག །དེ་དག་གིས་འཇུག་པའི་ཆོས་རྣམས་སོང་ནས། དབང་བསྐུར་དངོས་ལ་ཐོག་མར་བུམ་དབང་མཐའ་རྟེན་དང་བཅས་པ་བསྒྲུབ་པ་ལ་འདུན་པ་འདི་ལྟར་དུ་མཛོད། བདག་མདུན་གྱི་ཐུགས་ཀའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་རྣམ་པར་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་དབང་བསྐུར། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སེམས་མ་རྣམས་ཀྱིས་གླུ་གར་བསྒྱུར། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། རྣམ་རྒྱལ་བུམ་པ་ལྷའི་ཕོ་བྲང་རྟེན་དང་བརྟེན་པར་བཅས་པས་དབང་བསྐུར་བས་ཕུང་ཁམས་སྐྱེ་མཆེད་སྐུ་རྡོ་རྗེ་སྤྲུལ་པའི་སྐུར་གྱུར་པར་མོས་ཤིག །རྣམ་རྒྱལ་བུམ་པས་དབང་བསྐུར་ལ། ཧཱུྃ་ཧྲཱིཿ སྣང་སྟོང་བུམ་པའི་དཀྱིལ་འཁོར་དུ༔ བདེ་ལྡན་མགོན་པོའི་ལྷ་ཚོགས་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕུང་ཁམས་ལྷ་སྐུར་སྨིན་པར་ཤོག༔ ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་ལུད་པ་ལས་རིགས་བདག་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་མོས་ཤིག །དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་རྣམས་ལ་ཐིམ་པས་རྟོག་ཚོགས་ལྷ་སྐུ་སྣང་སྟོང་ཕྱག་རྒྱའི་རོལ་པར་ཤར་བར་མོས་ཤིག །གཙོ་འཁོར་རྣམས་ཀྱི་སྐུ་རིམ་པར་མགོར་བཞག་ལ། ཧྲཱིཿ བདེ་ཆེན་པདྨ་དྲྭ་བ་ནས། །ཚེ་དང་ཡེ་ཤེས་དངོས་གྲུབ་གཏེར། །འོད་སྣང་མཐའ་ཡས་བཅོམ་ལྡན་འདས། །དཀྱིལ་འཁོར་གཙོ་བོས་དབང་བསྐུར་རོ། །ཨོཾ་ཨ་མི་ཏ་བྷ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཐུགས་ཀ་ཆོས་ཀྱི་འཁོར་ལོ་ནས། །ཕུང་ཁམས་གནས་ཡུལ་གནས་དག་པའི། །གདན་གསུམ་དཀྱིལ་འཁོར་ཡོངས་རྫོགས་ལྷ། །རྡོ་རྗེ་དབྱིངས་ཀྱིས་དབང་བསྐུར་རོ། །ཨོཾ་ཤཱནྟིཾ་མཎྜ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། དུང་ཁང་བདེ་ཆེན་འཁོར་ལོ་རུ། །དུག་གསུམ་རུ་ཏྲ་མཐར་བྱེད་ཕྱིར། །འབར་ཁྲོས་རྔམས་པའི་ཡེ་ཤེས་སྐུ། །ཁྲག་འཐུང་ལྷ་ཡིས་དབང་བསྐུར་རོ། །ཨོཾ་ཀྲོ་དྷ་མཎྜ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ལོངས་སྤྱོད་ཡོངས་རྫོགས་འཁོར་ལོ་ནས། །རྡོ་རྗེའི་ས་ལམ་ཡོངས་རྫོགས་པའི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །རིག་འཛིན་ལྷ་ཚོགས་དབང་བསྐུར་རོ། །ཨོཾ་བིདྱ་དྷཱ་ར་དེ་ཝ་ག་ཎ་ཨ་བྷི་ཥིཉྩ་ཧཱུྃ། །དེ་ནས་ངག་ཐ་མལ་དུ་ཞེན་པ་སྦྱོང་བའི་ཕྱིར་གསུང་བཟླས་པའི་ལུང་སྦྱིན་པ་ལ། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་གཉིས་སུ་མེད་པའི་སོ་སོའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས། ཞལ་ནས་བྱུང༌། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་དྭངས་མའི་ཐིག་ལེ་ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཀར་ཉི་ཟླའི་གྭའུའི་སྦུབས་སུ་ཧྲཱིཿཡིག་གི་མཐར་སྔགས་ཕྲེང་འཁོར་བར་མོས་ལ་བསྙེན་པའི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ ལན་གསུམ། རིག་སྟོང་གདོད་ནས་དག་པའི་ཡེ་ཤེས་ཁྱབ་བདག་སྣང་མཐའ་ཡས་པའི་ཚུལ་དུ་ཤར་བའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་འོད་གསལ་ཐིག་ལེ་ཆེན་པོ་ཞི་ཁྲོ་རབ་འབྱམས་དཔའ་བོ་ཌཱ་ཀིའི་གྲོང་ཁྱེར་དུ་གདོད་ནས་འདུ་འབྲལ་མེད་པར་རྫོགས་པའི་ཡིན་ལུགས་གསལ་འདེབས་ཀྱི་དགོངས་པས་སྒྲུབ་པའི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ལན་གསུམ། དེས་གསུང་གི་དབང་ཐོབ་པས་དེང་ཕྱིན་ཆད་གྲགས་སྟོང་སྔགས་ཀྱི་ལམ་ཁྱེར་དང་མ་བྲལ་བར་གྱིས་ཤིག །ཐུགས་རང་བྱུང་གི་དགོངས་པ་ངོ་སྤྲད་པའི་སླད་དུ། མེ་ལོང་དྭངས་པའི་ངོས་སུ་གཟུགས་བརྙན་སྣ་ཚོགས་སུ་སྣང་ཡང་རང་བཞིན་མ་གྲུབ་པའི་དཔེས་མཚོན་ནས། རང་སེམས་སྟོང་པའི་རང་རྩལ་ལས་གཟུང་འཛིན་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་ཤར་ཡང་གདོད་མ་ནས་སྐྱེ་འགག་གནས་གསུམ་བྲལ་བའི་དོན་རང་རིག་སྐད་ཅིག་མའི་རང་རྩལ་དུ་ངོ་ཤེས་པར་གྱིས་ལ་སྣང་རིག་ཟུང་འཇུག་འོད་གསལ་ཆེན་པོའི་ངང་དུ་མཉམ་པར་ཞོག་ཅིག །མེ་ལོང་བསྟན་ལ། ཧཱུྃ༔ གཟུང་དང་འཛིན་པའི་རྟོག་པ་ཀུན༔ གདོད་ནས་རང་བཞིན་འོད་གསལ་ངང༔ ཡེ་ཤེས་རྟོགས་པའི་དབང་བསྐུར་བས༔ ཟུང་འཇུག་གནས་ལུགས་རྟོགས་པར་ཤོག༔ ཨོཾ་སརྦ་མཎྜལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་ཁམས་གསུམ་གྱི་རྣམ་པར་རྟོག་པའི་འཇུག་ལྡང་ཐམས་ཅད་རིག་སྟོང་དབྱེར་མེད་བསམ་གྱི་མི་ཁྱབ་པ་ཐུགས་རྡོ་རྗེའི་ངོ་བོར་རྣམ་པར་དག་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་དག་རྣམས་ཀྱིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་ལས་གསུམ་དག །གཟུགས་སུ་རྣམ་པར་རྟོག་པ་དང་རྩ་ཁམས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སྦྱངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་བྱིན་རླབས་ཞུགས། བསྐྱེད་རིམ་དམ་ཚིག་གི་ཕྱག་རྒྱ་སྒོམ་པ་ལ་དབང༌། ཞི་བའི་ལས་དང་རྣམ་པར་སྨིན་པའི་རིག་འཛིན་འགྲུབ། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན། འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་བྱེད་པའི་སྐལ་པ་རྒྱུད་ལ་བཞག་པའོ། །གཉིས་པ་གསང་བའི་དབང་གི་སླད་དུ། བླ་མ་འོད་དཔག་མེད་པ་པདྨ་ཧེ་རུ་ཀ་ལོངས་སྤྱོད་རྫོགས་པའི་སྐུར་གནས་གྱུར་པ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བདེ་སྐྱོང་གི་བདུད་རྩི་དང་མཉམ་པར་སྦྱར་བ་ངག་ཏུ་བྱིན་པའི་མོས་པ་མཛོད། བྷནྡྷའི་བདུད་རྩི་སྦྱིན་ལ། ཧཱུྃ་ཧྲཱིཿ ཨེ་ཝཾ་ཟུང་འཇུག་དཀྱིལ་འཁོར་ནས༔ ཞུ་བདེའི་དྲངས་པའི་ཀུནྡ་ལི༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རླུང་སྔགས་དབུ་མར་དག་པར་ཤོག༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ དེས་གདན་གསུམ་ཚང་བའི་སྐུའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་ལས་རྣམ་པ་བཞི་དག །སྒྲ་ཚིག་རང་མཚན་དུ་འཛིན་པ་དང་རླུང་བཅུ་དག་པར་སྦྱངས། གསུང་རྡོ་རྗེའི་བྱིན་རླབས་ཞུགས། བཟླས་བརྗོད་དང་རྫོགས་རིམ་ཆོས་ཀྱི་ཕྱག་རྒྱ་སྒོམ་པ་ལ་དབང༌། རྒྱས་པའི་ལས་དང་ཚེ་ལ་དབང་བའི་རིག་འཛིན་འགྲུབ། མ་ཆགས་པདྨ་ཅན་གྱི་ས་ནོན། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་པའི་སྐལ་པ་རྒྱུད་ལ་བཞག་པའོ། །གསུམ་པ་ཤེར་དབང་གི་སླད་དུ། དཀྱིལ་འཁོར་པའི་ཐུགས་ཀ་ནས་གཟུགས་དང་ལང་ཚོས་བརྒྱན་པའི་རིགས་མ་སྤྲོས་པ་ཁྱེད་རང་རྣམས་ཡབ་པདྨ་ཧེ་རུ་ཀར་གསལ་བ་དང་སྙོམས་པར་ཞུགས་པས་དགའ་བཞིའི་མཐར་ཐུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་བརྟན་པར་མོས་ཤིག །རིག་ཙཀ་གཏད་ལ། ཧྲཱིཿ ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ༔ བདེ་སྟོང་ཡེ་ཤེས་ཉམས་མྱོང་ཕྱིར༔ སྣ་ཚོགས་གཟུགས་ཅན་འདི་གཏད་པས༔ ཐིག་ལེ་ཆོས་སྐུར་གྲོལ་བར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་སུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། །ཡིད་ཀྱི་ལས་གསུམ་དག །ཡིད་དང་ཆོས་སུ་རྟོག་པ་ལས་བྱུང་བའི་རྣམ་ཤེས་ཚོགས་བདུན་དང༌། རང་བཞིན་བརྒྱད་ཅུའི་རྟོག་པ་སྦྱངས། ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ཟུང་འཇུག་ལས་ཀྱི་ཕྱག་རྒྱ་བརྟེན་པ་ལ་དབང༌། དབང་གི་ལས་དང་ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྲུབ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན། འབྲས་བུ་ཆོས་སྐུ་མངོན་དུ་བྱེད་པའི་སྐལ་པ་རྒྱུད་ལ་བཞག་པའོ། །དབང་བཞི་པ་ནི། མེ་ལོང་དྲི་མ་མེད་པ་རང་བྱུང་དྭངས་ཤེལ་གྱི་བརྡས་མཚོན་ཏེ། དབྱིངས་ཀ་དག་སྤྲོས་པ་དང་བྲལ་བའི་རང་མདངས། རིག་རྩལ་འོད་གསལ་ལྷུན་གྲུབ་ཟུང་འབྲེལ་གྱི་དགོངས་པར་རྟག་ཏུ་མཉམ་པར་འཇོག་འཚལ། ཤེལ་རྡོ་མེ་ལོང་བསྟན་ལ། ཨཱཿ ཀ་དག་གཞི་ཡི་དཀྱིལ་འཁོར་དུ༔ ལྷུན་གྲུབ་ལམ་གྱི་སྣང་བ་གསལ༔ གཉིས་སུ་མེད་པར་དབང་བསྐུར་བས༔ ཆོས་ཟད་འབྲས་བུ་མངོན་གྱུར་ཤོག༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ དེས་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་དུ་རང་བཞིན་འོད་གསལ་རྫོགས་པ་ཆེན་པོའི་དབང་ཐོབ། དཔེ་དོན་འབྲེལ་བའི་ཆོས་ཉིད་ཉམས་སུ་མྱོང༌། ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་དག །མཐོང་ལམ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང༌། དྲག་ཤུལ་གྱི་ལས་དང་ལྷུན་གྱིས་གྲུབ་པའི་རིག་འཛིན་འགྲུབ། ཡེ་ཤེས་བླ་མའི་ས་ནོན། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱེད་པའི་སྐལ་པ་རྒྱུད་ལ་བཞག་པའོ། །ལྔ་པ་སྨིན་གྲོལ་ཡོངས་རྫོགས་ཀྱི་བྱིན་རླབས་འཕོ་ཞིང་བརྟན་པའི་ཕྱིར་གཏད་རྒྱའི་དབང་བསྐུར་བ་ལ། སྒྲུབ་པོད་སློབ་མའི་སྤྱི་བོར་བཀོད་དེ། མདུན་གྱི་ནམ་མཁར་ཕྱོགས་དུས་རྩ་བརྒྱུད་ཀྱི་བླ་མ། ཡི་དམ་རྒྱལ་བ་ཞི་ཁྲོ། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོ་རྣམས་མངོན་སུམ་བཞིན་དུ་བཞུགས་པའི་གནས་གསུམ་ནས་སྐུ་དང་སྔགས་ཕྲེང་ཕྱག་མཚན་འོད་ཟེར་ཐིག་ལེ་དཀར་དམར་མཐིང་གསུམ་ཆར་བབ་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་དགོངས་བརྡ་སྙན་ཁུང་མཁའ་འགྲོ་གཏད་རྒྱ་སོགས་བརྒྱུད་པ་དྲུག་ལྡན་དགོངས་བརྒྱུད་བྱིན་རླབས་རྡོ་རྗེའི་ཡེ་ཤེས་ཁྱེད་རང་གི་རྒྱུད་ལ་འཕོས་པར་མོས་ཤིག །ཨོཾ་ཨཱཿཧཱུྃ༔ ཀུན་བཟང་རྡོ་རྗེ་སེམས་དཔའ་དགའ་རབ་རྗེ༔ དགོངས་པ་རོ་གཅིག་སྐུ་གསུམ་རྣམ་དབྱེར་མེད༔ ཤྲཱི་སིང་ཧ་རིག་རྩལ་རང་དབང་ཐོབ༔ བི་མ་མི་ཏྲ་འཕོ་ཆེན་ཡེ་ཤེས་སྐུ༔ པདྨ་འབྱུང་གནས་རྩ་གསུམ་རྒྱ་མཚོའི་དངོས༔ བརྡ་བརྒྱུད་བླ་མ་འཆི་མེད་རིག་འཛིན་རྗེ༔ ཚིག་དོན་བྱིན་རླབས་ཆུ་རྒྱུན་མ་ཆད་པའི༔ བཀའ་དྲིན་ཅན་གྱི་སྙན་བརྒྱུད་བླ་མ་སོགས༔ ཕྱོགས་བཅུ་དུས་བཞིའི་རྩ་བརྒྱུད་བླ་མ་དང༔ ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་མ༔ དབྱིངས་དང་ཡེ་ཤེས་ཆོས་སྲུང་རྒྱ་མཚོའི་ཚོགས༔ སྐལ་ལྡན་སློབ་མ་རིགས་ཀྱི་བུ་རྣམས་ལ༔ ཐུགས་རྗེས་བརྩེར་དགོངས་ཡེ་ཤེས་བྱིན་ཆེན་ཕོབ༔ ཕྱི་ནང་གསང་བའི་ལམ་གྱི་བར་ཆད་སོལ༔ ཐུགས་རྒྱུད་དགོངས་པའི་བྱིན་རླབས་དབང་མཆོག་སྐུར༔ རྩ་རླུང་ཐིག་ལེ་སེམས་ཀྱི་སྒྲིབ་པ་སྦྱོངས༔ ཕུང་པོ་རྩ་ཁམས་སྣང་སྟོང་ལྷ་སྐུར་དག༔ ངག་རླུང་མི་ཤིགས་བདེ་ཆེན་ལོངས་སྤྱོད་རྫོགས༔ ཡིད་དང་ཐིག་ལེ་འོད་གསལ་ཆོས་སྐུར་སྨིན༔ དབྱེར་མེད་ཡེ་ཤེས་བླ་མའི་ས་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཀཱ་ཡ་ཀ་ལ་ཤ་ཝཱཀ་གུ་ཧྱ་ཙིཏྟ་པྲཛྙཱ་ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧོཿ དབྱངས་གསལ་དང་རྟེན་སྙིང་བརྗོད། དཔོན་སློབ་གཉིས་ཀས་དགོངས་པའི་རྩལ་བསྐྱེད། ཐུགས་ཡིད་བསྲེས་ལ་མཉམ་པར་བཞག་གོ །ཤིས་པ་བརྗོད། དེ་དག་གིས་པདྨ་མདོ་སྔགས་གླིང་པའི་ཟབ་གཏེར་ལས་བྱོན་པའི་རྩ་གསུམ་འོད་གསལ་སྙིང་ཐིག་གི་གསང་སྒྲུབ་བླ་མ་མགོན་པོ་འོད་དཔག་ཏུ་མེད་པའི་དབང་བསྐུར་རྒྱས་པ་གྲུབ་པ་ཡིན་པས་སོགས་ཀྱི་མཚམས་སྦྱར་ལ་དམ་ཚིག་བསྒྲག་བཟུང༌། གཏང་རཀ་མན་ཆད་སྤྱི་འགྲེ་བྱས་ལ་སློབ་མ་གྱེས། གསུམ་པ་རྗེས་ཆོག་ཚོགས་ལ་རོལ་ཞིང་ལྷག་མ་གཏོར་སྐྱོང་ནས། བསྔོ་སྨོན་ཤིས་བརྗོད་ཡན་གྱིས་ཕྲིན་ལས་མཐར་དབྱུང་ངོ༌། །སྐྱེ་འཆིས་འཇིྃགས་མེདྃ་ཡེ་ཤེས་ནི། །མཁྱེནྃ་བརྩེྃའི་འོདྃ་ཟེརྃ་འབུམ་བཀྲྃ་བའི། །མཚན་ཐོས་ཙམ་གྱིས་སྲིད་པའི་དཔལ། །འདོད་འཇོ་ཤིསྃ་པའི་དཔྃལ་གྱིས་འབྱོྃར། །རྩ་གསུམ་འོད་གསལ་སྙིང་ཐིག་གི་གསང་སྒྲུབ་འོད་དཔག་མེད་བླ་མེད་ལྟར་སྒྲུབ་པ་འོད་གསལ་དྲྭ་བའི་དབང་བསྐུར་འཆི་མེད་ཡེ་ཤེས་དཔལ་འཛིན་ལེ་ཚན་བཅུ་གཅིག་པ་པདྨ་དབང་ཆེན་དགྱེས་པའི་སྡེས་སྦྱར་བའོ། ༈ བདེ་ཆེན་ཁྱབ་བརྡལ་ཡེ་ཤེས་རངྃ་བྱུངྃ་རྩལ། །སྙིང་རྗེ་འབར་བའི་ལང་ཚོ་བསྐལ་པའི་མེས། །བདུད་སྡེའི་ཚང་ཚིང་བསྲེགས་མཛད་ཧེ་རུ་ཀ །པྃདྨྃ་ཁྲག་འཐུང་དགྱེས་པས་གླིངྃ་འདིར་སྲུངས། །དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཡང་གསང་བླ་མ་དྲག་པོ་དམར་ཆེན་ཡི་དམ་དགོངས་འདུས་ཀྱི་སྨིན་བྱེད་ཁྲིགས་བསྡེབས་སུ་བཀོད་པ་ལ། དཀྱིལ་འཁོར་དང་དབང་རྫས་བཤམ་བཀོད། སྒྲུབ་ཅིང་བསྙེན་པས་ནུས་ལྡན་དུ་བྱ་བ། སྨིན་བྱེད་ཀྱི་རིམ་པ་དངོས་སོ། །དང་པོ་ནི། གང་དུ་དབང་བསྐུར་བའི་གནས་སུ་གཞུང་མཐུན་གྱི་དཀྱིལ་འཁོར་རྒྱས་པར་རས་བྲིས་དང༌། བསྡུ་ན་ཚོམ་བུ་ལྷ་གྲངས་བཀོད་པ་ལ་རྣམ་བུམ། གསང་དབང་གི་རྫས་བདུད་རྩིའི་བྷནྡྷ། རིག་ཙཀ །ཤེལ་རྡོ། སྒྲུབ་གཞུང་གི་གླེགས་བུ། ལྷ་ཙཀ །སྨན་གཏོར་རཀྟ མིག་དར། མེ་ཏོག་སོགས་དང༌། མཐའ་བསྐོར་དུ་མཆོད་པ། བཀའ་སྲུང་གི་གཏོར་མ། ཚོགས་ཆད་བརྟན། དཀར་བགེགས། ལས་ཀྱི་བུམ་པ་སོགས་ལེགས་པར་འདུ་བྱས་ལ་བཤམས། གཉིས་པ་ནི། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། ཕྲིན་ལས་དཀྱུས་ཀྱི་སྐྱབས་སེམས་ནས་བརྩམས། བསྟོད་པའི་བར་མཐར་ཆགས་སུ་བཏང༌། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧྲཱིཿཧཱུྃ་ཕཊ྄་ཛཿ ཞེས་བདག་ལས་མདུན་དུ་དཀྱིལ་འཁོར་གྱི་གོ་སར་གཉིས་པར་ཕྱེས་ཏེ་དབྱེ་བས་ཛཔ྄་ཁང་དབྱེ་བས་བསྙེན་སྒྲུབ་ཀྱི་བཟླས་པ་ལ་འཇུག །བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབ་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། ཞེས་དམིགས་པས་བསྙེན་སྒྲུབ་གཉིས་ཀའི་བཟླས་པ་བྱ། ལས་ཐམས་ཅད་པའི་བུམ་པ་མཚན་ཉིད་རྫོགས་པའི་ནང་དུ་པད་ཉིའི་གདན་ལ་ཁྲོ་བོ་ཡཀྴ་མེ་དབལ་སྐུ་མདོག་སྨུག་ནག་ཐོ་བ་དང་ལྕགས་ཀྱུ་འཛིན་པ་ཁྲོ་བོའི་ཆས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གསལ་བའི་སྐུ་ལས་བྱུང་བའི་བདུད་རྩིའི་རྒྱུན་གྱིས་བུམ་པ་ཡོངས་སུ་གང་བར་གྱུར། ཨོཾ་ཀརྨ་ཡཀྴ་ཧཱུྃ་ཕཊ྄༔ ཞེས་བརྒྱ་རྩ་བཟླས་ལ། ཐུན་མཐར་དབྱངས་གསལ་རྟེན་སྙིང་བཟླ། མཆོད་བསྟོད་དང་ཡིག་བརྒྱ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ལྷ་རྣམས་རྗེས་སུ་ཆགས་པས་འོད་དུ་ཞུ་སྟེ་བུམ་ཆུ་དང་རོ་གཅིག་པར་བསམ། གསུམ་པ་ནི། སློབ་མ་རྗེས་འཛིན་གྱི་སྐབས་ཇི་ལྟ་བར་སློབ་དཔོན་བདག་ཉིད་འཇུག་པས་དབང་ལེན་པའམ། རིག་པའི་མེ་ཏོག་དོར་བས་ཡེ་ཤེས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་གསང་བ་དང་གཉིས་སུ་མེད་པའི་ངེས་ཤེས་ཀྱིས་འཇུག་པ་བརྟན་པོས་ནུས་ལྡན་དུ་བྱས་ལ་གནང་བ་ཞུས་ཏེ། སྣོད་དང་ལྡན་པའི་སློབ་མ་ཁྲུས་ནས་དབྱུང༌། བགེགས་བསྐྲད། སྲུང་འཁོར་བསྒོམ། ཐུན་མོང་གི་ཆོས་བཤད་ཀྱིས་བློས་བཅོས་ལ། དེ་ཡང་ཇི་སྐད་དུ། བདེ་གཤེགས་ཡོངས་འདུས་ཐོད་ཕྲེང་རྩལ༔ པདྨ་དྲག་པོར་སྒྲུབ་པའི་ཐབས༔ ཟབ་བཅུད་སྙིང་པོར་དྲིལ་བ་འདི༔ མ་འོངས་ལྔ་བརྒྱའི་ཐ་མ་རུ༔ མཐའ་བཞིའི་འབྱུང་པོས་བོད་ཁམས་ཁེངས༔ ཐམས་ཅད་དེ་ལ་སྐྱབས་སོང་བས༔ མི་བཟད་སྡུག་བསྔལ་གསུམ་གྱིས་མནར༔ དཀོན་མཆོག་བསྟན་པའི་ལྷག་ཞབས་བསྡུད༔ དེ་ཡི་ཚེ་ན་བདག་ཉིད་ཀྱིས༔ བྱིན་བརླབས་སྦས་པའི་རྣལ་འབྱོར་པ༔ ཟུང་འཇུག་སྤྲུལ་པའི་རྡོ་རྗེའི་དོན༔ ཀློང་གསལ་ཐུགས་ཀྱི་སྒྲོམ་བུར་སྦས༔ ནམ་ཞིག་རྟེན་འབྲེལ་དུས་བབ་ཚེ༔ བར་ཆད་བདུད་དཔུང་འདུལ་བར་ཤོག༔ ཅེས་གསུངས་པ་ལྟར་མདོ་སྔགས་བསྟན་པ་རྒྱ་མཚོའི་ཡང་བཅུད། གསང་སྔགས་རྡོ་རྗེ་ཐེག་པའི་མྱུར་ལམ། ལམ་ཟབ་བླ་མ་སྒྲུབ་པའི་སྐོར་ལ་སྔ་འགྱུར་གསང་སྔགས་རྙིང་མའི་ཆོས་སྐད་དུ་ཕྱི་གསོལ་འདེབས། ནང་བྱིན་རླབས། གསང་བ་དངོས་གྲུབ། ཡང་གསང་དྲག་པོ་ཕྲིན་ལས་ཀྱི་སྒྲུབ་སྐོར་ཆེན་པོ་བཞི་རུ་གྲགས་པ་ལས་འདི་ནི་ཕྲིན་ལས་ཀྱི་སྐོར་ཏེ། སྙིགས་མའི་དུས་ཀྱི་གདུལ་བྱ་རྒྱུ་ཉོན་མོངས་དུག་གསུམ་རགས་པ་འཆོལ་ཉོག་རང་རྒྱུད་དུ་སྤྱོད་པས། འབྲས་བུ་ནད་མཚོན་མུ་གེའི་བསྐལ་པ་ཆེས་དར་ཞིང་གདུང་བའི་ཚེ་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱི་རྩལ། སྟོབས་དང་དབང་བཅུའི་ཕྲིན་ལས་ཀྱི་རྣོ་མྱུར། གང་ལ་གང་འདུལ་བྱིན་རླབས་ཀྱི་སྒོ་འགྲན་ཟླ་དང་བྲལ་བའི་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཉིད་ཡིན་ལ། དེ་ཉིད་ཀྱི་སྐུ་ཡི་བཀོད་པ་མཚན་གྱི་བྱེ་བྲག་གི་སྒྲུབ་ཚུལ་མི་འདྲ་བ་དུ་མ་ཞིག་བཞུགས་པ་ཀུན་གྱི་མཐར་ཐུག་ནི་བླ་མ་དྲག་པོའི་སྒྲུབ་པ་སྟེ། དུས་གསུམ་སངས་རྒྱས་མ་ལུས་ཐམས་ཅད་ཀྱིས༔ དབང་བསྐུར་རྗེས་གནང་རྡོ་རྗེ་དྲག་པོ་རྩལ༔ པདྨ་འབྱུང་གནས་ང་ཉིད་བསྒོམ་པ་ཡིས༔ ཞི་ཁྲོ་རབ་འབྱམས་ཐམས་ཅད་རྫོགས་པར་འགྱུར༔ ཞེས་དང༌། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན༔ རྡོ་རྗེ་དྲག་རྩལ་པདྨ་ང་ཉིད་སྒོམས༔ ཞེས་གསུངས་ཤིང༌། དེ་ལའང་བཀའ་གཏེར་དག་སྣང་གི་བརྒྱུད་སྲོལ་མཐའ་ཡས་པ་མཆིས་པའི་ནང་ནས། ཟབ་གཏེར་གྱི་ཤིང་རྟའི་ལམ་སྲོལ་འདྲེན་པའི་གཏེར་སྟོན་རྒྱལ་པོ་ལྔ་ཡི་ཕྱི་མ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་བསྡེབས་སུ་བྱོན་པ་ཡང་གསང་བླ་མ་དྲག་པོའི་གསང་སྒྲུབ་ཡི་དམ་དགོངས་འདུས་ཀྱི་དབང་བསྐུར་བ་སྐབས་སུ་བབ་པ་སྟེ། ཐོག་མར་བླ་མ་དང་དཀྱིལ་འཁོར་ཐ་མི་དད་པའི་སྤྱན་སྔར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་ཀུན་འདུས་རྡོ་རྗེ་འཛིན༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ བླ་མ་དྲག་པོའི་དཀྱིལ་འཁོར་དུ༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། རྡོ་རྗེ་ཐེག་པ་ལ་དོན་གཉེར་གྱི་བློ་སྐྱེ་བ་དོན་ཤིན་ཏུ་ལེགས་པ་ཡིན་ནོ་ཞེས་སྤྲོ་བ་བསྐྱེད་པའི་སྒོ་ནས་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། དུས་གསུམ་བདེ་གཤེགས་སངས་རྒྱས་ཀུན༔ རྡོ་རྗེའི་ལམ་མཆོག་འདི་ལ་བརྟེན༔ དེ་ཕྱིར་གསང་ཆེན་དཀྱིལ་འཁོར་འདིར༔ བུ་ཁྱོད་འཇུག་ཅིང་སྨིན་པར་བྱ༔ དུས་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བླ་མ་པདྨ་དྲག་པོ་ཉིད་མཆོག་གསུམ་རྩ་གསུམ་དམ་ཅན་དང་བཅས་པ་གཅིག་བསྡུས་སུ་ཤེས་པས་ཐུན་མོང་མ་ཡིན་པས་སྐྱབས་སུ་འགྲོ་ཞིང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧཱུྃ༔ བདེ་གཤེགས་ཀུན་འདུས་ཐོད་ཕྲེང་རྩལ༔ པདྨ་དྲག་པོར་སྐྱབས་སུ་མཆི༔ འགྲོ་ཀུན་བྱང་ཆུབ་ཐོབ་བྱའི་ཕྱིར༔ བསྐྱེད་རྫོགས་ཟུང་འཇུག་ཕྲིན་ལས་བསྒྲུབ༔ དེ་ནས་ཚོགས་བསགས་པའི་ཕྱིར་ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ་ཕྱག་འཚལ་མཆོད་པ་འབུལ་བ་སོགས་བསགས་སྦྱང་གི་སྙིང་པོ་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། ཧོཿ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་ཀུན་བཟང་མཆོད་སྤྲིན་འབུལ༔ ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་མཐོལ་ཞིང་བཤགས༔ བྱང་ཆུབ་སྤྱོད་པ་རྒྱ་མཚོར་རྗེས་ཡི་རང༔ ཐེག་མཆོག་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབས༔ འདིས་མཚོན་དགེ་ཚོགས་ཆོས་དབྱིངས་སྙིང་པོར་བསྔོ༔ ལན་གསུམ། རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་རྣམས་གཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བླ་མ་རིག་འཛིན་ཡི་དམ་ལྷ༔ མཁའ་འགྲོ་དམ་ཅན་མ་ལུས་དགོངས༔ རིག་པ་འཛིན་པ་བདག་གིས་ནི༔ དུས་འདི་ནས་བཟུང་སྤྲོས་བྲལ་གྱི༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ བདེ་གཤེགས་ཁྱེད་ཀྱི་མཛད་སྤྱོད་ལྟར༔ བླ་མེད་མི་སྤངས་བླ་མ་བཀུར༔ ཡང་དག་ལམ་དུ་ཞུགས་ལ་བྱམས༔ སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད༔ གསང་བའི་དོན་ཕྱིར་སྨྲ་མི་བྱ༔ བྱང་ཆུབ་སྙིང་པོ་བདག་ལ་སྩོལ༔ ལན་གསུམ། སྔོན་ཆད་དཀྱིལ་འཁོར་འདི་ཉིད་དུ་མ་ཞུགས་པར་མཚོན་བྱེད་གདོང་གཡོགས་དམར་པོ་འཆིང་བར་ཞུ། ཨོཾ་བཛྲ་ཡཀྴ་ཧཱུྃ། ཞེས་ལས་ཆུས་བསང་བའི་མིག་དར། ཨོཾ་ཙཀྵུ་བྷནྡྷ་བཱ་ར་མ་ཎ་ཡ་ཧཱུྃ་གིས་འཆིང༌། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་རེ་གཏད་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ༔ ཞེས་ཅོད་པན་སྦྱིན། དེ་ནས་དུང་ཆོས་ཀྱི་ཆུ་བླུད་དེ། ཧཱུྃ༔ སྔགས་ཀྱི་རྩ་བ་དམ་ཚིག་སྟེ༔ བསྲུངས་ན་དངོས་གྲུབ་རྣམ་གཉིས་ཐོབ༔ མ་བསྲུངས་ཚེ་འདིར་དམྱལ་བར་འགྲོ༔ དམ་སྲུང་རྡོ་རྗེའི་ཆུ་འཐུངས་ཤིག༔ བཛྲ་ས་མ་ཡ་ཨི་དཾ་ན་ར་ཀན། དམ་ཚིག་རྡོ་རྗེའི་མནའ་ཆུ་དེ་ཉིད་སྙིང་གི་དབུས་སུ་ཐིམ་པས་དམ་ཚིག་བསྲུངས་ན་སྐྱོབས་པའི་ལྷ་རྡོ་རྗེ་སེམས་དཔར་འགྱུར་ལ། མ་བསྲུངས་ན་ཡཀྴ་ལྕགས་ཀྱི་སྡིག་པར་འགྱུར་ནས་འདི་ཕྱི་ཀུན་ཏུ་སྲེག་པར་བྱེད་པས། དེང་ཕྱིན་ཆད་དམ་ཚིག་ལ་གནས་པར་གྱིས་ཤིག །ཅེས་བསྒོ། དེ་ནི་དབང་གི་གཞི་འགོད་པ་སློབ་མའི་ལུས་ཡེ་ཤེས་ཀྱི་འཁོར་ལོར་སྦ་ཞིང་བྱིན་གྱིས་བརླབ་པའི་ཕྱིར་མོས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་གུས་འདུད་དྲག་པོ་བྱས་པས། ངེད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། མདུན་བསྐྱེད་ཀྱི་ཐུགས་ཀའི་འོད་ཟེར་ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཕུང་པོ་གདོས་བཅས་དང་བཅས་འོད་དུ་ཞུ་སྟེ་མི་དམིགས་པ་སྟོང་པར་གྱུར་པའི་ངང་ལས་པད་ཉིའི་སྟེང་དུ་སེམས་ཉིད་ཧཱུྃ་ཡིག་དམར་པོ་འོད་ཟེར་འཕྲོ་བ་ཞིག་ཏུ་གྱུར། ཧཱུྃ་དེ་འོད་དུ་ཞུ་བ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་པདྨ་དྲག་པོའི་སྐུ། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་ནག །ཞལ་གདངས་མཆེ་བ་གཙིགས་པ། སྤྱན་གསུམ་ཁྲོས་པའི་སྡང་མིག་གཟིགས་པ། དབུ་སྐྲ་ཕྱེད་བརྫེས་གྱེན་དུ་འཁྱིལ་བ། ཐོད་སྐམ་ལྔ་ཡིས་སྐྲ་མཚམས་བརྒྱན་པ། ཨག་ཚོམ་དམར་སེར་བསྐལ་པའི་མེ་ལྟར་འབར་བ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་ནམ་མཁའ་ལ་འཕྱར་ཏེ་འཛིན་པ་ལས་གནམ་ལྕགས་ཀྱི་སྡིག་པ་འཇིགས་སུ་རུང་བའི་ཚྭ་ཚྭ་འཕྲོ་བ། གཡོན་པས་སྒྲོལ་བྱེད་ལས་ཀྱི་ཕུར་པ་འདྲིལ་བས་བདུད་བགེགས་བར་ཆད་ཐམས་ཅད་ཚར་གཅོད་པ་སྟག་ལྤགས་ཀྱི་ཤམ་ཐབས་མཛད་པ། ཞིང་ལྤགས་ཀྱི་གཡང་གཞི་སྐེད་ལ་བཅིངས་པ། གླང་ཆེན་ཀོ་རློན་གྱི་སྟོད་གཡོགས་མཛད་པ། རིགས་བཞིའི་སྦྲུལ་གྱིས་ཡན་ལག་དཀྲིས་པ། ཐལ་ཆེན་གྱི་ཚོམ་བུ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས། རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཐོད་རློན་ལྔ་བཅུས་དོ་ཤལ་མཛད་པ། བརྗིད་ཅིང་གཏུམ་པ། རྔམ་ཞིང་ཁྲོས་པ། ཁམས་གསུམ་དབང་དུ་སྡུད་པ། སྲིད་གསུམ་ཟིལ་གྱིས་གནོན་པ། ཞབས་གཡས་བསྐུམས་གཡོན་བརྐྱངས་ནས་དྲེགས་པ་ཕོ་མོའི་གདན་ལ་འགྱིང་བ། ཡུམ་དབྱིངས་ཀྱི་དབང་ཕྱུག་མ་མཐིང་སྐྱ་གཅེར་བུ་རུས་རྒྱན་དང་གཟིག་ཤམ་ཅན་རྡོ་རྗེ་དང་དུང་ཁྲག་བསྣམས་པ་དང་སྦྱོར་བ་གཉིས་ཀའང་གར་དགུའི་གཟི་བྱིན་རབ་ཏུ་རྒྱས་པའི་སྤྱི་བོར་བླ་མ་ཞི་བ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་ལ་བརྒྱུད་གསུམ་བླ་མའི་ཚོགས་ཀྱིས་བསྐོར་བ། མགྲིན་པར་ཁྲག་འཐུང་པདྨ་བཛྲ་ཡབ་ཡུམ་ལ་འཇིགས་བྱེད་ལྔ་བཅུ་རྩ་བརྒྱད་ཀྱིས་བསྐོར་བ། ཐུགས་ཀར་ཆེ་མཆོག་ཧེ་རུ་ཀ་དབུ་ཉེར་གཅིག །ཕྱག་བཞི་བཅུ་རྩ་གཉིས་ཀྱིས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བསྣམས་པ། ཡུམ་གནམ་ཞལ་མ་ཕྱག་བཅོ་བརྒྱད་ཀྱིས་དང་པོས་རྡོ་རྗེ་དང་དུང་ཁྲག་བསྣམས་པ་ཡབ་ལ་འཁྱུད་ཅིང༌། ཕྱག་ལྷག་མས་གནས་ཡུལ་གྱི་ཕྲ་མེན་བསྣམས་པ། འཁོར་དུ་བདེ་གཤེགས་སྒྲུབ་སྡེ་བརྒྱད་ཀྱིས་བསྐོར་བ། ལྟེ་བར་དབྱིངས་ཕྱུག་ཌཱ་ཀི་སྡེ་ལྔ་ལ་གནས་ཡུལ་དུར་ཁྲོད་ཀྱི་དཔའ་བོ་ཌཱ་ཀིས་བསྐོར་བ། གསང་བར་ཕྲིན་ལས་ཀྱི་མགོན་པོ་མ་ནིང་ནག་པོ་ལ་རྒྱུད་གསུམ་དྲེགས་པའི་ཚོགས་ཀྱིས་བསྐོར་བ། སྐུའི་བ་སྤུའི་བུ་ག་ལས་ཡེ་ཤེས་ཀྱི་བྱ་ཁྱུང་གི་ཚྭ་ཚྭ་འཕྲོ་བར་སྒོམས་ཤིག །དེའི་དཔྲལ་བར་འཁོར་ལོའི་སྟེང་དུ་ཨོཾ། མགྲིན་པར་པདྨའི་སྟེང་དུ་ཨཱཿ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ། ཧཱུྃ་གི་འོད་ཟེར་གྱིས་ཕྱོགས་བཅུའི་ཞིང་རབ་འབྱམས་ནས་བདེ་གཤེགས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་བླ་མ་དྲག་པོའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པས་ཆར་དྲག་ཏུ་བབ་པ་བཞིན་བྱོན་ནས་གཉིས་སུ་མེད་པར་ཐིམ་པས་རྡོ་རྗེའི་ཡེ་ཤེས་ཀྱི་བྱིན་རླབས་མངོན་སུམ་དུ་ཐོབ་པའི་མོས་པ་མཛོད། ལས་བྱང་གི་སྤྱན་འདྲེན་དང་རྩ་སྔགས་ལ་ཡེ་ཤེས་དབབ་པའི་སྔགས་སྦྱར་བ་དྲག་ཏུ་བཟླ་ཞིང་གདུང་ཤུགས་སྤོས་རོལ་དང་བཅས་པས་ཡེ་ཤེས་པ་དབབ། དེ་ལྟར་བྱིན་དབབ་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་བར་དུ་བརྟན་པར་བྱས་པར་མོས་ཤིག །རྡོ་རྗེ་རྒྱ་གྲམ་མགོར་བཞག་ལ། ཏིཥྛ་བཛྲ། མེ་ཏོག་དཀྱིལ་འཁོར་ལ་དངོས་སུ་འདོར་དུ་གཞུག་པའམ་ཚོམ་བུར་འདུ་བྱས་ལ། འདི་ནི་དབང་དྲག་པདྨའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པའི་ལྷ་ཚོགས་མངོན་སུམ་དུ་གསལ་བར་བཞུགས་པས་ཁྱེད་རང་རྣམས་ཀྱི་ཚེ་རབས་ཀྱི་ཡི་དམ་གྱི་ལྷ་གང་ཡིན་པ་ཞིག་ལ་མེ་ཏོག་གི་ཕྲེང་བ་འདི་འབབ་པར་གྱུར་ཅིག་སྙམ་པ་མཛོད་ལ་རྗེས་ཟློས་དང་བཅས་ཏེ་མེ་ཏོག་འདོར་བར་ཞུ། ཧོཿ རང་སྣང་རྣམ་དག་འོག་མིན་དུ༔ བདེ་ཆེན་རྡོ་རྗེའི་མཎྜ་ལར༔ རིག་པའི་མེ་ཏོག་འདི་དོར་བས༔ ལྷག་པའི་ལྷ་ལ་འབབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་པུཥྤེ་པྲ་ཏཱིཙྪ་ཧོཿ འོ་མེ་ཏོག་འདི་གར་བབ་ཀྱི་ལྷ་དང་དབྱེར་མེད་དུ་སྤྱི་བོར་ཐིམ་པར་སྒོམས་ཤིག །ཁྱོད་ནི་བླ་མེད་བྱང་ཆུབ་ཀྱི༔ ཡེ་ཤེས་དམ་པའི་སྣོད་ཡིན་ཕྱིར༔ རྡོ་རྗེའི་དམ་ཚིག་འདི་ཟུངས་ལ༔ རང་གཞན་དོན་གཉིས་སྒྲུབ་པར་གྱིས༔ པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཞེས་མེ་ཏོག་སྤྱི་བོར་བཞག །ཧཱུྃ་ལས་བྱུང་བའི་མིག་ཐུར་གྱིས་མ་རིག་པའི་མིག་གི་རབ་རིབ་ཐམས་ཅད་བསལ་བའི་མོས་པ་མཛོད་ཅིག ཧོཿ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ འཇིག་རྟེན་རབ་རིབ་བསལ་བ་ལྟར༔ བུ་ཁྱོད་ཀྱི་ནི་མི་ཤེས་པའི༔ རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ༔ ཨོཾ་ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ྄༔ ཅེས་མིག་རས་བསལ། དེ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་དེ་ལ་མཐོང་བ་བསྟན་པར་བྱ་སྟེ། མདུན་གྱི་དཀྱིལ་འཁོར་རང་སྣང་དབྱེར་མེད་བླ་མ་རྡོ་རྗེ་དྲག་པོ་རྩལ་གྱི་དཀྱིལ་འཁོར་དུ་མངོན་སུམ་དུ་གསལ་བར་བཞུགས་པ་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་པ་ཡིན་ཏེ། དེ་ཡང་གཉིས་འཛིན་གྱི་རྟོག་པ་སྲེག་པའི་བརྡར་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་འབར་བ། མི་རྟོག་པའི་ཡེ་ཤེས་ལ་གཞན་གྱིས་མི་ཤིགས་ཤིང་མི་ཚུགས་པའི་བརྡར་དེའི་ནང་དུ་རྡོ་རྗེའི་ར་བ། རྣམ་པར་ཐར་པའི་ཚོགས་བརྒྱད་གནས་སུ་དག་པའི་བརྡར་དུར་ཁྲོད་ཆེན་པོ་བརྒྱད། འཁོར་བར་གནས་ནས་འགྲོ་དོན་མཛད་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨའི་ཕྲེང་བ། རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་བརྡར་འོག་གཞི་སྣ་ཚོགས་རྡོ་རྗེ། ཆེ་བའི་ཡོན་ཏན་རྒྱས་པའི་བརྡར་དྲག་པོའི་གཞལ་ཡས་ཁང་གྲུ་བཞི་པ། སྐུ་གསུམ་ལྷུན་གྲུབ་པའི་བརྡར་མི་མགོ་སྐམ་རློན་རྙིད་པའི་རྩིག་པ། གདུལ་བྱ་གདུག་པ་ཅན་དྲག་པོའི་ཕྲིན་ལས་ཀྱིས་ཚར་གཅོད་པའི་བརྡར་དྲག་པོའི་རྒྱན་ཆའི་བཀོད་པས་འཇིགས་སུ་རུང་བ། ཞི་བའི་ཐབས་ཀྱིས་འགྲོ་ཀུན་རྗེས་སུ་འཛིན་པའི་བརྡར་བྱང་ཆུབ་ཀྱི་ཆོས་སུ་ཅུ་རྩ་བདུན་དང་ཡེ་ཤེས་ལྔ་ལ་སོགས་པའི་རང་བཞིན་གྱི་དཀྱིལ་འཁོར་གྱི་ཆོས་རྣམས་ཀྱིས་མཛེས་པར་སྤྲས་པའི་གཞལ་ཡས་ཁང་གི་དབུས་ཀྱི་ལྟེ་བར། སྡེ་བརྒྱད་པད་ཟླ་ཉི་མ་དྲེགས་པ་བསྣོལ་བའི་གདན་གྱི་སྟེང་དུ་ཐབས་མཆོག་རང་རིག་པའི་ཡེ་ཤེས་བདེ་བ་ཆེན་པོ་མཚོན་པའི་བརྡར། དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་སྤྱི་གཟུགས་ཁྲག་འཐུང་དྲག་པོ། ཤེས་རབ་སྟོང་ཉིད་རང་རྩལ་ཆེ་བའི་ཡོན་ཏན་ཡེ་ཤེས་ལྔ་མ་འགགས་པར་རང་སྣང་པའི་བརྡར་ཡུམ་རྡོ་རྗེ་རྣལ་འབྱོར་མ་དང་གཉིས་མེད་དུ་སྦྱོར་བ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བདག་ཉིད་ཀྱིས་གདུལ་བྱ་རྗེས་སུ་འཛིན་པའི་བརྡར་གནས་ལྔར་ཁྲོ་རྒྱལ་ལྔ། གཞན་ཡང་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་སོགས་སྤྲུལ་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྟེ། དེ་ལྟར་ན་ཁྲག་འཐུང་པདྨ་དྲག་པོའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་ཆོས་ཀྱི་དབྱིངས་མངོན་སུམ་པ་བཞིན་དུ་མཇལ་བར་གྱུར་སྙམ་དུ་དགའ་བ་དང་སྤྲོ་བ་ཡང་དག་པ་བསྐྱེད་མཛོད། ཅེས་བརྡ་སྤྲད། དེ་ལྟར་དཀྱིལ་འཁོར་དུ་འཇུག་པའི་བྱ་བ་འཁོར་དང་བཅས་པ་སོང་ནས། ཞུགས་པ་ལ་མངོན་པར་དབང་བསྐུར་པ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་བརྗོད་ལ་སློབ་མས་མཎྜལ་འབུལ། དབང་གི་དངོས་གཞི་ཞུ་བའི་དོན་དུ་གསོལ་བ་འདེབས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་ཐུགས་རྗེའི་གཏེར༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ པདྨ་དྲག་པོའི་ལྷ་ཚོགས་ཀྱི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། དབང་དངོས་ལ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་གཏད་རྒྱ་དང་བཅས་པ་ལས། དང་པོ་སྐུ་བུམ་པ་ལྷ་ཡི་དབང་ལུས་ལ་བསྐུར་བའི་དོན་དུ། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་ཕྱོགས་དབང་སྟེགས་ཀྱི་དཀྱིལ་འཁོར་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྡེ་བརྒྱད་པད་ཟླ་ཉི་མ་དྲེགས་པ་བསྣོལ་བའི་གདན་ལ་བླ་མ་དྲག་པོའི་རྣམ་པས་འཁོད་པ་ལ། བླ་མ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་གཙོ་བོས་ཐུགས་ལས་སྤྲུལ་པའི་རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོ་མཆོད་པའི་ལྷ་མོ་དང་བཅས་པས་བུམ་པ་སྤྱི་བོར་བཞག་སྟེ། དབང་བསྐུར་ཞིང་ཤིས་པ་བརྗོད་པས་ལས་དང་བག་ཆགས་ཀྱི་དྲི་མ་སྦྱངས་ནས་སྐུ་ལྔ་ཡེ་ཤེས་ལྔ་ཐོབ་རུང་དུ་བྱིན་གྱིས་བརླབ་པར་སྒོམས་ཤིག །རྣམ་བུམ་གྱིས་དབང་བསྐུར་ལ། ཧཱུྃ་ཧྲཱིཿ སྣང་སྟོང་བུམ་པའི་དཀྱིལ་འཁོར་དུ༔ པདྨ་དྲག་པོའི་ལྷ་ཚོགས་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕུང་ཁམས་ལྷ་སྐུར་སྨིན་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་ཀྲོ་དྷ་ཨརྩིག་ནིརྩིཀ་སརྦ་སིདྡྷི་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན། ཐ་མལ་གྱི་སྣང་ཞེན་སྦྱང་ཕྱིར་སྐུའི་དབང་སྦྱིན་པ་ནི། དཀྱིལ་འཁོར་གྱི་ལྷ་གཙོ་འཁོར་རྣམས་ལས་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་ལ་ཐིམ་པས་པདྨ་དྲག་པོ་དངོས་སུ་གྱུར་པར་མོས་ཤིག ཧཱུྃ། དབྱིངས་ལས་འབར་བའི་ཡེ་ཤེས་སྐུ། །སྣང་སྲིད་ཟིལ་གནོན་ཧེ་རུ་ཀ །པདྨ་དྲག་པོས་དབང་བསྐུར་བས། །དུག་གསུམ་དབྱིངས་སུ་སྒྲོལ་ནུས་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་ཀྲོ་དྷ་ཨརྩིག་ནིརྩིཀ་སརྦ་སིདྡྷི་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རང་བྱུང་ལྷུན་གྲུབ་ཁྲོ་བོའི་རྒྱལ། །ཆོས་ཉིད་ཞི་ལས་མ་གཡོས་པའི། །ཐོད་ཕྲེང་རྩལ་གྱིས་དབང་བསྐུར་བས། །བྱིན་རླབས་ནུས་མཐུ་ཡོངས་རྫོགས་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། བདེ་ཆེན་ཁ་སྦྱོར་བདུན་རྫོགས་ནས། །ཕྱོགས་དུས་རྒྱལ་བའི་སྤྱི་གཟུགས་ཆེ། །པདྨ་བཛྲས་དབང་བསྐུར་བས། །བདེ་སྟོང་ཡེ་ཤེས་མངོན་གྱུར་ཤོག །ཨོཾ་ཨཱཿཧཱུྃ་པདྨ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཐུགས་མཆོག་ཡེ་ཤེས་འབར་བའི་སྲོག །ཁྲོ་རྒྱལ་ཡོངས་ཀྱི་འཁོར་ལོས་བསྒྱུར། །ཆེ་མཆོག་དཔལ་གྱིས་དབང་བསྐུར་བས། །རིགས་ཀུན་བདག་པོའི་ས་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་ཤཱིཾནྟ་བཛྲ་དྷཱ་ཏུ་ཛྭ་ལ་ཀྲོ་དྷ་མཎྜ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ལས་དང་ཡེ་ཤེས་གཉེར་འཛིན་པ། །བདེ་སྟོང་ཐིག་ལེ་ཆེན་པོའི་གཟུགས། །གནས་ཡུལ་ཌཱ་ཀིས་དབང་བསྐུར་བས། །ལྷན་སྐྱེས་ཡེ་ཤེས་མངོན་གྱུར་ཤོག །ཨོཾ་ཨཱཿཧཱུྃ་དྷཱ་ཀ་དྷཱ་ཀི་ནི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། དབྱིངས་ལས་རང་བྱུང་ཐུགས་རྗེའི་གཟུགས། །རྒྱུད་གསུམ་དྲེགས་པའི་གཙོ་བོ་ཆེ། །མ་ནིང་ལྕམ་དྲལ་དབང་བསྐུར་བས། །ལས་ཀུན་ཐོགས་མེད་སྒྲུབ་ནུས་ཤོག །ཨོཾ་བྷཱ་ཀཱ་ཤ་ས་ན་དྷཱ་ར་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཚར་གཅོད་རྗེས་འཛིན་ལས་ཀུན་བྱེད། །དཔལ་གྱི་ཕོ་ཉ་དྲེགས་པ་འདུལ། །ཟ་བྱེད་ཁྱུང་གིས་དབང་བསྐུར་བས། །སྟེང་འོག་བར་གྱི་གདོན་འདུལ་ཤོག །ཨོཾ་མ་ཧཱ་ག་རུ་ཌ་ཨ་བྷི་ཥིཉྩ་ཧཱུྃ། ངག་གི་ཞེན་པ་སྦྱང་ཕྱིར་བཟླས་པའི་ལུང་སྦྱིན་པ་ལ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་འོད་ཟེར་དང་བཅས་པ་བྱུང༌། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཧཱུྃ་གི་མཐར་འཁོད་པ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ་པར་མོས་ལ་བསྙེན་པའི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛད་པར་ཞུ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་ཀྲོ་དྷ་ཨརྩིག་ནིརྩིག་སརྦ་སིདྡྷི་ཧཱུྃ་ཕཊ྄༔ ལན་གསུམ། སླར་ཡང་ཐུགས་ཀའི་ཧྲཱིཿལས་བྱུང་བའི་སྔགས་ཕྲེང་གནས་ལྔའི་ལྷ་ཚོགས་རྣམས་ཀྱི་ཞལ་དང་མཁའ་གསང་ནས་བརྒྱུད་དེ་འཁོར་བའི་འོད་ཟེར་གྱིས་རྩ་བ་གསུམ་གྱི་ལྷ་ཚོགས་མཆོད་ཅིང་ཐུགས་དམ་བསྐུལ། བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་ཐིམ། སྣོད་བཅུད་ཀྱི་དངོས་འཛིན་བག་ཆགས་དང་བཅས་པ་སྦྱངས་ནས་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་གྱུར་པར་མོས་ལ་དྲག་སྔགས་མེའི་སྤུ་གྲི་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རྃ་རྃ་ཛྭ་ལ་རྃ་སརྦ་ཌཱ་ཀི་ནི་ཧཱུྃ་བྷྱོ་ཧཱུྃ་ཕཊ྄༔ ལན་གསུམ། ཐུགས་རང་བྱུང་གི་དགོངས་པ་ངོ་སྤྲད་པའི་སླད་དུ། མེ་ལོང་དྭངས་པའི་ངོས་སུ་གཟུགས་བརྙན་སྣ་ཚོགས་སུ་སྣང་ཡང་རང་བཞིན་མ་གྲུབ་པའི་དཔེས་མཚོན་ནས། རང་སེམས་སྟོང་པའི་རང་རྩལ་ལས་གཟུང་འཛིན་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་ཤར་ཡང་གདོད་མ་ནས་སྐྱེ་འགག་གནས་གསུམ་བྲལ་བའི་དོན་རང་རིག་སྐད་ཅིག་མའི་རང་རྩལ་དུ་ངོ་ཤེས་པར་གྱིས་ལ་སྣང་རིག་ཟུང་འཇུག་འོད་གསལ་ཆེན་པོའི་ངང་དུ་མཉམ་པར་ཞོགས་ཤིག །མེ་ལོང་བསྟན་ལ། ཧཱུྃ༔ གཟུང་དང་འཛིན་པའི་རྟོག་པ་ཀུན༔ གདོད་ནས་རང་བཞིན་འོད་གསལ་ངང༔ ཡེ་ཤེས་རྟོགས་པའི་དབང་བསྐུར་བས༔ ཟུང་འཇུག་གནས་ལུགས་མངོན་གྱུར་ཤོག༔ ཨོཾ་སརྦ་མཎྜ་ལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་དག་གིས་དབང་དྲག་པདྨ་དྲག་པོའི་དཀྱིལ་འཁོར་གྱི་སྐུ་གསུང་ཐུགས་ཡེ་ཤེས་ཀྱིས་སྒོ་གསུམ་བྱིན་གྱིས་བརླབས་པས་ཁམས་གསུམ་སྣོད་བཅུད་ཀྱི་སྣང་གྲགས་རིག་པ་གདོད་ནས་རྡོ་རྗེ་གསུམ་གྱི་འཁོར་ལོར་ཤེས་པའི་དག་སྣང་དང་མ་བྲལ་བས་ལྷ་སྔགས་ཆོས་སྐུ་ལམ་ཁྱེར་རྒྱུན་མི་ཆད་པར་མཛོད་ཅིག །དེ་ལྟར་རིགས་ཀྱི་བུ་ཁྱེད་རྣམས་ལ་དབང་དྲག་པདྨའི་སྐུའི་ལྷ་དབང་ལུས་ལ་བསྐུར་བས་ལུས་ཀྱི་སྒྲིབ་པ་དག་ནས། ཉོན་མོངས་དང་ཕུང་པོ་ལྔ་གནས་གྱུར་ཏེ། གུ་རུ་དྲག་པོ་སྐུ་ལྔའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་ཡིན་པས་ལུས་ལྷ་དང་མ་བྲལ་བར་གྱིས་ཤིག །མཐར་ཐུག་གི་འབྲས་བུ་སྤྲུལ་སྐུ་ཐོབ་པར་འགྱུར་རོ། །གཉིས་པ་གསུང་གི་སྔགས་དབང་ངག་ལ་བསྐུར་བའི་ཕྱིར། བླ་མ་རྡོ་རྗེ་དྲག་པོ་རྩལ་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་དྷཱུ་ཏི་ནས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་འཁྱིལ་བ་དེ་ཉིད་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ཁྱེད་རང་གི་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཧཱུྃ་ཧྲཱིཿ ཨེ་ཝཾ་ཟུང་འཇུག་དཀྱིལ་འཁོར་ནས༔ ཞུ་བདེས་དྲངས་པའི་ཀུནྡ་ལི༔ སྐལ་ལྡན་ཁྱོད་ལ་བྱིན་པ་ཡིས༔ རླུང་སྔགས་དབུ་མར་ཐིམ་པར་ཤོག༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་པས་བདུད་རྩི་མྱང༌། སློབ་མས་ཨ་ཧོ་མ་ཧཱ་སུ་ཁ་ཞེས་མྱང་ཞིང༌། བདུད་རྩི་དེ་ཉིད་མགྲིན་པ་ནས་ཇེ་ཆེར་འཕེལ་བས་རྩ་ཁམས་ཐམས་ཅད་གང༌། དུས་གསུམ་གྱི་རྟོག་པ་འགགས། ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་བ་ནི་གསང་དབང་གི་ཡེ་ཤེས་སོ། །རིགས་ཀྱི་བུ་ཁྱེད་རྣམས་ལ་དབང་དྲག་པདྨའི་གསུང་གི་སྔགས་དབང་ངག་ལ་བསྐུར་བས། ངག་གི་སྒྲིབ་པ་དག །ཉོན་མོངས་པའི་འཁྲུལ་པའི་ངག་འདི་ཡི་དམ་ལྷའི་གསུང་ཡན་ལག་དྲུག་ཅུར་གྱུར་ཏེ། གུ་རུ་པདྨ་དྲག་པོའི་གསུང་དུ་བྱིན་གྱིས་བརླབས་པ་ཡིན་པས། ངག་སྔགས་དང་མ་བྲལ་བར་གྱིས་ཤིག །མཐར་ཐུག་གི་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་འགྱུར་རོ། །གསུམ་པ་ཆོས་དབང་སེམས་ལ་བསྐུར་བའི་ཕྱིར། །བླ་མས་པདྨ་ཅན་གྱི་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་མ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་ཡིད་དུ་འོང་བ་ཞིག་སྤྲུལ་ཏེ་ཁྱེད་རང་ལ་གཏད་པའི་མོས་པ་མཛོད། ཧྲཱིཿ ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ༔ བདེ་སྟོང་ཡེ་ཤེས་ཉམས་མྱོང་ཕྱིར༔ སྣ་ཚོགས་གཟུགས་ཅན་འདི་གཏད་པས༔ ཐིག་ལེ་ཆོས་སྐུར་གྲོལ་བར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རིག་ཙཀ་གཏད། དེ་ལྟར་གཏད་པའི་རིག་མ་དབྱིངས་ཕྱུག་མ་དང་ཁྱེད་རང་ཡབ་པདྨ་དྲག་པོར་གསལ་བ་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པས་དགའ་བཞིའི་མཐར་ཐུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་བརྟན་པར་མོས་ཤིག །རིགས་ཀྱི་བུ་ཁྱོད་ལ་དབང་དྲག་པདྨའི་ཆོས་དབང་སེམས་ལ་བསྐུར་བས་ཡིད་ཀྱི་སྒྲིབ་པ་དག་ནས་ཉོན་མོངས་པ་དུག་ལྔ་གནས་གྱུར་ཏེ། གུ་རུ་པདྨ་དྲག་པོའི་ཐུགས་ཡེ་ཤེས་ལྔ་དང་ལྡན་པར་བྱིན་གྱིས་བརླབས་པ་ཡིན་པས་སེམས་ཆོས་ཉིད་དང་མ་བྲལ་བར་གྱིས་ཤིག །མཐར་ཐུག་གི་འབྲས་བུ་ཆོས་སྐུ་ཐོབ་པར་འགྱུར་རོ། །བཞི་པ་རྒྱལ་ཐབས་སྤྱི་བླུགས་ལྟ་བ་སྤྱི་འབྱམས་ཀྱི་དབང་བསྐུར་བ་ལ། ཁྱེད་རང་རྣམས་ལུས་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དྲང་པོར་བསྲང༌། ངག་གནད་རླུང་རྩོལ་མེད་རང་བབས་སུ་བཞག །ཡིད་ཀྱི་གནད་དུས་གསུམ་རྟོག་པས་མ་བསླད་པའི་རང་རིག་སྐད་ཅིག་མའི་གནས་ལུགས་ཀྱི་སྟེང་དུ་ཡུལ་དྲུག་འཛིན་པས་མ་བསླད་པར་རང་སར་ཆམ་མེར་ཞོག་ཅིག །ཤེལ་རྡོ་བསྟན་ལ། ཨཱཿ ཀ་དག་གཞི་ཡི་དཀྱིལ་འཁོར་དུ༔ ལྷུན་གྲུབ་ལམ་གྱི་སྣང་བ་གསལ༔ གཉིས་སུ་མེད་པར་དབང་བསྐུར་བས༔ ཆོས་ཟད་འབྲས་བུ་མངོན་གྱུར་ཤོག༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་དབྱིངས་རིག་ཟུང་འཇུག་གི་བརྡ་དྭངས་ཤེལ་དྲི་མེད་ཀྱི་མཚོན་ཏེ། དོན་མོས་གུས་གཅིག་ཆར་བའི་ལམ་ལ་བརྟེན་ནས་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ཡེ་ཤེས་ངོ་སྤྲད་པ་དེས་དབང་གསུམ་པའི་སྐབས་ཉམས་སུ་མྱོང་བའི་བདེ་བའི་ཡེ་ཤེས་ཀྱིས་མཚོན་བྱེད་བྱས་པས། སེམས་ཉིད་གདོད་མའི་གནས་ལུགས་ཀུན་ཁྱབ་མཚན་མ་དང་བྲལ་བའི་ཆོས་སྐུ་ཉིད། རྟོགས་མ་རྟོགས་ཀྱི་དབྱེ་བ་དང་འཁོར་འདས་གང་དུའང་མ་འགགས་པར་འཆར་རུང་ངོ་བོ་ཉིད་སྐུར་ལྷུན་གྱིས་གྲུབ་པའི་ཆ་ནས་ལོངས་སྐུ། གནས་ལུགས་དེའི་དོན་ལ་གོམས་པས་འཁོར་བ་མ་སྤངས་རང་གྲོལ་དུ་དག་སྟེ་སྐུ་དང་ཡེ་ཤེས་ཀྱི་རོལ་རྩལ་རྫོགས་པ་སྤྲུལ་སྐུ། དེ་གསུམ་དབྱེར་མེད་ཟུང་འཇུག་བདེ་བ་ཆེན་པོ་ངོ་བོ་ཉིད་སྐུ་རང་རིག་བླ་མ་ཡེ་ཤེས་ཀྱི་འཁོར་ལོར་མངོན་སུམ་དུ་མཐོང་བར་མོས་ལ་ཅུང་ཟད་ཅིག་མཉམ་པར་འཇོག་པར་ཞུ། དེ་ལྟར་བཞི་པ་ལྟ་བ་སྤྱི་འབྱམས་ཀྱི་དབང་བསྐུར་བ་ལ་བརྟེན་ནས། དྲི་མ་བག་ཆགས་དང་བཅས་པ་དག །ལམ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྒོམ་པ་ལ་དབང༌། མཐར་ཐུག་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །ལྔ་པ་སྨིན་གྲོལ་བྱིན་རླབས་ཀྱི་རྒྱུན་གཅིག་ཆར་དུ་རྫོགས་ཕྱིར་མཐའ་རྟེན་གཏད་རྒྱའི་དབང་ནི། སྒྲུབ་པོད་སློབ་མའི་སྤྱི་བོར་བཀོད་དེ། མདུན་གྱི་ནམ་མཁར་ཕྱོགས་དུས་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་རྒྱལ་བ་ཞི་ཁྲོ། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོ་རྣམས་མངོན་སུམ་བཞིན་དུ་བཞུགས་པའི་གནས་གསུམ་ནས་སྐུ་དང་སྔགས་ཕྲེང་ཕྱག་མཚན་འོད་ཟེར་ཐིག་ལེ་དཀར་དམར་མཐིང་གསུམ་ཆར་བབ་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་དགོངས་བརྡ་སྙན་ཁུང་མཁའ་འགྲོ་གཏད་རྒྱ་སོགས་བརྒྱུད་པ་དྲུག་ལྡན་དགོངས་བརྒྱུད་བྱིན་རླབས་རྡོ་རྗེའི་ཡེ་ཤེས་ཁྱེད་རང་གི་རྒྱུད་ལ་འཕོས་པར་མོས་ཤིག །ཨོཾ་ཨཱཿཧཱུྃ༔ ཀུན་བཟང་རྡོ་རྗེ་སེམས་དཔའ་དགའ་རབ་རྗེ༔ དགོངས་པ་རོ་གཅིག་སྐུ་གསུམ་རྣམ་དབྱེར་མེད༔ ཤྲཱི་སིང་ཧ་རིག་རྩལ་རང་དབང་ཐོབ༔ བི་མ་མི་ཏྲ་འཕོ་ཆེན་ཡེ་ཤེས་སྐུ༔ པདྨ་འབྱུང་གནས་རྩ་གསུམ་རྒྱ་མཚོའི་དངོས༔ བརྡ་བརྒྱུད་བླ་མ་འཆི་མེད་རིག་འཛིན་རྗེ༔ ཚིག་དོན་བྱིན་རླབས་ཆུ་རྒྱུན་མ་ཆད་པའི༔ བཀའ་དྲིན་ཅན་གྱི་སྙན་བརྒྱུད་བླ་མ་སོགས༔ ཕྱོགས་བཅུ་དུས་བཞིའི་རྩ་བརྒྱུད་བླ་མ་དང༔ ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་མ༔ དབྱིངས་དང་ཡེ་ཤེས་ཆོས་སྲུང་རྒྱ་མཚོའི་ཚོགས༔ སྐལ་ལྡན་སློབ་མ་རིགས་ཀྱི་བུ་རྣམས་ལ༔ ཐུགས་རྗེས་བརྩེར་དགོངས་ཡེ་ཤེས་བྱིན་ཆེན་ཕོབ༔ ཕྱི་ནང་གསང་བའི་ལམ་གྱི་བར་ཆད་སོལ༔ ཐུགས་རྒྱུད་དགོངས་པའི་བྱིན་རླབས་དབང་མཆོག་སྐུར༔ རྩ་རླུང་ཐིག་ལེ་སེམས་ཀྱི་སྒྲིབ་པ་སྦྱོངས༔ ཕུང་པོ་རྩ་ཁམས་སྣང་སྟོང་ལྷ་སྐུར་དག༔ ངག་རླུང་མི་ཤིགས་བདེ་ཆེན་ལོངས་སྤྱོད་རྫོགས༔ ཡིད་དང་ཐིག་ལེ་འོད་གསལ་ཆོས་སྐུར་སྨིན༔ དབྱེར་མེད་ཡེ་ཤེས་བླ་མའི་ས་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཀཱ་ཡ་ཀ་ལ་ཤ་ཝཱཀ་གུ་ཧྱ་ཙིཏྟ་པྲཛྙཱ་ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧོཿ དབྱངས་གསལ་དང་རྟེན་སྙིང་བརྗོད། དཔོན་སློབ་གཉིས་ཀས་དགོངས་པའི་རྩལ་བསྐྱེད། ཐུགས་ཡིད་བསྲེས་ལ་མཉམ་པར་བཞག་གོ །དེ་དག་གིས་དབང་དང་བྱིན་རླབས་ཀྱི་བརྒྱུད་པ་ཡོངས་སུ་རྫོགས་ཤིང་གཏད་པ་ཡིན་པས་བསྐྱེད་རྫོགས་མན་ངག་གི་དོན་ལ་འཆད་ཉན་སྒོམ་པས་གཏན་ལ་དབབ་ཅིང་རང་གཞན་གྱི་དོན་གཉིས་སྒྲུབ་པ་ལ་འབད་པ་དང༌། དབང་གི་ཡེ་ཤེས་སྐྱེས་བརྟན་གོང་འཕེལ་གྱི་ཕྱིར་ཤིས་པ་བརྗོད་པས་ཀྱང་མངའ་གསོལ་བར་མོས་ཤིག །བཀྲ་ཤིས་གང་འོས་བརྗོད། དེ་ལྟར་བླ་མ་པདྨ་དྲག་པོའི་དབང་བསྐུར་ལེགས་པར་སོང་གྲུབ་པས་དེ་དག་གི་དུས་སུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་སྲོག་གི་ཕྱིར་ཡང་མི་གཏང་བར་ནན་ཏན་དུ་སྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། ལན་གསུམ། དེ་ལྟར་ལེགས་པར་ཐོབ་པའི་གཏང་རག་གི་དོན་དུ་མཎྜལ་ཕུལ་མཛོད། སློབ་མས་ཀྱང་མཎྜལ་ཕུལ། དེ་ལྟར་ཐོབ་པའི་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས། སླར་ཡང་མཆོད་པ་ཁ་གསོ་གཏང་རག་གི་མཆོད་བསྟོད་སོགས་རྗེས་ཀྱི་ཆོ་ག་རྣམས་གཞུང་ལྟར་བྱའོ། །བདུད་བཞིས་འཇིྃགས་བྲྃལ་ཧེ་རུ་ཀ །མཁྱེནྃ་བརྩེྃའི་ཡེ་ཤེས་འོདྃ་ཕྲེང་ཟེརྃ། །དབང་དྲག་ནུས་མཐུའི་བཀྲྃ་ཤིསྃ་དཔྃལ། །པདྨའི་དགའ་ཚལ་ལྟར་འབྱོྃར་གྱུར། །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཡང་གསང་བླ་མ་དྲག་པོ་ཡི་དམ་དགོངས་འདུས་ཀྱི་དབང་བསྐུར་བདེ་ཆེན་དབང་དྲག་ནུས་པའི་སྟོབས་སྦྱིན་ལེ་ཚན་བཅུ་གཉིས་པ་པདྨ་གར་དབང་མདོ་སྔགས་གླིང་པས་སྦྱར་བ་སྟེ་བྱིན་རླབས་ཀྱི་རྩ་བ་བླ་མ་སྐུ་གསུམ་དྲག་པོ་དང་བཅས་པའི་སྐོར་དང་པོའོ། ༈ ཤྲཱི་བི་ཛ་ཡནྟུ། རྒྱལ་ཀུན་ཡེ་ཤེས་སྐུ་མཆོག་འཇྃམ་དཔལ་དབྱངྃས། །མཁྱེནྃ་བརྩེྃ་ནུས་པའི་ཡེ་ཤེས་རྨད་བྱུང་བས། །གངས་ཅན་མཁས་དང་གྲུབ་པའི་དབྃང་པོྃ་རུ། །ལེགས་ཤར་འཁོར་ལོའི་མགོན་པོ་བླ་མས་སྐྱོངས། །དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྡེའི་རྩ་གསུམ་བྱེ་བྲག་གི་སྒྲུབ་སྐོར་ལ་གསུམ་ལས། དང་པོ་དངོས་གྲུབ་ཀྱི་རྩ་བ་ཡི་དམ་གྱི་སྐོར་ལ་ཐོག་མར་ཟབ་གཉན་བྱིན་རླབས་ཀྱི་གཟི་བྱིན་མ་ཉམས་པའི་སྐུ་འཇམ་དཔལ་དྲག་པོ་གཤིན་རྗེ་གཤེད་དམར་པོ་འཆི་བདག་ཟིལ་གནོན་གྱི་རིམ་པ་དབང་གི་ཆོ་གས་སློབ་མ་རྗེས་སུ་འཛིན་པ་ལ། སྟེགས་བུར་མཎྜལ་མེ་ཏོག་གི་ཚོམ་བུ་གཅིག་བཀོད་པའི་སྟེང་བུམ་པ་བཅུད་ལྡན། དུར་ཁྲོད་དཔལ་ཆས་ཀྱི་ཙཀླི། སྔགས་བྱང༌། ཐོད་དབྱུག་དང་དུང་ཁྲག་ཕུར་པ་རྣམས་དངོས་སམ་ཙཀླི་གང་འབྱོར། སྨན་རཀ་གཏོར་གསུམ། ཉེར་སྤྱོད་མཆོད་པ་བཅས་བཤམས། སློབ་དཔོན་གྱི་མདུན་དུ་ལས་བུམ་སོགས་ཀྱང་འདུ་བྱ། ཕྲིན་ལས་བསྐྱེད་བཟླས་ཀྱི་རིམ་པ་ལ། བརྒྱུད་འདེབས་སྔོན་དུ་འགྲོ་བས། ཧཱུྃ༔ འཇམ་དཔལ་ཁྲག་འཐུང་དཀྱིལ་འཁོར་ལྷ་ཚོགས་ལ༔ བདག་སོགས་བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ འགྲོ་ཀུན་ཕན་བདེའི་གོ་འཕང་ལ་འགོད་ཕྱིར༔ སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེད་པར་བགྱི༔ ལན་གསུམ། ཧོཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་ཡན་ལག་བརྒྱད་པས་རྒྱུད་སྦྱོངས། བགེགས་བསྐྲད་པ་ནི། གཏོར་མ་དངོས་སུ་བཤམས་པ་ཡོད་ན་བྱིན་རླབས་བསྔོ་བ་སྤྱི་ལྟར་བྱ། བཀའ་བསྒོ་བ་ནི། ཧཱུྃ༔ གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ གཉིས་འཛིན་འཁྲུལ་པའི་བགེགས་ཚོགས་ཀུན༔ རང་བཞིན་མེད་པའི་དབྱིངས་སུ་དེངས༔ འོད་གསལ་ཆོས་སྐུར་མཚམས་བཅད་དོ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཛྙཱ་ན་རཀྵ་བྷྲཱུྃ༔ བྱིན་འབེབས་ནི། ཧཱུྃ༔ ཁྱབ་བརྡལ་འོད་གསལ་ཆེན་པོའི་དབྱིངས༔ ཡེ་ཤེས་སྒྱུ་མའི་སྐུར་བཞེངས་པ༔ ཁྲག་འཐུང་དཀྱིལ་འཁོར་རབ་འབྱམས་ཀྱིས༔ དབང་བསྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཛྲ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་དུར་ཁྲོད་རོལ་པའི་ཞིང༔ སྣང་སྲིད་དཔལ་གྱི་དམ་ཚིག་རྫས༔ ཕྱི་ནང་གསང་བ་རྨད་བྱུང་བའི༔ མཆོད་པའི་ཕྱག་རྒྱ་ཆེན་པོར་གྱུར༔ ཨོཾ་སརྦ་པཱུ་ཛ་མ་ཧཱ་མུ་དྲ་ས་མ་ཡེ་ཨཱཿཧཱུྃ༔ དངོས་གཞི་ལྷ་བསྐྱེད་ནས་བཟླས་པའི་བར་གཞུང་ལྟར་བྱ། རྟོགས་གོམས་དམན་ན་ཛཔ྄་ཁང་དབྱེ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་དམར་གསལ་ཐོད་དབྱུག་དང་དུང་ཁྲག་འཛིན་པ་ཡུམ་བཻ་ཏ་ལི་དང་གཉིས་མེད་དུ་སྦྱོར་བར་གསལ་བའི་སྐུ་ལས་བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩི་བབས་པ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ཨོཾ་ཧྲཱིཿཥྚི་ཝིཥྚི་ཏ་ན་ན་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ༔ ཅི་ནུས་བཟླས་ལ་འོད་ཞུ་བྱ། ལས་ཀྱི་བུམ་པ་ཁྲོ་བོ་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་ནུས་ལྡན་དུ་བྱིན་གྱིས་བརླབས། རིག་པའི་མེ་ཏོག་དོར་བ་སྔོན་དུ་འགྲོ་བས། དངོས་གཞིའི་དབང་བསྐུར་བ་ནི། སློབ་མར་ཁྲུས་བྱས། བགེགས་བསལ། མཚམས་བཅད། སེམས་བསྐྱེད་གསལ་འདེབས་བྱས་ལ། དེ་ཡང་རྒྱལ་བ་སྲས་དང་བཅས་པའི་སྒྲིབ་བྲལ་ཡེ་ཤེས་རྡོ་རྗེའི་སྐུ་ཡི་ཁྱབ་བདག་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཞི་བ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་སྟོང་དང༌། དྲག་པོ་གཤིན་རྗེ་གཤེད་ལ་རྩ་བཤད་མན་ངག་གི་རྒྱུད་དང་བཀའ་བབ་གྲུབ་བརྙེས་ཀྱི་སློབ་དཔོན་སོ་སོས་ཇི་ལྟར་བཀྲལ་བའི་མན་ངག་བཀའ་སྲོལ་མཐའ་ཡས་པ་བཞུགས་ཤིང༌། གངས་ཅན་འདིར་ཡང་སྔ་འགྱུར་རྙིང་མའི་ཕྱོགས་ལ་ངོ་བོའི་དབྱེ་བས་གཤེད་སྐོར་རིགས་ལྔ་དང༌། རྣམ་པའི་ཚུལ་ལས་ཡེ་ཤེས་ལས་དང་འཇིག་རྟེན་པའི་ཚུལ་གསུམ། ཕྲིན་ལས་ཀྱི་བྱེ་བྲག་རྣ་ཆ་བརྒྱད་ཡོངས་སུ་གྲགས་པ་དང༌། ཕྱི་འགྱུར་གསར་མའི་ཕྱོགས་ལ་དམར་ནག་འཇིགས་གསུམ་ནང་གསེས་དང་བཅས་པ་བྱོན་པ་ལས། འདིར་ཡེ་ཤེས་ཀྱི་གཤིན་རྗེ་གཤེད་པོ་དམར་པོ་གསུང་པདྨའི་རིགས་ཏེ་འདི་ལའང་བླ་མ་གནུབས་ཆེན་པོ་ནས་བརྒྱུད་པའི་གཤིན་རྗེ་གཤེད་རུ་མཚོན་དམར་པོ་སོགས་བཀའ་མ་དང༌། གཏེར་ཁ་སྔ་ཕྱི་མང་དུ་བཞུགས་པ་ལས། སྐབས་སུ་བབ་པ་འདི་ནི། མཚན་དཔེའི་མེ་ཏོག་ཁ་བྱེ་མ་ཐག་པ་ནས་གཟུངས་སྤོབས་པ། སོ་སོ་ཡང་དག་པའི་བློ་གྲོས་ཀྱི་གཏེར་མཛོད་གྲོལ་བ། ཤེས་བྱ་ཐམས་ཅད་ལ་གསན་བསམ་སྒོམ་པའི་ཡོན་ཏན་གྱི་ཕ་མཐར་སོན་པ། རྗེ་བཙུན་འཇམ་དཔལ་དབྱངས་ཞི་བ་དང་ཁྲོ་བོའི་རྗེས་སུ་བཟུང་བའི་དངོས་གྲུབ་ཀྱི་མཚན་མ་བརྙེས་པ་རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་རྗེས་སུ་སྐྱོང་ཞིང་དམ་པའི་ཆོས་ཀྱི་མཛོད་སྲུང་བ་སོགས་རྒྱུ་མཚན་དང་དགོས་པ་དུ་མས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང༌། བི་མ་ལ། ཡབ་གཅིག་ཁྲི་སྲོང་གི་རྣམ་འཕྲུལ་ཚད་མ་གསུམ་གྱིས་གྲུབ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་བཀའ་བབ་ཆེན་པོ་བདུན་བཞུགས་པའི་བཞི་པ། ཟབ་མོ་དགོངས་པའི་གཏེར་གྱི་བྱེ་བྲག །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྡེ་ལས་དངོས་གྲུབ་ཀྱི་རྩ་བ་ཡི་དམ་གྱི་སྒྲུབ་སྐོར། སྐུ་འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་འཆི་བདག་ཟིལ་གནོན་ལ་བརྟེན་པའི་སློབ་མ་རྗེས་འཛིན་དབང་བསྐུར་གྱི་བྱ་བ་སྐབས་སུ་བབ་པས་དེ་ཉིད་གསན་པའི་ཡོན་དུ་མཎྜལ་ཕུལ། སློབ་དཔོན་འཇམ་དཔལ་གཤིན་རྗེ་གཤེད་དངོས་སུ་གསལ་བ་ལ་མོས་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཆོས་དབྱིངས་བདེ་བས་དགྱེས་རོལ་བའི༔ འཇམ་དཔལ་ཁྲག་འཐུང་དགོངས་སུ་གསོལ༔ ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ༔ བདག་ཅག་སྨིན་ཅིང་འཇུག་པར་འཚལ༔ ལན་གསུམ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་རྩ་གསུམ་རྒྱལ་བ་ཆོས་སྲུང་དང་བཅས་པ་མཁའ་ཁྱབ་ཏུ་གསལ་བ་ལ། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བཟུང་སྟེ་བྱང་ཆུབ་བར་དུ་རྩེ་གཅིག་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། ན་མོ༔ བདག་སོགས་མཁའ་མཉམ་འགྲོ་བ་ཀུན༔ སོགས་ལས་བྱང་ལྟར་ལན་གསུམ། ཕ་མར་གྱུར་པའི་མཁའ་མཉམ་གྱི་འགྲོ་བ་མཐའ་དག་དཔལ་ཧེ་རུ་ཀའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གསང་བའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཟབ་མོའི་སྒོར་ཞུགས་ཤིང་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། མ་གྱུར་རིགས་དྲུག་སེམས་ཅན་སོགས་གསུམ། རྒྱུད་རྣམ་པར་དག་པའི་ཆེད་དུ་ཞིང་མཆོག་དམ་པ་དེ་དག་གི་སྤྱན་སྔར་ཚོགས་གཉིས་བསགས་ཤིང་སྡིག་སྒྲིབ་སྦྱང་བ་དང་དགེ་རྩ་ཡོངས་སུ་སྤེལ་བར་བྱེད་པའི་དོན་དང་ཏིང་ངེ་འཛིན་རྗེས་སུ་དྲན་པས་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་ལན་གསུམ། དབང་གི་གཞི་འགོད་ཅིང་ཡེ་ཤེས་དབབ་པའི་སླད་དུ། ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཉི་མ་དྲེགས་པ་ཆུ་གླང་བསྣོལ་བའི་སྟེང་དུ་ཡཿཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་ཁྱེད་རང་རྣམས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ཞལ་གཅིག་ཤིན་ཏུ་ཁྲོས་པའི་ཉམས་ཅན། དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་བརྒྱན་པ་ཕྱག་གཡས་ཐོད་དབྱུག་ནམ་མཁར་འཕྱར་ཞིང་གཡོན་པས་བྷནྡྷ་དམར་གྱི་གང་བ་ཐུགས་ཀར་འཛིན་པ། ཡུམ་རྡོ་རྗེ་བཻ་ཏ་ལི་དམར་ནག་འབར་ཞིང་ཆགས་པའི་ཉམས་ཅན་ཕྱག་གཉིས་རིན་པོ་ཆེ་དང་དུང་ཁྲག་བསྣམས་པས་ཡབ་ལ་འཁྱུད་པ། ཞབས་དོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པར་གསལ་ཐོབ་ཅིག །སློབ་དཔོན་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པར་འཕྲོས་པས་སྒོམ་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དང་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱང་དཔལ་ཆེན་གཤིན་རྗེ་གཤེད་ཀྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་གྱིས་བརླབ་པའི་མོས་འདུན་དྲག་ཏུ་མཛོད་ཅིག །ལས་བྱང་གི་སྤྱན་འདྲེན་མཐར་རྩ་སྔགས་ལ། ཛྙཱ་ན་བཛྲ་ཨ་བཻ་ཤ་ཡ་ཨཿ བཏགས་པ་བརྗོད་པས་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ་ཞེས་རྒྱ་གྲམ་བཞག །དབང་དངོས་ལ་སྐུ་བུམ་པའི་དབང་གི་སླད་དུ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པ་དང༌། དབང་ལྷ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བའི་བུམ་པས་སྤྱི་བོ་ནས་དབང་བསྐུར་བར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ རིན་ཆེན་བུམ་པའི་གཞལ་ཡས་ན༔ འཇམ་དཔལ་ཁྲོ་བོའི་ལྷ་ཚོགས་བཞུགས༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ བསྐྱེད་པ་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཧྲཱིཿཥྚི་ཝིཥྚི་ཏ་ན་ན་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་འཐོར་འཐུང་བྱ། བུམ་པའི་ཆུས་ལུས་ཀྱི་ནང་གང༌། རྟོག་སྒྲིབ་བག་ཆགས་དང་བཅས་པའི་དྲི་མ་གཏོར་ཞིང་ཡེ་ཤེས་ལྔའི་ནུས་པ་རྒྱུད་ལ་བླུགས་པར་མོས་ཤིག །དེ་ལྟར་སྐུ་བུམ་པའི་དབང་བསྐུར་བས་ལུས་སྣང་སྟོང་ལྷ་ཡི་སྐུར་དག །ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདན་གསུམ་རྡོ་རྗེའི་དལ་དུ་སད། མཁའ་ཁྱབ་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ཁྱབ་བདག་དེ་བཞིན་གཤེགས་པའི་རིགས་སུ་མངོན་པར་བྱང་ཆུབ་ནས་འཕགས་ལམ་བརྒྱད་དང༌། དབང་དང་སྟོབས་བཅུའི་བདག་ཉིད་ཟག་མེད་ཀྱི་ཡོན་ཏན་ལ་མངའ་བརྙེས་པའི་བརྡ་རྟགས་སུ་ཡེ་ཤེས་མཆོག་གི་ཕྱག་རྒྱ་དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་པའི་སྐུ་ཕྱག་རྒྱའི་དབང་དང་བྱིན་རླབས་རྫོགས་པར་མོས་མཛོད། དུར་ཁྲོད་དཔལ་ཆས་གཏད་ལ། ཧཱུྃ༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ འདི་ནི་འཇམ་དཔལ་ཧེ་རུ་ཀའི༔ ཡེ་ཤེས་མཆོག་གི་ཕྱག་རྒྱ་སྟེ༔ དཔའ་བོ་ཆེན་པོ་ཁྱོད་ཀྱིས་ལོངས༔ ཛྙཱ་ན་མུ་དྲ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་རྣམས་ཀྱིས་ལྷ་དབང་ལུས་ལ་ཐོབ། གསལ་བརྟན་དག་གསུམ་དང་ལྡན་པའི་ལྷའི་སྐུ་བསྒོམ་པ་ལ་དབང་བ་ཡིན་པས་དེང་ཕྱིན་ཆད་སྣང་སྟོང་སྒྱུ་མ་ལྟ་བུའི་ལྷའི་དཀྱིལ་འཁོར་བསྒོམ་པ་དང་མ་བྲལ་བས་ཐ་མལ་གྱི་སྣང་ཞེན་ཀུན་ལ་བསྐྱེད་པ་ཕྱག་རྒྱའི་གཟེར་གྱིས་ཐེབ་པར་གྱིས་ཤིག །གསུང་རིགས་སྔགས་ཀྱི་དབང་ལ་རྡོ་རྗེའི་སྔགས་བྱང་མགྲིན་པར་བཞག་པས་ངག་གི་དབང་ཕྱུག་འཇམ་དཔལ་དྲག་པོའི་རྡོ་རྗེའི་གསུང་གི་དབང་དང་བྱིན་རླབས་རྫོགས་པར་མོས་ཤིག །སྔགས་བྱང་མགྲིན་པར་བཞག་ལ། ཧཱུྃ༔ ཐབས་དང་ཤེས་རབ་འབྲེལ་བ་ལས༔ ཟུང་འཇུག་ཡི་གེ་བཅུ་བཞི་བྱུང༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ རྗེས་འབྲེལ་བཟླས་པའི་ལུང་གི་སླད་དུ་སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀར་ཡཿདམར་པོ་སྔགས་ཕྲེང་གིས་བསྐོར་བ་ལས་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་གི་ཞལ་དུ་ཞུགས། སྙིང་གར་ཉི་སྟེང་ཡཿ་ཡིག་ལ་ཐིམ་པས་འོད་ཟེར་སྤྲོ་བསྡུས་རྒྱལ་བ་རྣམས་མཆོད། སྣང་སྲིད་དག་པའི་འཁོར་ལོར་སྦྱངས། ཚུར་འདུས་ཏེ་ཁྱེད་རང་ལ་ཐིམ་པར་མོས་ལ་རྗེས་ཟློས། རྩ་སྔགས་ལན་གསུམ། དེས་སྔགས་དབང་ངག་ལ་ཐོབ། བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་བཟླས་བརྗོད་དང༌། ཏིང་འཛིན་མི་དམིགས་པའི་འཕྲོ་འདུ་བྱ་བ་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་གྲགས་སྟོང་སྒྲ་བརྙན་ལྟ་བུའི་གསང་སྔགས་ཀྱི་བཟླས་པ་དང༌། དགོངས་པ་རྣམ་བཞིའི་སྤྲོ་བསྡུ་ཆུ་བོའི་གཞུང་བཞིན་ཆད་པ་མེད་པས་ཐ་མལ་གྱི་སྨྲ་བརྗོད་འཛིན་རྟོག་ཀུན་ལ་བཟླས་པ་སྔགས་དང་འཕྲོ་འདུ་ཏིང་ངེ་འཛིན་གྱི་གཟེར་ཐེབ་པར་གྱིས་ཤིག །ཐུགས་ཡེ་ཤེས་ཕྱག་རྒྱའི་དབང་ལ། འབར་བའི་ཕྱག་རྒྱ་རྡོ་རྗེའི་ཐོད་དབྱུག་སྙིང་གར་བཞག་པ་གདེངས་པ་ཙམ་གྱིས་གཉིས་སྣང་སྲིད་པའི་གྲོང་ཁྱེར་རྡུལ་དུ་བརླགས་ཏེ་དབྱིངས་རིག་གཉིས་མེད་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྒྲོལ་བྱེད་སྙིང་རྗེའི་སྲོག་ལྡན་རྡོ་རྗེའི་ཐུགས་ཀྱི་དབང་དང་བྱིན་རླབས་རྫོགས་པར་མོས་ཤིག །ཐོད་དབྱུག་སྙིང་གར་བཞག ཧཱུྃ༔ རྡོ་རྗེའི་ཐོད་དབྱུག་འཕྱར་བ་ཡིས༔ གཟུང་འཛིན་འབྱུང་པོ་དབྱིངས་སུ་བསྒྲལ༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ འོད་གསལ་ཐུགས་ཀྱི་དབང་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཆོས་དབང་སེམས་ལ་ཐོབ། འོད་གསལ་རྣམ་པར་མི་རྟོག་པའི་འཇུག་ལྡང་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་དབྱིངས་རིག་གཉིས་མེད་རང་བྱུང་གཉུག་མའི་གཤིས་ལ་རང་བབ་ཀྱི་བསམ་གཏན་དང་མ་བྲལ་བས་གཉིས་སུ་སྣང་བའི་ཆོས་ཐམས་ཅད་ལ་དགོངས་པ་མི་གཡོ་བའི་གཟེར་གྱིས་ཐེབ་པར་གྱིས་ཤིག །མཚན་ལྡན་འདོད་དགུ་འབྱུང་བའི་བྷནྡྷ་དམར་ཆེན་རཀྟས་གང་བས་དབང་བསྐུར་བས་སངས་རྒྱས་ཀུན་གྱི་རྣམ་ཐར་རྒྱ་མཚོའི་སྤྱོད་པ་འཆང་བའི་འཇམ་དཔལ་དྲག་པོའི་ཡོན་ཏན་གྱི་དབང་དང་བྱིན་རླབས་རྫོགས་པར་ཐོབ་པར་མོས་ཤིག །དུང་ཁྲག་གཏད་ལ། ཧཱུྃ༔ ཡོན་ཏན་མི་ཟད་འདོད་དགུའི་གཏེར༔ བྷནྡྷ་རཀྟས་བཀང་བ་ཡིས༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ གང་འདུལ་འགྲོ་བ་སྒྲོལ་བར་ཤོག༔ གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ དེས་ཡོན་ཏན་གྱི་དབང་ཐོབ། ལས་དང་དངོས་གྲུབ་མཐའ་དག་སྒྲུབ་པ་ལ་དབང་བ་ཡིན་པས། ཐུན་མོང་དུ་ཕྲིན་ལས་བཞི་དང་སྒྲུབ་པ་ཆེན་པོ་བརྒྱད། མཐར་ཐུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་བྱས་ནས་སེམས་ཅན་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་བདེ་དགའི་དཔལ་ཡོན་སྟེར་བ་ལ་བརྩོན་པར་གྱིས་ཤིག །ཁྲག་འཐུང་ཀུན་གྱི་རྗེ་བཙན་འཇིགས་མཛད་ཡ་མནྟ་ཀའི་ཕྲིན་ལས་སྟོབས་རྫོགས་སྒྲོལ་བྱེད་ཕུར་བུའི་ཕྱག་མཚན་ལག་ཏུ་གཏད་པས་གདུལ་དཀའི་སྲོག་རྩ་གཅོད་པ་དྲག་པོ་གཙོ་བོར་གྱུར་པའི་ཕྲིན་ལས་རབ་འབྱམས་ཀྱི་དབང་དང་བྱིན་རླབས་ནུས་སྟོབས་ཀྱི་མཐུ་ཐོབ་པར་མོས་ཤིག །ཕུར་པ་གཏད་དེ་སྒྲིལ་དུ་གཞུག་ལ། ཧཱུྃ༔ ཕྲིན་ལས་དྲག་པོ་ཀཱི་ལ་ཡ༔ འཇམ་དཔལ་ཁྲོ་བོའི་ནུས་མཐུ་རྫོགས༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ འཆི་བདག་བདུད་དཔུང་ཚར་གཅོད་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ཚུལ་འདི་ལས་བྱང་དང་དབང་ཆོག་ཙམ་ལས་གཏན་ལ་ཕབ་མ་མཛད་པས། དབང་བསྐུར་སྤྱི་ཙམ་ལ་འདི་ཉིད་ཁོ་ནས་རུང་མོད་གཏེར་གཞུང་དུ། སྤྲོ་ན་དགྲ་བགེགས་བར་ཆད་ཀུན༔ གཟུགས་བརྙན་སྦྱོར་བ་ལ་བསྟིམས་ནས༔ གདབ་པའི་ཕྲིན་ལས་སྤྱི་ལྟར་རྗེས༔ ནང་གི་སྦྱིན་སྲེག་ཚུལ་དུ་རོལ༔ ཞེས་གསུངས་པ་ལྟར་བྱ་བར་འདོད་ན་གོང་གི་ཀརྨ་ཐོད་ཕྲེང་གི་ཟོར་ཟློག་གི་གདབ་ལས་བཞིན་དགོངས་གསོལ། གསེར་སྐྱེམས། གཟུ་དཔང༌། ཧོམ་བསྐྱེད། འགུགས་པ་བཅས་ཁ་བསྒྱུར་ཅུང་ཟད་དང་བཅས་ཏེ་བྱས་ལ། མཐའ་རྟེན་དྲག་པོ་སྒྲོལ་བའི་རྗེས་གནང་རྒྱས་པར་བྱ་བ་ལ། མངོན་སྤྱོད་རྩོམ་པ་པོ་ཁྱེད་རྣམས་འཁོར་འདས་ཀུན་གྱི་སྟོང་སྲོག་ལྟ་བ་བློ་འདས་ཀྱི་གདེངས་ཐོབ་པས་རྫོང་ཟིན་པའི་རིག་རྩལ་གསལ་བ་གསུམ་གྱི་དགོངས་པའི་ཏིང་ངེ་འཛིན་ལས་ནམ་ཡང་མ་གཡོ་བས་བྱིང་རྒོད་ཀྱི་འཕྲང་བརྒལ་ཏེ། ཁྲག་འཐུང་ཀུན་གྱི་རྗེ་བཙན་སོགས་གོང་ལྟར་བྱས་ལ་ཕུར་པ་གཏད་ལ་གདབ་ཏུ་གཞུག །སྒྲོལ་གྲིས་གཏུབས་པའི་ལིང་རོ་གཏོར་མར་ཕུལ་ཞིང་དཔོན་སློབ་ཀུན་གྱིས་རོལ་པ་བཅས་བྱའོ། །གང་ལྟར་ཡང༌། དེས་ཕྲིན་ལས་ཀྱི་དབང་བསྐུར་བ་ཐོབ། གཤིན་རྗེ་གཤེད་པོའི་ཕྲིན་ལས་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་བ་ལ་དབང་བ་ཡིན་པས། སྲུང་བ་ཞི་བའི་ལས་ཀྱིས་རྗེས་སུ་འཛིན་པ་དང༌། ཟློག་བསད་མནན་དཀྲུགས་དབྱེ་བསྐྲད་རེངས་རྨོངས་ལ་སོགས་པས་གདུག་པ་ཅན་ཚར་གཅོད་པའི་ཕྲིན་ལས་རྟག་ཏུ་སྒྲུབ་པར་གྱིས་ཤིག །དེ་ལྟར་དབང་བསྐུར་ཐོབ་པའི་དགོས་པ་ཡང་རྩ་བ་ལས། འདིས་ནི་བསྙེན་རྫོགས་རྟགས་ལྡན་པའི༔ མཚན་ཉིད་ཚང་བའི་སློབ་དཔོན་གྱིས༔ དད་བརྩོན་སྐལ་པར་ལྡན་པ་ཡི༔ རྡོ་རྗེའི་སློབ་མ་རྗེས་བཟུང་ན༔ གནས་སྐབས་ཚེ་ཡི་བར་ཆད་དང༔ འཇིགས་བརྒྱད་མི་མཐུན་ཕྱོགས་ཀུན་ཞི༔ ཕྲིན་ལས་གང་བརྩམས་ཡིད་བཞིན་འགྲུབ༔ མཐར་ཐུག་འཇམ་དཔལ་ཁྲོ་བོའི་སྐུར༔ མངོན་པར་བྱང་ཆུབ་མཆོག་ཐོབ་འགྱུར༔ ས་མ་ཡ༔ ཞེས་ཆེས་ཆེར་བསྔགས་པ་ལྟར་དད་མོས་ཡིད་ཆེས་དང་ལྡན་པས་འདི་ཉིད་ཀྱི་ལྷ་སྔགས་ལ་གཡར་དམ་རྩེ་གཅིག་ཏུ་བཟུང་སོགས་དམ་ཚིག་ཁས་བླང༌། གཏང་རག །བསྔོ་སྨོན་དང༌། ཚོགས་ཀྱི་འཁོར་ལོ་བཅས་རྗེས་རིམ་སྤྱི་ལྟར་བྱའོ། །འཇིྃགས་བྲྃལ་མཁྱེནྃ་བརྩེྃའི་ཡེ་ཤེས་གཟི། །འོདྃ་ཟེརྃ་མཁའ་ཁྱབ་སྤྲོས་པ་ལས། །ཟབ་རྒྱས་ཆོས་ཀྱི་བཀྲྃ་ཤིསྃ་དཔྃལ། །འདོད་དགུའི་འབྱོྃར་པ་ལྷུན་གྱིས་གྲུབ། །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཡི་དམ་སྐུ་འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་འཆི་བདག་ཟིལ་གནོན་གྱི་དབང་བསྐུར་ཡེ་ཤེས་སྣང་བའི་སྒོ་འབྱེད་ལེ་ཚན་བཅུ་གསུམ་པ་འཇམ་དཔལ་དགའ་བའི་བཤེས་གཉེན་གྱིས་སྦྱར་བའོ། ༈ གསུང་གི་རྡོ་རྗེ་པྃདྨྃ་སམ་བྷ་ཝའི། །ཐུགས་རྗེའི་རང་གཟུགས་རྒྱལ་ཀུན་དགྱེྃས་པའིྃ་དཔྃལ། །དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུའི་བདག་པོ་རུ། །ལེགས་ཤར་སྙིང་གི་ཟེའུ་འབྲུར་རྟག་ཏུ་མཆོད། །དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་པདྨ་གསུང་རྟ་མགྲིན་འཆི་མེད་དབང་ཆེན་འདུས་པའི་ཡེ་ཤེས་སྒོ་འབྱེད་བྱིན་རླབས་སྣང་བ་ལ། གཞུང་མཐུན་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་སྟེང་དུ་བུམ་པ། སྔགས་བྱང༌། རྡོ་རྗེའི་ཁཊྭཱྃ་རལ་གྲི་བྷནྡྷ་མདུང་ཐུང་ཞགས་པ་བཅས་ཕྱག་མཚན་ཕྱོགས་བསྡུས། ཚེ་རིལ། ཚེ་ཆང༌། སྒྲོལ་ཕུར། ཤེལ་རྡོ་མེ་ལོང༌། དཔལ་གཏོར་སྨན་རཀ །སྒྲོལ་དབང་རྒྱས་པར་སྤྲོ་ན་ལྕགས་ཧོམ་དུ་ལིང་ག་སོགས་འདུ་བྱ། ཉེར་སྤྱོད་མཆོད་པ། ཚོགས་དང་ཆད་བརྟན། སྲུང་མའི་གཏོར་འབུལ། ལས་བུམ་སོགས་འདུ་བྱས་ལ་བརྒྱུད་འདེབས་སྔོན་དུ་འགྲོ་བས། སྐྱབས་སེམས་ནས་བརྩམས་ལས་བྱང་མཐར་ཆགས་སུ་བཏང་སྟེ། བདག་མདུན་བསྐྱེད་བཟླས་གཞུང་ལྟར་དང༌། བསྙེན་སྒྲུབ་ལས་ཀྱི་བཟླས་པ་བྱ། བུམ་ལྷ་གསལ་གདབ་དང་བདུད་རྩི་འབེབས་པའི་དམིགས་པ་སྤྱི་ལྟར་བྱ་བས། བསྙེན་སྒྲུབ་ཀྱི་བཟླས་པ་བྱ། ཐུན་མཐར་ཚེ་འགུགས་དང༌། ལས་བུམ་རྐྱང་སྒྲུབ། སྲུང་མའི་གཏོར་འབུལ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་བར་བྱ། བདག་འཇུག་གམ་རིག་པའི་མེ་ཏོག་དོར་སློབ་མ་ཁྲུས་ནས་དབྱུང༌། བགེགས་བསྐྲད་སྲུང་འཁོར་རྣམས་དང༌། མེ་ཏོག་བཀྱེ་བསྡུ་བྱ། སེམས་བསྐྱེད་གསལ་བཏབ་ལ། དེ་ཡང་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་དབྱིངས་སུ་དགོངས་པ་འཕོ་འགྱུར་མེད་པའི་ཀློང་ལས། ཀུན་ཁྱབ་བརྩེ་བའི་ཐུགས་རྗེ་འགོག་པ་མེད་པའི་ཡེ་ཤེས་རྒྱན་གྱི་རོལ་མོ་ཕྱོགས་དུས་ཀྱི་གདུལ་བྱར་རྟག་ཏུ་གཡོ་ཞིང་སྣང་བས་མཁའ་ཁྱབ་ཀྱི་ཡིད་ཅན་སྲིད་ཞིའི་གཡང་ལས་སྒྲོལ་བར་མཛད་པ་ལས། ཕྲིན་ལས་ཀྱི་གཙོ་བོ་གསུང་ཆོས་ཀྱི་སྣང་བ་ཆེན་པོ་སྟེ། དེ་ལའང་རྒྱུ་དང་འབྲས་བུའི་ཐེག་པའི་རྣམ་བཞག་དུ་མ་ཞིག་བཞུགས་པའི་ཡ་གྱལ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཆེན་པོ་བཞི་ཡིན་ལ། དེ་ལས་ཀྱང་ཟབ་པ་ཕུལ་དུ་ཕྱིན་པ་བླ་མེད་ཀྱི་རྒྱུད་ལ་ནང་རྒྱུད་ཡོ་ག་གསུམ་དུ་གྲགས་ཤིང༌། རྒྱུད་མ་ཧཱ་ཡོ་ག་ལའང་སྒྲུབ་སྡེ་ཆེན་པོ་བརྒྱད་དུ་བཞུགས་པའི་ནང་ཚན་གསུང་པདྨའི་རིགས་ཞི་ཁྲོ་དང༌། རྟ་མཆོག་ཧེ་རུ་ཀ་ལའང་རྒྱུད་ལུང་མན་ངག །བཀའ་གཏེར་དག་སྣང་གི་ལམ་སྲོལ་མཐའ་ཡས་པས། འཕགས་པའི་ཡུལ་དུ་སློབ་དཔོན་ནཱ་གརྫུ་ན། གྲུབ་ཆེན་མི་ཏྲ་ཛོ་ཀི །སངས་རྒྱས་གཉིས་པ་པདྨ་འབྱུང་གནས། དགེ་སློང་མ་དཔལ་མོ་སོགས་དང༌། བོད་ཡུལ་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོ། ལོ་ཙཱ་རྒྱལ་བ་མཆོག་དབྱངས་སོགས་གསར་རྙིང་གི་མཁས་གྲུབ་ལྷ་སྔགས་འདི་ཉིད་ཀྱི་དངོས་གྲུབ་བརྙེས་པ་ད་ལྟའི་བར་ཟམ་མ་ཆད་པར་བྱོན་ཞིང༌། སྐབས་སུ་བབ་འདི་ནི་ཟབ་མོ་གཏེར་གྱི་ཆོས་སྐོར་ཏེ། དེ་ལྟར་འཆི་མེད་རྟ་མཆོག་དཔལ༔ རྩ་གསུམ་ཡོངས་རྫོགས་དཀྱིལ་འཁོར་ལྷའི༔ དབང་བསྐུར་བྱིན་རླབས་སྣང་བ་འདིས༔ བསྙེན་རྫོགས་རྟགས་ལྡན་རྣལ་འབྱོར་པས༔ རྡོ་རྗེའི་སློབ་མ་རྗེས་བཟུང་ན༔ གནས་སྐབས་ཚེ་ཡི་བར་ཆད་ཞི༔ ཕྲིན་ལས་རྣམ་བཞི་གང་བརྩམས་འགྲུབ༔ མཐར་ཐུག་རྩ་རླུང་ཐིག་ལེའི་ཁམས༔ སྒྲིབ་བྲལ་དྭངས་མའི་ལྷ་སྐུར་སྨིན༔ དེ་ཕྱིར་སྙིང་ཁྲག་ཡང་ཞུན་འདི༔ རིག་པ་དབྱིངས་ཀྱི་སྒྲོམ་བུར་རྒྱ༔ དུས་བབ་གཞན་དོན་མཐར་ཕྱིན་ཤོག༔ ཅེས་གསུངས་པ་ཉིད་སྙིགས་དུས་འགྲོ་བ་འདུལ་བའི་ཐུགས་བསྐྱེད་དང་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ་བས་གངས་ཅན་གྱི་བསྟན་འགྲོའི་ཕན་བདེའི་སྲོག་རྩ་མཐུད་པ་ལ་གཞན་དྲིང་མི་འཇོག་པའི་རྣམ་ཐར་ངོ་མཚར་བའི་སྣང་བ་ཅན། པདྨའི་རྒྱལ་ཚབ་འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཟབ་མོ་དགོངས་པའི་གཏེར་ལས་བྱོན་པའི་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཡི་དམ་པདྨ་གསུང་གི་སྒྲུབ་སྐོར། འཆི་མེད་དབང་ཆེན་འདུས་པ་རྩ་གསུམ་ཡོངས་རྫོགས་ཀྱི་ཟབ་མོའི་དབང་བསྐུར་བྱིན་རླབས་སྣང་བ་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས། སློབ་དཔོན་དབང་ཆེན་རྟ་མཆོག་རོལ་པ་དངོས་སུ་གསལ་བ་ལ་མོས་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་འདིའི་རྗེས་ཟློས། རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ འཆི་མེད་རྩ་གསུམ་དཀྱིལ་འཁོར་དུ༔ མགོན་པོས་བདག་ནི་འཇུག་པར་འཚལ༔ བླ་མ་དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པ་དབང་ཆེན་རྟ་མཆོག་རོལ་པ་རང་སྣང་ཡེ་ཤེས་བཀོད་པ་ཆོས་ཀྱི་དབྱིངས་དང་མཉམ་པའི་སྤྱན་སྔར་ཐེག་པ་ཆེན་པོའི་སྐྱབས་འགྲོ་དང་སེམས་བསྐྱེད་ཡང་དག་པར་ལེན་པའི་མོས་པས་འདིའི་རྗེས་ཟློས། ཧྲཱིཿ དབང་ཆེན་རྩ་གསུམ་འདུས་པའི་སོགས་ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། ཞིང་མཆོག་དམ་པ་དེ་དག་གི་སྤྱན་སྔར་ཚོགས་གཉིས་བསགས་ཤིང་སྡིག་སྒྲིབ་སྦྱང་བ་དང་དགེ་རྩ་ཡོངས་སུ་སྤེལ་བར་བྱེད་པའི་དོན་དང་ཏིང་ངེ་འཛིན་རྗེས་སུ་དྲན་པས་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་གསུམ། རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་སླད་དུ་དམ་བཅའ་རྣམ་གསུམ་བརྟན་པོར་བཟུང་སྙམ་པས་འདིའི་རྗེས་ཟློས། ཨོཾ༔ བདེ་བར་གཤེགས་པ་ཁྱེད་ཅི་འདྲ༔ དེ་འདྲ་ཁོ་ནར་བདག་གྱུར་ཅིག༔ སྤྱོད་པ་རྨད་བྱུང་བསམ་ཡས་པ༔ འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད༔ བྱང་ཆུབ་སེམས་མཆོག་དམ་པ་དང༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད༔ དུས་ངན་ཐ་མའི་འཇིག་རྟེན་འདིར༔ སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ༔ བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད༔ རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར༔ བདག་ཅག་བསམ་པ་རྫོགས་གྱུར་ཅིག༔ ལན་གསུམ། དབང་གི་གཞི་འགོད་ཅིང་ཡེ་ཤེས་པའི་བྱིན་རླབས་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ལས་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་སྣོད་རྣམ་པར་དག་པ་ཟླ་གམ་དབང་ཆེན་རོལ་པའི་གཞལ་ཡས་ཁང་གི་དབུས་སུ། པདྨ་ཉི་ཟླ་ཀླུ་སྲིན་ཕོ་མོ་བསྣོལ་བའི་གདན་ལ། བཅུད་རྣམ་པར་དག་པ་རང་གི་རིག་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་འོད་འབར་བ། དེ་ཡོངས་སུ་གྱུར་ལས་ཁྱེད་རང་སྐད་ཅིག་གིས་དབང་ཆེན་རྟ་མཆོག་རོལ་པ་སྒེག་ཅིང་དཔའ་ལ་འཇིགས་སུ་རུང་བའི་སྐུ་མདོག་དམར་ནག་རྩ་བའི་ཞལ་དམར་གཡས་ལྗང་གཡོན་དམར་བ། དབུ་གཙུག་ཏུ་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ། ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་ཤིང་སྨ་ར་སྨིན་པ་དབུ་སྐྲ་དམར་སེར་མེ་ལྟར་འབར་བ། ཕྱག་དྲུག་གིས་གཡས་གསུམ་རལ་གྲི་ཁཊྭཱྃ་དབྱུག་ཐོ་ཕྱར་ཞིང༌། གཡོན་གསུམ་བྷན་དམར་དྲིལ་བུ་ལྕགས་ཀྱུ་བསྣམས་པ། ཐོད་སྐམ་རིན་པོ་ཆེའི་རྩེ་ཕྲན་ཅན་ལྔ་ལྔས་དབུ་བརྒྱན་ཅིང་ཐོད་ཕྲེང་ཚར་གསུམ་མགུལ་རྒྱན་བྱས་པ། སེང་གླང་གི་པགས་པས་སྟོད་གཡོགས། ཞིང་ལྤགས་སྐེད་དཀྲིས་སྟག་ལྤགས་ཤམ་ཐབས་བྱས་པ། ཁྲག་ཞག་ཐལ་བས་བྱུགས་ཤིང་སྦྲུལ་རིགས་ལྔ་དང་རུས་པའི་རྒྱན་དྲུག་གིས་སྤྲས་པ། ཁྱུང་གིས་དབུ་བརྒྱན་ཅིང་དཔལ་གྱི་གཤོག་པ་དར་ལྭའི་འཕུར་དཔྱང་རྡོ་རྗེ་གོ་ཁྲབ་གསོལ་བ། ཡུམ་པདྨ་གཟི་ལྡན་མ་ཕྱག་རྒྱ་ལྔས་བརྒྱན་ཅིང་ཁཊྭཱྃ་དང་ཐོད་ཁྲག་འཛིན་པས་འཁྱུད་པ། གར་གྱི་ཉམས་དགུ་དང་ལྡན་ཞིང་ཞབས་བཞི་འདོར་ཐབས་སུ་བགྲད་པ་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་དང༌། རྒྱུད་རྣམ་པར་དག་པ་ཡེ་ཤེས་ཀྱི་གཟི་བྱིན་དབབ་པའི་སླད་དུ། སློབ་དཔོན་དཀྱིལ་འཁོར་པ་དང་བཅས་པའི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས། འོག་མིན་དབང་ཆེན་རོལ་པའི་དུར་ཁྲོད་ནས་དཔལ་ཆེན་རྟ་མཆོག་རྒྱལ་པོའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ་ལྷ་སྔགས་ཕྱག་རྒྱ་འོད་ཟེར་གྱི་རྣམ་པར་མཁའ་དབྱིངས་གང་བར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་གཉིས་མེད་དུ་བརྟན་པའི་མོས་པ་མཛོད་ཅིག །ལས་བྱང་གི་སྤྱན་འདྲེན་དང༌། སྙིང་པོའི་མཐར། ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ ཞེས་བཏགས་པ་བཟླ་ཞིང་སྤོས་རོལ་བཅས་བྱིན་དབབ། ཡེ་ཤེས་པ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ་ཞེས་རྡོ་རྗེ་མགོར་བཞག །དེ་དག་གིས་དབང་གི་སྔོན་འགྲོའི་རིམ་པ་གྲུབ་ནས། དབང་དངོས་ལ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དབང་བསྐུར་མཐའ་རྟེན་དང་བཅས་པ་ལས། དང་པོ་རྣམ་བཅས་བདེ་བ་ཆེན་པོ་སྐུ་བུམ་པའི་དབང་བསྐུར་བ་ལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་འོད་ཟེར་གྱིས་གདན་གསུམ་ཚང་བའི་དབང་གི་ལྷ་སྤྲོས་པས་རྣམ་རྒྱལ་བུམ་པ་རྡོ་རྗེའི་ཡེ་ཤེས་ཆེན་པོའི་ཆུ་རྒྱུན་གྱིས་གང་བས་སྤྱི་བོ་ནས་དབང་བསྐུར། ཉོན་མོངས་པ་ལྔའི་སྒྲིབ་པ་དག །ཕུང་ཁམས་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པར་མོས་ཤིག །ཞེས་བུམ་པ་སྤྱི་བོར་བཞག་བུམ་ཆུ་བླུད་ལ། ཧྲཱིཿ འཆི་མེད་རྟ་མཆོག་ཧེ་རུ་ཀའི༔ སྐུ་ཡི་དབང་བསྐུར་ཁྱོད་ལ་སྦྱིན༔ ཕུང་ཁམས་ལྷ་ཡི་སྐུར་སྨིན་ནས༔ སྣང་སྟོང་ཟུང་འཇུག་མངོན་གྱུར་ཤོག༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེའི་རྗེས་འབྲེལ་དུ་དཔལ་གྱི་གཏོར་མ་ཕྱི་སྣོད་དབང་ཆེན་ཟླ་གམ་འབར་བའི་གཞལ་ཡས་ཁང༌། ནང་བཅུད་དཔལ་ཆེན་རྟ་མཆོག་རོལ་པའི་དཀྱིལ་འཁོར་སྤྲུལ་པ་འཁོར་ཚོགས་བཀའ་སྡོད་དང་བཅས་པ་བྱིན་རླབས་གཟི་བརྗིད་འབར་ཞིང་དབང་གི་རྟ་སྐད་ལྷང་ངེར་འཚེར་བའི་སྐུ་ཡི་གནས་ཐམས་ཅད་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་བསལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། དབང་ཆེན་རྟ་མཆོག་རོལ་པའི་གསང་བ་གསུམ་དང་གཉིས་མེད་དུ་གྱུར་པས་ལས་དང་དངོས་གྲུབ་ཐམས་ཅད་ཐོགས་མེད་དུ་གྲུབ་པའི་མོས་པ་མཛོད། དཔལ་གཏོར་སྤྱི་བོར་བཞག ཧྲཱིཿ ཟབ་གསལ་གཉིས་མེད་དཀྱིལ་འཁོར་དུ༔ འཆི་མེད་རྩ་གསུམ་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དངོས་གྲུབ་རྣམ་གཉིས་འགྲུབ་པར་ཤོག༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ སརྦ་སིདྡྷི་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ༔ གཉིས་པ་གསུང་གསང་བའི་དབང་བསྐུར་བ་ནི། སྔགས་བྱང་མགྲིན་པར་བཞག་སྟེ་དབང་བསྐུར་བས་གྲགས་སྟོང་ནཱ་དའི་རང་བཞིན་གྱི་རྡོ་རྗེའི་གསུང་གི་ནུས་པ་རྫོགས་པར་མོས་ཤིག །སྔགས་བྱང་མགྲིན་པར་བཞག་ལ། ཧྲཱིཿ འཆི་མེད་རྟ་མཆོག་ཧེ་རུ་ཀའི༔ གསུང་གི་དབང་བསྐུར་ཁྱོད་ལ་སྦྱིན༔ སྲོག་རྩོལ་སྔགས་སུ་ཡོངས་སྨིན་ནས༔ གསལ་སྟོང་ཟུང་འཇུག་མངོན་གྱུར་ཤོག༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ རྗེས་འབྲེལ་གསུང་བཟླས་པའི་ལུང་སྦྱིན་པ་ལ་དམིགས་པ་འདི་ལྟར་མཛོད། བླ་མ་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀར་ཡེ་ཤེས་འོད་ལྔའི་ཀློང་དུ་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས། ཐུགས་སྲོག་ཧྲཱིཿདམར་པོ་ལ་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་བྱུང་སྟེ་ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀའི་ཧྲཱིཿདམར་པོའི་མཐར་འཁོད། བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ་བདེ་སྟོང་རོལ་པའི་འོད་ཟེར་གྱི་མཆོད་པ་ཕུལ། དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ། བསྙེན་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ སླར་ཡང་སྔགས་ཕྲེང་ལས་བྱུང་བའི་འོད་ཟེར་སྤྲོ་བསྡུས་འཁོར་འདས་བརྟན་གཡོའི་དྭངས་བཅུད་ཀྱི་བདུད་རྩི་བཀུག་པ་རིགས་བདག་ཡབ་ཡུམ་གྱི་སྐུའི་དབྱིབས་བརྒྱུད་སྦྱོར་མཚམས་ནས་བྱུང༌། འཁོར་ལོ་ལྔའི་ཐོད་ཕྲེང་རིགས་ལྔ་ཡབ་ཡུམ་མཆོད་དེ་བདེ་སྟོང་གི་ཡེ་ཤེས་རྡོ་རྗེའི་སྲོག་ལ་དབང་ཐོབ་པར་བསམ་ལ། སྒྲུབ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཛྙཱ་ན་བཛྲ་ཨཱ་ཡུ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ སརྦ་སིདྡྷི་ཕ་ལ་ཧཱུྃ༔ སླར་ཡང་ཐུགས་སྲོག་གི་འོད་ཟེར་ཁ་དོག་སྣ་ལྔ་སྤྲོ་བསྡུའི་ཕྲིན་ལས་རྣམ་པ་བཞི་ལྷུན་གྱིས་གྲུབ་ཅིང༌། སྣང་གྲགས་རིག་པ་ལྷ་སྔགས་ཆོས་སྐུའི་རོལ་པར་སད་པར་མོས་ལ། ལས་སྦྱོར་གྱི་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ཨོཾ་བཛྲ་དུན་བྷྱོ༔ ཏིག་ནན་ཛ་ཛཿ ས་མ་ཡ་སྟྭྃ༔ ས་མ་ཡ་ཛཿ ས་མ་ཡ་བཟློག༔ ས་མ་ཡ་བྷྱོ༔ ས་མ་ཡ་གཏུབ༔ ས་མ་ཡ་བྱེར༔ ས་མ་ཡ་རྦད༔ ས་མ་ཡ་རྦད་རྦུད་ཕཊ྄་ཡ༔ འབྱུང་པོ་མཱ་ར་ཡ་ཛ་ཛཿ ཧཱུྃ་ཧཱུྃ་ཧཱུྃ༔ སྲོག་གི་བྱིན་རླབས་བརྟན་པའི་སླད་དུ། བརྟན་གཡོའི་དྭངས་བཅུད་མ་ལུས་པ་འདུས་པའི་ཛ་གད་མགྲིན་པར་མྱང་བས་གསུང་མི་འགགས་པ་ནཱ་ད་གཞོག་གཞིག་བྲལ་བའི་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་མོས་ཤིག ཧྲཱིཿ རྩ་གསུམ་དབང་ཆེན་འདུས་པ་ཡི༔ བྱིན་རླབས་དངོས་གྲུབ་ཀུན་གྱི་དབྱིག༔ འཆི་མེད་བདུད་རྩི་འདི་བྱིན་པས༔ རླུང་ལྔ་དབུ་མར་ཐིམ་པར་ཤོག༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་གྲཱྀ་བ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ སརྦ་སིདྡྷི་ཕ་ལ་ཧཱུྃ༔ མ་ཧཱ་པཉྩ་ཨཱ་ཡུརྫྙཱ་ན་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨཱཿ དེས་ངག་གི་སྒྲིབ་པ་དག །བཟླས་བརྗོད་དང་མཚན་བཅས་རྫོགས་རིམ་བསྒོམ་པ་ལ་དབང་བར་བྱས་པས། སྒྲ་གྲགས་ཐམས་ཅད་རྡོ་རྗེའི་སྔགས་ཀྱི་རང་སྒྲར་ཡེ་ནས་ཡིན་པར་ཤེས་པས་གྲགས་སྟོང་བཟླས་པའི་རིམ་པ་དང་བདག་བྱིན་རླབས་ཀྱི་རྣལ་འབྱོར་ལ་བརྩོན་པར་མཛོད་དང༌། གསུང་རྡོ་རྗེ་མངོན་དུ་གྲུབ་པར་འགྱུར་རོ། །གསུམ་པ་སྣང་མེད་སྟོང་པ་ཆེན་པོ་དབྱིངས་རིག་ཟུང་འཇུག་གི་བརྡ་རྟགས་ཕྱག་མཚན་སྙིང་གར་བཞག་པས་རིག་སྟོང་འོད་གསལ་ཐུགས་ཀྱི་དགོངས་པ་མངོན་དུ་གྱུར་པར་མོས་ཤིག །ཕྱག་མཚན་སྙིང་གར་བཞག ཧྲཱིཿ འཆི་མེད་རྟ་མཆོག་ཧེ་རུ་ཀའི༔ ཐུགས་ཀྱི་དབང་བསྐུར་ཁྱོད་ལ་སྦྱིན༔ རྟོག་ཚོགས་ཆོས་ཀྱི་སྐུར་སྨིན་ནས༔ བདེ་སྟོང་ཟུང་འཇུག་མངོན་གྱུར་ཤོག༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་རྟེན་དུ་འཁོར་འདས་ཀྱི་དྭངས་བཅུད་གཅིག་ཏུ་དྲིལ་བའི་རིལ་བུ་སྙིང་གར་བསྟིམ་པས་ཐུགས་མི་ཤིགས་པ་ཀ་དག་འོད་གསལ་ཆེན་པོའི་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་མོས་ཤིག །ཚེ་རིལ་སྙིང་གར་བཞག་ཅིང་མྱོང་དུ་གཞུག་ལ། ཧྲཱིཿ སྲིད་ཞིའི་དྭངས་མ་འདུས་པའི་བཅུད༔ རྡོ་རྗེ་བདུད་རྩིའི་རིལ་བུ་འདི༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ དགའ་བཞིའི་ཡེ་ཤེས་འཕེལ་བར་ཤོག༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་གྲཱྀ་བ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨཱ་ཡུརྫྙཱན་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཡིད་ཀྱི་སྒྲིབ་པ་དག །བདེ་སྟོང་རྣམ་པར་མི་རྟོག་པའི་ཐབས་ལམ་བསྒོམ་པ་ལ་དབང་བར་བྱས་པས། རྟོག་ཚོགས་ཐམས་ཅད་བདེ་ཆེན་བྱང་ཆུབ་སེམས་ཀྱི་རོལ་པར་ཡེ་ནས་ཡིན་པར་ཤེས་པས། རིག་སྟོང་ཐབས་ཤེས་དབྱིངས་ཡེ་ཟུང་འཇུག་གི་རྣལ་འབྱོར་ལ་བརྩོན་པར་མཛོད་དང༌། ཐུགས་རྡོ་རྗེ་མངོན་དུ་འགྲུབ་པར་འགྱུར་རོ། །བཞི་པ་ཡེ་ཤེས་རྡོ་རྗེ་ཚིག་གི་དབང་གིས་ངོ་སྤྲོད་པའི་དོན་གྱི་ཡེ་ཤེས་ལ་སྦྱོར་བའི་དབང་ནི། དབྱིངས་སྐྱེ་མེད་ཀ་དག་དང་རིག་པ་ལྷུན་གྲུབ་འོད་གསལ་གྱི་སྣང་བ་གཉིས་སུ་མེད་པའི་བརྡར་ཤེལ་དང་མེ་ལོང་བསྟན་ཏེ། ཧྲཱིཿ འཆི་མེད་རྟ་མཆོག་ཧེ་རུ་ཀའི༔ ཡེ་ཤེས་དབང་བསྐུར་ཁྱོད་ལ་སྦྱིན༔ སྒོ་གསུམ་ངོ་བོ་ཉིད་སྐུའི་ཀློང༔ རིག་སྟོང་ཟུང་འཇུག་མངོན་གྱུར་ཤོག༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་གྲཱྀ་བ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ རྗེས་འབྲེལ་འོད་གསལ་ཆོས་ཉིད་ཀྱི་རྟོགས་པས། རྒྱུ་བདག་འཛིན་མཚན་མའི་རུ་ཏྲ་སྡེ་གསུམ་དང་འབྲས་བུ་སྐྱེ་འཆི་འཁྲུལ་པའི་རྟོག་པས་གཡེངས་ཤིང་འཁྲུལ་པའི་གདུལ་བྱ་གཞན་སྒྲོལ་བའི་རྟགས་སུ་དབང་དྲག་པདྨ་ཀཱི་ལ་ཡའི་སྒྲོལ་བྱེད་ལས་ཀྱི་ཕུར་པས་དབང་བསྐུར་བར་མོས་ཤིག །ཕུར་པ་གཏད་ལ། ཧཱུྃ༔ དབང་ཆེན་དྲག་པོ་ཀཱི་ལ་ཡ༔ རིགས་འདུས་ཕུར་པ་འདི་གཏད་པས༔ བྱིན་རླབས་ཕྲིན་ལས་ཡོངས་རྫོགས་ནས༔ ཁམས་གསུམ་འགྲོ་ཀུན་སྒྲོལ་བར་ཤོག༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ཨོཾ་བཛྲ་དུན་བྷྱོ༔ ཏིག་ནན་ཛ་ཛཿ ས་མ་ཡ་སྟྭྃ༔ ས་མ་ཡ་ཛཿ ས་མ་ཡ་བཟློག༔ ས་མ་ཡ་བྷྱོ༔ ས་མ་ཡ་གཏུབ༔ ས་མ་ཡ་བྱེར༔ ས་མ་ཡ་རྦད༔ ས་མ་ཡ་རྦད་རྦུད་ཕཊ྄་ཡ༔ འབྱུང་པོ་མཱ་ར་ཡ་ཛ་ཛཿ ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཨཱཿ སྤྱི་འགྲེ་འདི་ཙམ་གྱིས་རུང་མོད། སྤྲོ་ན་གཟུགས་བརྙན་སྦྱོར་བ་ལ༔ ཚེ་བདུད་བར་ཆད་ཡོངས་བཀུག་ནས༔ རྡོ་རྗེ་ཕུར་བུས་བསྒྲལ་བའི་མཐར༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་སྦྱོར༔ ཞེས་གསུངས་པ་བཞིན་རྒྱས་པར་བྱ་བར་འདོད་ན། དབང་བཞི་པ་དངོས་གཞི་བསྐུར་ཟིན་པའི་རྗེས། དེ་ཡང་སངས་རྒྱས་རྣམས་གཉེན་པོ་རྡོ་རྗེ་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་ནས་འོད་ཟེར་ཆེན་པོའི་དབང་བསྐུར་ཏེ་མངོན་པར་སངས་རྒྱས་པར་བརྩམས་པ་ན། བདུད་སྡེའི་དཔུང་གཡོས་པའི་ཚེ་དྲང་དོན་དུ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་བདུད་བཏུལ་བར་གསུངས་ཤིང༌། ངེས་དོན་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སུ་བདེ་བར་གཤེགས་པའི་ཡེ་ཤེས་ཀྱི་དགོངས་པས་རྗེ་བཙུན་འཇམ་དཔལ་དབྱངས་དང༌། གཏུམ་ཆེན་མི་གཡོ་བ་བསྐུལ་བའི་འོད་ཟེར་བཀྱེ་བས་དེ་གཉིས་ཀྱི་སྤྲུལ་པའི་ཁྲོ་བོས་ནག་པོའི་ཕྱོགས་ཁྲག་ཁྲིག་བཅུ་གཉིས་བསྒྲལ་ཏེ་བར་ཆད་བདུད་སྡེའི་གཡུལ་ལས་རྒྱལ་ནས་མངོན་པར་བྱང་ཆུབ་འཆི་མེད་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི་གོ་འཕང་མངོན་དུ་མཛད་པར་གསུངས་པ་ལྟར་སྐབས་འདིར་ཡང་སྔོན་བྱུང་སྟོན་པའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་ལ་སྦྱོར་བས། ཁྱེད་རང་རྣམས་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་བཞི་པ་ཡེ་ཤེས་རྡོ་རྗེའི་དབང་གིས་བརྡ་དོན་ངོ་སྤྲད་པས་མཐར་ཐུག་གི་གྲུབ་མཐའ་སྙོགས་པ་ལ་བར་དུ་གཅོད་པའི་བདུད་ཚོགས་ཀྱིས་གླགས་མི་རྙེད་པའི་ཕྱིར་མངོན་སྤྱོད་དྲག་པོ་སྒྲོལ་བའི་རྗེས་གནང་མཐའ་རྟེན་གྱི་ཚུལ་དུ་སྦྱོར་བ་ཡིན་པས་ཏིང་འཛིན་དམིགས་པའི་རིམ་པ་འདི་དག་ལ་ཐུགས་གཏད་པར་ཞུ། གོང་གསལ་ཀརྨ་ཐོད་ཕྲེང་གི་གཏོར་བཟློག་སྐབས་ཀྱི་གདབ་ཁ་ལྟར་བྱ། སྤྲོ་ན་སློབ་མ་བདུད་ཆས་སུ་ཞུགས། ཧོམ་མདུན་དུ་བཀོད་དེ། པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ྄། ཕྱི་སྣོད་ཀྱི་འཇིག་རྟེན་དབང་དྲག་པདྨ་རོལ་པའི་དུར་ཁྲོད་དྲག་པོའི་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ། ནང་བཅུད་སྐྱེ་འགྲོ་ཐམས་ཅད་དབང་ཆེན་རྟ་མཆོག་རོལ་པ་པདྨ་ཧེ་རུ་ཀ་དཔའ་བོ་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས་པའི་རྣམ་རོལ་དུ་སད་པས་སློབ་དཔོན་དང་སློབ་མ་གཉིས་ཀ་གཙོ་བོ་དབང་དྲག་པདྨ་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བ་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བའི་སྐུར་གྱུར། ཐུགས་དམ་བསྐུལ་བ་ནི། རྐང་གླིང་དང་བཤུགས་པ་དྲག་པོས་རྔམས་རོལ་དང་གཡབ་དྲིལ་བཅས་ཏེ། ཧཱུྃ༔ ཆོས་ཉིད་གདོད་ནས་སྐྱེ་བ་མེད་པ་ལས༔ སྙིང་རྗེ་ཆེན་པོས་སྐྱེ་བའི་སྐུར་བསྟན་པ༔ རྩ་གསུམ་རྒྱལ་བ་མ་ལུས་འདུས་པའི་དངོས༔ འཆི་མེད་དབང་ཆེན་རྟ་མཆོག་རོལ་པ་རྩལ༔ གཙོ་འཁོར་སྤྲུལ་པ་བཀའ་སྡོད་བཅས་པ་ཀུན༔ དུས་ལས་ཡལ་ཡོལ་དབྲི་བཀོལ་མ་མཛད་པར༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་ངང་ཉིད་ལས༔ ཐུགས་དམ་དབང་གིས་ཁྲོས་འཁྲུགས་སྐུར་བཞེངས་ཏེ༔ གདུག་ཅན་དགྲ་བགེགས་གཏུམ་པོ་ཕམ་མཛད་ཕྱིར༔ འཁོར་བཅས་ཐ་ཚིག་གཉན་པོའི་དུས་ལ་བབ༔ གསོལ་ཡང་མི་དགོངས་བསྐུལ་ཡང་མི་བགྱི་ན༔ ཐུགས་དམ་ཞལ་བཞེས་དམ་བཅའ་རྫུན་དུ་ཐལ༔ དེ་ཕྱིར་ཡེ་ཤེས་ཆེན་པོའི་རྩལ་བསྐྱེད་ལ༔ མངོན་སྤྱོད་དམོད་པའི་ཕྲིན་ལས་ཡོངས་གྲུབ་མཛོད༔ གསེར་སྐྱེམས་དང་གཟུ་དཔང་ལ། ཁྱད་པར་དབང་ཆེན་རྟ་མཆོག་ལྷ་ཚོགས་རྣམས༔ ཞེས་ཁ་བསྒྱུར་བྱ། ཧོམ་བསྐྱེད་རྗེས་དགུག་པ་ལ། ཁྱད་པར་འཆི་མེད་པདྨ་དྲག་པོ་རྩ་གསུམ་ཀུན་འདུས་དབང་ཆེན་རྟ་མཆོག་རོལ་པའི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་འཆི་མེད་ཡེ་ཤེས་རྡོ་རྗེའི་ཚེ་དངོས་གྲུབ་ཟབ་མོ་སྒྲུབ་པ་ལ་གླགས་ལྟ་ཞིང་བར་དུ་གཅོད་པའི་ཚེ་བདུད་ལོག་འདྲེན་མ་རུངས་བགེགས་ཀྱི་ཚོགས་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ སརྦ་སིདྡྷི་ཕ་ལ་ཧཱུྃ༔ བཛྲ་ཨངྐུ་ཤ་ཛཿ བཛྲ་པཱ་ཤ་ཧོཿ བཛྲ་སྥོ་ཊ་བྃ༔ བཛྲ་གཎྜེ་ཧོཿ བཛྲ་ཨ་བེ་ཤ་ཡ་ཨཿ བཛྲ་པྲ་བེ་ཤ་ཡ་ཕཊ྄༔ ཞེས་འགུགས་བསྟིམ་དབྱེ་དབབ་རྣམས་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་དང་སྦྱར་བས་བྱས་ལ། དེ་ཡང་དྲག་ཤུལ་གྱི་ཕྲིན་ལས་བརྩམ་པ་པོ་མཉམ་བཞག་ཆོས་སྐུའི་དགོངས་པ་ལྟ་བ་བློ་འདས་མི་གཡོ་བའི་གདེང་གིས་རྫོང་བཟུང་ཞིང༌། རྗེས་ཐོབ་སྙིང་རྗེའི་རྩལ་གྱིས་ཐུགས་རྗེས་གཞན་སྒྲོལ་བའི་ཕྱིར་ལོག་རྡུག་འབྱམས་གསུམ་གྱི་སྐྱོན་བསལ་བའི་ཕྱིར་གསལ་བ་གསུམ་དང་ལྡན་པའི་སྒོམ་པའི་ཏིང་འཛིན་གྱིས་བྱིང་རྒོད་ཀྱི་འཕྲང་བརྒལ་ཏེ་གདུག་པ་དབྱིངས་སུ་བསྒྲལ་བའི་ཕྱིར་སྒྲོལ་བྱེད་ལས་ཀྱི་ཕུར་པ་ལག་ཏུ་གཏད་པས་བསྒྲལ་བྱའི་ཡུལ་དགྲ་བགེགས་ལ་གདབ་སྟེ་ཚེ་ཁྲུས་གནས་གསུམ་གྱི་དགོངས་པའི་མ་རུངས་པའི་སྲོག་འཕྲོག །བསྒྲལ་བྱ་དབྱིངས་སུ་སྤར། ཚེ་བསོད་རྒྱན་དུ་ཐོབ། ཤ་ཁྲག་གི་དམ་རྫས་དབང་དང་དྲག་ཤུལ་རོལ་པའི་དཀྱིལ་འཁོར་གྱི་ལྷ་ལ་ཕུལ་བས་དགྱེས་ཤིང་རྔམས་པའི་ཚུལ་གྱིས་བཞེས་ཏེ། ཕུང་པོ་དུར་ཁྲོད་དུ་བསྒྲལ། ཉོན་མོངས་པའི་བདུད་ཡེ་ཤེས་སུ་དག །སྣང་སྲིད་བདེ་ཆེན་དུ་ཤར་བས་ལྷ་བུའི་བདུད་ལས་རྒྱལ། སྐྱེ་ཤི་ཁུངས་གཏོར་བས་འཆི་མེད་རྡོ་རྗེའི་དབྱིངས་སུ་བཙན་པ་ཟིན་པར་མོས་མཛོད། ཧཱུྃ༔ དཔལ་ཆེན་དྲག་པོ་སོགས་ཀྱིས་ཕུར་པ་གཏད་ཅིང་གདབ་ལས་བྱ། ལིང་རོ་གཏོར་མ་དང་སློབ་མ་ལའང་སྦྱིན། དེ་དག་གིས་འཆི་མེད་རྡོ་རྗེའི་གསང་བ་གསུམ་གྱི་བྱིན་རླབས་དབང་བསྐུར་གྱི་རིམ་པས་སྒོ་གསུམ་སྨིན་པར་བྱས་པས་ཡེ་ཤེས་བདེ་བ་ཆེན་པོ་སྐྱེད་བརྟན་གོང་འཕེལ་གྱི་ཕྱིར། ཚེ་འགུགས་ཤིང་བཅུད་བསྡུ་བ་ལ། སྙིང་གར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཚེའི་རྟེན་ཧྲཱིཿནྲྀ་ཨའི་ཡི་གེ་གསལ་བ་དང༌། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་འཕྲོས། ཕོ་ཉ་ལས་བྱེད་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་ལས་སྤྲུལ་པ་ཡང་སྤྲུལ་ནམ་མཁའ་གང་བར་སྤྲོས་པ་རྣམས་ཀྱིས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་དང་འཁོར་འདས་བརྟན་གཡོའི་བཅུད་དང་དྭངས་མ་ཐམས་ཅད་དབང་མེད་དུ་བསྡུས། འཆི་མེད་ཚེའི་བདུད་རྩི་ཉི་མ་འཆར་ཁའི་མདངས་ལྟ་བུ་སྙིང་གའི་ཚེ་རྟེན་ལ་ཐིམ་པས་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་མོས་ཤིག །མདའ་དར་གཡབ་ཅིང༌། ཧྲཱིཿ སྐྱེ་མེད་འོད་གསལ་རྡོ་རྗེ་སོགས་ཚེ་འགུགས་བཏང་མཐར། འཁོར་འདས་ཚེ་བཅུད་སྙིང་དབུས་ཀྱི༔ ཚེ་ཡི་རྟེན་ལ་གཉིས་མེད་བསྟིམ༔ ཡབ་ཡུམ་སྙོམས་ཞུགས་རྗེས་ཆགས་ཀྱི༔ བདེ་བ་མི་ཕྱེད་རྡོ་རྗེའི་སྲོག༔ འོད་དམར་པདྨ་རཱ་གའི་ཕྲེང༔ ལུ་གུ་རྒྱུད་ཀྱི་ཐག་པ་ཡིས༔ སྐུ་བཅིང་རླུང་རྣམས་དབུ་མར་བཅུག༔ ཐིག་ལེ་ཚེ་རྟེན་དྲྭ་བར་བསྡམས༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ རྡོ་རྗེ་གསུམ་གྱི་སྲོག་ལྡན་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཝཱ་ཙི་རཀྵ་ཧཱུྃ༔ ཞེས་རྒྱས་གདབ་དང་ཤིས་བརྗོད་བཅས་བྱའོ། །དབང་དང་ཆོ་གའི་རྗེས་རིམ་སྤྱི་ལྟར་མཐར་དབྱུང་བར་བྱའོ། །འཇིྃགས་མེདྃ་བདེ་ཆེན་ཡེ་ཤེས་ནི། །མཁྱེནྃ་བརྩེྃ་ནུས་པའི་འོདྃ་ཟེརྃ་འཛུམ། །བཀྲྃ་ཤིསྃ་མཆོག་ཐུན་དངོས་གྲུབ་ཀྱི། །དཔྃལ་འབྱོྃར་མི་ཟད་གཏེར་དུ་གྲུབ། །རྩ་གསུམ་འོད་གསལ་སྙིང་ཐིག་ཡི་དམ་པདྨ་གསུང་འཆི་མེད་དབང་ཆེན་འདུས་པའི་དབང་བསྐུར་བདེ་ཆེན་ཚེ་མཆོག་གྲུབ་པའི་སྲོལ་འབྱེད་ལེ་ཚན་བཅུ་བཞི་པ་ཤིན་ཏུ་དགའ་བའི་རྡོ་རྗེས་སྦྱར་བའོ། ༈ འཇིགས་བྲལ་བདེ་ཆེན་རྡོ་རྗེ་སེམས་དཔའ་མཆོག །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་སློབ་དཔོན་ཚུལ། །ཀུན་མཁྱེནྃ་ཡེ་ཤེས་མེ་ལོང་རྗེས་བརྩེྃའི་གཏེར། །གངས་ཅན་མཁས་གྲུབ་དབྃང་པོྃར་ཤར་གང་རྒྱལ། །རྩ་གསུམ་འོད་གསལ་སྙིང་གི་ཡི་དམ་རྡོ་རྗེའི་རིགས་རྣམ་པར་འཇོམས་པའི་དབང་བསྐུར་བར་འདོད་པས། སྟེགས་བུར་གཞུང་མཐུན་གྱི་དཀྱིལ་འཁོར་བཀྲམ་པའི་སྟེང་མཉྫིའི་ཁར་བུམ་པ་རྫས་ལྡན། དབང་ཁྲུས་སྦྲག་མ་བྱེད་ན་བུམ་རྫས་ཉེར་ལྔའི་སྟེང༌། ཤེལ། རྡོ་རྗེ་ཕ་ལམ། ཨུཏྤལ་སྔོན་པོ། ཤུ་དག །གི་ཝང༌། ག་པུར་བཅས་སྦྱར་ཤིང་ཁྲུས་རྫས་བླུགས། སྔགས་ཕྲེང༌། ཕྱག་མཚན་རྡོ་རྗེ། ཤེལ་དང་མེ་ལོང༌། དབང་གཏོར་དཀར་ཟླུམ་རྣམས་དང༌། མཐའ་སྐོར་ཉེར་སྤྱོད་ཀྱི་མཆོད་པ། ལས་བུམ། ཁྲུས་གླུད་བྱེད་ན་གཏོར་སྣོད་དུ་ཟན་གྱི་གྲུ་བཞི། ཟླུམ་པོ། ཟླ་གམ། གྲུ་གསུམ་གྱི་དབྱིབས་ཅན་གྱི་བཤོས་བུ་བཞི་རྒྱན་ལྡན་དང༌། དེའི་མདུན་དུ་སྐུ་གླུད་སེར་པོ། དཀར་པོ། དམར་པོ། ལྗང་གུ་བཅས་ལ་ཆང་བུ་ཏིང་ལོ་ནམ་རྒྱང་མདའ་འཕང་འབྲུ་སྨན་དར་རས་རིན་ཆེན་སོགས་མཐུན་རྫས་ཀྱིས་གཏམས་པ་དང༌། དཀར་བགེགས་བཅས་འདུ་བྱས་ལ། དབང་དོན་སྒྲུབ་པ་དངོས་ནི། བརྒྱུད་འདེབས་དང༌། སྐྱབས་སེམས་ནི། བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ སྐྱབས་གནས་རྒྱ་མཚོའི་ཚོགས་ལ་སྐྱབས་སུ་མཆི༔ མཐའ་ཀླས་སྲིད་པའི་ཁམས་རྣམས་བསྒྲལ་བའི་ཕྱིར༔ རྡོ་རྗེ་འཛིན་པའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ། ཧཱུྃ་ཧྲཱིཿ རང་ཉིད་ལྷར་གསལ་ཐུགས་ནས་འཕྲོས་པ་ཡི༔ རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་དང༔ འཁོར་ལོ་མེ་ཕུང་ཁྲོ་བོའི་གུར་ཁང་གིས༔ གཉིས་འཛིན་འཁྲུལ་པའི་བགེགས་ཚོགས་མཚམས་བཅད་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧྲཱིཿ འོག་མིན་བདེ་ཆེན་ཆོས་སྐུའི་ཕོ་བྲང་དང༔ ལྷུན་གྲུབ་ཡེ་ཤེས་རང་སྣང་འོད་ལྔའི་ཞིང༔ གང་འདུལ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ནས༔ སྐུ་གསུམ་ལྷ་ཚོགས་རྣམས་ཀྱིས་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃཧྲཱིཿཧྲཱིཿ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་བི་དཱ་ར་བཛྲ་ཛྙཱ་ན་སརྦ་ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨཿ ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཡུལ་དང་དབང་པོ་འབྲེལ་བའི་སྲེད་ལེན་ཀུན༔ བདེ་སྟོང་ཟུང་འཇུག་ཆེན་པོར་མཉམ་སྦྱོར་བའི༔ རོལ་རྩལ་འགགས་མེད་ཀུན་བཟང་མཆོད་པའི་སྤྲིན༔ མཐའ་ཀླས་ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་དང༌། རཱུ་པ། ཤབྡ། གྷནྡྷེ། རཱ་ས། སྤརྴེ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ས་མ་ཡེ་ཨཱཿཧཱུྃ༔ ལན་གསུམ་བརྗོད་ལ། དངོས་གཞིའི་ལྷ་བསྐྱེད་ནས་བཟླས་པའི་བར་གཞུང་མཐར་ཆགས་སུ་བཏང༌། ཛཔ྄་ཁང་ཕྱེས་ལ་བདག་མདུན་ལ་དམིགས་ནས་རྣམ་འཇོམས་ཀྱི་རྒྱུད་ཀྱི་གླེང་གཞི་སྔོན་དུ་འགྲོ་བས་གཟུངས་རྒྱས་པ་ཇི་ལྟར་རིགས་པ་སྔོན་འགྲོས་གཞུང་ལྟར་ཉེ་བསྙེན་གཙོ་བོར་བསགས། རྣམ་བུམ་བསང་སྦྱངས། བྷྲཱུྃ་ལས་རིན་ཆེན་བུམ་པ་མཚན་ཉིད་རྫོགས༔ སོགས་ནས་བསྟོད་པའི་བར་ལས་བྱང་ལྟར་བྱ། བདག་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འཕྲོས་པའི་འོད་ཟེར་གཟུངས་ཐག་ལ་བརྒྱུད་བུམ་ལྷའི་ཐུགས་ཀར་ཕོག་ཐུགས་དམ་གྱི་རྒྱུད་བསྐུལ། སྐུའི་ཆ་ཐམས་ཅད་ལས་རྡོ་རྗེ་བདུད་རྩིའི་རྒྱུན་བབ་པས་བུམ་པ་ཡོངས་སུ་གང་བར་གྱུར། གཟུངས་ཐག་བླངས་ལ་གཟུངས་རིང་ཐུང་ཅི་འགྲུབ་བཟླ། ལས་བུམ་གྱི་ནང་དུ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་རྒྱ་གྲམ། གཡོན་བདུད་རྩིའི་བུམ་པ་བསྣམས་པའི་ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་བསྐོར་བར་དམིགས་ནས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ྄། ཅེས་བསྙེན་པ་ཅི་རིགས་པ་བྱས་ནས། ཐུན་མཐར་དབྱངས་གསལ་རྟེན་སྙིང་མཆོད་བསྟོད་ཡིག་བརྒྱའི་མཐར། དུང་ཆོས་ཀྱི་ཆུ་མཆོད་ཡོན་ཕུལ། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་པས། ལྷ་ཚོགས་འོད་དུ་ཞུ་ནས་བུམ་ཆུ་དང་གཉིས་མེད་འདྲེས་པར་གྱུར་པར་བསམ། བདག་འཇུག་དབང་ལེན་དང་རིག་པའི་མེ་ཏོག་དོར་བ་གང་འོས་བྱས་ལ། སློབ་མ་རྣམས་ཁྲུས་བྱ་གཏོར་མ་གཏོང་ཞིང་བགེགས་བསྐྲད། སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ། སེམས་བསྐྱེད་གསལ་འདེབས་བཅས་སྔོན་དུ་འགྲོ་བས། སྟོན་པ་ཐམས་ཅད་མཁྱེན་པའི་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཆེན་པོ་བཞི་ཀའི་ཕྲིན་ལས་ཀྱི་ལྷ་རབ་འབྱམས་ཀྱི་རྩ་བ་ནི་རྡོ་རྗེ་རྣམ་པར་འཇོམས་པ་སྟེ། འདི་ལའང་གསར་རྙིང་གི་བཀའ་སྲོལ་ཤིན་ཏུ་མང་ཞིང་རེ་རེ་ལའང་དབང་དང་རྗེས་གནང་རིག་གཏད་ཁྲུས་ཀྱི་ཆོ་ག་སོགས་རྒྱས་བསྡུས་མཐའ་ཀླས་ཤིང༌། སྔ་འགྱུར་རྙིང་མའི་ཕྱོགས་སུ་པཎ་ཆེན་བི་མ་མི་ཏྲ་དང༌། གཉགས་ཆེན་ཛྙཱ་ན་ཀུ་མཱ་ར་ལས་བརྒྱུད་པའི་བཀའ་མ་རྣམ་འཇོམས་ཁྲོ་དཀར་ནག་དང༌། གཏེར་སྟོན་གྲུབ་པ་ཡོངས་ཀྱི་རྒྱལ་པོ་རིག་འཛིན་ཀློང་གསལ་སྙིང་པོ་དང་བདུད་འདུལ་རྡོ་རྗེའི་གཏེར་བྱོན་རྣམ་འཇོམས་དཀར་ནག་སོགས་རྒྱ་ཆེར་བཞུགས་པ་ལས། སྐབས་སུ་བབ་པ་འདི་ནི་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་ཤིང་རྟ་པཎ་ཆེན་བི་མ་མི་ཏྲའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་འོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྐོར་ལས་བྱོན་པའི་རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་སྐོར་ཏེ་གཞུང་ལས། རྒྱུད་དོ་ཅོག་གི་རྩ་བ་ཆེ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ གཟུངས་སྔགས་ཟབ་མོའི་ཕྲིན་ལས་འདི༔ མ་འོངས་དོན་དུ་པདྨས་བསྡེབས༔ ཆོས་དབྱིངས་བུམ་སྐུའི་སྒྲོམ་བུར་རྒྱ༔ ནམ་ཞིག་འགྲོ་དོན་དུས་བབ་རྟགས༔ གཟའ་ཀླུ་རྒྱལ་བསེན་རླུང་ལྟར་འཚུབས༔ ནད་གདོན་སྨྱོ་འབོག་ཆུ་ལྟར་གཡོ༔ ཁྱད་པར་དལ་ཡམས་བཙན་ཐབས་འབེབས༔ ཕྱི་སྣོད་འབྱུང་བ་ཁོལ་བུར་གཡོ༔ ནང་བཅུད་སྟོད་སྨད་འཁྲུགས་པ་མང༔ དེ་ཡི་ཚེ་ན་བདག་ཉིད་དང༔ འཇམ་དཔལ་གྲུབ་པའི་སློབ་དཔོན་གྱིས༔ བྱིན་རླབས་སྦས་པའི་རྣལ་འབྱོར་པ༔ འོད་གསལ་སྤྲུལ་པའི་རྡོ་རྗེ་དང༔ འཕྲད་ནས་འབྲེལ་ཚད་དོན་ལྡན་ཤོག༔ ཞེས་གསུངས་པ་ལྟར་དེང་སང་སྙིགས་མའི་མཐར་ཐུག་མི་ཐུབ་པ་ལྔ་བདོ་བའི་སྐབས་གཉེན་པོ་ཟླ་མེད་ངོ་བོ་ལྷ་སྔགས་མདོ་རྒྱུད་ཀུན་ནས་ཡང་ཡང་བསྔགས་པས་ཁུངས་བཙུན་ཞིང༌། རྣམ་པ་ཟབ་ཅིང་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་འདི་ཉིད་ལའང་དབང་ཁྲུས། འབྱུང་ལྔའི་གླུད་གཏོར། སྦྱིན་སྲེག །སྲུང་བ། རྒྱུད་སྡེ་བཞི་དང་འབྲེལ་བའི་བསྐྱེད་རྫོགས་ཀྱི་ཉམས་ལེན་བཅས་ཀུན་ལས་ཁྱད་པར་འཕགས་པའི་ཆེ་བ་དུ་མ་དང་ལྡན་པའི་ལས་ཐམས་ཅད་ཀྱི་རྩ་བ་དབང་བསྐུར་གྱི་རིམ་པ་སྐབས་སུ་བབ་པས་མཎྜལ་ཕུལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧོཿ དཀྱིལ་འཁོར་གཙོ་བོ་རིགས་ཀུན་བདག༔ ཐུགས་རྗེའི་གཏེར་ཆེན་སློབ་དཔོན་གྱིས༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ སྨིན་གྲོལ་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། ཐོག་མར་སྦྱོར་བའི་རིམ་པ་བླ་མ་དང་གཉིས་སུ་མེད་པའི་རྡོ་རྗེ་རྣམ་པར་འཇོམས་པ་ལ་སྐྱབས་ཡུལ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་བཞུགས་པའི་སྤྱན་སྔར་བདག་གཞན་མཁའ་མཉམ་གྱི་འགྲོ་བ་མཐའ་དག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང༌། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། བདག་དང་མཁའ་མཉམ་སོགས་ལན་གསུམ། ཚོགས་ཞིང་དེ་དག་གི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་སྒོ་གསུམ་སྤྱོད་ལམ་མཐུན་པར་ཕྱག་འཚལ་བ་སོགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ། མཁའ་ཁྱབ་ཀྱི་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་ལྷག་པའི་བྱང་ཆུབ་སེམས་དང་མ་བྲལ་བས་རྡོ་རྗེ་ཐེག་པ་ཐུན་མོང་གི་མ་ཡིན་པའི་སྡོམ་པ་རིགས་ལྔ་སྤྱི་དང་བྱེ་བྲག་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་རྣམས་ལེགས་པར་བླངས་ཏེ་སྲུང་སྙམ་པས་འདིའི་རྗེས་ཟློས། ཨོཾ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང༌། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་རྫོགས་གྱུར་ཅིག །ལན་གསུམ། དངོས་གཞི་བྱིན་རླབས་ཀྱི་གཞི་འགོད་པ་ལ། སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་སློབ་མའི་མ་དག་པའི་སྣང་བ་ཐམས་ཅད་སྟོང་པར་སྦྱངས་པར་བསམ་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་སྣོད་བཅུད་རྣམ་པར་དག་པ་རྡོ་རྗེའི་ཞིང་ཁམས་ཆེན་པོའི་དབུས་སུ་པད་ཉིའི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ། སྒེག་ཅིང་ཁྲོ་བོའི་ཉམས་ཅན། རལ་པའི་ཅོད་པན་གྱིས་མཛེས་པ། ཕྱག་གཡས་རྡོ་རྗེ་རྒྱ་གྲམ་ཕྱོགས་གསུམ་པ་ཐུགས་ཀར་གསོར་ཞིང༌། གཡོན་དྲིལ་བུ་དཀུར་བརྟེན་ནས་འགྱིང་བ། དར་སྔོན་པོས་སྟོད་གཡོགས་དང་ཚིག་གུའི་སྨད་དཀྲིས་ཅན། རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་རོལ་པའོ། །དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་ཕྱོགས་བཅུའི་ཞིང་རབ་འབྱམས་སུ་འཕྲོས་པས་སངས་རྒྱས་བྱང་སེམས་རྩ་གསུམ་ལྷ་ཚོགས་ཐམས་ཅད་རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་སྐུ་དང་ཡིག་འབྲུ་ཕྱག་མཚན་གཟི་བྱིན་འོད་ཕུང་གི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་བྱོན་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་མར་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་ཅིག །རོལ་མོའི་སྒྲ་དང་བཅས་སྤོས་བསྲེག །ལས་བྱང་གི་སྤྱན་འདྲེན་མཐར། ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་ཝཱ་ར་ཨེ་ཧྱ་ཧི་ཛཿཧཱུྃ་བྃ་ཧོཿ ཨོཾ་བཛྲ་ཨ་བེ་ཤ་ཡ་ཨ་ཨ༔ ཞེས་བརྗོད་ཅིང་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དབང་དངོས་ལ་བུམ་པའི་དབང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་རྡོ་རྗེ་བདུད་རྩིའི་ཆུ་རྒྱན་གྱིས་གང་བས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཁྲུས་བྱས་ཤིང་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་བཏེགས་ལ། ཧཱུྃ༔ བུམ་པ་ཟླུམ་པོ་སྤྲོས་བྲལ་ཆོས་སྐུའི་ཀློང༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་དཀྱིལ་འཁོར་ལྷ༔ འོད་ཞུ་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས༔ ཕུང་ཁམས་སྐྱེ་མཆེད་སྒྲིབ་གཉིས་དག་པར་ཤོག༔ གཟུངས་སྔགས་དང༌། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་རྡོ་རྗེ་བདུད་རྩིའི་རྒྱུན་གྱིས་ཁྱེད་རང་གི་ལུས་ཀྱི་ནང་ཐམས་ཅད་གང༌། གྲིབ་དང་མི་གཙང་བ་ཐམས་ཅད་བྱང༌། བདེ་བ་ཆེན་པོ་ཉམས་སུ་མྱོང༌། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། དེས་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །སྐུ་ཕྱག་རྒྱའི་རྣལ་འབྱོར་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །གཉིས་པ་གསུང་བཟླས་པའི་ལུང་སྦྱིན་ཅིང་དབང་བསྐུར་བའི་སླད་དུ། སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང༌། ཞལ་ནས་ཐོན། ཁྱེད་རང་གི་ཞལ་དུ་ཞུགས་ཐུགས་ཀའི་ཧཱུྃ་ཡིག་གི་མཐར་འཁོད་པར་བསམས་ལ་ཆེ་བ་བརྗོད་པ་ཚར་གཅིག་བཀླག །གཟུངས་དངོས་ཀྱི་རྗེས་ཟློས་ལན་གསུམ་བྱར་གཞུག །དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་བརྟན་པར་བྱས་པའི་མོས་པ་བྱ། མཐར་ཕན་ཡོན་དྲན་པ་ཚར་གཅིག་བཀླག །དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག་སྟེ་དབང་བསྐུར་བའི་མོས་མཛོད། སྔགས་བྱང་སྔགས་ཕྲེང་མགྲིན་པར་བཞག་ལ། ཧཱུྃ༔ བཅོམ་ལྡན་གསང་བའི་བདག་པོའི་ཡེ་ཤེས་ལས༔ ཡོངས་ཤར་ཐབས་ཤེས་ཟུང་འཇུག་ཡི་གེའི་སྤྲིན༔ ནུས་པ་སྔགས་ཀྱི་ཕྲེང་བས་དབང་བསྐུར་བས༔ འགྲོ་འོང་རླུང་གི་སྒྲིབ་གཉིས་དག་གྱུར་ཅིག༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ དེས་གསུང་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །གསུང་བཟླས་བརྗོད་བྱེད་པ་ལ་དབང་བར་བྱས་པ་ཡིན་ནོ། །ཐུགས་ཀྱི་དབང་བསྐུར་བའི་སླད་དུ། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཁྲོ་རྒྱལ་ཆེན་པོའི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་མཐིང་ནག་རྩེ་ལྔ་པ་བྱུང་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་དང་བཅས་ཏེ་འོད་གསལ་རྣམ་པར་མི་རྟོག་པའི་དབྱིངས་སུ་མཉམ་པར་འཇོག་མཛོད། རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ ཆོས་ཅན་སྣང་བའི་དངོས་པོ་ཇི་སྙེད་ཀུན༔ ཆོས་ཉིད་བདེ་སྟོང་ཟུང་འཇུག་རྡོ་རྗེའི་དབྱིངས༔ ཡེ་ཤེས་ལྷ་ཡི་ཐུགས་ཀྱི་དབང་བསྐུར་བས༔ གཟུང་འཛིན་རྟོག་ཚོགས་སྒྲིབ་གཉིས་དག་པར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ཐུགས་གཉིས་མེད་ཡེ་ཤེས་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །ཕོ་ཉའི་ལམ་ལས་སྐྱེས་པའི་དཔེའི་ཡེ་ཤེས་ཀྱི་རང་ངོར་བལྟས་ཏེ་མཉམ་པར་བཞག་པས་དོན་དམ་དཔེ་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རིག་སྟོང་ནམ་མཁའ་ལྟ་བུའི་དགོངས་པ་ཤེལ་དང་མེ་ལོང་གི་བརྡས་ངོ་སྤྲད་པ་མངོན་དུ་གྱུར་པ་དེ་ཉིད་བསྐྱང་བར་ཞུ། ཤེལ་རྡོ་དང་མེ་ལོང་བསྟན་ལ། ཧཱུྃ༔ དཔེ་ཡི་ཐབས་ལས་བྱུང་བའི་ཉམས་མྱོང་ནི༔ དོན་དམ་ལྷན་སྐྱེས་རྡོ་རྗེ་རྣམ་པར་འཇོམས༔ ཀ་དག་ལྷུན་གྲུབ་དབྱེ་མེད་དབང་བསྐུར་བས༔ རྩ་རླུང་ཐིག་ལེའི་སྒྲིབ་གཉིས་དག་གྱུར་ཅིག༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ དེས་ཡེ་ཤེས་རྡོ་རྗེའི་དབང་བཞི་པ་ཐོབ། སྒོ་གསུམ་ཆ་མཉམ་པའི་སྒྲིབ་པ་དག །རྫོགས་པ་ཆེན་པོ་སྒོམ་པ་ལ་དབང༌། ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་བརྟན་པར་བྱ་བའི་སླད་དུ། གཏོར་མ་འདི་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པའི་མོས་པ་མཛོད། གཏོར་མ་མགོར་བཞག་ལ། ཧཱུྃ༔ ཕྱི་སྣོད་དག་པ་རབ་འབྱམས་རྡོ་རྗེའི་གྲོང༔ ནང་བཅུད་ཡི་དམ་ལྷ་ཡི་དཀྱིལ་འཁོར་བཞུགས༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་ཤོག༔ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ མཐར་གཏོར་མའི་ལྷ་ཚོགས་རྣམས་འོད་དུ་མེར་གྱིས་ཞུ་སྟེ་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང༌། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་སྐུ་གསུང་ཐུགས་བྱང་ཆུབ་སྙིང་པོའི་བར་དུ་དབྱེར་མི་ཕྱེད་པར་གྱུར་ནས། ཡོན་ཏན་དང་ཕྲིན་ལས་རྒྱ་མཚོར་དབང་འབྱོར་བ་ལ་སློབ་དཔོན་མདུན་བསྐྱེད་དང་བཅས་པས་མེ་ཏོག་གི་ཆར་འབེབས་ཤིང་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཅེས་མཚམས་སྦྱར་ལ་ཤིས་བརྗོད་ཇི་ལྟར་འོས་པ་བྱ་ཞིང་མེ་ཏོག་འཐོར། རོལ་མོ་བསྒྲགས། རྒྱས་པར་སྤྲོ་ན་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་སོགས་ཀྱིས་ཀྱང་མངའ་གསོལ་བར་བྱ། རྩ་བའི་དབང་བསྐུར་འདི་ཡན་གྱིས་གྲུབ་ལ། རྗེས་འབྲེལ་ཁྲུས་ཀྱི་ཆོ་ག་བྱེད་ན། གཏོར་དབང་གི་ཡོན་ཏན་དང་ཕྲིན་ལས་རྒྱ་མཚོ་ལ་དབང་འབྱོར་བ་ཡིན་ནོ། །ཞེས་པའི་རྗེས། དེ་དག་གིས་དབང་བཞི་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ་ནས། རྗེས་འབྲེལ་ཉམས་གྲིབ་སེལ་བ་ཁྲུས་ཀྱི་ཆོ་ག་བགྱི་བ་ལ་ཐུགས་དམིགས་འདི་ལྟར་གནང་མཛོད། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཁྲོ་བོ་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་བཅུའི་ཚོགས་ཀྱི་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མ་ཛཿས་སྤྱན་དྲངས་ལ། ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་གྱུར་པ་ནི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། སྤྱན་དྲངས་པའི་ལྷ་རྣམས་དང་བུམ་པའི་ལྷ་དབྱེར་མེད་པ་ནམ་མཁའ་གང་བའི་ལྷ་ཚོགས་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་ཁྲུས་མཛད་པས་ཁྱེད་རང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བུ་ག་དང་བ་སྤུའི་ཁུང་བུ་རྣམས་ནས་དུད་ཁུ་འཛག་པ་ལྟར་ནག་ཉིལ་གྱིས་ཐོན་ནས་ལུས་དུང་དཀར་པོའི་རྡུལ་ཕྱིས་པ་ལྟར་སྦྱངས་ཤིང་ཡེ་ཤེས་ཀྱི་བདུད་རྩིས་ཆིལ་གྱིས་གང་བར་མོས་ལ། རྣམ་བུམ་གྱི་ཁྲུས་ཆུས་བཀྲུས་ཏེ། ཧཱུྃ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ བསྐྱེད་པ་སྐུ་ཡི་བདུད་རྩིའི་ཆུས༔ དེང་འདིར་ཁྱོད་ལ་ཁྲུས་བགྱིས་པས༔ ལུས་ཀྱི་གྲིབ་དང་མི་གཙང་དང༔ ནད་གདོན་སྡིག་སྒྲིབ་དག་གྱུར་ཅིག༔ གཟུངས་སྔགས་དང༌། ཀཱ་ཡ་བི་ཤོ་དྷ་ན་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནད་ཐམས་ཅད༴ གདོན་ཐམས་ཅད༴ བགེགས་ཐམས་ཅད༴ གྲིབ་ཐམས་ཅད༴ མི་གཙང་བ་ཐམས་ཅད༴ སྡིག་པ་ཐམས་ཅད༴ སྒྲིབ་པ་ཐམས་ཅད༴ བར་དུ་གཅོད་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད༴ ཧཱུྃ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ བཟླས་པ་སྔགས་ཀྱི་བདུད་རྩིའི་ཆུས༔ དེང་འདིར་ཁྱེད་ལ་ཁྲུས་བགྱིས་པས༔ ངག་གི་གྲིབ་དང་མི་གཙང་དང༔ ནད་གདོན་སྡིག་སྒྲིབ་དག་གྱུར་ཅིག༔ གཟུངས་སྔགས་མཐར། ཝཱཀ་བི་ཤོ་དྷ་ན་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནད་ཐམས་ཅད༴ གདོན་ཐམས་ཅད༴ སོགས་སྔ་མ་ལྟར་སྦྱར། ཧཱུྃ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ འོད་གསལ་ཡེ་ཤེས་བདུད་རྩིའི་ཆུས༔ དེང་འདིར་ཁྱོད་ལ་ཁྲུས་བགྱིས་པས༔ ཡིད་ཀྱི་གྲིབ་དང་མི་གཙང་དང༔ ནད་གདོན་སྡིག་སྒྲིབ་དག་གྱུར་ཅིག༔ གཟུངས་སྔགས་མཐར། ཙིཏྟ་བི་ཤོ་དྷ་ན་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནད་ཐམས་ཅད༴ གདོན་ཐམས་ཅད༴ སོགས་གོང་ལྟར་འགྲེ། ཧཱུྃ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ གསང་གསུམ་དབྱེར་མེད་བདུད་རྩིའི་ཆུས༔ དེང་འདིར་ཁྱོད་ལ་ཁྲུས་བགྱིས་པས༔ སྒོ་གསུམ་གྲིབ་དང་མི་གཙང་དང༔ ནད་གདོན་སྡིག་སྒྲིབ་དག་གྱུར་ཅིག༔ གཟུངས་སྔགས་མཐར། ཀཱ་ཡ་ཝཱཀ་ཙིཏྟ་བི་ཤོ་དྷ་ན་ཡེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནད་ཐམས་ཅད༴ གདོན་ཐམས་ཅད་སོགས། སྤྲོ་ན་ཡེ་ཤེས་རྣམ་ལྔ་དང༔ ཕར་ཕྱིན་དྲུག་གི་ཁྲུས་ཀྱང་བྱ༔ ཞེས་གསུངས་པས་རྒྱས་པར་བྱ་ན། ཧཱུྃ༔ བདུད་རྩིའི་ཆུ་བོ་ཁྲུས་ཀྱི་རྫིང༔ མེ་ལོང་ཡེ་ཤེས་རང་བཞིན་གྱིས༔ ཉོན་མོངས་ཞེ་སྡང་ལས་གྱུར་པའི༔ མི་མཐུན་ཕྱོགས་ཀུན་ཞི་གྱུར་ཅིག༔ སྔགས་མཐར། ཉོན་མོངས་པ་ཞེ་སྡང་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ་ལོག་པའི་རྒུད་པ་ཐམས་ཅད་ཤཱནྟིཾ༴ ཧཱུྃ༔ བདུད་རྩིའི་ཆུ་བོ༴ ཆོས་དབྱིངས་ཡེ་ཤེས༴ ཉོན་མོངས་གཏི་མུག༴ མི་མཐུན༴ ཉོན་མོངས་པ་གཏི་མུག་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ༴ ཧཱུྃ༔ བདུད་རྩིའི་ཆུ་བོ༴ མཉམ་ཉིད་ཡེ་ཤེས༴ ཉོན་མོངས་ང་རྒྱལ༴ མི་མཐུན༴ ཉོན་མོངས་པ་ང་རྒྱལ་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ༴ ཧཱུྃ༔ བདུད་རྩིའི་ཆུ་བོ༴ སོར་རྟོག་ཡེ་ཤེས༴ ཉོན་མོངས་འདོད་ཆགས༴ མི་མཐུན༴ ཉོན་མོངས་པ་འདོད་ཆགས་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ་ལོག་པའི་རྒུད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ བདུད་རྩིའི་ཆུ་བོ༴ བྱ་གྲུབ་ཡེ་ཤེས་རང་བཞིན་གྱིས༔ ཉོན་མོངས་ཕྲག་དོག་ལས་གྱུར་པའི༔ མི་མཐུན་ཕྱོགས་ཀུན༴ ཉོན་མོངས་པ་ཕྲག་དོག་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ་ལོག་པའི་རྒུད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ རང་བྱུང་ཡེ་ཤེས་བདུད་རྩིའི་ཆུས༔ བརྟན་གཡོའི་རྒུད་པ་ཀུན་སྦྱངས་ནས༔ ཀློང་ལྔའི་དབྱིངས་ལས་རིག་པའི་གདངས༔ རྟག་ཏུ་བཀྲ་ཤིས་འཕེལ་གྱུར་ཅིག༔ གཟུངས་སྔགས་དང་རྟེན་འབྲེལ་སྙིང་པོ་བརྗོད་ཅིང་བཀྲུའོ། ཧཱུྃ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་པ། །གཏོང་བ་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །གཟུངས་སྔགས་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་ཁྲུས་སྔགས་གདགས་པས་བཀྲུ། དེ་བཞིན་དུ། འདི་ནི་ཚུལ་ཁྲིམས༴ འཆལ་བའི༴ སྲུང་བ༴ ཁྲུས་ལེགས༴ གཟུངས་སྔགས་དང་ཁྲུས་སྔགས། འདི་ནི་བཟོད་པའི༴ ཁོང་ཁྲོའི༴ བྱམས་པའི༴ ཁྲུས་ལེགས༴ སྔགས་མཐར། འདི་ནི་བརྩོན་འགྲུས༴ ལེ་ལོའི༴ བརྩོན་པའི༴ ཁྲུས་ལེགས༴ སྔགས་མཐར། འདི་ནི་བསམ་གཏན༴ རྣམ་གཡེང༴ ཏིང་འཛིན༴ ཁྲུས་ལེགས༴ སྔགས་མཐར། འདི་ནི་ཤེས་རབ༴ ཤེས་འཆལ༴ ཡེ་ཤེས༴ ཁྲུས་ལེགས༴ སྔགས་མཐར། ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་སོགས་སྔ་མ་ལྟར་ལན་གཅིག་སྦྱར། ཞེས་བརྗོད་པའི་དོན་བཞིན་ཕྱི་ནང་གི་དྲི་མ་ཐམས་ཅད་དག་པར་བསམ་ལ་བུམ་ཆུ་སྤྱི་བོ་ནས་བླུགས་ཏེ་བཀྲུ། གལ་ཏེ་དངོས་སུ་བཀྲུར་མི་རུང་ན་མེ་ལོང་སོགས་ལ་ཤར་བའམ་གཟུགས་བརྙན་ལའང་བཀྲུ་རུང་བར་གསུངས། མཐར་སྨེ་བརྩེགས་ཀྱི་སྔགས་དང༌། ཨེ་ཧོ་ཤུདྡྷེ་སོགས་འབྱུང་ལྔའི་ཁྲུས་སྔགས་ཀྱང་སྦྱར་ན་ལེགས་པའི་ཕྱག་སྲོལ་མཛད་མ་སྦྱར་ཀྱང་ཆད་སྐྱོན་མེད། དེ་ནས་བྱབས་པ་ནི། ཁྲུས་ཆུ་ཅུང་ཟད་ཁར་འཛིན་དུ་བཅུག་ལ། བྱབས་པ་དང་མཉམ་དུ་ཕྱིར་འདོར་བཅུག་ཏེ། སློབ་དཔོན་གྱི་ཀུ་ཤ་དང་རྨ་བྱའི་སྒྲོ་ཆུན་རྡོ་རྗེ་དང་བཅས་པས་བྱབས་པའི་མོད་ལ་མདུན་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བ་ཁྱེད་རང་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བསྡུས་ཏེ་མདུན་དུ་བྱབས་པར་གྱུར། ཁྲུས་གླུད་བྱེད་ན། མདུན་གྱི་ཁྲུས་གླུད་ལ་ཐིམ་པར་གྱུར། ཞེས་བརྗོད་ལ་ཀུ་ཤ་རྨ་བྱའི་སྒྲོ་ཆུན་རྡོ་རྗེ་དང་བཅས་པ་ལག་ཏུ་ཐོགས་པས་བསྒྲུབ་བྱའི་སྤྱི་བོ་ནས་རྐང་པའི་བར་དུ་བྱབས་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ བྱིན་རླབས་ཐུགས་རྗེའི་བདེན་སྟོབས་ཀྱིས༔ བསྒྲུབ་བྱའི་ལུས་ཀྱི་ནད་གདོན་བགེགས༔ གྲིབ་དང་མི་གཙང་སྡིག་སྒྲིབ་ཀུན༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ གཟུངས་སྔགས་མཐར། ཀཱ་ཡ་བི་ཤོ་དྷ་ན་ཨ་པ་ནཱ་ཡེ་སྭཱ་ཧཱ༔ ནད་ཐམས་ཅད་ཨ་པ་ནཱ་ཡེ་སྭཱ་ཧཱ༔ གདོན་ཐམས་ཅད༴ བགེགས་ཐམས་ཅད༴ གྲིབ་ཐམས་ཅད༴ མི་གཙང་བ་ཐམས་ཅད༴ སྡིག་པ༴ སྒྲིབ་པ༴ བར་དུ་གཅོད་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ཨ་པ་ནཱ་ཡེ་སྭཱ་ཧཱ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་གསུང༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ སོགས་སྔགས་དང་སྤེལ་ཚིག་སྦྱར། ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས༔ རྡོ་རྗེ་རྣམ་པར་འཇོམས་པ་སོགས་སྔགས་དང་སྤེལ་ཚིག་སྔ་མ་ལྟར་སྦྱར་བས་བྱབས། རྒྱས་པར་སྤྲོ་ན་འབྱུང་བཞི་སོ་སོའི་རྫས་ཀྱིས་བསྐོར་ཞིང་སྐུ་གླུད་ཀྱི་ནང་སོགས་སུ་དོར། ཀུ་ཤ་དང་རྨ་བྱའི་ཆུན་པོས་བྱབས་ལ། ཁྱེད་རང་རྣམས་ལ་འབྱུང་བ་བཞི་སོ་སོའི་རྫས་ཀྱིས་བསྐོར་ཞིང་དོར་བས་དེ་དག་ལས་བྱུང་བའི་ནད་གདོན་གྲིབ་ཀྱི་ཚོགས་ཐམས་ཅད་སངས་ཀྱིས་བསལ། དག་བྱེད་དགེ་བའི་རྫས་ཀུ་ཤ་དང་རྨ་བྱའི་ཆུན་པོས་བྱབས་པས་དུ་བ་རླུང་གིས་བདས་པ་ལྟར་མི་མཐུན་པའི་ཕྱོགས་ཐམས་ཅད་སངས་ཀྱིས་དག་པར་མོས་མཛོད། ཧཱུྃ༔ ས་ནི་དུག་གི་ཕ་ཡིན་ཏེ༔ ས་ནི་དུག་གི་མ་ཡང་ཡིན༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ གཅིག་བསྡུས་བཅོམ་ལྡན་གསང་བའི་བདག༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ བྱིན་རླབས་ཐུགས་རྗེའི་ནུས་སྟོབས་དང༔ ལྷ་སྔགས་ཡེ་ཤེས་རོལ་པ་ཡིས༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ ཁྱེད་ཀྱི་བད་ཀན་ལས་གྱུར་ནད༔ ལྕི་ཞིང་འཐིབས་པའི་རིགས་རྣམས་ཀུན༔ འབྱུང་བ་ས་ཡི་ཀློང་དུ་ཐིམ༔ ནད་དང་སྡུག་བསྔལ་བྲལ་བར་ཤོག༔ གཟུངས་སྔགས་མཐར། སརྦ་རོ་གེ་བྷྱཿ ལཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ཆུ་ནི་དུག་གི་ཕ་ཡིན་ཏེ༔ ཆུ་ནི་དུག་གི་མ་ཡང་ཡིན༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ གཅིག་བསྡུས་བཅོམ་ལྡན་གསང་བའི་བདག༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ བྱིན་རླབས་ཐུགས་རྗེའི་ནུས་སྟོབས་དང༔ ལྷ་སྔགས་ཡེ་ཤེས་རོལ་པ་ཡི༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ ཁྱོད་ཀྱི་ཁྲག་དང་ཆུ་སེར་ནད༔ ཞེན་ཅིང་ཁྱབ་པའི་རིགས་རྣམས་ཀུན༔ འབྱུང་བ་ཆུ་ཡི་ཀློང་དུ་ཐིམ༔ ནད་དང་སྡུག་བསྔལ་བྲལ་བར་ཤོག༔ གཟུངས་སྔགས་མཐར། སརྦ་རོ་གེ་བྷྱཿ བཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ མེ་ནི་དུག་གི་ཕ་ཡིན་ཏེ༔ མེ་ནི་དུག་གི་མ་ཡང་ཡིན༔ སངས་རྒྱས་ཀུན་གྱི༴ གཅིག་བསྡུས་བཅོམ་ལྡན༴ རྡོ་རྗེ་རྣམ་པར༴ བྱིན་རླབས༴ ལྷ་སྔགས་ཡེ་ཤེས༴ བདེན་པའི་བདེན་ཚིག༴ ཁྱོད་ཀྱི་མཁྲིས་པ་ལས་གྱུར་ནད༔ ཚ་ཞིང་བསྲེགས་པའི་རིགས་རྣམས་ཀུན༔ འབྱུང་བ་མེ་ཡི་ཀློང་དུ་ཐིམ༔ ནད་དང་སྡུག་བསྔལ་བྲལ་བར་ཤོག༔ གཟུངས་སྔགས་མཐར། སརྦ་རོ་གེ་བྷྱཿ རཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ རླུང་ནི་དུག་གི་ཕ་ཡིན་ཏེ༔ རླུང་ནི་དུག་གི་མ་ཡང་ཡིན༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ གཅིག་བསྡུས་བཅོམ་ལྡན༴ རྡོ་རྗེ་རྣམ་པར༴ བྱིན་རླབས༴ ལྷ་སྔགས༴ བདེན་པའི༴ ཁྱོད་ཀྱི་རླུང་ལས་གྱུར་པའི་ནད༔ ཡང་ཤིང་གཡོ་བའི་རིགས་རྣམས་ཀུན༔ འབྱུང་བ་རླུང་གི་ཀློང་དུ་ཐིམ༔ ནད་དང་སྡུག་བསྔལ་བྲལ་བར་ཤོག༔ གཟུངས་སྔགས་མཐར། སརྦ་རོ་གེ་བྷྱཿ ཡཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ཀུ་ཤ་དང་རྨ་བྱས་བྱབས་ལ། སླར་ཡང་དཀོན་མཆོག་གསུམ་གྱི་བདེན་པའི་སྟོབས་བརྗོད། དེ་ལྟར་བྱབས་པས་བཞི་བརྒྱ་རྩ་བཞིའི་ནད་ཀྱི་རྒྱུ་འབྲས་ཐམས་ཅད་བྱང་ཞིང་དག་ནས་སྒོ་གསུམ་ཤེལ་གོང་ལྟར་གྱུར་པའི་མོས་པ་མཛོད། འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ བཅོམ་ལྡན་སངས་རྒྱས་དུག་མི་མངའ༔ སངས་རྒྱས་བདེན་པའི་དུག་བཅོམ་མོ༔ བསྒྲུབ་བྱའི་ལུས་ངག་ཡིད་གསུམ་ལ༔ དུག་གསུམ་རྒྱུ་ལས་སྐྱེས་པ་ཡི༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་ཀུན༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ གཟུངས་སྔགས་མཐར། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་རོ་གེ་བྷྱཿ ཨ་པ་ནཱ་ཡེ་སྭཱ་ཧཱ༔ རླུང་ལས་གྱུར་པའི་ནད་ཐམས་ཅད་ཨ་པ་ནཱ་ཡེ་སྭཱ་ཧཱ༔ མཁྲིས་པ་ལས་གྱུར་པའི་ནད་ཐམས་ཅད་ཨ་པ་ནཱ་ཡེ་སྭཱ་ཧཱ༔ བད་ཀན་ལས་གྱུར་པའི་ནད་ཐམས་ཅད༴ ལྡན་པ་ལས་གྱུར་པའི་ནད༴ འདུས་པ་ལས་གྱུར་པའི་ནད་ཐམས་ཅད་ཨ་པ་ནཱ་ཡེ་སྭཱ་ཧཱ༔ དེ་བཞིན་ཐོག་མཐའ་འདྲ་བ་ལ། སྐྱོབ་པ་དམ་ཆོས་དུག་མི་མངའ༔ དམ་ཆོས་བདེན་པས་དུག་བཅོམ་མོ༔ འཕགས་པའི་དགེ་འདུན་དུག་མི་མངའ༔ དགེ་འདུན་བདེན་པས་དུག་བཅོམ་མོ༔ ཞེས་ཁ་བསྒྱུར་བས་བྱབས། བུམ་པའི་ཆུས་ཁྲུས་བྱས་ལ། སླར་ཡང་ལྷ་ཚོགས་རྣམས་ཀྱིས་བདུད་རྩིའི་ཆུ་རྒྱུན་གྱི་ཁྲུས་མཛད་པས་བཞི་བརྒྱ་རྩ་བཞིའི་ནད་ཀྱི་ཚོགས་ཐམས་ཅད་ལྷག་མེད་དུ་བཀྲུས་པར་མོས་མཛོད། ཧཱུྃ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ ངོ་བོ་ཆོས་སྐུའི་བདུད་རྩིའི་ཆུས༔ དེང་འདིར་ཁྱོད་ལ་ཁྲུས་བགྱིས་པས༔ ཡོངས་གྲུབ་ཚེ་ཡི་ནད་ཀྱི་རིགས༔ བཞི་བརྒྱ་རྩ་བཞི་ཞི་གྱུར་ཅིག༔ གཟུངས་སྔགས་མཐར། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་རོ་གེ་བྷྱཿ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རླུང་ལས་གྱུར་པའི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ༴ མཁྲིས་པ་ལས་གྱུར་པའི་ནད༴ བད་ཀན་ལས་གྱུར་པའི་ནད་ཐམས་ཅད༴ ལྡན་པ་ལས་གྱུར་པའི་ནད༴ འདུས་པ་ལས་གྱུར་པའི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ རང་བཞིན་ལོངས་སྐུའི་བདུད་རྩིའི་ཆུས༔ དེང་འདིར་ཁྱོད་ལ་ཁྲུས་བགྱིས་པས༔ གཞན་དབང་སྔོན་ལས་ལས་གྱུར་ནད༔ བཞི་བརྒྱ་རྩ་བཞི་ཞི་གྱུར་ཅིག༔ གཟུངས་སྔགས་མཐར། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་རོ་གེ་བྷྱེཿ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རླུང་ལས་གྱུར་པའི་ནད་ཐམས་ཅད་སོགས་སྔ་མ་ལྟར་སྦྱར། ཧཱུྃ་༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ ཐུགས་རྗེ་སྤྲུལ་སྐུའི་བདུད་རྩིའི༴ དེང་འདིར་ཁྱོད་ལ་ཁྲུས༴ ཀུན་བརྟགས་གདོན་ལས་གྱུར་པའི་ནད༔ བཞི་བརྒྱ་རྩ་བཞི་ཞི་གྱུར་ཅིག༔ གཟུངས་སྔགས་མཐར། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་རོ་གེ་བྷྱཿ ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རླུང་ལས་གྱུར་སོགས། ཧཱུྃ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ སྐུ་གསུམ་དབྱེར་མེད་བདུད་རྩིའི་ཆུས༔ དེང་འདིར༴ ལྟར་སྣང་འཕྲལ་རྐྱེན་ལས་གྱུར་ནད༔ བཞི་བརྒྱ་རྩ་བཞི་ཞི་གྱུར་ཅིག༔ གཟུངས་སྔགས་མཐར། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་རོ་གེ་བྷྱཿ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རླུང་ལས་སོགས། འབྱུང་བཞིའི་གཏོར་མ་ཆབ་ཀྱིས་བྲན། རྃ་ཡྃ་ཁྃ་གིས་བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་འབྱུང་བ་སོ་སོའི་བྱེད་ལས་དང་མཚན་ཉིད་ཐམས་ཅད་ཚང་བ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། གླུད་གཏོར་བསང་སྦྱང༌། སྟོང་པའི་ངང་ལས་གླུད་གཏོར་ཕུང་ཁམས་སྐྱེ་མཆེད་ཚང་ཞིང་མཛེས་པ་འདོད་དགུའི་འབྱོར་པ་དང་བཅས་པར་གྱུར། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ལན་གསུམ། རྫས་རྣམས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། ནམཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུདག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། འདོད་པའི་ཡོན་ཏན་ལྔ་ལྡན་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄། ཡོ་བྱད་ཐམས་ཅད་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀེ་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཡོ་བྱད་ཐམས་ཅད་སོ་སོའི་བསམ་པ་དང་མཐུན་པར་གྱུར། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀེ་ཏེ་ན་མཿས་མནྟ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲཱི་ད་ཡ་ཛྭ་ལ་ནི་ཧཱུྃ། ཡོ་བྱད་ལ་མགྲོན་རྣམས་འཐབ་རྩོད་མེད་པར་ལོངས་སྤྱོད་པར་གྱུར། ན་མཿས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་རི་པྲ་བྷཉྫ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། མགྲོན་རྣམས་ཐམས་ཅད་བདག་གི་དབང་དུ་འདུས་པར་གྱུར། ན་མོ། བདག་གི་བསམ་པའི་སྟོབས་དག་དང༌། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །ལན་ཆགས་མགྲོན་རྣམས་བརྔན་པ་དང༌། །སེམས་ཅན་ཀུན་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་པས་ཀྱང་བྱིན་གྱིས་བརླབས་པ་རྒྱ་ཆེར་བྱ། མགྲོན་འགུགས་པ་ནི། འདོད་རྒྱལ་གྱི་སྔགས་དང་ཕྱག་རྒྱ་བྱས་ལ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང༌། ཁྱད་པར་དུའང་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་ལས་བསྒྲུབ་བྱ་འདིའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་གདུག་པའི་སེམས་འཆང་བའི་གྲིབ་བདག་འབྱུང་པོ་གདུག་པ་ཅན་ཐམས་ཅད་གླུད་ཀྱི་གཏོར་མ་ལེན་པའི་ཆེད་དུ་སྐད་ཅིག་ཡུད་ཙམ་གྱིས་འདིར་མཆིས་པར་གྱུར་ཅིག །རྣམ་འཇོམས་གཟུངས་སྔགས་མཐར། ཨོཾ་བཛྲ་ཨ་ཀརྵ་ཡ་ཛཿཛཿཧཱུྃ་བྃ་ཧོཿ ལན་གསུམ། ཧཱུྃ༔ ང་ནི་བཅོམ་ལྡན་གསང་བའི་བདག༔ རྡོ་རྗེ་རྣམ་པར་འཇོམས་པ་སྟེ༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་དང༔ བྱིན་རླབས་ཐུགས་རྗེ་གཅིག་བསྡུས་ནས༔ གདུག་པ་འདུལ་བར་དབང་ཡང་བསྐུར༔ དེ་ཕྱིར་གདོན་བགེགས་འབྱུང་པོ་ཀུན༔ ང་ཡི་བཀའ་ལས་འདའ་མ་བྱེད༔ ཁྲོ་རྒྱལ་རྡོ་རྗེའི་བཀའ་ལས་ནི༔ འབྱུང་པོ་གང་ཞིག་འདའ་བྱེད་པའི༔ ལུས་ངག་ཡིད་གསུམ་རྡུལ་དུ་རློགས༔ མིང་ཡང་གྲགས་པར་མི་འགྱུར་ཕྱིར༔ དེ་བས་དམ་ལ་གནས་པར་གྱིས༔ གཟུངས་སྔགས་ལན་གསུམ་བཟླ་ཞིང་རྡོ་རྗེ་གསོར་བས་འབྱུང་པོ་རྣམས་དམ་ལ་གནས་པར་བསམ་ལ། འབྲུ་གསུམ་དང་སཾ་བྷ་ར་བརྗོད། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་དེ་བཞིན་གཤེགས༔ རྣམ་པར་སྣང་མཛད་ཏིང་འཛིན་དང༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ མཐུ་སྟོབས་བྱིན་རླབས་གཅིག་བསྡུས་པ༔ གསང་བའི་བདག་པོའི་བཀའ་བྱུང་གི༔ ཤར་ཕྱོགས་སྟོང་གི་འཇིག་རྟེན་ན༔ གནས་པའི་ལྷ་སྲིན་སྡེ་བརྒྱད་དང༔ མ་རིག་གཏི་མུག་ལས་བྱུང་བའི༔ ཀླུ་གདོན་སུམ་བརྒྱ་དྲུག་ཅུ་ཀུན༔ འབྱུང་བ་ས་ཡི་དྭངས་མའི་བཅུད༔ གཅིག་བསྡུས་འདོད་ཡོན་རྒྱ་མཚོའི་སྤྲིན༔ གླུད་གཏོར་བཟང་པོ་འདི་ཁྱེར་ལ༔ བསྒྲུབ་བྱའི་ལུས་ངག་ཡིད་གསུམ་ལ༔ བཟུང་བ་ཐོང་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཐེག༔ ཕྱིན་ཆད་གནོད་འཚེའི་བསམ་སྦྱོར་སྤོངས༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ལས་སྤྲུལ་པའི་ཁྲོ་བོ་རྒྱལ༔ གཏི་མུག་རྣམ་དག་ཧེ་རུ་ཀ༔ རྡོ་རྗེ་གཏུམ་པོ་ཐུགས་ཁྲོས་ནས༔ འབར་བའི་མཚོན་ཆ་སྣ་ཚོགས་ཀྱིས༔ ལུས་ངག་ཡིད་གསུམ་རྡུལ་དུ་རློགས༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཨོཾ་བུདྡྷ་མ་ཧཱ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཧཱུྃ༔ མཉམ་ཉིད་ཡེ་ཤེས་འདོད་དགུའི་གཏེར༔ རིན་ཆེན་འབྱུང་ལྡན་ཏིང་འཛིན་དང༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ མཐུ་སྟོབས་བྱིན་རླབས་གཅིག་བསྡུས་པ༔ གསང་བའི་བདག་པོའི་བཀའ་བྱུང་གི༔ ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན༔ གནས་པའི་ལྷ་སྲིན་སྡེ་བརྒྱད་དང༔ མ་རིག་ང་རྒྱལ་ལས་བྱུང་བའི༔ ཕོ་གདོན་སུམ་བརྒྱ་དྲུག་ཅུ་ཀུན༔ འབྱུང་བ་ཆུ་ཡི་དྭངས་མའི་བཅུད༔ གཅིག་བསྡུས་འདོད་ཡོན་རྒྱ་མཚོའི་སྤྲིན༔ གླུད་གཏོར་བཟང་པོ་འདི་ཁྱེར་ལ༔ བསྒྲུབ་བྱའི་ལུས་ངག་ཡིད་གསུམ་ལ༔ བཟུང་བ་ཐོང་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཐེག༔ ཕྱིན་ཆད་གནོད་འཚེའི་བསམ་སྦྱོར་སྤོངས༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ལས་བྱུང་བའི་ཁྲོ་བོ་རྒྱལ༔ ང་རྒྱལ་རྣམ་དག་ཧེ་རུ་ཀ༔ རྡོ་རྗེ་བེ་ཅོན་ཐུགས་ཁྲོས་ནས༔ འབར་བའི་མཚོན་ཆ་སྣ་ཚོགས་ཀྱིས༔ ལུས་ངག་ཡིད་གསུམ་རྡུལ་དུ་རློགས༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཨོཾ་རཏྣ་མ་ཧཱ་ཀྲོ་དྷ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄༔ ཧཱུྃ༔ སོར་རྟོག་ཡེ་ཤེས་པདྨའི་རིགས༔ སྣང་བ་མཐའ་ཡས་ཏིང་འཛིན་དང༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ མཐུ་སྟོབས་བྱིན་རླབས་གཅིག་བསྡུས་པ༔ གསང་བའི་བདག་པོའི་བཀའ་བྱུང་གི༔ ནུབ་ཕྱོགས་སྟོང་གི་འཇིག་རྟེན་ན༔ གནས་པའི་ལྷ་སྲིན་སྡེ་བརྒྱད་དང༔ མ་རིག་འདོད་ཆགས་ལས་བྱུང་བའི༔ མོ་གདོན་སུམ་བརྒྱ་དྲུག་ཅུ་ཀུན༔ འབྱུང་བ་མེ་ཡི་དྭངས་མའི་བཅུད༔ གཅིག་བསྡུས་འདོད་ཡོན་རྒྱ་མཚོའི་སྤྲིན༔ གླུད་གཏོར་བཟང་པོ་འདི་ཁྱེར་ལ༔ བསྒྲུབ་བྱའི་ལུས་ངག་ཡིད་གསུམ་ལ༔ བཟུང་བ་ཐོང་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཐེག༔ ཕྱིན་ཆད་གནོད་འཚེའི་བསམ་སྦྱོར་སྤོངས༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་ལས་སྤྲུལ་པའི་ཁྲོ་བོ་རྒྱལ༔ འདོད་ཆགས་རྣམ་དག་ཧེ་རུ་ཀ༔ རྡོ་རྗེ་ཐོ་བ་ཐུགས་ཁྲོས་ནས༔ འབར་བའི་མཚོན་ཆ་སྣ་ཚོགས་ཀྱིས༔ ལུས་ངག་ཡིད་གསུམ་རྡུལ་དུ་རློགས༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཨོཾ་པདྨ་མ་ཧཱ་ཀྲོ་དྷ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄༔ ཧཱུྃ༔ བྱ་གྲུབ་ཡེ་ཤེས་ལས་ཀྱི་རིགས༔ དོན་ཡོད་གྲུབ་པའི་ཏིང་འཛིན་དང༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ མཐུ་སྟོབས་བྱིན་རླབས་གཅིག་བསྡུས་པ༔ གསང་བའི་བདག་པོའི་བཀའ་བྱུང་གི༔ བྱང་ཕྱོགས་སྟོང་གི་འཇིག་རྟེན་ན༔ གནས་པའི་ལྷ་སྲིན་སྡེ་བརྒྱད་དང༔ མ་རིག་ཕྲག་དོག་ལས་བྱུང་བའི༔ སྣ་ཚོགས་འཁྲུལ་པའི་གདོན་བགེགས་ཀུན༔ འབྱུང་བ་རླུང་གི་དྭངས་མའི་བཅུད༔ གཅིག་བསྡུས་འདོད་ཡོན་རྒྱ་མཚོའི་སྤྲིན༔ གླུད་གཏོར་བཟང་པོ་འདི་ཁྱེར་ལ༔ བསྒྲུབ་བྱའི་ལུས་ངག་ཡིད་གསུམ་ལ༔ བཟུང་བ་ཐོང་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཐེག༔ ཕྱིན་ཆད་གནོད་འཚེའི་བསམ་སྦྱོར་སྤོངས༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་སྤྲུལ་པའི་ཁྲོ་བོ་རྒྱལ༔ ཕྲག་དོག་རྣམ་དག་ཧེ་རུ་ཀ༔ རྡོ་རྗེ་ཕུར་བུ་ཐུགས་ཁྲོས་ནས༔ འབར་བའི་མཚོན་ཆ་སྣ་ཚོགས་ཀྱིས༔ ལུས་ངག་ཡིད་གསུམ་རྡུལ་དུ་རློགས༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཨོཾ་ཀརྨ་མ་ཧཱ་ཀྲོ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ གླུད་ཕྲན་དང་ཆང་བུ་རྣམས་རེ་རེ་བཞིན་སྣོད་དུ་བླུགས་ནས། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། སཾ་བྷ་ར་དང་མཚན་བཞི་བརྗོད། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ སྲེད་དང་ཆགས་དང་ཞེན་པ་རྣམས༔ དྲན་དང་བསམ་དང་བཟུང་དང་རེག༔ ཀློད་དང་གྲོལ་དང་ཞི་བར་མཛོད༔ ཞེས་གྲངས་རྫོགས་ཀྱི་བར་བསྔོས་མཐར་གླུད་གཏོར་རྣམས་བསྒྲུབ་བྱའི་འདྲེ་ལྔའམ་ཆུ་ཀླུང་སོགས་གནོད་པའི་ཕྱོགས་སུ་བསྐྱལ་ལ། བདེན་བརྗོད་སྔར་བཞིན་ལ། ཁྱད་པར་དུའང་བཅོམ་ལྡན་འདས་རྣམ་པར་འཇོམས་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་ལས་བསྒྲུབ་བྱ་འདིའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་གདུག་པའི་སེམས་འཆང་བའི་གྲིབ་བདག་འབྱུང་པོ་གདུག་པ་ཅན་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །གང་དག་མི་འགྲོ་བ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་གྱུར་ཅིག །ཅེས་གཏོར་མ་རྒྱང་རིང་དུ་དོར་ཞིང་ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་བདུག །ཉེ་སྙིང་མཐར་ཧཱུྃ་བཞིའི་སྔགས་སྦྱར། དེ་ནས་སྲུང་བ་ནི། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བསྒྲུབ་བྱའི་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་རྡོ་རྗེའི་གོ་ཆས་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར་ཅིག །ཅེས་བསམ་ལ་རྡོ་རྗེ་མགོ་བོ་དང༌། མགྲིན་པ། སྙིང་ག །དཔུང་པ་གཡས་གཡོན། ལྟེ་བ། སུམ་མདོ་རྣམས་སུ་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ དབྱེར་མེད་གསང་བདག་དཔའ་བོ་ཆེའི༔ ལྷ་སྔགས་ཡེ་ཤེས་རོལ་པ་ཡིས༔ སྒོ་གསུམ་མི་མཐུན་ཕྱོགས་ལས་སྲུངས༔ གཟུངས་སྔགས་དང༌། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཛྙཱ་ན་བཛྲ་རཀྵ་རཀྵ་བྷྲཱུྃ༔ ནད་ཐམས་ཅད་རཀྵ་རཀྵ་ཡེ་སྭཱ་ཧཱ༔ གདོན་ཐམས་ཅད༴ བགེགས་ཐམས་ཅད༴ གྲིབ་ཐམས་ཅད༴ མི་གཙང་བ་ཐམས་ཅད༴ སྡིག་པ་ཐམས་ཅད༴ སྒྲིབ་པ་ཐམས་ཅད༴ བར་དུ་གཅོད་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་རཀྵ་རཀྵ་ཡེ་སྭཱ་ཧཱ༔ དེ་ལྟར་བགྱིས་པས་ཉི་མ་དང་ཟླ་བ་གཟའ་སྒྲ་གཅན་གྱི་གནོད་པ་ལས་གྲོལ་བ་བཞིན་བསྒྲུབ་བྱ་འཁོར་དང་བཅས་པ་བདུད་དང་བར་ཆད་གདོན་བགེགས་སོགས་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་ཤིན་ཏུ་བཀྲ་ཤིས་པར་གྱུར་པ་ལ། བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས་ཀྱིས་བསྐོར་ཏེ་ཤིས་པ་བརྗོད་པའི་གླུ་དབྱངས་དི་རི་རི་སྒྲོགས་ཤིང་མེ་ཏོག་མནྡཱ་རའི་ཆར་ཆེན་པོ་ཕབ་པས་དགེ་ལེགས་ཀྱི་སྣང་བས་ས་གསུམ་ཀུན་ཏུ་ཁྱབ་པར་བྱས་པའི་མོས་པ་མཛོད། གང་ལ་སེར་སྣ་རྣམ་ཆགས་པ། །སོགས་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་ཤིས་བརྗོད་དང་བསྡུ་ན། མཆོག་གསུམ་གྱི་ཤིས་བརྗོད་ཅི་རིགས་པ་དང༌། ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །ཞེས་སོགས་བཀྲ་ཤིས་པའི་རྫས་བརྒྱད་པོ་རིམ་པ་བཞིན་གཏད་ནས་ཤིས་པར་བྱས་ལ། སྡིག་པ་ཐམས་ཅད་བྱང་བྱས་ནས། །ཞེས་པ་ནས། སྡིག་པ་ཀུན་ལས་རྣམ་པར་ཐར། །ཞེས་པའི་བར་གྱིས་ཕན་ཡོན་བཤད། དཀར་མངར་དང་སྨན་གྱི་ཁ་ཟས་སོགས་ཀྱང་བསྒྲུབ་བྱ་ནད་པ་ཡིན་ན་སྟེར་བར་གསུངས། དེ་དག་ནི་ཁྲུས་ཀྱི་ཆོ་ག་རྒྱས་པར་བྱ་བའི་ཚུལ་ཏེ། གཞན་དུ་ན། བཀྲུ་བའི་སྐབས་ཡེ་ཤེས་ལྔ་དང་ཕར་ཕྱིན་དྲུག །བྱབས་པ་ལ་འབྱུང་ལྔའི་རྫས་དང་སྐུ་གསུང་ཐུགས་ཀྱི་ཁྲུས། འབྱུང་བཞིའི་གླུད་གཏོར་དོར་བས་སྦྱང་བ་གསུམ་སྔོན་དུ་འགྲོ་བའི་བྱབས་ཁྲུས་སྤྱི་ལྟར་བྱས་ཀྱང་རུང་བར་མངོན་ནོ། །གང་ལྟར་ཡང༌། དེ་དག་གིས་རྡོ་རྗེ་རྣམ་པར་འཇོམས་པའི་དབང་ལེགས་པར་གྲུབ་པ་ཡིན་པས། འདི་ཉིད་ཡི་དམ་དུ་བཟུང་བ། དམ་ཚིག་སྤྱི་དང་བྱེ་བྲག་སྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་རྗེས་རྣམས་སྤྱི་ལྟར་བྱ། སློབ་དཔོན་གྱིས་མདུན་བསྐྱེད་ཀྱི་མཆོད་པ་བསང་སྦྱང་བྱིན་གྱིས་བརླབས། མཆོད་བསྟོད་དང༌། མ་རྙེད་ཡོངས་སུ་མ་ཚང་དང་སོགས་ཀྱི་མཐར་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་པ་བཤགས། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་དང༌། ཧོཿ སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ལྷ༔ ཟུང་འཇུག་མཚན་མ་མེད་པའི་དབྱིངས་སུ་གཤེགས༔ རྟེན་དང་བརྟེན་པར་བཅས་པའི་དམ་ཚིག་པ༔ འོད་གསལ་སྨོན་པ་མེད་པའི་ཀློང་དུ་ཐིམ༔ ཨ་ཨ་ཨཿ ཨོཾ་ཨཱཿཧཱུྃ༔ སླར་ཡང་སྣང་བའི་རང་བཞིན་གནས་གསུམ་ལྷ༔ སྒྲར་གྲགས་རླུང་གི་འཁོར་ལོའི་ཡི་གེའི་སྤྲིན༔ རྟོག་པ་རྟོག་མེད་རང་གྲོལ་གཉུག་མའི་ངང༔ དུས་གསུམ་དུས་མེད་ཆེན་པོར་རྟག་ཏུ་སྤྱོད༔ བསྔོ་སྨོན་དང་ཤིས་བརྗོད་ནི། ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ༔ བསྐྱེད་རྫོགས་ཟུང་འཇུག་དགེ་ཚོགས་ཅི་མཆིས་པ༔ འགྲོ་ཀུན་བླ་མེད་གོ་འཕང་ཐོབ་བྱའི་ཕྱིར༔ སྤྲོས་བྲལ་ཆོས་སྐུའི་དབྱིངས་སུ་བསྔོ་བར་བགྱི༔ ཕུང་ཁམས་བདེ་ཆེན་རྡོ་རྗེའི་སྐུར་སྨིན་ཅིང༔ སྲོག་རྩོལ་འོད་གསལ་དབུ་མའི་ཀློང་དུ་རྫོགས༔ རིག་སྟོང་བརྗོད་བྲལ་གདོད་མའི་གཞི་དབྱིངས་སུ༔ རབ་འབྱམས་རྩ་གསུམ་གོ་འཕང་མངོན་གྱུར་ཤོག༔ སྤང་རྟོགས་ཕྲིན་ལས་མཐར་ཕྱིན་རྫོགས་སངས་རྒྱས༔ དེས་གསུང་ཞི་བསིལ་བདུད་རྩི་དམ་པའི་ཆོས༔ ཚོགས་ཀྱི་མཆོག་གྱུར་འཕགས་པའི་དགེ་འདུན་ཏེ༔ བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔ ཅེས་སོགས་བརྗོད་པས་དགེ་ལེགས་སུ་བྱའོ། །འཁྲུལ་རྟོག་འཇིྃགས་མེདྃ་མཁྱེནྃ་དང་བརྩེྃའི། །འོདྃ་བརྒྱའི་སྣང་བའི་འཛུམ་ཟེརྃ་གྱིས། །བཀྲྃ་ཤིསྃ་ཕན་བདེའི་པདྨོའི་ནགས། །གྲུབ་གཉིས་དཔྃལ་བརྒྱས་རྟག་ཏུ་འབྱོྃར། རྩ་གསུམ་འོད་གསལ་སྙིང་ཐིག་གི་ཡི་དམ་རྡོ་རྗེའི་རིགས་རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་ཟབ་ལམ་བདུད་རྩིའི་གངྒ་ལེ་ཚན་བཅོ་ལྔ་པ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་སྦྱར་བའོ། ༈ མི་ཕྱེད་རྡོྃ་རྗེྃ་སེམས་དཔའི་ཡེ་ཤེས་ནི། །བདེ་ཆེན་ཐུྃགས་ཀྱི་ཁྱབ་བདག་ཧེ་རུ་ཀ །མཆོྃག་དངོས་གྲུབ་པའི་རིག་འཛིན་རྩྃལ་འཆང་གི །བདེ་ཆེན་གཟི་བྱིན་འབར་བས་བདག་སྐྱོངས་ཤིག །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཡི་དམ་ཡང་ཕུར་སྦྲག་མ་ཁྲག་འཐུང་འདུས་པའི་དྲིལ་སྒྲུབ་ཀྱི་དབང་ལ། མཚན་མའི་དཀྱིལ་འཁོར་རྡུལ་ཚོན་དང་རས་བྲིས་གང་ཡང་རུང་བའི་དབུས་སུ་མཚན་དང་ལྡན་པའི་བྷནྡྷའི་ནང་རོ་རས་ཀྱིས་དཀྲིས་པའི་སྡོང་བུ་དགུ་པའི་ཞུན་ཆེན་གྱི་མར་མེ་བྱས་པ་དབུས་སུ་བཞག་སྟེ་མདུན་དུ་བླ་མའི་གཏོར་ཆེན་བཅས་ལ་སྨན་རཀ་དང་ཉེར་སྤྱོད་ཀྱིས་བསྐོར། ཕུར་པ་ལས་བུམ། ཚོགས་གཏོར། སྔོན་འགྲོ་སོགས་སྤྱི་ལྟར་འདུ་བྱས་ལ། བརྒྱུད་འདེབས་དང༌། ཁྲག་འཐུང་འདུས་པའི་དྲིལ་སྒྲུབ་ཀྱི་ལས་གཞུང་བསྲངས་ལ་བདག་མདུན་ལ་དམིགས་པའི་བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་བྱ། ལས་བུམ་གྱི་ནང་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་སེར་རྒྱ་གྲམ་དང་སྡིག་མཛུབ་མཛད་པ་ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པར་གསལ་བར་གྱུར། དེ་ལ་དམིགས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄། ཞེས་བརྒྱ་རྩ་ཙམ་བཟླས་ལ། ལྷ་འོད་དུ་ཞུ་བས་ལས་ཐམས་ཅད་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཐུན་མཐར་དབྱངས་གསལ་རྟེན་སྙིང་མཆོད་བསྟོད་ཡིག་བརྒྱ་དང་ཆོས་སྲུང་གི་གསོལ་མཆོད། ཚོགས་དང་བསྐང་བཤགས་བཅས་སྔོན་དུ་འགྲོ་བས་བདག་ཉིད་དཀྱིལ་འཁོར་དུ་འཇུག་པས་གཞུང་ལྟར་དབང་ལེན་པའམ་རིག་པའི་མེ་ཏོག་དོར་ལ། སྨིན་པར་འོས་པའི་སློབ་མ་བོས་ཏེ་ཁྲུས་དང་བགེགས་བསྐྲད་སྲུང་འཁོར་སྔོན་དུ་འགྲོ་བས་སེམས་བསྐྱེད་གསལ་གདབ་དང་བཅས། དེ་ཡང་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་པདྨའི་ཞབས་ནི་ངེས་པའི་དོན་དུ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དཔལ་ཧེ་རུ་ཀ་དངོས་སུ་བཞུགས་ཀྱང་ཚུར་མཐོང་གདུལ་བྱ་འདུལ་ཕྱིར་སྐུ་ཚེ་གཅིག་གི་སྟེང་དུ་རིག་འཛིན་རྣམ་པ་བཞིའི་གོ་འཕང་རིམ་གྱིས་བགྲོད་ཚུལ་བསྟན་པས་ན། བལ་ཡུལ་ཡང་ལེ་ཤོད་གཡའ་རི་གོང་གི་སྒྲུབ་ཕུག་ཏུ་དཔལ་ཆེན་པོ་ཡང་དག་ཧེ་རུ་ཀ་ཟླ་གམ་དགུ་པའི་དགོངས་པ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་གྱི་ས་བརྙེས་ཚུལ་བསྟན་ཅིང༌། དེའི་ཚེ་མི་བསྲུན་པའི་ལྷ་འདྲེ་གློག་མ་སྤྲིན་གྱིས་གུ་རུ་རིན་པོ་ཆེའི་དགོངས་པ་ལ་བར་དུ་གཅོད་མ་ནུས་ཀྱང་བལ་ཡུལ་དུ་ལོ་ཉེས་ནད་མུག་སོགས་བྱུང་བའི་བར་ཆད་བསལ་བའི་ཕྱིར་རྒྱ་གར་ནས་རྡོ་རྗེ་ཕུར་པའི་ཆོས་སྐོར་མི་ཁུར་གཉིས་སྤྱན་དྲངས་པས་གླེགས་བམ་ཕེབས་པ་ཙམ་གྱིས་བར་ཆད་ཀྱི་གཡུལ་ལས་རྒྱལ་བས་ཡང་ཕུར་སྦྲག་མའི་སྒྲུབ་སྐོར་ཉིད་དངོས་གྲུབ་མྱུར་ཞིང་བར་ཆད་མེད་པའི་ཟབ་ཁྱད་ཅན་དུ་གཟིགས་ནས་དེའི་སྒྲུབ་སྐོར་མཐའ་ཡས་པ་མཛད་པ་བཀའ་གཏེར་དག་སྣང་གི་བབས་སོ་དུ་མ་བཞུགས་པ་ལས་སྐབས་སུ་བབ་པ་འདི་ནི་པཎ་ཆེན་བི་མ་ལ་མི་ཏྲ་དང༌། མངའ་བདག་ཆོས་ཀྱི་རྒྱལ་པོ་ཁུ་དབོན་གཉིས་སུ་མེད་པའི་སྒྱུ་འཕྲུལ། འོད་གསལ་ཁྱབ་བརྡལ་གྱི་དགོངས་པ་རང་སྣང་རིས་མེད་ཀྱི་རྟོགས་གོམས་མཐར་སོན་པས་མཆོག་གི་དངོས་གྲུབ་མངོན་སུམ་དུ་བརྙེས་པའི་གཏེར་ཆེན་ཡོངས་ཀྱི་སྤྱི་མེས་པདྨ་མདོ་སྔགས་གླིང་པ་འོད་གསལ་སྤྲུལ་པའི་རྡོ་རྗེའི་བཀའ་བབ་བདུན་གྱི་བྱེ་བྲག་ཟབ་མོ་དགོངས་གཏེར་གྱི་ཆོས་སྡེ་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཡི་དམ་གྱི་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་ཡ་གྱལ་ཁྲག་འཐུང་འདུས་པའི་དྲིལ་སྒྲུབ་ཞེས་བྱ་སྟེ་ཧེ་རུ་ཀ་གལ་པོའི་རྒྱུད་ལས། ཡང་དག་གྲུབ་པ་གཅིག་པུ་ནི། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྐུ་གསུམ་བདེ་མཆོག་བདེ། །ཞེས་གསུངས་པ་ལྟར་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཉིད་ཧེ་རུ་ཀ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་འཁོར་ལོའི་ཚུལ་དུ་སྒྲུབ་པ་འདི་ནི་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་དྲུག་པའི་བདག་ཉིད་ཡིན་པས་ཞི་ཁྲོ་རབ་འབྱམས་བདེ་གཤེགས་སྒྲུབ་སྡེ་ཀུན་དྲིལ་བཀའ་བརྒྱད་ལ་འདུ། དེ་ཡང་མཁའ་འགྲོ་སྒྱུ་མ་ཐུགས་རྡོ་རྗེ་བདེ་བ་མཆོག་ཡང་དག་ཧེ་རུ་ཀ་འདུས་པ་ཉིད་རྒྱུད་སྡེ་ཏནྟྲ་སྡེ་བཅོ་བརྒྱད་ལས་སྒྲུབ་པ་ལག་ལེན་དུ་སྟོན་པའི་རྒྱུད་སྡེ་ལྔ་ལས། ཐུགས་ཀྱི་ཏནྟྲ་ཧེ་རུ་ཀ་རོལ་པའི་རྒྱུད་གལ་པོ་ཆེ་ཆུང་ལ་བརྟེན་ཅིང༌། སྒྲུབ་སྡེ་ལྟར་ན་འཇིག་རྟེན་ལས་འདས་པའི་སྒྲུབ་སྡེ་ལྔའི་ཡ་གྱལ་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་ཟབ་པ་ཡང་དག་ཧེ་རུ་ཀའི་སྤྱི་རྒྱུད། འཇིག་རྟེན་ལས་འདས་པའི་མདོ་ལ་སོགས་པ་བསྟན་པའི་རྒྱུད་ལུང་གཉིས་ཀའི་སྙིང་པོ་སྟེ། བདེ་གཤེགས་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་ཡང་ཟབ་བཅུད་དུ་དྲིལ་བའི་མན་ངག་གུ་རུའི་ཐུགས་དམ་མཐར་ཐུག་པ་འདི་ནི། སྔགས་གསར་མ་ལྟར་ན་མ་རྒྱུད་རིགས་དྲུག་གི་ནང་ཚན་དཔལ་ཧེ་རུ་ཀའི་རིགས་བདེ་མཆོག་དང་དགྱེས་རྡོར། གཉིས་མེད་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་སོགས་ཤིན་ཏུ་ཟབ་པར་གྲགས་པ་རྣམས་དང༌། ངོ་བོ་གཅིག་པས་རྒྱ་བོད་མཁས་གྲུབ་ཀུན་གྱི་ཐུགས་དམ་གསང་བའི་ལྷ་མཆོག་ཁྱད་པར་ཅན་དང་སངས་རྒྱས་ཀུན་གྱི་ཕྲིན་ལས་ཀྱི་མངའ་བདག་དཔལ་ཆེན་རྡོ་རྗེ་ཕུར་པ་གཉིས་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་དབང་བསྐུར་བགྱི་བ་ལ། འཇུག་པ་དབང་གི་ཆོ་ག་ལ་གཉིས་སུ་ཡོད་པ་ལས། ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། བླ་མ་དཔལ་ཧེ་རུ་ཀ་དངོས་སུ་གསལ་བ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་སྙིམ་པ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ གསང་བ་མཆོག་གི་དགྱེས་པ་ན༔ ཐམས་ཅད་བདག་ཉིད་རྟག་བཞུགས་པའི༔ ཧེ་རུ་ཀ་དཔལ་སློབ་དཔོན་གྱིས༔ བདག་ཅག་ཡོངས་སུ་སྨིན་མཛད་གསོལ༔ ལན་གསུམ། དཔལ་ཆེན་ཡང་དག་ཧེ་རུ་ཀ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོ་རྩ་གསུམ་རྒྱལ་བ་ཆོས་སྲུང་དང་བཅས་པ་མཁའ་ཁྱབ་ཏུ་བཞུགས་པ་ལ་བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྩེ་གཅིག་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བ་དང༌། ཕ་མར་གྱུར་པའི་མཁའ་མཉམ་གྱི་འགྲོ་བ་མཐའ་དག་དཔལ་ཧེ་རུ་ཀའི་གོ་འཕང་མཆོག་ལ་དགོད་པར་བྱ། དེའི་གསང་བའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཟབ་མོའི་སྒོར་ཞུགས་ཤིང་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ གསང་བ་མཆོག་གི་དགྱེས་པ་སོགས་ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། ཞིང་མཆོག་དམ་པ་དེ་དག་གི་སྤྱན་སྔར་ཚོགས་གཉིས་བསགས་ཤིང་སྡིག་སྒྲིབ་སྦྱང་བ་དང་དགེ་རྩ་ཡོངས་སུ་སྤེལ་བའི་དོན་དང་ཏིང་ངེ་འཛིན་རྗེས་སུ་དྲན་པས་རྒྱུད་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་ལན་གསུམ། དེ་ཡང་དབང་ཐོབ་པ་དཀྱིལ་འཁོར་གྱི་བྱ་བས་ཐོབ་ཀྱང་དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་ལ་རག་ལས་པས་ཚོགས་ཞིང་དཀྱིལ་འཁོར་གྱི་ལྷ་དབྱེར་མེད་པ་དཔང་པོའི་ཚུལ་དུ་བཞུགས་པའི་སྤྱན་སྔར་མཁའ་ཁྱབ་ཀྱི་ཡིད་ཅན་སྲིད་ཞིའི་མཐའ་ལ་མི་གནས་པའི་ཟུང་འཇུག་ཆེན་པོའི་གོ་འཕང་ལ་འགོད་པའི་ལྷག་པ་ཀུན་སློང་བྱང་ཆུབ་སེམས་དང་མ་བྲལ་བས་དེའི་དམ་ཚིག་དང་སྡོམ་པའི་བསླབ་པ་རྒྱ་མཚོ་མཐའ་ཡས་པ་བཟུང་ནས་རྒྱལ་བ་སྲས་དང་བཅས་པའི་སྤྱོད་ཡུལ་ལ་བསླབ་པར་དམ་བཅའ་འདིའི་རྗེས་ཟློས། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །རིག་པ་འཛིན་པ་བདག་གིས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་གཟུང་བར་བགྱི། །ལན་གསུམ། དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་ནས། དངོས་གཞིའི་དབང་བསྐུར་བ་ལ། འདིར་གཏེར་གཞུང་ལས། སློབ་མ་ཡང་དག་ཧེ་རུ་ཀ༔ ལུས་དཀྱིལ་དང་བཅས་གསལ་གདབ་སླད༔ གཏོར་མ་རིག་འཛིན་བླ་མར་གསལ༔ སྤྱི་བོར་བཞག་ཅིང་བྱིན་ཆེན་དབབ༔ ཅེས་གསུངས་པས། སྤྱིར་དབང་གི་ངོ་བོ་ཤེས་རབ་དང་ཏིང་འཛིན། ངེས་ཚིག་ལམ་སྒྲུབ་པ་ལ་དབང་བ། དབྱེ་བ་དབང་བཞི། བྱེད་ལས་སྔགས་ལམ་སྒྲུབ་པ་ལ་དབང་བས་རིམ་པ་དབང་གི་ཆོ་ག་ཞེས་ཡོངས་སུ་གྲགས་པ་ལས། དེ་དག་ཀུན་གྱི་རྩ་བ་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་ལྟ་དགོངས་ཏིང་ངེ་འཛིན་གྱི་ནུས་པ་འབའ་ཞིག་ལ་རག་ལས་པས། སྐབས་འདིར་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་ཐོག་མར་རིག་འཛིན་བླ་མའི་ཡེ་ཤེས་འབེབས་པའི་གཏོར་མའི་དབང་བསྐུར་གྱི་དོན་དུ་ཐུགས་དམིགས་འདི་བཞིན་དུ་མཛོད་ཅིག །གཏོར་སྣོད་ཆོས་ཀྱི་དབྱིངས་རྡོ་རྗེ་བཙུན་མོའི་ཡེ་ཤེས་ཀྱི་མཁའ་ཀློང་དུ་དུར་ཁྲོད་གསང་བ་མཆོག་གི་གཞལ་ཡས་ཁང་དཔལ་ཧེ་རུ་ཀ་དགྱེས་པའི་ཕོ་བྲང་དུ། དཔལ་གྱི་གཏོར་མ་འདི་ཉིད་སྲིད་ཞིའི་སྤྱི་དཔལ་ཕྱོགས་དུས་རྩ་གསུམ་རྒྱལ་བའི་ཁྱབ་བདག་བདེ་བ་ཆེན་པོ་རིག་འཛིན་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་བརྒྱུད་གསུམ་རིག་འཛིན་མཁའ་འགྲོའི་རྒྱ་མཚོའི་ཚོགས་དང་བཅས་ཏེ་བཀྲ་ཤིས་སེ། བྱིན་ཐིབས་སེ། འོད་དཔུང་ངེར་བཞུགས་པའི་གནས་གསུམ་དུ་རྡོ་རྗེའི་ཡི་གེ་གསུམ་གྱིས་མཚན་པ་ལས་བདེ་བ་ཆེན་པོའི་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། སློབ་མའི་སྒོ་གསུམ་ལ་ཕོག་པ་ཙམ་གྱིས་བ་མོ་ལ་ཉི་ཟེར་ཕོག་པ་བཞིན་མ་དག་པའི་སྣང་གྲགས་ཀྱི་ཞེན་རྟོག་མཐའ་དག་དབྱིངས་སུ་ཐིམ། ཡེ་ཤེས་ལྷའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་སངས་ཀྱིས་སད་པར་བསམ་ལ། བླ་གཏོར་ལས་རྡོར་གྱིས་བཏེགས། སློབ་དཔོན་གྱིས་ཌཱ་དྲིལ་གདུང་དབྱངས་དང་བཅས། ཧཱུྃ༔ ཡང་དག་གྲུབ་པའི་རིག་འཛིན་རྣམས༔ ཆོས་ཀྱི་དབྱིངས་ནས་གནས་འདིར་གཤེགས༔ བདེ་བ་ཆེན་པོས་བྱིན་ཆེན་ཕོབ༔ ཐ་མལ་སྣང་ཞེན་སྦྱང་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ས་མ་ཡ་ཨ་བེ་ཤ་ཡ་སྟྭྃ༔ ཞེས་ཐུགས་དམ་བསྐུལ་མཐར། གཏོར་མ་སློབ་དཔོན་གྱིས་སློབ་མའི་སྤྱི་བོར་བཞག་སྟེ་དབང་བསྐུར། དེ་ལྟར་བླ་མའི་བྱིན་རླབས་འཕོས་པ་ཙམ་གྱིས་ཁྱེད་རང་རྣམས་དཔལ་ཆེན་བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། གཡས་ཞལ་དཀར་པོ་འཛུམ་པ། གཡོན་ཞལ་དམར་པོ་གཤེ་བ། དབུས་ཞལ་མཐིང་ནག་ཁྲོས་པའི་ཉམས་ཅན། ཉི་ཟླ་འབར་བའི་སྤྱན་གསུམ་དང་ལྡན་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འདྲིལ་ལ་ཕཊ྄་ཀྱི་རྐན་སྒྲ་རྡེབ་ཅིང་ཤངས་ནས་ཧཱུྃ་སྒྲ་འབྱིན་པ་སྨིན་མཚམས་ནས་ཁྲོ་གཉེར་གཡོ་བ། སྨ་ར་དང་སྨིན་མའི་གློག་འོད་འཁྱུགས་ཤིང༌། རལ་པ་ཁམས་ནག་གྱེན་དུ་འབར་བ། ཉི་མ་བྱེ་བའི་གཟི་མདངས་ཅན། སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུ་རྒྱས་པ། ཕྱག་དྲུག་གིས་གཡས་ཀྱི་དང་པོས་རྡོ་རྗེ་རྩེ་དགུ་པ་བསྣམས་པ། གཡོན་གྱི་དང་པོས་ཐོད་ཁྲག་བསྣམས་པ་ཐུགས་ཀར་དཀྲུགས་པའི་ཚུལ་ཅན། བར་པ་གཉིས་ཀྱིས་ཁཊྭཱྃ་ག་དང་རྒྱུ་མའི་ཞགས་པ། ཐ་མ་གཉིས་ཀྱིས་ཐོད་པའི་རྔེའུ་ཆུང་དང་ཁྱུང་ཆེན་ཁྲ་ཐབས་སུ་འགྱེད་པ། ཞབས་བཞི་གཡོན་བརྐྱངས་པའི་སྟབས་ཀྱིས་ཁྱུ་མཆོག་ལྷ་ཆེན་ཕོ་མོ་ཉི་ཟླ་པདྨའི་གདན་ལ་རོལ་པ། ཐོད་སྐམ་ལྔས་དབུ་རྒྱན། ཐོད་རློན་གྱི་དོ་ཤལ་དང་ཐོད་ཚལ་སྦྲུལ་རྒྱན་དང་བཅས་པ། ཞིང་ལྤགས་དང་གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང༌། སྟག་ལྤགས་ཀྱིས་ཤམ་ཐབས་གྲོལ་བ། ཁྲག་ཞག་ཐལ་བའི་མཚན་མ་སོགས་དུར་ཁྲོད་ཆེན་པོའི་ཆས་བརྒྱད་ཀྱིས་བརྒྱན་པ། ཡུམ་ཀྲོ་དྷཱི་ཤྭ་རི་མ་མཐིང་ག་གཡས་ཁཊྭཱྃ་འཛིན་པས་ཡབ་ལ་འཁྱུད་ཅིང༌། གཡོན་དུང་ཁྲག་སྟོབ་པ། གཅེར་བུ་ལང་ཚོ་རྒྱས་པའི་འཇོ་སྒེག་ཅན་ཞབས་གཡས་བརྐྱངས་པས་རོལ་པས་ཡབ་དང་གཉིས་སུ་མེད་པར་སྦྱོར་བ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་ཞིང་འཁྲུགས་པའི་དབུས་ན་བཞུགས་པའོ། །དཔལ་ཆེན་པོའི་ཐུགས་ཀར་རིན་ཆེན་ཟུར་བརྒྱད་པའི་ལྟེ་བར་པད་ཉི་དྲེགས་པའི་སྟེང་འཁོར་འདས་ཀུན་གྱི་དྭངས་མ་མི་ཤིགས་པའི་སྲོག་ཆེན་པོ་ཡེ་ཤེས་སེམས་དཔའ་དཔལ་ཆེན་བཛྲ་ཀཱི་ལ་ཡ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་ཕྲིན་ལས་ཀྱི་དོན་རྟགས་ཕུར་པ་འདྲིལ་བ། དབྱིངས་ཕྱུག་འཁོར་ལོ་རྒྱས་འདེབས་དང་གཉིས་སུ་མེད་པར་དཔལ་དང་དུར་ཁྲོད་རོལ་པའི་རྒྱན་ཆས་ཐམས་ཅད་ཡོངས་སུ་རྫོགས་པ་འབར་བའི་མེའི་ཕྲེང་བ་འཁྲུགས་པའི་ཀློང་དུ་བདེ་བ་ཆེན་པོའི་གཟི་བྱིན་རབ་ཏུ་འབར་བར་བཞུགས་པའི་ཤར་དུ་གཽ་རི་མཐིང་ག །ལྷོར་ཙཽ་རི་སེར་མོ། ནུབ་ཏུ་པྲ་མོ་དམར་མོ། བྱང་དུ་བཻ་ཏ་ལྗང་གུ། ཤར་ལྷོར་པུས་ཀ་སེར་མོ། ལྷོ་ནུབ་ཏུ་གྷསྨ་དམར་ལྗང༌། ནུབ་བྱང་དུ་སྨེ་ཤ་མཐིང་ནག །བྱང་ཤར་དུ་ཙཎྜ་སེར་སྐྱ་ཞལ་གཅིག་ཕྱག་གཉིས་གཅེར་བུ་དུར་ཁྲོད་རོལ་པའི་ཆས་ཅན་ཌཱ་རུ་དང་ཐོད་ཆང་བསྣམས་པ་ཚོགས་བརྒྱད་གནས་སུ་དག་པའི་ཡེ་ཤེས་ཀྱི་མ་མོ་བརྒྱད་དང༌། གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་དུ་གསལ་ཐོབ་ཅིག །དབང་བསྐུར་དངོས་ལ། སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་དབང་བཞི་ཟབ་མོ་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ལ། དབྱིངས་རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་མཁའ་ཀློང་ཨེ་ཡི་བཛྲ་མཉྫིའི་ཀོང་བུར། རིག་པ་ཡེ་ཤེས་ཀྱི་ཀོང་བུ་འོད་གསལ་རྡོ་རྗེ་སྙིང་པོའི་བདག་ཉིད་མཉམ་པར་སྦྱོར་བ་འཕོ་མེད་བདེ་བ་ཆེན་པོའི་ཞུན་ཆེན་གྱི་མར་ཁུས་བྲན་པ། རྣམ་ལྔའི་ཡེ་ཤེས་ཀྱི་མེ་འོད་ཀུན་ཏུ་འཕྲོ་བས་མ་རིག་འཁོར་བའི་མུན་པ་སེལ་བ་སངས་རྒྱས་ཀུན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ཡེ་ཤེས་ཀྱི་སྒྲོན་མེ་འདི་ཉིད་སྤྱི་བོར་བཀོད་དེ་བུམ་པའི་དབང་བསྐུར་བར་མོས་ཤིག །མར་མེ་སྤྱི་བོར་བཞག ཨོཾ༔ ཡང་དག་གྲུབ་པ་གཅིག་པུ་ནི༔ སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ མཁའ་འགྲོ་སྒྱུ་མ་བདེ་མཆོག་གི༔ རྡོ་རྗེའི་སྐུ་ཡི་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ས་མ་ཡ་ཨ་བེ་ཤ་ཡ་སྟྭྃ༔ ལྷག་པའི་ལྷ་ལས་གཉིས་པ་ཐིམ༔ བྱང་ཆུབ་སེམས་སུ་ཞུ་བ་ཡིས༔ ཡེ་ཤེས་ཆེན་པོར་བྱིན་གྱིས་བརླབས༔ བདེ་བའི་རྒྱུན་གྱིས་དབང་བསྐུར་བས༔ སྣང་སྟོང་ཟུང་འཇུག་རྟོགས་པ་བསྐྱེད༔ དེ་ལྟར་དམིགས་པས་ལུས་སྨིན་པར་བྱེད་པ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་དུས་སུ་བསྐྱེད་པའི་རིམ་སྒོམ་པ་ལ་དབང༌། སྣོད་བཅུད་ཁྲག་འཐུང་གི་དཀྱིལ་འཁོར་དུ་རྫོགས་ཏེ། སྐུ་རྡོ་རྗེ་མངོན་པར་བྱང་ཆུབ་པ་ལྔ་ཡི་བདག་ཉིད་མཆོག་གི་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། གཉིས་པ་ནང་གསང་བ་སྔགས་ཀྱི་དབང་བསྐུར་བའི་སླད་དུ། ཐོད་པའི་མར་མེ་མགྲིན་པར་བཞག་ལ། ཨཱཿ ཡང་དག་གྲུབ་པ་གཅིག་པུ་ནི༔ སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ མཁའ་འགྲོ་སྒྱུ་མ་བདེ་མཆོག་གི༔ ནུས་པ་གསུང་གི་དབང་བསྐུར་རོ༔ སྔགས་མཐར། ཝཱཀ་ས་མ་ཡ་ཨ་བེ་ཤ་ཡ་སྟྭྃ༔ དཔལ་ཆེན་ཡབ་ཡུམ་སྙོམས་ཞུགས་པའི༔ བྱང་སེམས་མགྲིན་པའི་ལམ་ནས་བརྒྱུད༔ རྩ་ཁམས་ཐམས་ཅད་ཁྱབ་པ་ལས༔ གསལ་སྟོང་ཡེ་ཤེས་སྐྱེས་པར་བསམ༔ རྗེས་འབྲེལ་བཟླས་པའི་ལུང་སྦྱིན་པ་ལ། མདུན་བསྐྱེད་བླ་མ་ཧེ་རུ་ཀའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོ་རྗེ་གཞོན་ནུའི་ཐུགས་ཀར་ཉི་ཟླའི་གྭའུའི་དབུས་སུ་ཧཱུྃ་མཐིང་ག་སྔགས་ཀྱིས་བསྐོར་བ་ལས་སྔགས་ཕྲེང་བར་མ་ཆད་དུ་བྱུང༌། ཞལ་ནས་ཐོན་ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས་ཐུགས་ཀར་གཞིར་གནས་ཀྱི་ཧཱུྃ་ཡིག་མཐར་འཁོད་པ་ལས། སྔགས་དང་འོད་ཟེར་ཡེ་ཤེས་སེམས་དཔའ་ཡབ་ཡུམ་གྱི་ཞལ་དང་མཁའ་གསང་ནས་བརྒྱུད་དེ། བདེ་བ་ཆེན་པོའི་གཟི་བྱིན་རྒྱས། དངོས་གྲུབ་གཉིས་ཐོབ་པར་བསམས་ལ། བསྙེན་པའི་སྔགས་ཁྲག་འཐུང་སྤྱིའི་སྙིང་པོ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ྄༔ ལན་གསུམ། སླར་ཡང་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཀཱི་ལ་ཡའི་སྔགས་ཀྱིས་བསྐོར་བ་ལས་ལྷ་སྔགས་ཕྱག་མཚན་གྱི་སྤྲོ་བསྡུས་དོན་གཉིས་སྒྲུབ་པར་མོས་ལ་སྒྲུབ་པའི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བི1$0000250[WP:5,80][WP:5,205]1$0000300ན་བྃཧཱུྃ་པཊ྄༔ ལན་གསུམ་བཟླ། གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་མ་མོ་བརྒྱད་བསྐུལ། སོ་སོའི་ཐུགས་ཀར་ཉི་མའི་སྟེང་རང་རང་གི་ས་བོན་རང་སྔགས་ཀྱིས་བསྐོར་བ་ལས་བྱུང་བའི་སྐུ་སྔགས་ཕྱག་མཚན་གྱིས་ཐུན་མོང་མཆོག་གི་ཕྲིན་ལས་བཞི་སྒྲུབ་པར་མོས་ལ་ལས་སྦྱོར་གྱི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨཱཿབཛྲ་གོཾ་ཧཱུྃ་ཕཊ྄༔ ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཨཱཿབཛྲ་ཙོཾ་ཧཱུྃ་ཕཊ྄༔ བྷྲཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ ཨོཾ་ཨཱཿབཛྲ་པྃ་ཧཱུྃ་ཕཊ༔ ཧྲཱིཿཝ་ཤཾ་ཀུ་རུ་ཧོཿ ཨོཾ་ཨཱཿབཛྲ་བྃ་ཧཱུྃ་ཕཊ྄༔ ཧཱུྃ་མཱ་ར་ཡ་ཕཊ྄༔ ཨོཾ་ཨཱཿབཛྲ་པྃ་ཧཱུྃ་ཕཊ྄༔ པྲ་བེ་ཤ་ཡ་ཕཊ྄༔ ཨོཾ་ཨཱཿབཛྲ་གྷཾ་ཧཱུྃ་ཕཊ྄༔ ཨུཙྪ་ཊ་ཡ་ཕཊ྄༔ ཨོཾ་ཨཱཿབཛྲ་ཤཾ་ཧཱུྃ་ཕཊ྄༔ སྟམྦྷ་ཡ་ཕཊ྄༔ ཨོཾ་ཨཱཿབཛྲ་ཙྃ་ཧཱུྃ་ཕཊ྄༔ མོ་ཧ་ཡ་ཕཊ྄༔ ཞེས་སོ་སོར་ཤམ་བུ་བཅས་གསུམ་རེ་བཟླས། ཞེས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་རྫས་ཀྱི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་དུས་སུ་བདག་བྱིན་བརླབ་པའི་གཏུམ་མོ་སྦར་བ་ལ་དབང༌། སྒྲ་སྐད་འབྱིན་འཇུག་གསང་སྔགས་སུ་དག་སྟེ། གསུང་རྡོ་རྗེ་བདེན་དོན་བཅུ་གཉིས་ཀྱི་བདག་ཉིད་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དོན་དུ་དབང་བསྐུར་བ་ལ། མར་མེ་སྙིང་གར་བཞག་ལ། ཧཱུྃ༔ ཡང་དག་གྲུབ་པ་གཅིག་པུ་ནི༔ སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ མཁའ་འགྲོ་སྒྱུ་མ་བདེ་མཆོག་གི༔ འོད་གསལ་ཐུགས་ཀྱི་དབང་བསྐུར་རོ༔ སྔགས་མཐར། ཙིཏྟ་ས་མ་ཡ་ཨ་བེ་ཤ་ཡ་སྟྭྃ༔ དཔལ་ཆེན་ཁྲག་འཐུང་སྦྱོར་ཡུམ་ལས༔ གཉིས་པ་སྤྲོས་ཏེ་སློབ་མའི་ཡུམ༔ ཀྲོ་དྷཱི་ཤྭ་རིར་དབྱེར་མེད་པས༔ སྙོམས་འཇུག་གསང་བའི་རྒྱུ་རྩལ་གྱིས༔ དགའ་བཞིའི་བདེ་ཆེན་སྐྱེད་པར་བསམ༔ དེས་གསང་བ་ཆོས་ཐམས་ཅད་འབྱུང་བའི་དཀྱིལ་འཁོར་དུ་ཡིད་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་ཀྱི་དྲི་མ་སྦྱངས། ལམ་དུས་སུ་ཕོ་ཉ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་གསང་ལམ་སྒོམ་པ་ལ་དབང༌། བྱུང་ཚོར་ལྷན་སྐྱེས་ཡེ་ཤེས་སུ་དག་སྟེ་ཐུགས་རྡོ་རྗེ་དགའ་བ་བཅུ་དྲུག་གི་བདག་ཉིད་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། བཞི་པ་མཐར་ཐུག་དེ་ཁོ་ན་ཉིད་ཀྱི་དབང་གི་སླད་དུ། སྒྲུབ་པའི་མར་མེ་སླར་ཡང་སྙིང་གར་བཞག་ལ། ཧོཿ ཡང་དག་གྲུབ་པ་གཅིག་པུ་ནི༔ སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ མཁའ་འགྲོ་སྒྱུ་མ་བདེ་མཆོག་གི༔ འོད་གསལ་ཡེ་ཤེས་དབང་བསྐུར་རོ༔ སྔགས་མཐར། ཛྙཱ་ན་ས་མ་ཡ་ཨ་བེ་ཤ་ཡ་སྟྭྃ༔ གཉུག་མའི་གནས་ལུགས་ཡང་དག་པ༔ རིག་སྟོང་གཉིས་སུ་མེད་པ་ནི༔ སྣང་གསལ་མར་མེའི་བརྡས་མཚོན་ཏེ༔ དོན་གྱི་ཡེ་ཤེས་སྐྱེད་པར་བསམ༔ མཐར་ནི་ལྷ་བསྟིམ་གཉིས་མེད་བཞག༔ དཔལ་ཆེན་སྐུ་ཡི་གསལ་སྣང་དང༔ ཁ་སྦྱོར་རླུང་བཟུང་འབར་འཛག་གི༔ བདེ་བས་ཐབས་བྱས་སྟོང་ཉིད་ངང༔ དབང་བཞིའི་རྟོགས་པ་བརྟན་པར་མོས༔ དེ་ལྟར་དོན་དམ་སྤྲོས་མེད་བརྡ་ཡི་དཀྱིལ་འཁོར་དུ། ཚིག་དང་རིག་པའི་རྩལ་དབང་ཐོབ། སྒོ་གསུམ་གྱི་དྲི་མ་སྦྱངས། ལམ་དུས་སུ་ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་གི་ཉམས་ལེན་བྱེད་པ་ལ་དབང༌། སྣང་བཞི་ཟད་སར་འཁྱོལ་ཏེ་ལྷུན་གྲུབ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར་པའོ། །དེ་དག་གིས་བདེ་ཆེན་ཧེ་རུ་ཀའི་གསང་གསུམ་མཆོག་གི་དངོས་གྲུབ་ལ་སྦྱོར་བ་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་བསྐུར་ཟིན་ནས། གཉིས་པ་སྨད་ལས་དགྲ་བགེགས་སྒྲོལ་བའི་དབང་བསྐུར་བ་ལ། དེ་ལྟར་དཔལ་ཧེ་རུ་ཀའི་རྡོ་རྗེ་བཞི་ཡི་དཀྱིལ་འཁོར་དུ་སྐུ་བཞིའི་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་ལ་སྦྱོར་བའི་དབང་བཞིའི་རྟོགས་པས་བདག་འཛིན་མཚན་མའི་རུ་ཏྲ་བསྒྲལ་བའི་ཡེ་ཤེས་ཀྱི་རྩལ་མཁའ་ཁྱབ་ཐུགས་རྗེ་ཐལ་འབྱིན་གྱི་ཕུར་པའི་ཡེ་ཤེས་ཆེན་པོའི་ཟིལ་གྱིས་ལས་ཀྱི་མ་མོ་བརྒྱད་བསྐུལ་ཏེ་གཙོ་འཁོར་སྤྲུལ་པ་ཕོ་ཉ་དང་བཅས་པས་བདུད་བཞི་དབྱིངས་སུ་བསྒྲལ་ཕྱིར་མཐའ་རྟེན་ཕུར་པ་རྫས་ཀྱི་དབང་བསྐུར་བར་མོས་ཤིག །ལས་ཕུར་གཏད་ལ། ཧཱུྃ༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོའི་གཟི་བྱིན་གྱིས༔ ལས་ཀྱི་མ་མོ་རྒྱུད་བསྐུལ་ནས༔ བདུད་བཞིའི་དཔུང་ཚོགས་ཚར་གཅོད་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ མ་མ་སརྦ་ས་མ་ཡ་ཧཱུྃ་ཧཱུྃ༔ སརྦ་བིགྷྣཱན་ཤ་ཏྲཱུན་མཱ་ར་ཡ་ཕཊ྄༔ ཕུར་པ་སློབ་མའི་ལག་ཏུ་གཏད་པ་ཕྱོགས་བཅུར་བསྒྲིལ་བའི་སྟང་སྟབས་བྱས་ལ། རྡོ་རྗེ་གཞོན་ནུའི་ཐུགས་ཀ་ནས༔ འོད་ཟེར་ཚ་ཞིང་རྩུབ་པ་དང༔ གཽ་རི་ལ་སོགས་བརྒྱད་རྣམས་ལས༔ རང་རང་མདོག་མཚུངས་མེ་འོད་འཕྲོས༔ ཁམས་གསུམ་ཐམས་ཅད་ཡོངས་སུ་གང༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ གསང་བའི་དགྲ་གསུམ་དབྱིངས་སུ་བསད༔ འཇིགས་པའི་བདུད་བཞི་རང་ངོར་བཅོམ༔ བར་གཅོད་འཕྲང་གསུམ་ཀློང་དུ་བསལ༔ དཔལ་ཆེན་བཛྲ་ཧེ་རུ་ཀའི༔ བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་བསམ༔ ཤིས་པ་བརྗོད་པས་མངའ་གསོལ་བྱ། དེ་དག་གིས། ཁྲག་འཐུང་གལ་པོའི་ཏནྟྲ་ཡི༔ རྡོ་རྗེའི་གླེང་གཞི་ངེས་པའི་དོན༔ སྨིན་བྱེད་རྒྱུད་ཀྱི་སྙིང་པོ་སྟེ༔ སྙིང་གི་བུ་ལ་གཏད་རྒྱས་གདབ༔ ཅེས་གསུངས་པ་ལྟར་སྙིང་པོ་དོན་གྱི་ཟབ་མོའི་དབང་བཞི་མཐའ་རྟེན་དང་བཅས་པ་ཐུན་མོང་མ་ཡིན་པ་གྲུབ་པ་ལགས་པས། སོགས་མཚམས་སྦྱོར་སྤྱི་མཐུན་གྱིས་དམ་ཚིག་ཁས་བླང་གཏང་རག་མཎྜལ་བསྔོ་སྨོན་སོགས་དབང་དང༌། ཆོ་གའི་རྗེས་རིམ་གསང་བ་སྤྱི་ལྟར་བྱའོ། །འཇིྃགས་མེདྃ་ནང་གི་ཡེ་ཤེས་ཉིད། །མཁྱེནྃ་བརྩེྃའི་འོདྃ་ཟེརྃ་འབུམ་འཕྲོ་བས། །བཀྲྃ་ཤིསྃ་མཆོག་ཐུན་དངོས་གྲུབ་དཔྃལ། །འདོད་དགུའི་འབྱོྃར་པའི་སྐྱེས་འདི་རྨད། །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཡི་དམ་ཡང་དག་ཐུགས་ཀྱི་དཀྱིལ་འཁོར་དང་རྡོ་རྗེ་ཕུར་པ་སྦྲགས་མའི་དྲིལ་སྒྲུབ་ཀྱི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་མཆོག་དངོས་གྲུབ་པའི་དཔལ་སྟེར་ལེ་ཚན་བཅུ་དྲུག་པ་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེས་སྦྱར་བའོ། ༈ སངས་རྒྱས་ཀུན་གྱི་ཕྲིན་ལས་རྡོྃ་རྗེྃའི་མཚོན། །སྙིང་རྗེ་ཁྲོས་པའི་གཟིྃ་བརྗིྃད་དང་བཅས་པས། །བདུད་བཞིའི་གྲོང་ཁྱེར་མཐར་བྱེད་མཐུ་སྟོབས་རྩྃལ། །མཚུངས་མེད་ལྷག་པའི་ལྷ་མཆོག་རྒྱལ་གྱུར་ཅིག །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཕྲིན་ལས་རྡོ་རྗེ་གཞོན་ནུ་ཕུར་པ་འདུས་པའི་དྲིལ་སྒྲུབ་ཀྱི་དབང་ལ་རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ་དང༌། དེ་ཉིད་སྒྲུབ་ཅིང་དབང་བསྐུར་བའི་ཚུལ་གཉིས་ལས། དང་པོ་ནི། དབང་བསྐུར་བའི་གནས་དེར་རས་བྲིས་གཞུང་མཐུན་བཀྲམ་པའི་ལྟེ་བར་ཕུར་གདན་ལ་ལྕགས་སམ་དྲག་པོའི་ཤིང་གི་སྒྲུབ་ཕུར་མཚན་ཉིད་དང་ལྡན་པ་དར་མཐིང་གའི་ཅོད་པན་ཅན་བཙུགས། མདུན་དུ་བླ་མའི་གཏོར་ཆེན། ལས་ཕུར་བཅས་བཀོད་ལ་ཉེར་སྤྱོད་མཆོད་པས་བསྐོར། སྨན་རཀ །སྲུང་མ་དང་ཆད་བརྟན་གྱི་འབུལ་གཏོར། ཚོགས་མཆོད། དཀར་བགེགས་སོགས་ཀྱང་བཤམས། ལས་ཀྱི་བུམ་པ་དང༌། རྡོར་དྲིལ་སོགས་སློབ་དཔོན་གྱི་མདུན་དུ་བཀོད་ལ། གཉིས་པ་ནི། བརྒྱུད་འདེབས། ཕུར་པ་འདུས་པའི་དྲིལ་སྒྲུབ་ཀྱི་གཞུང་བསྲངས་ལ་བདག་མདུན་ཛཔ྄་ཁང་དབྱེ་བས་བསྐྱེད་བཟླས་ལེགས་པར་བྱ། བསང་ཆུའམ་ལས་བུམ་གྱི་ནང་དུ་པད་ཉིའི་གདན་ལ་ཁྲོ་བོའི་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དང་སྡིག་མཛུབ་མཛད་ཅིང་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པར་གསལ་ལ། བཛྲ་ཨ་མྲྀ་ཏའི་སྔགས་ཀྱིས་བྱིན་བརླབས། ཁྲོ་བོ་འོད་དུ་ཞུ་ནས་ཆུའི་རྡུལ་རེ་རེ་བཞིན་ཁྲོ་བོར་གྱུར་པས་ཕྲིན་ལས་མཛད་པར་མོས། སྲུང་མའི་གསོལ་མཆོད། ཚོགས་དང་སྐོང་བཤགས། རིག་པའི་མེ་ཏོག་དོར་ཏེ་གནང་བ་ཞུས་ལ། སློབ་མ་རྣམས་ལ་ཁྲུས་བྱས། བགེགས་བསྐྲད། སྲུང་འཁོར་སེམས་བསྐྱེད་གསལ་གདབ་པའི་རྗེས། དེ་ཡང་རྒྱུད་ལས། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །ཞེས་གསུངས་པ་ལྟར་ངོ་བོ་ཕྱོགས་དུས་ཀྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པའི་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱར་བཞེངས་པས་བདེ་བར་གཤེགས་པ་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྤྲུལ་པར་གསུངས་ཤིང༌། རྣམ་པ་བདུད་དགྲ་དམ་སྲི་འདུལ་ལ་འགྲན་ཟླ་མེད་པའི་མཐུ་སྟོབས་ཀྱི་རྩལ་དང་ལྡན་པ་ཕྲིན་ལས་ཀྱི་གསང་བ་གཅིག་ཏུ་བསྡུས་པ་ཀརྨ་ཧེ་རུ་ཀའི་ཚུལ་དུ་སྣང་ལ། ཁྱད་པར་དུ་ཞི་བའི་དུས་ན་དཔལ་རྡོ་རྗེ་སེམས་དཔའ། གསང་སྔགས་ཕྱི་པའི་སྐབས་སུ་རྡོ་རྗེ་རྣམ་པར་འཇོམས་པ། བྱང་ཆུབ་སེམས་དཔའི་སྐབས་སུ་གསང་བདག་ཕྱག་ན་རྡོ་རྗེ། རྡོ་རྗེ་གཙུག་ཏོར་ཕྱིར་བཟློག་ཆེན་མོ་སོགས་མཚན་དང་སྐུའི་བཀོད་པ། རིགས་སྔགས་ཀྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས་ལས་དང་དངོས་གྲུབ་རབ་འབྱམས་སྒྲུབ་པ་ལ་བྱིན་རླབས་ནུས་པའི་གཟི་བྱིན་ད་ལྟའི་བར་ཉམས་པ་མེད་པས་འཕགས་བོད་གསར་རྙིང་མཁས་གྲུབ་ཀུན་གྱི་ཐུགས་དམ་གསང་བའི་ལྷ་གཅིག་མར་ཡོངས་སུ་གྲགས་ལ། འདི་ཉིད་ལ་རྒྱུད་དང་གདམས་ངག་བཀའ་བབ་ཀྱི་ལུགས་སྲོལ་ཟབ་ཅིང་རྒྱ་ཆེ་བ་བྱུང་བ་ལས། སྐབས་སུ་བབ་པ་འདི་ནི། སྔ་འགྱུར་ཟབ་མོ་གཏེར་གྱི་ཆོས་སྡེའི་བྱེ་བྲག་ཀུན་མཁྱེན་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཟབ་མོའི་དགོངས་ཀློང་ཡེ་ཤེས་ཀྱི་གསང་མཛོད་ལས་བྱོན་པའི་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཕུར་པ་འདུས་པའི་དྲིལ་སྒྲུབ་ཞེས་ཕྲིན་ལས་ཀྱི་སྒྲུབ་སྡེའི་སྐོར་ཏེ། རྗེ་འདི་ཉིད་ཀྱིས་ཕུར་པ་བཀའ་གཏེར་དག་སྣང་གི་རིམ་པ་གངས་ཅན་ན་བཞུགས་སོ་ཅོག་ལེགས་པར་གསན། ཐུགས་དམ་ཉམས་བཞེས་མཐར་ཕྱིན་པར་གནང་བས་དཔལ་ཆེན་པོའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང༌། སངས་རྒྱས་གཉིས་པ་པདྨཱ་ཀ་ར། པཎ་ཆེན་དྲི་མེད་བཤེས་གཉེན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་ཕུར་པ་གྲུབ་པའི་རིག་འཛིན་རྣམས་ཀྱིས་བྱིན་རླབས་དབུགས་དབྱུང་ཁྱད་པར་ཅན་བསྩལ། སྨིན་གྲོལ་རྒྱུད་ཀྱི་བཤད་བཀའི་ཉེ་བརྒྱུད་བརྙེས། བོད་ཕུང་མཐའ་དམག་དམ་སྲི་ཕྲིན་ལས་དྲག་པོའི་སྟོབས་ཀྱིས་བསྒྲལ་བ་སོགས་ངོ་མཚར་གྱི་ཆེ་བ་དུ་མ་དང་ལྡན་པའི་བྱེ་བྲག་ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་དབང་བསྐུར་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་དཔལ་ཆེན་ཁྲག་འཐུང་རྡོ་རྗེ་གཞོན་ནུ་དངོས་སུ་གསལ་བ་ལ་མོས་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པ༔ དབང་དང་བྱིན་རླབས་བདག་ལ་སྩོལ༔ ལན་གསུམ། དཔལ་ཆེན་ཁྲག་འཐུང་རྡོ་རྗེ་གཞོན་ནུ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོ་རྩ་གསུམ་རྒྱལ་བ་རབ་འབྱམས་ཆོས་སྲུང་དང་བཅས་པ་མཁའ་ཁྱབ་ཏུ་བཞུགས་པ་ལ་བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྩེ་གཅིག་གུས་པས་སྐྱབས་སུ་འགྲོ་བ་དང་མཁའ་མཉམ་གྱི་ཡིད་ཅན་དཔལ་ཧེ་རུ་ཀའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གསང་བའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཟབ་མོའི་སྒོར་ཞུགས་ཤིང་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ བླ་མ་རྡོ་རྗེ་གཞོན་ནུ་སོགས། ལན་གསུམ། ཡུལ་མཆོག་དེ་རྣམས་ཀྱི་སྤྱན་སྔར་ཕྱག་དང་བཤགས་པས་སྒོ་གསུམ་གྱི་སྒྲིབ་གཉིས་བག་ཆགས་སྦྱང་བ་དང༌། མཆོད་པ་ལ་སོགས་པས་ཚོགས་གཉིས་ཕུང་པོ་བླ་ན་མེད་པ་བསགས་པ་དང༌། ཡོངས་སུ་བསྔོ་བས་དགེ་བའི་རྩ་བ་རྒྱ་ཆེར་སྤེལ་བ་རྣམས་ཀྱི་དམིགས་འདུན་གསལ་ཐོབ་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་ལན་གསུམ། དབང་གི་བཅུད་ཆགས་པ་ལ་རྒྱུད་སྡོམ་པ་དང་ལྡན་པའི་སྣོད་དགོས་པས། རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པའི་སྡོམ་པ་རིགས་ལྔ་སྤྱི་དང་བྱེ་བྲག་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་རྣམས་ལེགས་པར་བླངས་ཏེ་སྲུང་སྙམ་པས་འདིའི་རྗེས་ཟློས། ཨོཾ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང༌། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་རྫོགས་གྱུར་ཅིག །ལན་གསུམ། དངོས་གཞི་དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ལ། རིག་འཛིན་བླ་མའི་བྱིན་རླབས་གཏོར་མའི་དབང་བསྐུར་བགྱི་བ་ལ། གཏོར་སྣོད་རིན་ཆེན་འབར་བའི་གཞལ་མེད་ཁང་གི་དབུས་སུ་གཏོར་མ་འདི་ཉིད་བླ་མ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་རྩལ་ཕྲིན་ལས་ཕུར་པ་གྲུབ་པའི་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་སྤྲིན་གཏིབས་པ་ལྟར་བཞུགས་པའི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་འོད་ཟེར་བདུད་རྩིའི་ཕྲེང་བ་དཀར་དམར་མཐིང་ག་ཁ་དོག་སྣ་ཚོགས་པའི་རྣམ་པར་ཆར་ལྟར་བྲུལ། སློབ་མའི་གནས་གསུམ་དུ་ཐིམ་པའི་མོས་པ་མཛོད། སློབ་དཔོན་གྱིས་ཌཱ་དྲིལ་གདངས་དབྱངས་དང་བཅས་ཏེ་བསྐུལ། ལས་རྡོར་གྱིས་གཏོར་མ་བཏེགས་ལ། ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ྄༔ ས་མ་ཡ་ཨ་བེ་ཤ་ཡ་སྟྭྃ༔ སློབ་དཔོན་གྱིས་གཏོར་མ་སློབ་མའི་གནས་གསུམ་དུ་བཞག །གཏོར་མ་དང་གཉིས་སུ་མེད་པའི་བརྒྱུད་གསུམ་རིག་འཛིན་བླ་མ་ཐམས་ཅད་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་སློབ་མའི་སྒོ་གསུམ་ལ་ཐིམ་པས་རྡོ་རྗེའི་ཡེ་ཤེས་ཆེན་པོའི་བྱིན་རླབས་ཀྱི་ཟིལ་གྱིས་ཁྱེད་རང་རྣམས་དཔལ་ཆེན་པོའི་སྐུ་འདི་ལྟར་གསལ་ཐོབ་མཛོད། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་སོགས། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། སྣོད་རྣམ་པར་དག་པ་འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་ཀྱི་བཀོད་པ་རྫོགས་པའི་དབུས་སུ་པདྨ་ཉི་མ་ལྷ་ཆེན་ཕོ་མོའི་གདན་ལ། བཅུད་རྣམ་པར་དག་པ་ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག །ཞལ་གསུམ་གཡས་དཀར་ལ་གཡོན་དམར་ཕྱག་དྲུག་གཡས་དང་པོ་དང་བར་པས་རྡོ་རྗེ་རྩེ་དགུ་དང་རྩེ་ལྔ། གཡོན་དང་པོ་དང་བར་པས་མེ་ཕུང་དང་ཁཊྭཱྃ་ག་བསྣམས་ཤིང་ཕྱག་ཐ་མ་གཉིས་ཀྱིས་རི་རབ་ཕུར་བུ་འདྲིལ་བ། དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང་ཞབས་བཞི་འདོར་ཐབས་སུ་བགྲད་པའི་པང་དུ་ཡུམ་འཁོར་ལོ་རྒྱས་འདེབས་མ་མཐིང་སྐྱ་ཨུཏྤལ་དང་དུང་ཁྲག་བསྣམས་པས་འཁྱུད་པ་གནས་ལྔར་སྲས་མཆོག་རིགས་ལྔ། ཚིགས་མཚམས་སུ་ཁྲོ་བོ་བཅུ་སྟངས་དཔྱལ་ཕྲ་ཐབས་དང་བཅས་པ། ཡན་ལག་བཞིར་སྒོ་མ་ཕུར་སྲུང་དང་བཅས་པར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གསལ་ཐོབ་ཅིག །དེ་ནས་དབང་དངོས་ལ། བསྙེན་པའི་ཕུར་པ་ལ་བརྟེན་ནས་སྟོད་ལས་མཆོག་སྒྲུབ་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་དང༌། ལས་ཀྱི་ཕུར་པ་ལ་བརྟེན་ནས་སྨད་ལས་བསྒྲལ་དབང་གི་ཚུལ་དུ་བསྐུར་བ་གཉིས་ལས། དང་པོ་ནི། མདུན་བསྐྱེད་མཚན་མ་རྫས་ཀྱི་ཕུར་པ་འདི་ཉིད་རྣམ་པ་ཕྱིའི་དབྱིབས་རྫས་ཀྱི་ཕུར་པ་ལ་ནང་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཁྲག་འཐུང་བཛྲ་ཀཱི་ལ་ཡའི་དཀྱིལ་འཁོར་དབུས་སུ་གཙོ་བོ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཁྲོ་བཅུ་ཕྲ་ཐབས་སྲས་མཆོག་སྒོ་སྐྱོང་དམ་ཅན་སྲུང་མ་དང་བཅས་པ་ལུས་དཀྱིལ་གྱི་ལྷའི་ཚུལ་དུ་བཞུགས་པ་སྤྱན་དྲངས་ཏེ་དཔྲལ་བར་བཞག་པས་སྐུ་སྣང་སྟོང་བུམ་པའི་དབང་བསྐུར་སྩོལ་བའི་མོས་པ་མཛོད། སྒྲུབ་ཕུར་སྤྱི་བོར་བཞག་སྟེ། ཨོཾ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ སྐུ་ཡི་དབྱིག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཀཱ་ཡ་ས་མ་ཡ་ཨ་བེ་ཤ་ཡ་སྟྭྃ༔ མཚན་མ་རྫས་ཀྱི་ཕུར་བུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་བདུད་རྩིའི་ཆུ་རྒྱུན་གྱི་རྣམ་པས་ལུས་ཀྱི་ནང་གང༌། རྟོག་སྒྲིབ་བག་ཆགས་དང་བཅས་པའི་དྲི་མ་གཏོར་ཞིང་ཡེ་ཤེས་ལྔའི་ནུས་པ་རྒྱུད་ལ་ཞུགས་ཤིང་རིགས་ཀྱི་བདག་པོ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། མཐར་ལྷ་ཚོགས་རྣམས་ལས་སྐུ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་ལ་ཐིམ་པར་མོས་ཤིག །དེས་སྐུ་བུམ་པའི་དབང་བསྐུར། ལུས་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། གཟི་བརྗིད་སྟོབས་ཀྱི་དངོས་གྲུབ་ཐོབ། སྐུའི་བྱིན་རླབས་ལུས་ལ་ཞུགས། བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མཚན་མ་རྫས་ཀྱི་ཕུར་བུའི་དཀྱིལ་འཁོར་གྱི་ལྷ་ཚོགས་མགྲིན་པར་བཞག་སྟེ་གསང་བའི་དབང་བསྐུར་སྩོལ་བར་མོས་པ་མཛོད། ཨཱཿ སངས་རྒྱས་ཀུན་གྱི་ཡེ་ཤེས་གསུང༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ གསུང་གི་དབྱིག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཝཱཀ་ས་མ་ཡ་ཨ་བེ་ཤ་ཡ་སྟྭྃ༔ དཀྱིལ་འཁོར་གྱི་ལྷ་ཚོགས་རང་འོད་ཀྱི་ཡུམ་དང་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་སློབ་མའི་ལྕེ་ཐོག་ཏུ་བྱིན། མགྲིན་པའི་ལམ་བརྒྱུད་རྩ་ཁམས་ཐམས་ཅད་ལ་ཁྱབ། རང་བཞིན་བརྒྱད་ཅུའི་རྟོག་ཚོགས་འོད་གསལ་གྱི་དབྱིངས་སུ་ཐིམ་པས་གསང་བའི་དབང་བསྐུར་ཐོབ་པར་མོས་མཛོད། རྗེས་འབྲེལ་བཟླས་པའི་ལུང་སྦྱིན་པ་ལ། སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོར་སེམས་ཚོན་གང་བ། དེའི་ཐུགས་ཀར་ཉི་ཟླའི་གྭའུའི་ནང་དུ་ཧཱུྃ་ཡིག་གི་མཐར་འཁོད་པ་ལས་སྐུ་དང་སྔགས་ཕྲེང་མེ་འོད་མཚོན་ཆ་ནམ་མཁའ་གང་གང་བར་འཕྲོས། རྒྱལ་བ་སྲས་བཅས་མཆོད། ཁམས་གསུམ་གྱི་ཉོན་མོངས་པ་སྦྱངས། སྲིད་པ་གསུམ་གྱི་དྲེགས་བྱེད་ཐམས་ཅད་གཟིར། བར་ཆད་འབྱུང་པོ་ཐམས་ཅད་ཚར་བཅད། སྣོད་བཅུད་དཀྱིལ་འཁོར་གསུམ་དུ་རྫོགས་པར་མོས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀཱི་ལ་ཡ་ལན་གསུམ་བཟླར་གཞུག །དེས་གསུང་གསང་བའི་དབང་བསྐུར། ངག་གི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། དྲག་སྔགས་ནུས་པའི་དངོས་གྲུབ་ཐོབ། གསུང་གི་བྱིན་རླབས་ངག་ལ་ཞུགས། བདག་བྱིན་བརླབས་པའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མཚན་མ་རྫས་ཀྱི་ཕུར་བུའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྙིང་གར་བཞག་སྟེ་གསུམ་པའི་དབང་བསྐུར་བསྩལ་བར་མོས་པ་མཛོད། ཨཱཿ སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཙིཏྟ་ས་མ་ཡ་ཨ་བེ་ཤ་ཡ་སྟྭྃ༔ དཔལ་ཆེན་པོའི་སྦྱོར་ཡུམ་ལས་གཟུགས་དང་ལང་ཚོ་ལྡན་པའི་རིག་མ་ཡེ་ཤེས་ཕྱག་རྒྱའི་ངོ་བོ་ཅན་སྤྲོས་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པས། ལུགས་འབྱུང་ལྡོག་གི་ཐབས་ཤེས་དགའ་བ་བཅུ་དྲུག་མྱོང་བའི་མཐར་ཐུག་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོ་འཕོ་མེད་དུ་བརྟན་པར་མོས་ཤིག །དེས་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར། ཡིད་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། བདེ་ཆེན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས། གཞན་ལུས་ཕོ་ཉའི་མྱུར་ལམ་བསྟེན་པ་ལ་དབང༌། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མཚན་མ་རྫས་ཀྱི་ཕུར་བུ་སླར་ཡང་སྙིང་གར་བཞག་སྟེ། དབང་བཞི་པའི་དོན་ངོ་སྤྲོད་པར་མོས་མཛོད། ཧྲཱིཿ སངས་རྒྱས་ཀུན་གྱི་ཡེ་ཤེས་དབྱིངས༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ ཡེ་ཤེས་དབྱིག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཛྙཱ་ན་ས་མ་ཡ་ཨ་བེ་ཤ་ཡ་སྟྭྃ༔ མཚོན་བྱེད་དཔེ་ཡི་ཐབས་ལ་བརྟེན་ནས་མཚོན་བྱ་དོན་གྱི་ཡེ་ཤེས་ངོ་སྤྲོད་པ་ནི། རྡོ་རྗེའི་ཚིག་འདི་ལ་གསན་འཚལ། ཕུར་ནི་ཐབས་ཀྱི་རྒྱལ་པོ་སྟེ༔ པ་ནི་ཤེས་རབ་དབྱིངས་ཀྱི་ངང༔ ཟུང་འཇུག་ཆེན་པོར་མཉམ་བཞག་པས༔ བཞི་པའི་ཡེ་ཤེས་སྐྱེས་པར་བསམ༔ ཞེས་གསུངས་པ་ལྟར་དབྱིངས་སྟོང་ཉིད་སྤྲོས་བྲལ་གྱི་འཆར་ཆ། རིག་རྩལ་འཁོར་འདས་སྣ་ཚོགས་སུ་སྣང་ཡང༌། ཟུང་འཇུག་གདོད་མའི་གཤིས་ལ་སྐྱེ་འགགས་གནས་གསུམ་དང་བྲལ་བ་སྨྲ་བསམ་བརྗོད་བྲལ་ཆེན་པོ་ནམ་ཡང་འཕོ་འགྱུར་མེད་པའི་དོན་ལ་མཉམ་པར་ཞོག་མཛོད། དེས་ཡེ་ཤེས་བཞི་པའི་དབང་བསྐུར། སྒོ་གསུམ་ཆ་མཉམ་གྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། ཡེ་ཤེས་རྡོ་རྗེའི་སྟོབས་དང་དབང་བཅུའི་དངོས་གྲུབ་ཐོབ། རིག་པ་རྩལ་གྱི་བྱིན་རླབས་ཅིག་ཆར་དུ་ཞུགས། འོད་གསལ་རྡོ་རྗེ་སྙིང་པོའི་དོན་བསྒོམ་པ་ལ་དབང༌། འབྲས་བུ་མི་འགྱུར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །སླར་ཡང་དབང་གི་ཡེ་ཤེས་སྐྱེས་བརྟན་གོང་འཕེལ་དུ་བྱ་བའི་ཕྱིར། མཚན་མ་རྫས་ཀྱི་ཕུར་བུའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྟེང་གི་ཆ་ལ་རིག་འཛིན་གྲུབ་ཐོབ་བརྒྱུད་པའི་བླ་མ། བར་གྱི་ཆ་ལ་ཡི་དམ་ཞི་བ་དང་ཁྲོ་བོ། འོག་རོལ་ཏུ་མཁའ་འགྲོ་དམ་ཅན་སྲུང་མ་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་གསང་བ་གསུམ་ལས་འབྲུ་གསུམ་དང་བྱིན་རླབས་འོད་ཟེར་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ལ་ཐིམ་པས་སྒོ་གསུམ་ཆ་མཉམ་དང་བཅས་པ་དབང་བཞིའི་ཡེ་ཤེས་ཀྱིས་སྨིན། རྡོ་རྗེའི་དཀྱིལ་འཁོར་ཆེན་པོའི་བདག་ཉིད་དུ་གྲོལ། ལས་དང་ཉོན་མོངས་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། རིག་འཛིན་རྣམ་པ་བཞིའི་ས་ལམ་ཡོངས་སུ་རྫོགས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱི་གཏེར་ལ་སྤྱོད། སངས་རྒྱས་ཀུན་གྱི་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་དང་རོ་གཅིག་ཏུ་གྱུར་པའི་མོས་པ་མཛོད། སྒྲུབ་ཕུར་སྤྱི་བོར་བཀོད་ལ། ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་ས་མ་ཡ་ཨ་བེ་ཤ་ཡ་སྟྭྃ༔ དཀྱིལ་འཁོར་གྱི་ལྷ་ཚོགས་དགྱེས་པ་ཆེན་པོའི་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་གཉིས་སུ་མེད་པར་བྱིན་གྱིས་བརླབས་པ་ལ་ཤིས་པ་བརྗོད་པའི་ཚིག་གིས་མངའ་གསོལ་བར་མོས་མཛོད། ཧཱུྃ༔ རིག་འཛིན་རྩལ་འཆང་བྱིན་རླབས་ཀུན་གྱི་བདག༔ སྲིད་པའི་ཕུར་བུ་དངོས་གྲུབ་ཀུན་གྱི་གཏེར༔ མ་མོ་མཁའ་འགྲོ་མྱུར་མགྱོགས་ཕྲིན་ལས་ཅན༔ ཕུར་པའི་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ གཉིས་པ་ལས་ཕུར་ལ་བརྟེན་ནས་མངོན་སྤྱོད་གཙོ་བོར་གྱུར་པའི་ལས་རབ་འབྱམས་སྒྲུབ་པའི་དབང་བསྐུར་ལ། ཁྱེད་རང་རྣམས་དཔལ་ཆེན་པོའི་སྙེམས་པ་མཆོག་ཏུ་བརྟན་པས་ཕྱག་ཏུ་ཕྲིན་ལས་ཀྱི་ཕོ་ཉ་ཡོངས་སུ་རྫོགས་པའི་གདབ་ཕུར་གཏད་པར་མོས་ཤིག །ལས་ཕུར་སློབ་མས་འདྲིལ་ཏེ། ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ སྔོན་ཆད་ཚུལ་བཞིན་དམ་བཅས་པའི༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ མ་རཀྨོ་ཡཀྨོ། ཀ་ལ་རཱུ་པ། སྙིང་རྩ་ལ་ཡཾ་ཡཾ། སྲོག་ལ་ཡཾ་ཡཾ། སྙིང་ལ་ཕྲིལ་ཕྲིལ། སྲོག་ལ་ཆུམ་ཆུམ། ཙིཏྟ་སྲོག་ལ་ཏུང་ཏུང༌། སྙིང་ཁྲག་སྲོག་ལ་ཤད་ཤད། ཐུམ་རི་ལི་རི་ལི། ཙེག་ཙེག །འུར་འུར། ཤིག་ཤིག །འགུལ་འགུལ། མྱག་མྱག །སོད་སོད། དྷ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ། མཱ་ར་སེ་ན་པྲ་མརྡྷ་ན་ཧཱུྃ་ཕཊ྄། དེ་ལྟར་གཏད་པའི་ཕུར་པ་ཕྱོགས་བཅུར་བསྒྲིལ་ཞིང་གཟིར་བས་བྱ་བ་ཏན་ཏུར་གྱི་ཕྲིན་ལས་སྲུང་བ་རྡོ་རྗེའི་རྫོང་མཁར། བཟློག་པ་དྲག་པོའི་དམག་དཔུང༌། གདབ་པ་ལས་ཀྱི་སྤུ་གྲི། མཐའ་སྡུད་མནན་སྲེག་འཕང་གསུམ་གྱིས་མཚོན་དྲག་ཤུལ་གྱི་ལས་ཆེན་བཅུ་གཉིས་ལོག་རྡུག་འབྱམས་གསུམ་གྱི་སྐྱོན་དང་བྲལ་བས་ཕྱི་ནང་གསང་བའི་དགྲ་གསུམ་བསད། བདུད་བཞི་བཅོམ། འཕྲང་གསུམ་ལས་བརྒལ་ནས་དཔལ་ཁྲག་འཐུང་ཆེན་པོ་འཇིགས་མཛད་རྡོ་རྗེ་གཞོན་ནུ་དང་དགོངས་སྤྱོད་མཉམ་པར་མོས་མཛོད། དེ་དག་གིས། ཐུགས་ཀྱི་ཕུར་གཅིག་ལ་བརྟེན་ནས༔ ཏིང་ངེ་འཛིན་གྱི་དབང་བསྐུར་བ༔ རྒྱུད་ཀྱི་ཁོང་སྙིང་ཕྱུང་པ་སྟེ༔ སྣོད་ལྡན་བུ་ལ་གཏད་དོ་རྒྱ༔ ཞེས་སྤྲོས་པའི་ཡན་ལག་བསྡུས་ཀྱང་ཡང་གསང་ཐུགས་ཀྱི་ཕུར་གཅིག་ལ་བརྟེན་པའི་སྙིང་པོ་དོན་གྱི་དབང་བཞི་མཐའ་རྟེན་དང་བཅས་པ་ཡོངས་སུ་རྫོགས་པའི་ཟབ་ཁྱད་ཅན་སྔོན་ཆད་རྒྱ་ཆེར་མ་བསྟན་པའི་ཟབ་གསང་ཌཱ་ཀིའི་ཐུགས་ཏིག་བྱིན་རླབས་དོན་གྱི་བརྒྱུད་པ་མ་ཉམས་པའི་དབང་གི་རིམ་པ་ལེགས་པར་གྲུབ་པ་ལགས་པས་སོགས་མཚམས་སྦྱོར་དང་བཅས་དམ་ཚིག་ཁས་བླང༌། གཏང་རག་ལུས་འབུལ། དགེ་བསྔོ་རྣམས་དང་ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་སོགས་ཕྲིན་ལས་རྗེས་ཀྱི་རིམ་པ་མཐར་ཆགས་སུ་བྱའོ། །འཇིྃགས་བྲྃལ་མཁྱེནྃ་བརྩེྃ་དགྱེས་པའི་གར། །སྟོབས་བཅུའི་འོདྃ་ཟེརྃ་སྟོང་འབར་བ། །ཕྱོགས་ལས་རྣམ་རྒྱལ་བཀྲྃ་ཤིསྃ་ཀྱི། །བསྟན་འགྲོའི་དཔྃལ་འབྱོྃར་རྒྱས་གྱུར་ཅིག །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཡི་དམ་ཕྲིན་ལས་ཕུར་པ་འདུས་པའི་དྲིལ་སྒྲུབ་ཀྱི་དབང་གི་རིམ་པ་ཕྲིན་ལས་རྒྱན་གྱི་རོལ་མོ་ལེ་ཚན་བཅུ་བདུན་པ་ཕྲིན་ལས་དྲག་པོ་རྩལ་གྱིས་སྦྱར་བ་སྟེ་རྫོགས་སོ། ༈ གཉིས་པ་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོའི་སྒྲུབ་སྐོར་ལ། རིགས་ལྔ་མཁའ་འགྲོ་སྤྱི་དང་བྱེ་བྲག་གི་སྒྲུབ་ཐབས་དབང༌། ལས་ཚོགས་བཅས་རྒྱ་ཆེར་ཡོད་པའི་རྩ་ཐོ་རྗེ་བླ་མ་ཐམས་ཅད་མཁྱེན་པའི་ཕྱག་བྲིས་དངོས་མཇལ་བའི་སྐལ་བཟང་ཐོབ་ཀྱང་ཕག་མོ་དཀར་མོ་ཙམ་ལས་གཞན་གཏན་ལ་མ་ཕབ་པར་མངོན་ལ། དེ་ལ་མཁས་གྲུབ་ཀྱི་རྒྱལ་པོ་འཇམ་མགོན་རྣམ་གཉིས་ཀྱི་ལྗགས་བསྒྲིགས་བཞུགས་བཞིན་པ་དང༌། གཞན་བདུད་རྩི་བདེ་ཆེན་སྙིང་པོ་དང༌། ཕུར་པ་འདུས་པའི་དྲིལ་སྒྲུབ་གཉིས་དབུ་ཙམ་ལས་རྫོགས་པར་མ་ཕེབས། གསུམ་པ་བཀའ་སྲུང་གསོལ་མཆོད་རྡོ་རྗེའི་དྲྭ་བ་ལ་རྗེས་གནང་སྲོག་གཏད་སོགས་དམིགས་བསལ་མེད་པས་ད་ལྟ་བདག་ཅག་གི་སྤྱོད་ཡུལ་དུ་གྱུར་པ་དེ་ཙམ་གྱིས་རྫོགས་པར་གྲུབ་པའོ། །ཐེག་མཆོག་སྟོན་པའི་ཐུགས་བསྐྱེད་སྐྱ་རེངས་དང༌། །སྐལ་བཟང་གདུལ་བྱའི་སྨོན་ལམ་རྟ་བདུན་ཤུགས། །ནང་འཛོམས་བཀའ་བབ་རིན་ཆེན་བདུན་གྱི་ཉི། །མི་མཇེད་ཞིང་གི་རྒྱན་དུ་མཛེས་པར་ཤར། རྒྱ་ཆེའི་བཀའ་དང་ཟབ་གཏེར་བདུད་རྩིའི་རླབས། །སྨིན་གྲོལ་བསྐྱེད་རྫོགས་གདམས་པའི་རོ་ནུས་ཅན། །གཅིག་ལས་གཅིག་མཚར་འཁོར་བསྒྱུར་བང་མཛོད་བཞིན། །མངོན་སུམ་སྤྱོད་པ་སྔོན་སྨོན་བཟང་པོའི་མཐུ། །གཟུར་གནས་བློ་ཡི་རིན་ཆེན་མིག་ཡངས་ཤིང༌། །འཆད་རྩོམ་སྒྲུབ་པའི་གཏོང་བའི་ཕྱག་ཡངས་པའི། །བློ་ལྡན་མཆིས་ན་ཐེག་མཆོག་ཆོས་ཀྱི་ཁབ། །མེལ་ཚེ་བགྱིད་ལ་མི་བྲེལ་སུ་ཞིག་མཆིས། །བསགས་པ་རྒྱ་ཆེ་ཕ་ཡི་ནོར་སྐལ་མཆོག །རྗེས་འཇུག་བུ་ལ་བརྩེ་བས་སྦྱིན་པ་འདི། །རང་གར་བོར་ན་དེ་ལས་ཁྲེལ་འོས་སུ། དེ་ཚུལ་ཤེས་པས་རྟག་ཏུ་བརྩོན་པ་ལེགས། །བསགས་སྲུང་བརླག་པའི་སྡུག་བསྔལ་ཁུར་བརྩེགས་ཤིང༌། །ཕུང་ཁྲོལ་གདེང་ཀས་གཡེངས་བའི་མཛོད་ཕལ་ཆེར། །དགྲ་སྡེས་བརླག་ཀྱང་ཆོས་ཀྱི་གསང་མཛོད་ནི། །འགྲིབ་མེད་བདག་གི་དཔལ་དུ་ཆས་ལ་གཟིགས། །འདི་ནི་སྐྱེ་འཆིའི་འཕོ་སྐྱེས་ཀྱིས་ཐེབ་ཀྱང༌། །ཕྱི་མར་བཅོལ་བའི་ནོར་ལ་རང་དབང་དུ། །འདི་བས་ལྷག་པས་ལེན་ཅིང་འཛིན་སྤེལ་གྱི། །སྤོབས་པའི་མགོ་འཕང་བསྟོད་ལ་སོམ་ཉི་ཅི། །མཐིང་སྐྱ་མིག་གི་བུང་བ་གཏིང་དུ་ལྷུང༌། །འཁྱོགས་པའི་སོར་མོ་སྒ་ཤིང་ལྟར་གྱུར་ཀྱང༌། །ལེགས་བཤད་བཟང་གོས་འཆི་ཁར་ཚེམས་དྲུབ་འདི། །ཆོས་སྲས་ན་ཚོད་གཞོན་ལ་སྐྱེས་སུ་འབུལ། །གསེར་གྱི་རྒྱ་ཕིབས་མཛེས་པའི་ཚོན་རིས་ཅན། །རིན་ཆེན་དར་ཟབ་མཆོད་རྫས་ཀྱིས་གཡོགས་པའི། །གཙུག་ལག་བཤིག་ཀྱང་སྔ་འགྱུར་དབང་ཆུ་བཞི། །སླར་ཡང་འཕགས་ཡུལ་ཆས་འདི་བདག་ཀྱང་སྤྲོ། །རིག་འཛིན་གྲུབ་པའི་ནུ་ཞོས་གསོས་པ་ཡི། །སེང་ཕྲུག་བདག་ཀྱང་ཐེག་མཆོག་གངས་རིའི་སྤོར། །དགའ་བས་རྩེན་པའི་ཟློས་གར་འདི་ཡིན་པས། །མཁས་གྲུབ་བྱེ་བས་བྱམས་བརྩེས་གཟིགས་མཛོད་ཀྱེ། །གཡོན་ཅན་གྲོགས་ལྡན་འདུ་འཛི་ལོག་འཚོས་གཡེངས། །བསྐྱེད་རྫོགས་གདིང་བྲལ་ལྟར་སྣང་ཆོས་ཀྱིས་འཚོ། །ཤ་ཆང་ཁྱིམ་གྱི་གྲོང་གསེབ་སྔགས་རྒན་གྱི། །འདམ་ལས་ངོ་མཚར་པདྨའི་འཛུམ་འདི་བྱུང༌། །ལེགས་བྱས་གང་མཆིས་དམ་པའི་བུང་བ་ཡིས། །དགྱེས་པར་བཞེས་ལ་སྲིད་དང་ངན་སོང་གི །གཡང་སར་ཕྱོགས་པ་བདག་གི་ཅོ་ཏོ་ནས། །བཟུང་སྟེ་བདེ་ཆེན་གླིང་དུ་འཁྲིད་མཛད་གསོལ། །དེ་སྐད་གངས་ཅན་བོད་ཀྱི་ཤར་ཕྱོགས་ཆར། །མདོ་ཁམས་དམ་ཆོས་བདུད་རྩིའི་དགའ་སྟོན་ལ། །ཅི་དགར་རོལ་པའི་སྐལ་པ་མི་དམན་པ། །མཁྱེན་བརྩེ་འོད་ཟེར་བུང་བས་བསྟན་ནས་སོང༌། །ཡབ་གཅིག་བླ་མའི་བཞེད་པ་བདག་གིས་སྐོང༌། །ཡུམ་གཅིག་མཁའ་འགྲོའི་གསང་མཛོད་དད་པས་སྤྱོད། །ལས་གཅིག་བྱས་པ་དོན་ལྡན་འདི་གྱུར་ནས། །ཕྱམ་གཅིག་སྐུ་གསུམ་གླིང་དུ་རྩེན་པར་ཤོག །ནམ་ཞིག་དྷུ་མ་ཐ་ལའི་གྲོང་ཁྱེར་ན། །མཁའ་སྤྱོད་མིག་ཡངས་འཛུམ་པའི་ཕོ་ཉ་བཅས། །ཆོས་ཉིད་རང་སྒྲའི་རྒྱུད་ཀྱི་གླིང་བུ་ལེན། །ཟབ་དོན་འགྲམ་ཆང་འཐུང་ལ་མི་ངལ་ཤོག །སངས་རྒྱས་གཉིས་པའི་ཐུགས་བསྐྱེད་དཔུང་ཚོགས་བཞིས། །དཔལ་ལ་དབང་བསྒྱུར་དྲག་ཤུལ་རྡོ་རྗེའི་ཆར། །ནག་ཕྱོགས་རྫོང་ལ་འབེབས་པའི་དམག་དཔོན་དུ། །བདག་གྱུར་ཡིད་སྲུབ་རྒོལ་ངན་མཐར་བྱེད་ཤོག །འཕགས་པའི་ཆོ་རིགས་གཙང་ཞིང་ཐོས་བསམ་སྒོམ། །ལང་ཚོའི་མེ་ཏོག་བཞད་ལ་འདི་འབུལ་བས། །བཤད་སྒྲུབ་ལས་ཀྱི་འཁོར་ལོའི་ཟློས་གར་གྱིས། །ཐུབ་བསྟན་ཀུན་དགའི་སྐྱེད་ཚལ་མཛེས་པར་མཛོད། །བདག་ཀྱང་ཐོས་པའི་མཛོད་བསགས་བསམ་པས་སྤེལ། །སྒོམ་སྟོབས་གནད་ཀྱི་ཉམས་ལེན་སྲོག་གི་ཟུངས། །ཡིད་འོང་དབེན་པའི་ངོགས་ནས་སྨིན་གྱུར་ཏེ། །ཐུབ་པའི་བསྟན་ལ་བྱ་བ་བྱེད་ནུས་ཤོག །བཀྲ་ཤིས་གང་ཞིག་རྩ་གསུམ་དགྱེས་པའི་ཉིན་མོར་བྱེད། །བྱིན་རླབས་སྣང་བ་འབུམ་གྱིས་སྒེག་པའི་འོད་ཕྲེང་གིས། །དངོས་གྲུབ་པདྨོའི་འཛུམ་གཡོ་ཕྲིན་ལས་དྲི་བསུང་ཁྱབ། །ཕན་བདེའི་བུང་བའི་ཟློས་གར་བརྩེ་བས་མཛེས་གྱུར་ཅིག །ཅེས་ཤར་མདོ་ཁམས་སྡེ་དགེའི་ཆོས་རྒྱལ་ཆེན་པོའི་མངའ་རིས་ཀྱི་ཤར་ཕྱོགས་ཤྲཱི་ན་ལེནྡྲ་གཉིས་པ་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཟིམས་སྤྱིལ་འོག་མིན་གཉིས་པ་སྤྲིན་གྱི་སྐྱེད་ཚལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ནས་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཁྱབ་བདག་རྡོ་རྗེ་སེམས་དངོས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མཆོག་གི་ཞལ་སྔ་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོའི་དགེ་མཚན་ཉི་ཟླ་ཁོར་ཡུག་ཏུ་འཆར་བའི་སྐབས། ཐུན་མོང་མ་ཡིན་པའི་ཟབ་ཆོས་འདི་དག་གི་སྨིན་གྲོལ་གྱིས་བདག་ཀྱང་རྗེས་སུ་བཟུང་བའི་སྐལ་བཟང་ཐོབ་པའི་སྐབས་འདི་བཞིན་ཞབས་ཏོག་སྲིད་ཞུ་སྤེལ་འོས་ཀྱི་བཀའ་ཕུན་སུམ་ཚོགས་པའི་རྟེན་དང་བཅས་དགྱེས་བརྩེས་ཚངས་གནས་ཀྱི་རྒྱན་དུ་བསྩལ་བ་དང་ཆབས་ཅིག །གཏེར་ཆེན་རོལ་པའི་རྡོ་རྗེའི་མཆོག་སྤྲུལ་དྭགས་རྙིང་གི་བསྟན་པའི་སྣང་བྱེད་ཆེན་པོ་ཀརྨ་དྲི་མེད་འོད་ཟེར་ཞབས་ཀྱིས་སྨིན་གྲོལ་བདུད་རྩི་ལྷན་ཅིག་བཞེས་པར་རྗེ་བླ་མའི་བཀའ་བཞིན་མྱུར་དུ་སྒྲུབ་འོས་པའི་བསྐུལ་མ་རྟེན་དང་བཅས་ཡང་ཡང་བསྩལ་བ་དང་རང་ཉིད་ཀྱིས་ཀྱང་དད་སྤྲོས་བསྙེན་སྒྲུབ་ཀྱི་ཞོར་ལ་ཟིན་ཐོ་ཁ་ཤས་བཏབ་ཀྱང༌། མཐའ་མིའི་ལོག་སྤྱོད་ཀྱིས་ཁམས་བོད་ཐམས་ཅད་རྔ་ཐོག་གི་སྲན་མ་བཞིན་ཉམས་ཉེས་སུ་གྱུར་པས་རྩ་བའི་ཟབ་ཆོས་འདི་ཉིད་ཀྱང་དབྱིངས་ཀྱི་མཁའ་འགྲོའི་ཕྱག་མཚན་དུ་བཞེས་པ་ལ་ཉེ་བར་རྩོམ་སྐབས། རྒྱལ་བའི་ཕྲིན་ལས་ཀྱི་རེ་ཁཱ་བསུབ་ཏུ་མེད་པས་རྗེ་བླ་མ་རིན་པོ་ཆེའི་ཕྱག་དཔེ་འཕགས་ཡུལ་དུ་གདན་འདྲེན་ཞུས་ཐུབ་པའི་བཀའ་དྲིན་ལས། རིམ་གྱིས་དཔེ་རྒྱུན་འཕེལ་བ་ལ་ཐེག་མཆོག་སྙིང་པོའི་བསྟན་དང་བསྟན་འཛིན་ལ་མཆོག་ཏུ་གུས་པ་བྱང་གནམ་མཚོའི་དོ་སྐྱ་མཆོག་སྤྲུལ་འགྱུར་མེད་པདྨ་དྲི་མེད་ནས་རྩ་དཔེ་ཞལ་བཤུས་ཀྱི་གླེགས་བམ་དབུས་གྱུར་རྡོ་རྗེ་གདན་གྱི་གཙུག་ལག་ཁང་ནས་གནང་བའི་རྟེན་འབྲེལ་གྱིས་མཚམས་སྦྱར་ཏེ། ཤར་མདོ་ཁམས་སྡེ་དགེའི་རྒྱལ་ཁམས་ཀྱི་མུ་ཏོ་བ། འདུ་ཤེས་གསུམ་གྱི་གཡར་དམ་འཆང་བས་གྲོང་གསེབ་ཏུ་འཁྱམས་པའི་རྙིང་སྔགས་རྒན་པོ། སྙན་ལ་བརྗིད་པའི་མིང་མང་པོའི་ཁུར་གྱིས་ནོན་པའི་རྨོངས་བརྟུལ་གྱི་ཟོག་པོས་རྒྱ་གར་གྱི་ཡུལ་གྲུ་མཐའ་དབུས་ཀུན་ཏུ་རྒྱུ་བའི་སྐབས་སུ་རང་བློས་དཔོག་ཚོད་ཇི་ལྟར་ནུས་པའི་ཞབས་ཏོག་ཞུས་པ་ལ། རྡུལ་བྲལ་ཆོས་སྤྱན་མངའ་ཞིང་ངེས་དོན་གྱི་བསྟན་པ་རིན་པོ་ཆེ་ཐུགས་ལ་བཅགས་པའི་གཟུར་གནས་མཁས་གྲུབ་རྣམས་ཀྱིས་དཔྱད་ཞུས་དང༌། སྨིན་གྲོལ་གྱི་སྲོག་རྩ་མི་ཆད་པའི་གཡར་དམ་བཞེས་གྲུབ་སྙིང་ནས་གསོལ་བ་འདེབས་པ་དང༌། ཡི་གེའི་མཐུན་སྦྱོར་བྱང་ཕྱོགས་རེབ་སྐོང་རིག་པའི་འབྱུང་གནས་ཀྱི་སྔགས་བན་འཇིགས་མེད་སྐལ་བཟང་བདེ་ཆེན་གྲུབ་པའི་རྡོ་རྗེས་དད་གུས་ཀྱི་བརྩོན་པས་བགྱིས་པའི་ངལ་བའི་ཁུར་འདིས་ཀྱང་བསྟན་འགྲོའི་དགེ་མཚན་ཉིན་བྱེད་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་འཕེལ་རྒྱས་བརྟན་པའི་རྒྱུར་འགྱུར་བར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་པར་མཛད་དུ་གསོལ། སརྦ་དཱ་སུ་ཤྲཱི་ཡེ་བྷ་ཝནྟུ།། །།}} | ||
</onlyinclude> | </onlyinclude> |
Latest revision as of 08:09, 1 June 2024
Wylie title | dgongs gter 'od gsal snying thig las/ bla ma rtsa gsum spyi dang bye brag gi smin lam dbang gi phreng ba 'jug bde dkyus gcig tu bkod pa smin grol ye shes bdud rtsi'i gsang mdzod | |
---|---|---|
Location | dil mgo mkhyen brtse bka' 'bum Volume 12, Text 1, Pages 1-190 (Folios 1a to 190a2) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po) | |
Citation | Khyentse, Dilgo. Dgongs gter 'od gsal snying thig las bla ma rtsa gsum spyi dang bye brag gi smin lam dbang gi phreng ba 'jug bde dkyus gcig tu bkod pa smin grol ye shes bdud rtsi'i gsang mdzod. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 12: 1-190. Delhi: Shechen Publications, 1994. | |
Genre | Empowerment Ritual - dbang chog - dbang skur | |
Cycle | རྩ་གསུམ་འོད་གསལ་སྙིང་ཏིག་ (rtsa gsum 'od gsal snying tig) | |
Colophon |
།ཅེས་ཤར་མདོ་ཁམས་སྡེ་དགེའི་ཆོས་རྒྱལ་ཆེན་པོའི་མངའ་རིས་ཀྱི་ཤར་ཕྱོགས་ཤྲཱི་ན་ལེནྡྲ་གཉིས་པ་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཟིམས་སྤྱིལ་འོག་མིན་གཉིས་པ་སྤྲིན་གྱི་སྐྱེད་ཚལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ནས་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཁྱབ་བདག་རྡོ་རྗེ་སེམས་དངོས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མཆོག་གི་ཞལ་སྔ་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོའི་དགེ་མཚན་ཉི་ཟླ་ཁོར་ཡུག་ཏུ་འཆར་བའི་སྐབས། ཐུན་མོང་མ་ཡིན་པའི་ཟབ་ཆོས་འདི་དག་གི་སྨིན་གྲོལ་གྱིས་བདག་ཀྱང་རྗེས་སུ་བཟུང་བའི་སྐལ་བཟང་ཐོབ་པའི་སྐབས་འདི་བཞིན་ཞབས་ཏོག་སྲིད་ཞུ་སྤེལ་འོས་ཀྱི་བཀའ་ཕུན་སུམ་ཚོགས་པའི་རྟེན་དང་བཅས་དགྱེས་བརྩེས་ཚངས་གནས་ཀྱི་རྒྱན་དུ་བསྩལ་བ་དང་ཆབས་ཅིག །གཏེར་ཆེན་རོལ་པའི་རྡོ་རྗེའི་མཆོག་སྤྲུལ་དྭགས་རྙིང་གི་བསྟན་པའི་སྣང་བྱེད་ཆེན་པོ་ཀརྨ་དྲི་མེད་འོད་ཟེར་ཞབས་ཀྱིས་སྨིན་གྲོལ་བདུད་རྩི་ལྷན་ཅིག་བཞེས་པར་རྗེ་བླ་མའི་བཀའ་བཞིན་མྱུར་དུ་སྒྲུབ་འོས་པའི་བསྐུལ་མ་རྟེན་དང་བཅས་ཡང་ཡང་བསྩལ་བ་དང་རང་ཉིད་ཀྱིས་ཀྱང་དད་སྤྲོས་བསྙེན་སྒྲུབ་ཀྱི་ཞོར་ལ་ཟིན་ཐོ་ཁ་ཤས་བཏབ་ཀྱང༌། མཐའ་མིའི་ལོག་སྤྱོད་ཀྱིས་ཁམས་བོད་ཐམས་ཅད་རྔ་ཐོག་གི་སྲན་མ་བཞིན་ཉམས་ཉེས་སུ་གྱུར་པས་རྩ་བའི་ཟབ་ཆོས་འདི་ཉིད་ཀྱང་དབྱིངས་ཀྱི་མཁའ་འགྲོའི་ཕྱག་མཚན་དུ་བཞེས་པ་ལ་ཉེ་བར་རྩོམ་སྐབས། རྒྱལ་བའི་ཕྲིན་ལས་ཀྱི་རེ་ཁཱ་བསུབ་ཏུ་མེད་པས་རྗེ་བླ་མ་རིན་པོ་ཆེའི་ཕྱག་དཔེ་འཕགས་ཡུལ་དུ་གདན་འདྲེན་ཞུས་ཐུབ་པའི་བཀའ་དྲིན་ལས། རིམ་གྱིས་དཔེ་རྒྱུན་འཕེལ་བ་ལ་ཐེག་མཆོག་སྙིང་པོའི་བསྟན་དང་བསྟན་འཛིན་ལ་མཆོག་ཏུ་གུས་པ་བྱང་གནམ་མཚོའི་དོ་སྐྱ་མཆོག་སྤྲུལ་འགྱུར་མེད་པདྨ་དྲི་མེད་ནས་རྩ་དཔེ་ཞལ་བཤུས་ཀྱི་གླེགས་བམ་དབུས་གྱུར་རྡོ་རྗེ་གདན་གྱི་གཙུག་ལག་ཁང་ནས་གནང་བའི་རྟེན་འབྲེལ་གྱིས་མཚམས་སྦྱར་ཏེ། ཤར་མདོ་ཁམས་སྡེ་དགེའི་རྒྱལ་ཁམས་ཀྱི་མུ་ཏོ་བ། འདུ་ཤེས་གསུམ་གྱི་གཡར་དམ་འཆང་བས་གྲོང་གསེབ་ཏུ་འཁྱམས་པའི་རྙིང་སྔགས་རྒན་པོ། སྙན་ལ་བརྗིད་པའི་མིང་མང་པོའི་ཁུར་གྱིས་ནོན་པའི་རྨོངས་བརྟུལ་གྱི་ཟོག་པོས་རྒྱ་གར་གྱི་ཡུལ་གྲུ་མཐའ་དབུས་ཀུན་ཏུ་རྒྱུ་བའི་སྐབས་སུ་རང་བློས་དཔོག་ཚོད་ཇི་ལྟར་ནུས་པའི་ཞབས་ཏོག་ཞུས་པ་ལ། རྡུལ་བྲལ་ཆོས་སྤྱན་མངའ་ཞིང་ངེས་དོན་གྱི་བསྟན་པ་རིན་པོ་ཆེ་ཐུགས་ལ་བཅགས་པའི་གཟུར་གནས་མཁས་གྲུབ་རྣམས་ཀྱིས་དཔྱད་ཞུས་དང༌། སྨིན་གྲོལ་གྱི་སྲོག་རྩ་མི་ཆད་པའི་གཡར་དམ་བཞེས་གྲུབ་སྙིང་ནས་གསོལ་བ་འདེབས་པ་དང༌། ཡི་གེའི་མཐུན་སྦྱོར་བྱང་ཕྱོགས་རེབ་སྐོང་རིག་པའི་འབྱུང་གནས་ཀྱི་སྔགས་བན་འཇིགས་མེད་སྐལ་བཟང་བདེ་ཆེན་གྲུབ་པའི་རྡོ་རྗེས་དད་གུས་ཀྱི་བརྩོན་པས་བགྱིས་པའི་ངལ་བའི་ཁུར་འདིས་ཀྱང་བསྟན་འགྲོའི་དགེ་མཚན་ཉིན་བྱེད་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་འཕེལ་རྒྱས་བརྟན་པའི་རྒྱུར་འགྱུར་བར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་པར་མཛད་དུ་གསོལ། སརྦ་དཱ་སུ་ཤྲཱི་ཡེ་བྷ་ཝནྟུ།། | |
/ces shar mdo khams sde dge'i chos rgyal chen po'i mnga' ris kyi shar phyogs shrI na len+d+ra gnyis pa rdzong sar bkra shis lha rtse'i gzims spyil 'og min gnyis pa sprin gyi skyed tshal bkra shis 'chi med grub pa'i dga' tshal nas thub bstan yongs rdzogs kyi mnga' bdag khyab bdag rdo rje sems dngos 'jam dbyangs chos kyi blo gros mchog gi zhal snga nas zab rgyas chos kyi 'khor lo'i dge mtshan nyi zla khor yug tu 'char ba'i skabs/_thun mong ma yin pa'i zab chos 'di dag gi smin grol gyis bdag kyang rjes su bzung ba'i skal bzang thob pa'i skabs 'di bzhin zhabs tog srid zhu spel 'os kyi bka' phun sum tshogs pa'i rten dang bcas dgyes brtses tshangs gnas kyi rgyan du bstsal ba dang chabs cig_/gter chen rol pa'i rdo rje'i mchog sprul dwags rnying gi bstan pa'i snang byed chen po karma dri med 'od zer zhabs kyis smin grol bdud rtsi lhan cig bzhes par rje bla ma'i bka' bzhin myur du sgrub 'os pa'i bskul ma rten dang bcas yang yang bstsal ba dang rang nyid kyis kyang dad spros bsnyen sgrub kyi zhor la zin tho kha shas btab kyang*/_mtha' mi'i log spyod kyis khams bod thams cad rnga thog gi sran ma bzhin nyams nyes su gyur pas rtsa ba'i zab chos 'di nyid kyang dbyings kyi mkha' 'gro'i phyag mtshan du bzhes pa la nye bar rtsom skabs/_rgyal ba'i phrin las kyi re khA bsub tu med pas rje bla ma rin po che'i phyag dpe 'phags yul du gdan 'dren zhus thub pa'i bka' drin las/_rim gyis dpe rgyun 'phel ba la theg mchog snying po'i bstan dang bstan 'dzin la mchog tu gus pa byang gnam mtsho'i do skya mchog sprul 'gyur med pad+ma dri med nas rtsa dpe zhal bshus kyi glegs bam dbus gyur rdo rje gdan gyi gtsug lag khang nas gnang ba'i rten 'brel gyis mtshams sbyar te/_shar mdo khams sde dge'i rgyal khams kyi mu to ba/_'du shes gsum gyi g.yar dam 'chang bas grong gseb tu 'khyams pa'i rnying sngags rgan po/_snyan la brjid pa'i ming mang po'i khur gyis non pa'i rmongs brtul gyi zog pos rgya gar gyi yul gru mtha' dbus kun tu rgyu ba'i skabs su rang blos dpog tshod ji ltar nus pa'i zhabs tog zhus pa la/_rdul bral chos spyan mnga' zhing nges don gyi bstan pa rin po che thugs la bcags pa'i gzur gnas mkhas grub rnams kyis dpyad zhus dang*/_smin grol gyi srog rtsa mi chad pa'i g.yar dam bzhes grub snying nas gsol ba 'debs pa dang*/_yi ge'i mthun sbyor byang phyogs reb skong rig pa'i 'byung gnas kyi sngags ban 'jigs med skal bzang bde chen grub pa'i rdo rjes dad gus kyi brtson pas bgyis pa'i ngal ba'i khur 'dis kyang bstan 'gro'i dge mtshan nyin byed phyogs kyi tha gru kun tu 'phel rgyas brtan pa'i rgyur 'gyur bar bla ma rgyal ba sras dang bcas pas byin gyis brlab par mdzad du gsol/_sarba dA su shrI ye b+ha wan+tu// |