JKCL-KABUM-04-NGA-055: Difference between revisions
From Khyentse Lineage - A Tsadra Foundation Project
JKCL-KABUM-04-NGA-055
No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
Line 35: | Line 35: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །མཁན་ཆེན་རྡོ་རྗེ་འཆང་ངག་དབང་བསམ་གཏན་བློ་གྲོས་ཀྱི་རྣམ་པར་ཐར་པ་བཀྲ་ཤིས་འདོད་འཇོ་ཞེས་བྱ་བ་བཞུགས་སོ། ། | {{TibP|༄༅། །མཁན་ཆེན་རྡོ་རྗེ་འཆང་ངག་དབང་བསམ་གཏན་བློ་གྲོས་ཀྱི་རྣམ་པར་ཐར་པ་བཀྲ་ཤིས་འདོད་འཇོ་ཞེས་བྱ་བ་བཞུགས་སོ། ། | ||
བླ་མ་དཔལ་ལྡན་རྡོ་རྗེ་སེམས། །བདེ་ཆེན་ཁ་སྦྱོར་བདུན་གྱི་བདག །དངོས་རྣམས་ཀུན་གྱི་བྱེད་པོ་དེར། །མི་འགྱུར་རྟག་པར་ཕྱག་བགྱིའོ། །སྲིད་དང་ཞི་བའི་མཐའ་ལས་རབ་འདས་ཆོས་དབྱིངས་དགའ་མར་སྙོམས་ཞུགས་ཀྱང་། །ལོངས་སྤྱོད་ཡོངས་རྫོགས་བདེ་བ་ཆེན་པོ་མི་ཟད་རྒྱན་གྱི་རོལ་མོ་འཁྲོལ། །གང་འདུལ་ཕྲིན་ལས་ནམ་མཁའི་མཐའ་ཀླས་ཁྱབ་བདག་དཔལ་ལྡན་བླ་མ་རྗེའི། །ཞབས་ལ་སྒོ་གསུམ་དངོས་ཀུན་བཏུད་དོ་བྱང་ཆུབ་བར་དུ་འབྲལ་མེད་སྐྱོངས། །ཐབས་ཤེས་ཟུང་འཇུག་དང་པོའི་སངས་རྒྱས་བླ་མ་དཔལ་ལྡན་ཀྱེ་རྡོ་རྗེ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་གར་ས་གསུམ་རོལ་མཛད་ཡེ་ཤེས་སྐུ། །ཐོག་མཐའ་དབུས་བྲལ་ཤིན་ཏུ་བརྟག་དཀའ་ཟབ་ཅིང་རྒྱ་ཆེའི་བདག་ཉིད་ཅན། །སྐུ་བཞིའི་བདག་ཉིད་ཧེ་རུ་ཀ་དཔལ་བདུད་བཞི་མནན་མཛད་གང་དེ་རྒྱལ། །དུས་རྣམས་ཟ་བྱེད་དུས་དགྲའི་དབང་པོ་རྣོ་དཀར་མཆེ་བ་རབ་ལྡན་ཞིང་། །གཏི་མུག་འཇོམས་བྱེད་མ་ཧེའི་ཞལ་ཅན་དཔལ་ལྡན་ལྷག་པའི་ལྷ་མཆོག་ནི། །འཇམ་དཔལ་རྡོ་རྗེ་དྲག་པོར་ཁྲོས་པ་ཤིན་ཏུ་མི་བཟད་འཇིགས་རུང་སྐུ། །ཁྲོ་བོ་ཀུན་གྱི་སྤྱི་དཔལ་དམ་པ་གར་དགུའི་ཉམས་ལྡན་དེ་ལ་འདུད། །རབ་འཇིགས་དུས་མཐའི་མེ་ལྟར་འབར་ཞིང་དུག་ཆེན་ཧ་ལའི་མདོག་ལྟར་གནག །དྲག་ཤུལ་སྟོབས་ལྡན་དཔའ་བོ་ཆེན་པོ་མིའུ་ཐུང་གེལ་པའི་འདུག་སྟངས་ཅན། །རྣམ་འཕྲུལ་མཐའ་ཡས་གཎྜི་འཛིན་པས་བདུད་ཀྱི་གཡུལ་ངོ་ཟློག་བྱེད་པ། །བླ་མ་རྡོ་རྗེ་ནག་པོ་ཆེན་པོས་འབྲལ་བ་མེད་པར་སྐྱོངས་ཤིག་ཀྱེ། །འཇམ་དཔལ་དབྱངས་དངོས་བླ་ཆེན་ས་སྐྱ་པ། །རྒྱལ་བས་ལུང་བསྟན་བརྙེས་པ་ཀུན་དགའ་བཟང་། །སྙན་བརྒྱུད་བསྟན་པའི་སྲོག་ཤིང་ཚར་པ་རྗེ། །མཚུངས་མེད་བླ་མ་བརྒྱུད་པར་བཅས་ལ་འདུད། །རྣལ་འབྱོར་མ་དཔལ་རྗེ་བཙུན་རིགས་བྱེད་མ། །ཚོགས་ཀྱི་བདག་པོ་འདོད་པའི་རྒྱལ་པོ་དང་། །ཞིང་སྐྱོང་སྟོབས་འཕྲོག་དབང་པོ་ལ་སོགས་པ། །མཁའ་འགྲོ་སྲུང་མར་བཅས་པས་ཤིས་པ་སྩོལ། །དཔལ་ལྡན་བླ་མ་ཡོན་ཏན་རྒྱ་མཚོའི་གཏེར། །སྙན་བརྒྱུད་རྒྱ་མཚོའི་ཆུ་ཀླུང་འབུམ་ཕྲག་འཁྱིལ། །རྣམ་ཐར་དཔག་ཡས་བདག་འདྲའི་སྤྱོད་ཡུལ་ལས། །བརྒལ་ཡང་མོས་གུས་ས་བོན་ཙམ་དུ་སྤེལ། །འདི་ལ་ཁྱབ་བདག་བླ་མ་ཡིས། །ཐོག་མཐའ་བར་གསུམ་དགེ་ལེགས་ཀྱི། །བྱིན་རླབས་བཀྲ་ཤིས་མེ་ཏོག་གི། ཆར་ཆེན་རྒྱས་པར་དབབ་ཏུ་གསོལ། །ཞེས་ཤིས་པའི་ཚིག་གིས་ལམ་ཡངས་པོར་ཕྱེས་ནས། དེ་ལ་འདིར་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧ངག་དབང་བསམ་གཏན་བློ་གྲོས་སྙན་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་སྲིད་པ་གསུམ་ན་མཚན་གྱི་གྲགས་སྙན་དངར་པོས་ཁྱབ་པ་དེ་ཉིད་ཀྱི་རྣམ་ཐར་ཉུང་ངུ་འཆད་པ་ལ་དོན་གསུམ་སྟེ། སྐུའི་སྐྱེ་བ་སྔོན་མ་ཇི་ལྟར་བྱུང་ཚུལ་དང་། ད་ལྟའི་རྣམ་ཐར་ཅུང་ཟད་རྒྱས་པར་བཤད་པ་དང་། འདས་རྗེས་ཀྱི་རྣམ་ཐར་མདོ་ཙམ་སྨོས་ནས་མཇུག་བསྡུ་བའོ། །དང་པོ་ནི། དཔལ་ལྡན་བླ་མ་མཐུ་སྟོབས་ཀྱི་དབང་ཕྱུག་འདི་ཉིད་ངེས་པའི་དོན་དུ་གདོད་མ་ནས་སྐྱེ་འཆིའི་སྤྲོས་པ་ལས་འདས་པའི་བྱང་ཆུབ་ཆེན་པོའི་གོ་འཕང་དམ་པ་མངོན་དུ་མཛད་ཟིན་ནའང་། སངས་རྒྱས་རྣམས་ཀྱི་ཕྲིན་ལས་འགོག་པ་མེད་པ་ནི་ཆོས་ཉིད་ཅན་ཡིན་པས་གང་འདུལ་གཟུགས་སྐུའི་རོལ་མོ་མཐའ་ཡས་པ་ཞིང་འདི་དང་ཞིང་ཁམས་གཞན་དག་ཏུ་འབྱམས་ཀླས་པར་བྱོན་པ་ལས། རེ་ཞིག་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ལས་ཛམྦུའི་ཤིང་གིས་བརྒྱན་པའི་ལྷོ་ཕྱོགས་ཀྱི་དབུས་བསྐལ་བཟང་གི་སངས་རྒྱས་རྣམས་མངོན་པར་བྱང་ཆུབ་བརྙེས་པའི་གནས་འཕགས་པའི་ཡུལ་དུའང་པཎྜི་ཏ་དང་གྲུབ་ཐོབ་རྣལ་འབྱོར་ཕོ་མོ་སོགས་སྐྱེ་བའི་ཕྲེང་བ་མང་པོ་དང་། རྡོ་རྗེ་གདན་གྱི་བྱང་ཕྱོགས་སྤུར་རྒྱལ་བོད་ཀྱི་ལྗོངས་འཕགས་པ་སྤྱན་རས་གཟིགས་ཀྱིས་བསྲུང་བའི་ཞིང་འདིར་ཡང་རྒྱལ་པོ་དང་། ལོ་པཎ་མཁས་གྲུབ་མང་པོའི་སྐུ་ཡི་ཕྲེང་བ་གྲངས་མེད་སྟོན་པར་མཛད་པ་གོར་མ་ཆག་ཀྱང་རེ་རེ་ནས་བརྗོད་པའི་སྤོབས་པ་ཟད་པར་གྱུར་ཏོ། །དེ་ཅི་ཞིག་ཅེ་ན། རྗེ་བླ་མ་དེ་ཉིད་དུས་ཀུན་ཏུ་དམན་ས་ཁོ་ན་འཛིན་པ་ལས་སྐྱེ་བའི་ཕྲེང་བ་མཐོན་པོར་རློམ་པ་སོགས་ཀྱི་ང་རྒྱལ་མི་མངའ་བས་ཡོན་ཏན་ཐམས་ཅད་བུམ་ནང་གི་མར་མེ་ལྟར་སྦ་ཞིང་། སྐྱེ་བའི་ཕྲེང་བ་འདིའོ་ཞེས་ཞལ་ནས་དངོས་སུ་ཐོས་པ་མེད་ཅིང་གསང་བ་སྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པ་ཡིན་ནོ། །དེ་ལྟ་ནའང་ཁམས་སྟོན་གྲུབ་པའི་དབང་ཕྱུག་ཆེན་པོ་སངས་རྒྱས་རྒྱ་མཚོའི་བག་ཆགས་རང་ཤུགས་ཀྱིས་ཤིན་ཏུ་མཐུག་པོ་རྗེས་སུ་དྲན་པར་མངའ་བ་ཡིན་ཞེས་ཐོས་ལ། དེ་ནི་རྗེ་ཚར་ཆེན་གྱི་རྣམ་འཕྲུལ་ཡིན་པ་དང་། ཡང་ལ་ལས་སྡེ་དགེ་ས་དབང་བླ་ཆེན་བྱམས་པ་སངས་རྒྱས་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་སྐྱེ་བ་དྲན་པར་གསུངས་ཞེས་བཤད་ལ། དེ་ལྟར་ན་ཤིན་ཏུ་འབྲེལ་ཆགས་ཤིང་བླ་ཆེན་དེ་ཉིད་སངས་རྒྱས་རྒྱ་མཚོའི་སྐྱེ་བར་གྲགས་པ་དང་། རྡོ་རྗེ་འཆང་མཁྱེན་རབ་བྱམས་པའི་སྤྲུལ་པར་ཡང་བླ་མ་དག་གསུངས་སོ། །འདི་ལའང་གཏན་ཚིགས་ཤིག་འདུག་སྟེ། ས་སྐྱ་པའི་སྙན་བརྒྱུད་ལ་ཐུགས་རྩིས་ཆེ་ཞིང་ཕྱག་བཞེས་མཁས་པ་དང་། གཤིན་རྗེ་དང་ཆོས་སྐྱོང་ལ་རྩལ་འདོན་གནང་བ་དང་། དབང་དྲག་གི་ལས་ལ་རྣོ་མྱུར་ཆེ་ལུགས། དཔལ་དུས་ཀྱི་འཁོར་ལོར་བག་ཆགས་ཆེ་བ། སྡེ་དགེ་ཡབ་ཆེན་གྱི་གསུངས་ལ་ཐུགས་གཙིགས་གནང་ཚུལ། ལྷུན་གྲུབ་སྟེང་ལ་གཟིགས་བསྐྱངས་རྩལ་དྲག་པ། ནག་ཟླའི་ཚེས་༢༤ལ་ཞིང་གཤེགས་པ་སོགས་སྔོན་གྱི་རྣམ་ཐར་དང་ཆོས་མཚུངས་པས་སོ། །དོན་ལ་མཁས་གྲུབ་མང་པོའི་སྐུ་ཡི་སྐྱེ་བ་བརྒྱུད་མར་བཞེས་པ་ནི་ཚར་ཆེན་རིན་པོ་ཆེའི་རྣམ་ཐར་དང་། སྐྱེས་རབས་ལས་འབྱུང་བ་ལྟར་ཡིན་ཏེ། འཕགས་ཡུལ་དུ་རྣལ་འབྱོར་གྱི་དབང་ཕྱུག་བིཪྺ་པ། སྠ་ཝཱི་རའི་གནས་བརྟན་རིགས་སྔགས་འཛིན། ཁ་ཆེ་དྷརྨ་པཱ་ལ། པཎ་ཆེན་ག་ཡ་དྷ་ར། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། མ་བྱོན་སངས་རྒྱས་རབ་གསལ་གྱི་རྣམ་འཕྲུལ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ། སངས་རྒྱས་གཉན་སྟོན། ཀུན་མཁྱེན་ཆོས་སྐུ་འོད་ཟེར། བུ་སྟོན་ཐམས་ཅད་མཁྱེན་པ། ཡར་ཀླུང་པ་སེངྒེ་རྒྱལ་མཚན། ཤངས་ཆོས་པ་བསོད་ནམས་བཟང་པོ། གྲུབ་ཆེན་རྣལ་འབྱོར་དབང་མོ། ཚར་ཆེན་རྡོ་རྗེ་འཆང་ཉིད་ཀྱི་སྤྲུལ་པ་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། མཐུ་ཆེན་སྦས་པའི་རྣལ་འབྱོར་ཁམས་སྟོན་སངས་རྒྱས་རྒྱ་མཚོ་ཞེས་གནས་གསར་རྡོ་རྗེ་འཆང་གི་བླ་མར་བསྟེན་ཅིང་ལུང་རྟོགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ། དེ་ལྟར་སྐྱེས་རབས་ཨུ་དུཝ་རའི་ཕྲེང་མཛེས་ལྟར་བྱོན་པས་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ལས་གསུམ་གྱིས་སྐུ་ཚེ་སྔ་མ་རྣམས་སུའང་སྤེལ་བར་མཛད་པའོ། །དེ་ལྟ་བུའི་སྐྱེས་རབས་ཀྱི་ཕྲེང་བ་བྱོན་པའང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ་དང་། སྨོན་ལམ་གྱི་མཐུ་བཙན་པས་གཟུགས་སྐུའི་སྒྱུ་འཕྲུལ་གྱི་རོལ་མོ་འབྱམས་ཀླས་པས་བསྟན་འགྲོའི་དོན་མཐའ་ཡས་པ་སྒྲུབ་པ་ལ་སུས་ཀྱང་འགོག་པ་མེད་པའི་ཆོས་ཉིད་མངོན་དུ་གྱུར་པ་ཡིན་ཏེ། ཆོ་འཕྲུལ་བསྟན་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པའི་ཐབས་མཁས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་མང་ངོ་། །སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བུ་དང་། ཇི་ལྟར་འདུལ་བ་དང་། དགེ་བའི་རྩ་བ་ཇི་ལྟ་བུ་དང་། སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་ཀྱི་སྤྱོད་པ་མཁྱེན་ནས་ཆོས་སྟོན་ཏོ། །སེམས་ཅན་ཁ་ཅིག་ནི་བྱང་ཆུབ་སེམས་དཔས་འདུལ། ཁ་ཅིག་ནི་ཉན་ཐོས་ཀྱིས་འདུལ། ཁ་ཅིག་ནི་རང་སངས་རྒྱས་ཀྱིས་འདུལ། ཁ་ཅིག་ནི་ལྷས་འདུལ། ཁ་ཅིག་ནི་བརྒྱ་བྱིན་གྱིས་འདུལ། ཁ་ཅིག་ནི་ཚངས་པས་འདུལ། ཁ་ཅིག་ནི་ཀླུས་འདུལ། ཁ་ཅིག་ནི་རྫུ་འཕྲུལ་ཆེན་པོས་འདུལ། ཁ་ཅིག་ནི་རྒྱལ་པོས་འདུལ། ཁ་ཅིག་ནི་ཏིང་ངེ་འཛིན་གྱིས་འདུལ། ཁ་ཅིག་ནི་ཆོས་སྟོན་པས་འདུལ། ཁ་ཅིག་ནི་ཆོ་འཕྲུལ་གྱིས་འདུལ། ཁ་ཅིག་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པས་འདུལ། ཁ་ཅིག་ནི་རིང་བསྲེལ་གྱིས་འདུལ། ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་རོ། །ཀྱེ་མ་སྐྱེ་སོགས་སྤྲོས་པ་རབ་ཞི་ཡང་། །སྐྱེ་བའི་ཚུལ་གྱིས་སྤྲུལ་པའི་རྩེད་འཇོ་ནི། །མཐའ་ཀླས་མིག་འཕྲུལ་ལྟ་བུར་སྟོན་པ་ལ། །ངལ་བ་མེད་པའི་སྙིང་སྟོབས་ཆེན་པོ་གང་། །ཆགས་མེད་རྡུལ་དང་བྲལ་བའི་ཡེ་ཤེས་ཀྱི། །རང་གཟུགས་སྲིད་པར་འཕོས་པས་འགྲོ་བ་རྣམས། །ཐུགས་རྗེ་ཐབས་མཁས་མཛད་པ་རྣམ་མང་གིས། །བྱང་ཆུབ་མཆོག་གི་ས་བོན་ཐེབ་པར་བྱས། །ཨེ་མ་འདི་ནི་ལྷར་བཅས་དགའ་བའི་གཏེར། །འགྲོ་བའི་ཉེར་འཚོ་དཔག་བསམ་ལྗོན་པ་བཟང་། །སྣ་ཚོགས་འབྲས་བུ་དུས་སུ་སྨིན་པ་ལ། །སྟེན་པར་མི་བྱེད་སེམས་ལྡན་སུ་ཞིག་ཡོད། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་སྐུ་ཚེ་འདི་ཉིད་ཀྱི་རྣམ་པར་ཐར་པ་ཅུང་ཟད་རྒྱས་པར་བཤད་པ་ལ་སྐུ་སྐྱེ་བ་བཞེས་པའི་ཚུལ། རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པའི་ཚུལ། མྱ་ངན་ལས་འདས་ཀྱང་མཛད་པ་རྒྱུན་མི་འཆད་པའི་ཚུལ་དང་གསུམ། དང་པོ་ནི། འདྲེན་པ་དམ་པ་ཆོས་ཀྱི་དབང་ཕྱུག་ཆེན་པོ་འདི་ནི་དོན་དམ་པར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོར་མངོན་པར་བྱང་ཆུབ་ཆེན་པོའི་རྒྱལ་ཐབས་ལས་མ་གཡོས་ཤིང་ཚུ་རོལ་མཐོང་བའི་བློ་ཅན་རྣམས་ཀྱི་ངོར། མདོ་སྡེ་རྒྱན་ལས། །དེ་ཡིས་ཆོས་ཀུན་སྒྱུ་མ་ལྟ་བུ་དང་། །སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ཏེ། །ཞེས་པ་ལྟར་གཞན་གྱིས་མ་བསྐུལ་བར་རང་ཉིད་ཀྱིས་བསམ་བཞིན་དུ་ཀུན་མཁྱེན་ཉི་མའི་གཉེན་གྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་འཇམ་དཔལ་དབྱངས་དངོས་རྗེ་བཙུན་ས་སྐྱ་པའི་བསྟན་པ་རིན་པོ་ཆེ་མཐའ་དག་དང་། ཡང་སྒོས་ཚར་ཆེན་རྡོ་རྗེ་འཆང་ཆེན་པོའི་སྙན་བརྒྱུད་ཀྱི་བསྟན་པ་སྤེལ་བ་ལ་དེ་ཉིད་དངོས་སུ་འབྱོན་པ་ལྟ་བུའི་རྣམ་ཐར་གཙང་མ་ཆུ་དང་འོ་མ་མ་འདྲེས་པ་སོ་སོར་འབྱེད་པ་ངང་པའི་རྒྱལ་པོ་ལྟ་བུ་མཁྱེན་རབ་ཀྱི་རྣམ་དཔྱོད་མཚུངས་ཟླ་མ་མཆིས་ཤིང་། མི་འཕྲོག་པའི་སྤོབས་པ་བསྟན་པ་ཆོས་ཐམས་ཅད་ཀྱི་ཉིང་ཁུ་གསང་སྔགས་རྡོ་རྗེ་ཐེག་པའི་ཟབ་དོན་རྒྱ་མཚོའི་གཏེར་མཛོད་ཆེན་པོར་གྱུར་པ་འདི་ཉིད་ཀྱི་སྐུའི་སྐྱེ་བ་བཞེས་པའི་ཡུལ་ནི་འཛམ་གླིང་གི་ལྟེ་བ་རྡོ་རྗེ་གདན་གྱི་བྱང་ཕྱོགས་ཁ་བའི་རྡུལ་གྱིས་དཀྲིགས་པའི་ལྗོངས་འདིར་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཏུ་གྲགས་པ་ལས་མདོ་ཁམས་ཀྱི་ལྗོངས་འབྲི་ཀླུང་དམ་པ་ཆོས་ཀྱི་འབྱོར་པས་ཕྱུག་པའི་འབྲི་རྫ་སྒང་གི་ས་ཡི་ཆར། སྡེ་བཞི་དགེ་བཅུའི་དཔལ་གྱི་འབྱོར་པ་ཆེན་པོས་མངོན་པར་གཏམས་པའི་རྒྱལ་ཁབ་ཆེན་པོ་ལྷུན་གྲུབ་སྟེང་དང་ཉེ་བའི་ཆབ་འབངས། ཟིལ་ལྷ་སྡེ་དཀར་པོའི་ནང་གསེས་དངུལ་ཕུ་ནང་ཞེས་པར། རུས་ནི་སི་ཏུ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱི་ཐུགས་སྲས་ཀྱི་ཐུ་བོ་མཁས་གྲུབ་ཆེན་པོ་འབེ་ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ་ཅེས་འབེ་རྫ་ཉིན་དམ་ཐོག་སྒང་དུ་ཨ་ལྕགས་འབྲུའི་རུས་ལས་འབེ་སྤོ་རུ་བྱམས་ཆོས་པ་ཞེས། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཐུགས་སྲས་འཇམ་དབྱངས་གོང་མ་ཆེན་པོའི་བཀའ་ལུང་གིས་མངོན་པར་མཐོ་བ་དེ་ཉིད་སོགས་སྐྱེས་བུ་དམ་པ་མང་དུ་བྱོན་པའི་ཕྱི་མ། འབེ་སྒྲོལ་མ་མགོན་དང་། ཐོན་མི་སཾ་བྷོ་ཊའི་གདུང་རིགས་བསོད་ནམས་སྒྲོན་མའི་སྲས་སུ་སྐུ་འཁྲུངས་པ་དེ་ཉིད་ཀྱི་དབོན་རབས་མི་བརྒྱུད་བར་མ་ཆད་པ་ལས་བཟོ་གནས་རྒྱ་མཚོའི་གནས་ལ་བྱང་ཆུབ་པ། ཀར་ཤོད་རྫ་སྟོད་ལྷ་བྲིས་པ་དབུ་མཛད་བསོད་ནམས་དབང་ཕྱུག་ཅེས་པ་ལྷ་སྐུ་བྲིས་འབུར་གང་ལའང་མཁྱེན་དཔྱོད་འགྲན་ཟླ་མེད་པ་དེ་ཉིད། སྡེ་དགེ་ཆོས་རྒྱལ་ཆེན་པོས་ལྷ་བྲིས་རྟེན་བཞེངས་སྐབས་གདན་དྲངས་པ་ན་སྐུ་ཚེ་མཐར་མ་ཕྱིན་ཏེ། གེགས་ཆག་ཏུ་གྱུར་པ་ན། ཆོས་རྒྱལ་ཆེན་པོས་རྫོང་སྒོ་གཅིག་བརླག་པ་ལས་ཀྱང་གྱོང་ཆེ་ཞེས་ཐུགས་སྐྱོ་ཆེན་པོ་མཛད་པར་གྲགས་པ་དེ་ཉིད་ནི་རྗེ་འདིའི་ཡབ་དང་། ཡུམ་ནི་བོ་ཆུང་ཟེར་བ་གཤིས་བཟང་ཞིང་སྙིང་རྗེ་དང་ལྡན་པ། དཀོན་མཆོག་ལ་གུས་ཤིང་གཏོང་ཕོད་ཅན་དགེ་བའི་ཕྱོགས་ལ་འདུན་པ་དེ་ཉིད་ལ་སྲས་མིང་སྲིང་གསུམ་ལས་རྗེ་བླ་མ་འདི་སྲས་འབྲིང་བ་ཡིན་ནོ། །དེ་ཡང་རབ་བྱུང་བཅོ་ལྔ་པའི་སྟོད་འགྲེལ་བའི་བི་རྟ་བ་སྟེ་རྣམ་བྱུང་ཞེས་པ་ས་ཕོ་འབྲུག་གི་ལོར་སྐུ་བལྟམས་པ་དང་། ཡུམ་གྱི་མངལ་དུ་བཞུགས་པ་ནའང་ཡུམ་ལ་གནོད་པ་མེད་ཅིང་ཡབ་ཡུམ་གཉིས་ཆར་ལ་མཚན་ལྟས་རྨི་ལམ་བཟང་ཞིང་སྐུ་ལུས་བདེ་ལ་ཟོ་མདོག་བཟང་བ་དང་། སྐུའི་ཆུ་འཛིན་མངལ་སྦུབས་ལས་གྲོལ་བ་ནའང་ཉེས་སྐྱོན་གྱིས་མ་གོས་ཤིང་ཧ་ཅང་འབྱོར་པ་དང་རྒུད་པའི་མཐའ་གཉིས་སུ་མ་ལྷུང་བ། བྱང་ཆུབ་སྒྲུབ་པ་ལ་འགལ་རྐྱེན་དང་བྲལ་བའི་བར་མའི་རིགས་རྣམ་པར་དག་པ་ལས་མཚན་དཔེའི་ཉིན་བྱེད་དབང་པོ་བཞད་པར་གྱུར་ཏོ། །སྐུ་ན་ཕྲ་མོའི་དུས་དེར་ཡང་དམ་པའི་རིགས་སད་པས་བྱིས་པའི་ཐལ་རྩེད་ཕལ་གྱིས་མ་རྙོགས་ཤིང་། དབང་སྐུར་ཆོས་འཆད་ཀྱི་རྣམ་པ་དང་། འདོན་རྟ་གདངས་དབྱངས་ལྷ་ཡི་མཆོད་ཆ་སོགས་དང་། བླ་མ་གྲྭ་པར་དགའ་བའི་རྣམ་འགྱུར་དང་། རང་ཉིད་ཀྱི་ན་བཟའ་ཡང་དམར་མདོག་ལ་སྤྲོ་ཞིང་། སེམས་ཅན་ལ་སྙིང་རྗེ་རང་ཤུགས་ཀྱིས་ལྡན་པ་ཕལ་པའི་སྤྱོད་ཡུལ་ལས་ཁྱད་པར་དུ་གྱུར་པ་ཞིག་ཡིན་པར་གྲགས་ཤིང་། སྐུ་ཤིན་ཏུ་གཞོན་དུས་ཞབས་གཉིས་ཀྱི་མཐིལ་ལ་ཡིག་འབྲུ་ལྟ་བུའི་རི་མོ་ཁྱད་འཕགས་ཤིག་ཡོད་ཀྱང་ཕྱིས་སུ་གྲིབ་རྐྱེན་ལས་མི་མངོན་པར་གྱུར་ཅེས་ཐོས་སོ། །མགོན་པོ་ཤར་རིའི་ཕྲག་ནས་ལེགས་འོངས་པའི། །ཟླ་གཞོན་བཅུ་དྲུག་གསར་པའི་ལང་ཚོ་ཅན། །རྒྱལ་སྲས་སྙིང་རྗེས་ཡོངས་གང་མིག་མི་འཛུམ། །ས་འདིར་སྣང་བའི་སྐལ་བཟང་ཐོག་མར་འཆར། །མཐོང་ན་མི་མཐུན་མེད་པ་དག་ཅིང་གཙང་། །རྒྱུ་མཐུན་འབྲས་བུ་སྨིན་པ་མཚན་དཔེའི་རྒྱན། །ཆ་ཤས་རྫོགས་པས་ལྷར་བཅས་དགའ་བའི་དཔྱིད། །གཟུགས་སྐུའི་དཀྱིལ་འཁོར་སྒྲིབ་མེད་མངོན་སུམ་སྣང་། །གཉིས་པ་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པའི་ཚུལ་ལ་གསུམ། རང་དོན་ཚུལ་གནས་ཐོས་བསམ་སྒོམ་པའི་མཐར་སོན་པ་དང་། གཞན་དོན་འཆད་རྩོད་རྩོམ་པས་བསྟན་པ་རིན་པོ་ཆེ་རྒྱས་པར་མཛད་པ་དང་། གཉིས་ཀའི་དོན་དུ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་རྒྱ་མཚོར་དབང་འབྱོར་བའི་ཚུལ་ལོ། །དང་པོ་ལའང་། འཕགས་པ་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། ཞེས་པ་ལྟར། གཞི་ཆོས་འདུལ་རིན་པོ་ཆེའི་སྙིང་པོ་ཚུལ་ཁྲིམས་ཀྱི་བསླབ་པས་ཐུགས་རྒྱུད་སྡོམ་པའི་ཚུལ་ནི། སྐུ་འཁྲུངས་ནས་རིམ་གྱིས་ནར་སོན་པ་ན་དད་དང་ངེས་འབྱུང་སྙིང་རྗེ་སོགས་དམ་པའི་རིགས་ཡོངས་སུ་གསལ་བར་སད་པའི་མཐུ་ལས། ཆོས་གྲྭ་ཆེན་པོ་དཔལ་ལྡན་ལྷུན་གྲུབ་སྟེང་གི་གྲྭ་སར་ཞུགས་ནས་དགུང་གྲངས་བརྒྱད་པའི་དུས་ཀློག་སློབ་པ་ན། སློབ་དཔོན་གྱིས་ངལ་བ་ཆེར་མ་དགོས་ཤིང་། རྗེ་འདིས་ཀྱང་སྐུ་ལ་དཀའ་སྤྱད་མ་བཞེས་པར་ཡིག་དཀར་ནག་ཐམས་ཅད་ལེགས་པར་ཀློག་པ་ལ་དཀའ་ཚེགས་མེད་པར་མཁྱེན། དགོན་པའི་བསྒྲིགས་ཀྱི་ཚོགས་འདོན་སྐོར་རྣམས་ཐུགས་འཛིན་གནང་བ་ནའང་ཚར་ཁ་ཤས་རེ་བཀླགས་པས་ཐུགས་སུ་ཆུབ་པ་ན་ཐམས་ཅད་ཀྱིས་བཙུན་ཆུང་འདི་ནི་སྔོན་སྦྱངས་ཅན་ཞིག་ཡིན་པར་འདུག །འདི་འདྲའི་ཤེས་རབ་ཆེ་ལུགས་ལ་དཔག་ན་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་འབྱུང་བར་འདུག་ཅེས་གླེངས། ཆོ་གའི་ཕྱག་བཞེས་དང་འདོན་རྟ་དབྱངས་འབུད་བརྡུང་དཀྲོལ་གསུམ། དཀྱིལ་འཁོར་བྲི་ཐིག་རྣམས་སྔོ་གནའ་བླ་མ་དོན་གྲུབ་རྒྱལ་མཚན་ལས་གསན་པས་མཁས་པའི་ཕུལ་དུ་ཕྱིན། དགུང་གྲངས་ཉེར་གསུམ་སོན་པ་ལྕགས་སྟག་ལོར་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝྃ་ཆོས་ལྡན་དུ་གྲྭ་སར་ཕེབས། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཆོས་ཀྱི་ཁྲི་ལ་བཞུགས་པའི་ཆོས་འདུལ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་སྙིང་པོ་དང་། ལས་སློབ་སོགས་གྲངས་ཚང་བ་ལས་ཚིག་གསུམ་བར་མ་ཆད་དུ་བཞེས་པས་ཐུབ་པའི་རྒྱལ་མཚན་ཉམས་པ་མེད་པར་བཟུང་། མཚན་ངག་དབང་བསམ་གཏན་བློ་གྲོས་གསོལ། དེ་ཕྱིན་ཉམས་པ་དང་། བཅོམ་པ་དང་། ཕམ་པར་གྱུར་པའི་ལྟུང་བའི་རྡུལ་དང་དྲི་མ་ལས་འདས་པའི་ཚུལ་ཁྲིམས་སྟིང་འཐུང་དཀར་པོ་ལས་བྱུང་བའི་བསྔགས་འོས་ཀྱི་དྲི་བསུང་ཞིམ་པོས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་ཅིང་རྒྱལ་བ་དགྱེས་པའི་བརྟུལ་ཞུགས་མཆོག་ལ་རྟག་ཏུ་གནས་ཤིང་། རྗེ་ཉིད་ཀྱི་ཞལ་ནས་ཀྱང་ངོར་ནས་བསྙེན་རྫོགས་ཐོབ་ཕྱིན་ཆད་སྡོམ་པ་ལ་གནོང་འགྱོད་གཏན་ནས་མེད་ཅེས་གསུང་པའོ། །དད་དང་མོས་གུས་ཆུ་མཚོ་དྭངས་པ་ལ། །དྲང་སྲོང་ཐུབ་པའི་གཟུགས་བརྙན་འཆར་བ་ན། མོས་གུས་ཟླ་བ་གསར་པའི་བདུད་རྩི་ཡང་། །ལྷན་ཅིག་ཆུ་གཏེར་ཆེ་ལ་རོལ་པར་བྱེད། །མི་གཙང་འདམ་གྱི་དྲི་མས་མ་སྦགས་པར། །ཤིན་ཏུ་དངར་བའི་མ་ལ་ཡ་ཡི་དྲིས། །གང་གི་ལུས་ལ་རེག་པ་དེ་ཡི་མོད། བརྒྱ་བྱིན་ངུར་སྨྲིག་སྟོབས་ལ་རེངས་པར་ཆས། །དམར་སེར་མཚམས་སྤྲིན་གསར་པས་བཀླུབས་པ་དང་། །དབང་པོ་ཀུན་ཞི་དུལ་བར་གནས་པ་ཡི། །སྤྱོད་པ་ཁོ་ནས་དགྲ་བཅོམ་གནས་བརྟན་ཆེ། །མངོན་སུམ་སྣང་བས་ཐུབ་བསྟན་མཛེས་པར་བྱས། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ཐོས་པ་རྒྱ་མཚོའི་མཐར་སོན་པའི་ཚུལ་ནི། དེའང་སྐུ་ན་གཞོན་དུས་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་ཡོངས་རྫོགས་བསྟན་པ་རྒྱ་མཚོའི་མངའ་བདག་འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོ་མཇལ་བར་རྫོང་སར་བཀྲ་ཤིས་ལྷ་རྩེར་ཕེབས་ནས། རྗེ་འཇམ་པའི་དབྱངས་དེ་ཉིད་ཀྱིས་བསོད་ནམས་བརྒྱ་ལས་གྲུབ་པའི་ཕྱག་མཐོང་ན་མི་མཐུན་པ་མེད་པ་གླང་པོ་ཆེའི་སྣ་ལྟར་བརྐྱངས་ནས་རྗེ་འདིའི་དབུ་ལ་བཀོད་དེ་ཞལ་ནས་ཧྲཱིཿཥྚི་དང་། བཞད་པ་བརྒྱད་ཀྱི་སྔགས་གསུངས་ཤིང་ཐུགས་དགྱེས་པ་ཆེན་པོའི་མདངས་ཕྱུང་བ་དང་བཅས། འདི་ཉིད་ཀྱིས་བསྟན་པ་ལ་ཕན་པ་རྒྱ་ཆེན་འབྱུང་བར་འགྱུར་རོ་ཞེས་པའི་ལུང་བསྟན་སྩལ་བ་དང་། ཐང་རྒྱལ་ལུགས་ཀྱི་ཚེ་དབང་དང་། གང་བློ་མའི་རིག་གཏད་དང་ལུང་གསན་ཅིང་བྱིན་རླབས་བཀའ་བསྒོ་དང་སྨོན་ལམ་རྒྱས་པར་ཐོབ་པས་རྟེན་འབྲེལ་ཤིན་ཏུ་དགེ་བར་གྱུར། ལྔ་རིག་སྨྲ་བ་མཁས་དབང་འཇམ་དབྱངས་མཁྱེན་རབ་མཐའ་ཡས་ལས། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་གི་བཤད་པ་ཞིབ་མོ། བརྡ་དག་གསལ་བར་བྱེད་པའི་བསྟན་བཅོས་ངག་གི་སྒྲོན་མེ། ནག་རྩིས་དང་། སྐར་རྩིས་ཀྱི་དགུ་མཐའ། སྒྲ་ཀཱ་ལ་པའི་མཚམས་སྦྱོར་མིང་ལེ་བཅས་ཀྱི་རི་མོ། སྡོམ་གསུམ་འཇམ་དབྱངས་བླ་མའི་དགོངས་རྒྱན། ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་ཚུལ་གསུམ་མཛེས་རྒྱན་དང་། ལྗོན་ཤིང་མཛེས་རྒྱན། དབུ་མ་འཇུག་པ། དབུ་མ་རྒྱན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། རྒྱུད་བླ་མ། བཤེས་པའི་སྤྲིང་ཡིག་སོགས་ཀྱི་བཤད་པ་ཞིབ་མོ་གནང་བ་རྣམས་ལ་གསན་སྦྱངས་ཀྱིས་བརྩོན་པ་ཆེར་བསྐྱེད་པས་སློབ་གཉེར་གྱི་གཞི་ཐིངས་པར་གྱུར། གངས་ཁྲོད་སྨྲ་བའི་སེངྒེ་མི་ཕམ་འཇམ་པའི་དབྱངས་ལས། མདོ་སྡུད་འགྲེལ་པ་ལུགས་གཉིས་ཀྱི་བཤད་ལུང་། འབྱེད་རྣམ་གཉིས་ཀྱི་བཤད་པ་རྣམས་གསན། སྔོ་གནའ་བླ་མ་དོན་རྒྱལ་ལས། དཀར་ནག་རྩིས་ཀྱི་ལག་ལེན། གོ་ལའི་རྣམ་བཞག །གསོ་དཔྱད་ཀྱི་སྐོར་ཕལ་ཆེར་དང་། འཚོ་བྱེད་མཁས་པའི་དབང་པོ་ཞྭ་ཆེན་བླ་སྨན་པ་དང་། བློ་གྲོས་ཕུན་ཚོགས་གཉིས་ལས། རྩ་མདོ་ཆུ་མདོ་དང་། ལྡུམ་བུ་ངོ་སྤྲད། སྨན་གྱི་བསྡུ་སྦྱོར་སོགས་གསན་ནས་ལག་ལེན་ཡང་མཛད། ཀུན་གཟིགས་མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བ་ལས་སྤྱོད་འཇུག་དང་། རིགས་ཚོགས་ལྔ་དང་། དབུ་མ་འཇུག་པའི་བཤད་པ། རྟོགས་ལྡན་ལྷག་བསམ་ལས། སུམ་རྟགས་བཤད་པ་དང་། སྡེབ་སྦྱོར་རིན་འབྱུང་ཀཱ་ལ་པའི་རི་མོ་འགྲོ་ལུགས་རྣམས་དང་། མཁས་དབང་དབྱངས་ཅན་སྙེམས་པའི་ལང་ཚོ་ལས། དབྱངས་ཅན་སྒྲ་མདོ། སྙན་ངག་ལེ་བར། སྤྱོད་འཇུག་ཤེར་ལེ་བཅས་ཀྱི་གོ་ཁྲིད་གསན། དགུང་གྲངས་བཅུ་གསུམ་པར་སྡེ་སྣོད་འཛིན་པ་རྒྱ་མཚོའི་གཙུག་རྒྱན་ས་ཡི་སྟེང་ན་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོ་ཀུན་བཟང་བསོད་ནམས་མདུན་ནས། རྡོ་རྗེ་འཆང་བློ་གཏེར་ཞབས་དང་ལྷན་ཅིག་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚང་མའི་བཀླག་ལུང་གསན་སྐབས་བཞུགས་ཚུགས་སོགས་ཤིན་ཏུ་ལེགས་པས་རྡོ་རྗེ་འཆང་དང་། བླ་མ་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས། དེའི་ཉེ་གནས་མཁས་དབང་ཨ་དཔལ་ལས། ཚུལ་ཁྲིམས་རྣམ་དག་གི་མདོ་འགྲེལ་དང་། | བླ་མ་དཔལ་ལྡན་རྡོ་རྗེ་སེམས། །བདེ་ཆེན་ཁ་སྦྱོར་བདུན་གྱི་བདག །དངོས་རྣམས་ཀུན་གྱི་བྱེད་པོ་དེར། །མི་འགྱུར་རྟག་པར་ཕྱག་བགྱིའོ། །སྲིད་དང་ཞི་བའི་མཐའ་ལས་རབ་འདས་ཆོས་དབྱིངས་དགའ་མར་སྙོམས་ཞུགས་ཀྱང་། །ལོངས་སྤྱོད་ཡོངས་རྫོགས་བདེ་བ་ཆེན་པོ་མི་ཟད་རྒྱན་གྱི་རོལ་མོ་འཁྲོལ། །གང་འདུལ་ཕྲིན་ལས་ནམ་མཁའི་མཐའ་ཀླས་ཁྱབ་བདག་དཔལ་ལྡན་བླ་མ་རྗེའི། །ཞབས་ལ་སྒོ་གསུམ་དངོས་ཀུན་བཏུད་དོ་བྱང་ཆུབ་བར་དུ་འབྲལ་མེད་སྐྱོངས། །ཐབས་ཤེས་ཟུང་འཇུག་དང་པོའི་སངས་རྒྱས་བླ་མ་དཔལ་ལྡན་ཀྱེ་རྡོ་རྗེ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་གར་ས་གསུམ་རོལ་མཛད་ཡེ་ཤེས་སྐུ། །ཐོག་མཐའ་དབུས་བྲལ་ཤིན་ཏུ་བརྟག་དཀའ་ཟབ་ཅིང་རྒྱ་ཆེའི་བདག་ཉིད་ཅན། །སྐུ་བཞིའི་བདག་ཉིད་ཧེ་རུ་ཀ་དཔལ་བདུད་བཞི་མནན་མཛད་གང་དེ་རྒྱལ། །དུས་རྣམས་ཟ་བྱེད་དུས་དགྲའི་དབང་པོ་རྣོ་དཀར་མཆེ་བ་རབ་ལྡན་ཞིང་། །གཏི་མུག་འཇོམས་བྱེད་མ་ཧེའི་ཞལ་ཅན་དཔལ་ལྡན་ལྷག་པའི་ལྷ་མཆོག་ནི། །འཇམ་དཔལ་རྡོ་རྗེ་དྲག་པོར་ཁྲོས་པ་ཤིན་ཏུ་མི་བཟད་འཇིགས་རུང་སྐུ། །ཁྲོ་བོ་ཀུན་གྱི་སྤྱི་དཔལ་དམ་པ་གར་དགུའི་ཉམས་ལྡན་དེ་ལ་འདུད། །རབ་འཇིགས་དུས་མཐའི་མེ་ལྟར་འབར་ཞིང་དུག་ཆེན་ཧ་ལའི་མདོག་ལྟར་གནག །དྲག་ཤུལ་སྟོབས་ལྡན་དཔའ་བོ་ཆེན་པོ་མིའུ་ཐུང་གེལ་པའི་འདུག་སྟངས་ཅན། །རྣམ་འཕྲུལ་མཐའ་ཡས་གཎྜི་འཛིན་པས་བདུད་ཀྱི་གཡུལ་ངོ་ཟློག་བྱེད་པ། །བླ་མ་རྡོ་རྗེ་ནག་པོ་ཆེན་པོས་འབྲལ་བ་མེད་པར་སྐྱོངས་ཤིག་ཀྱེ། །འཇམ་དཔལ་དབྱངས་དངོས་བླ་ཆེན་ས་སྐྱ་པ། །རྒྱལ་བས་ལུང་བསྟན་བརྙེས་པ་ཀུན་དགའ་བཟང་། །སྙན་བརྒྱུད་བསྟན་པའི་སྲོག་ཤིང་ཚར་པ་རྗེ། །མཚུངས་མེད་བླ་མ་བརྒྱུད་པར་བཅས་ལ་འདུད། །རྣལ་འབྱོར་མ་དཔལ་རྗེ་བཙུན་རིགས་བྱེད་མ། །ཚོགས་ཀྱི་བདག་པོ་འདོད་པའི་རྒྱལ་པོ་དང་། །ཞིང་སྐྱོང་སྟོབས་འཕྲོག་དབང་པོ་ལ་སོགས་པ། །མཁའ་འགྲོ་སྲུང་མར་བཅས་པས་ཤིས་པ་སྩོལ། །དཔལ་ལྡན་བླ་མ་ཡོན་ཏན་རྒྱ་མཚོའི་གཏེར། །སྙན་བརྒྱུད་རྒྱ་མཚོའི་ཆུ་ཀླུང་འབུམ་ཕྲག་འཁྱིལ། །རྣམ་ཐར་དཔག་ཡས་བདག་འདྲའི་སྤྱོད་ཡུལ་ལས། །བརྒལ་ཡང་མོས་གུས་ས་བོན་ཙམ་དུ་སྤེལ། །འདི་ལ་ཁྱབ་བདག་བླ་མ་ཡིས། །ཐོག་མཐའ་བར་གསུམ་དགེ་ལེགས་ཀྱི། །བྱིན་རླབས་བཀྲ་ཤིས་མེ་ཏོག་གི། ཆར་ཆེན་རྒྱས་པར་དབབ་ཏུ་གསོལ། །ཞེས་ཤིས་པའི་ཚིག་གིས་ལམ་ཡངས་པོར་ཕྱེས་ནས། དེ་ལ་འདིར་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧ངག་དབང་བསམ་གཏན་བློ་གྲོས་སྙན་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་སྲིད་པ་གསུམ་ན་མཚན་གྱི་གྲགས་སྙན་དངར་པོས་ཁྱབ་པ་དེ་ཉིད་ཀྱི་རྣམ་ཐར་ཉུང་ངུ་འཆད་པ་ལ་དོན་གསུམ་སྟེ། སྐུའི་སྐྱེ་བ་སྔོན་མ་ཇི་ལྟར་བྱུང་ཚུལ་དང་། ད་ལྟའི་རྣམ་ཐར་ཅུང་ཟད་རྒྱས་པར་བཤད་པ་དང་། འདས་རྗེས་ཀྱི་རྣམ་ཐར་མདོ་ཙམ་སྨོས་ནས་མཇུག་བསྡུ་བའོ། | ||
།དང་པོ་ནི། དཔལ་ལྡན་བླ་མ་མཐུ་སྟོབས་ཀྱི་དབང་ཕྱུག་འདི་ཉིད་ངེས་པའི་དོན་དུ་གདོད་མ་ནས་སྐྱེ་འཆིའི་སྤྲོས་པ་ལས་འདས་པའི་བྱང་ཆུབ་ཆེན་པོའི་གོ་འཕང་དམ་པ་མངོན་དུ་མཛད་ཟིན་ནའང་། སངས་རྒྱས་རྣམས་ཀྱི་ཕྲིན་ལས་འགོག་པ་མེད་པ་ནི་ཆོས་ཉིད་ཅན་ཡིན་པས་གང་འདུལ་གཟུགས་སྐུའི་རོལ་མོ་མཐའ་ཡས་པ་ཞིང་འདི་དང་ཞིང་ཁམས་གཞན་དག་ཏུ་འབྱམས་ཀླས་པར་བྱོན་པ་ལས། རེ་ཞིག་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ལས་ཛམྦུའི་ཤིང་གིས་བརྒྱན་པའི་ལྷོ་ཕྱོགས་ཀྱི་དབུས་བསྐལ་བཟང་གི་སངས་རྒྱས་རྣམས་མངོན་པར་བྱང་ཆུབ་བརྙེས་པའི་གནས་འཕགས་པའི་ཡུལ་དུའང་པཎྜི་ཏ་དང་གྲུབ་ཐོབ་རྣལ་འབྱོར་ཕོ་མོ་སོགས་སྐྱེ་བའི་ཕྲེང་བ་མང་པོ་དང་། རྡོ་རྗེ་གདན་གྱི་བྱང་ཕྱོགས་སྤུར་རྒྱལ་བོད་ཀྱི་ལྗོངས་འཕགས་པ་སྤྱན་རས་གཟིགས་ཀྱིས་བསྲུང་བའི་ཞིང་འདིར་ཡང་རྒྱལ་པོ་དང་། ལོ་པཎ་མཁས་གྲུབ་མང་པོའི་སྐུ་ཡི་ཕྲེང་བ་གྲངས་མེད་སྟོན་པར་མཛད་པ་གོར་མ་ཆག་ཀྱང་རེ་རེ་ནས་བརྗོད་པའི་སྤོབས་པ་ཟད་པར་གྱུར་ཏོ། །དེ་ཅི་ཞིག་ཅེ་ན། རྗེ་བླ་མ་དེ་ཉིད་དུས་ཀུན་ཏུ་དམན་ས་ཁོ་ན་འཛིན་པ་ལས་སྐྱེ་བའི་ཕྲེང་བ་མཐོན་པོར་རློམ་པ་སོགས་ཀྱི་ང་རྒྱལ་མི་མངའ་བས་ཡོན་ཏན་ཐམས་ཅད་བུམ་ནང་གི་མར་མེ་ལྟར་སྦ་ཞིང་། སྐྱེ་བའི་ཕྲེང་བ་འདིའོ་ཞེས་ཞལ་ནས་དངོས་སུ་ཐོས་པ་མེད་ཅིང་གསང་བ་སྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པ་ཡིན་ནོ། །དེ་ལྟ་ནའང་ཁམས་སྟོན་གྲུབ་པའི་དབང་ཕྱུག་ཆེན་པོ་སངས་རྒྱས་རྒྱ་མཚོའི་བག་ཆགས་རང་ཤུགས་ཀྱིས་ཤིན་ཏུ་མཐུག་པོ་རྗེས་སུ་དྲན་པར་མངའ་བ་ཡིན་ཞེས་ཐོས་ལ། དེ་ནི་རྗེ་ཚར་ཆེན་གྱི་རྣམ་འཕྲུལ་ཡིན་པ་དང་། ཡང་ལ་ལས་སྡེ་དགེ་ས་དབང་བླ་ཆེན་བྱམས་པ་སངས་རྒྱས་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་སྐྱེ་བ་དྲན་པར་གསུངས་ཞེས་བཤད་ལ། དེ་ལྟར་ན་ཤིན་ཏུ་འབྲེལ་ཆགས་ཤིང་བླ་ཆེན་དེ་ཉིད་སངས་རྒྱས་རྒྱ་མཚོའི་སྐྱེ་བར་གྲགས་པ་དང་། རྡོ་རྗེ་འཆང་མཁྱེན་རབ་བྱམས་པའི་སྤྲུལ་པར་ཡང་བླ་མ་དག་གསུངས་སོ། །འདི་ལའང་གཏན་ཚིགས་ཤིག་འདུག་སྟེ། ས་སྐྱ་པའི་སྙན་བརྒྱུད་ལ་ཐུགས་རྩིས་ཆེ་ཞིང་ཕྱག་བཞེས་མཁས་པ་དང་། གཤིན་རྗེ་དང་ཆོས་སྐྱོང་ལ་རྩལ་འདོན་གནང་བ་དང་། དབང་དྲག་གི་ལས་ལ་རྣོ་མྱུར་ཆེ་ལུགས། དཔལ་དུས་ཀྱི་འཁོར་ལོར་བག་ཆགས་ཆེ་བ། སྡེ་དགེ་ཡབ་ཆེན་གྱི་གསུངས་ལ་ཐུགས་གཙིགས་གནང་ཚུལ། ལྷུན་གྲུབ་སྟེང་ལ་གཟིགས་བསྐྱངས་རྩལ་དྲག་པ། ནག་ཟླའི་ཚེས་༢༤ལ་ཞིང་གཤེགས་པ་སོགས་སྔོན་གྱི་རྣམ་ཐར་དང་ཆོས་མཚུངས་པས་སོ། །དོན་ལ་མཁས་གྲུབ་མང་པོའི་སྐུ་ཡི་སྐྱེ་བ་བརྒྱུད་མར་བཞེས་པ་ནི་ཚར་ཆེན་རིན་པོ་ཆེའི་རྣམ་ཐར་དང་། སྐྱེས་རབས་ལས་འབྱུང་བ་ལྟར་ཡིན་ཏེ། འཕགས་ཡུལ་དུ་རྣལ་འབྱོར་གྱི་དབང་ཕྱུག་བིཪྺ་པ། སྠ་ཝཱི་རའི་གནས་བརྟན་རིགས་སྔགས་འཛིན། ཁ་ཆེ་དྷརྨ་པཱ་ལ། པཎ་ཆེན་ག་ཡ་དྷ་ར། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། མ་བྱོན་སངས་རྒྱས་རབ་གསལ་གྱི་རྣམ་འཕྲུལ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ། སངས་རྒྱས་གཉན་སྟོན། ཀུན་མཁྱེན་ཆོས་སྐུ་འོད་ཟེར། བུ་སྟོན་ཐམས་ཅད་མཁྱེན་པ། ཡར་ཀླུང་པ་སེངྒེ་རྒྱལ་མཚན། ཤངས་ཆོས་པ་བསོད་ནམས་བཟང་པོ། གྲུབ་ཆེན་རྣལ་འབྱོར་དབང་མོ། ཚར་ཆེན་རྡོ་རྗེ་འཆང་ཉིད་ཀྱི་སྤྲུལ་པ་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། མཐུ་ཆེན་སྦས་པའི་རྣལ་འབྱོར་ཁམས་སྟོན་སངས་རྒྱས་རྒྱ་མཚོ་ཞེས་གནས་གསར་རྡོ་རྗེ་འཆང་གི་བླ་མར་བསྟེན་ཅིང་ལུང་རྟོགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ། དེ་ལྟར་སྐྱེས་རབས་ཨུ་དུཝ་རའི་ཕྲེང་མཛེས་ལྟར་བྱོན་པས་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ལས་གསུམ་གྱིས་སྐུ་ཚེ་སྔ་མ་རྣམས་སུའང་སྤེལ་བར་མཛད་པའོ། །དེ་ལྟ་བུའི་སྐྱེས་རབས་ཀྱི་ཕྲེང་བ་བྱོན་པའང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ་དང་། སྨོན་ལམ་གྱི་མཐུ་བཙན་པས་གཟུགས་སྐུའི་སྒྱུ་འཕྲུལ་གྱི་རོལ་མོ་འབྱམས་ཀླས་པས་བསྟན་འགྲོའི་དོན་མཐའ་ཡས་པ་སྒྲུབ་པ་ལ་སུས་ཀྱང་འགོག་པ་མེད་པའི་ཆོས་ཉིད་མངོན་དུ་གྱུར་པ་ཡིན་ཏེ། ཆོ་འཕྲུལ་བསྟན་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པའི་ཐབས་མཁས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་མང་ངོ་། །སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བུ་དང་། ཇི་ལྟར་འདུལ་བ་དང་། དགེ་བའི་རྩ་བ་ཇི་ལྟ་བུ་དང་། སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་ཀྱི་སྤྱོད་པ་མཁྱེན་ནས་ཆོས་སྟོན་ཏོ། །སེམས་ཅན་ཁ་ཅིག་ནི་བྱང་ཆུབ་སེམས་དཔས་འདུལ། ཁ་ཅིག་ནི་ཉན་ཐོས་ཀྱིས་འདུལ། ཁ་ཅིག་ནི་རང་སངས་རྒྱས་ཀྱིས་འདུལ། ཁ་ཅིག་ནི་ལྷས་འདུལ། ཁ་ཅིག་ནི་བརྒྱ་བྱིན་གྱིས་འདུལ། ཁ་ཅིག་ནི་ཚངས་པས་འདུལ། ཁ་ཅིག་ནི་ཀླུས་འདུལ། ཁ་ཅིག་ནི་རྫུ་འཕྲུལ་ཆེན་པོས་འདུལ། ཁ་ཅིག་ནི་རྒྱལ་པོས་འདུལ། ཁ་ཅིག་ནི་ཏིང་ངེ་འཛིན་གྱིས་འདུལ། ཁ་ཅིག་ནི་ཆོས་སྟོན་པས་འདུལ། ཁ་ཅིག་ནི་ཆོ་འཕྲུལ་གྱིས་འདུལ། ཁ་ཅིག་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པས་འདུལ། ཁ་ཅིག་ནི་རིང་བསྲེལ་གྱིས་འདུལ། ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་རོ། །ཀྱེ་མ་སྐྱེ་སོགས་སྤྲོས་པ་རབ་ཞི་ཡང་། །སྐྱེ་བའི་ཚུལ་གྱིས་སྤྲུལ་པའི་རྩེད་འཇོ་ནི། །མཐའ་ཀླས་མིག་འཕྲུལ་ལྟ་བུར་སྟོན་པ་ལ། །ངལ་བ་མེད་པའི་སྙིང་སྟོབས་ཆེན་པོ་གང་། །ཆགས་མེད་རྡུལ་དང་བྲལ་བའི་ཡེ་ཤེས་ཀྱི། །རང་གཟུགས་སྲིད་པར་འཕོས་པས་འགྲོ་བ་རྣམས། །ཐུགས་རྗེ་ཐབས་མཁས་མཛད་པ་རྣམ་མང་གིས། །བྱང་ཆུབ་མཆོག་གི་ས་བོན་ཐེབ་པར་བྱས། །ཨེ་མ་འདི་ནི་ལྷར་བཅས་དགའ་བའི་གཏེར། །འགྲོ་བའི་ཉེར་འཚོ་དཔག་བསམ་ལྗོན་པ་བཟང་། །སྣ་ཚོགས་འབྲས་བུ་དུས་སུ་སྨིན་པ་ལ། །སྟེན་པར་མི་བྱེད་སེམས་ལྡན་སུ་ཞིག་ཡོད། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། | |||
།གཉིས་པ་སྐུ་ཚེ་འདི་ཉིད་ཀྱི་རྣམ་པར་ཐར་པ་ཅུང་ཟད་རྒྱས་པར་བཤད་པ་ལ་སྐུ་སྐྱེ་བ་བཞེས་པའི་ཚུལ། རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པའི་ཚུལ། མྱ་ངན་ལས་འདས་ཀྱང་མཛད་པ་རྒྱུན་མི་འཆད་པའི་ཚུལ་དང་གསུམ། དང་པོ་ནི། འདྲེན་པ་དམ་པ་ཆོས་ཀྱི་དབང་ཕྱུག་ཆེན་པོ་འདི་ནི་དོན་དམ་པར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོར་མངོན་པར་བྱང་ཆུབ་ཆེན་པོའི་རྒྱལ་ཐབས་ལས་མ་གཡོས་ཤིང་ཚུ་རོལ་མཐོང་བའི་བློ་ཅན་རྣམས་ཀྱི་ངོར། མདོ་སྡེ་རྒྱན་ལས། །དེ་ཡིས་ཆོས་ཀུན་སྒྱུ་མ་ལྟ་བུ་དང་། །སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ཏེ། །ཞེས་པ་ལྟར་གཞན་གྱིས་མ་བསྐུལ་བར་རང་ཉིད་ཀྱིས་བསམ་བཞིན་དུ་ཀུན་མཁྱེན་ཉི་མའི་གཉེན་གྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་འཇམ་དཔལ་དབྱངས་དངོས་རྗེ་བཙུན་ས་སྐྱ་པའི་བསྟན་པ་རིན་པོ་ཆེ་མཐའ་དག་དང་། ཡང་སྒོས་ཚར་ཆེན་རྡོ་རྗེ་འཆང་ཆེན་པོའི་སྙན་བརྒྱུད་ཀྱི་བསྟན་པ་སྤེལ་བ་ལ་དེ་ཉིད་དངོས་སུ་འབྱོན་པ་ལྟ་བུའི་རྣམ་ཐར་གཙང་མ་ཆུ་དང་འོ་མ་མ་འདྲེས་པ་སོ་སོར་འབྱེད་པ་ངང་པའི་རྒྱལ་པོ་ལྟ་བུ་མཁྱེན་རབ་ཀྱི་རྣམ་དཔྱོད་མཚུངས་ཟླ་མ་མཆིས་ཤིང་། མི་འཕྲོག་པའི་སྤོབས་པ་བསྟན་པ་ཆོས་ཐམས་ཅད་ཀྱི་ཉིང་ཁུ་གསང་སྔགས་རྡོ་རྗེ་ཐེག་པའི་ཟབ་དོན་རྒྱ་མཚོའི་གཏེར་མཛོད་ཆེན་པོར་གྱུར་པ་འདི་ཉིད་ཀྱི་སྐུའི་སྐྱེ་བ་བཞེས་པའི་ཡུལ་ནི་འཛམ་གླིང་གི་ལྟེ་བ་རྡོ་རྗེ་གདན་གྱི་བྱང་ཕྱོགས་ཁ་བའི་རྡུལ་གྱིས་དཀྲིགས་པའི་ལྗོངས་འདིར་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཏུ་གྲགས་པ་ལས་མདོ་ཁམས་ཀྱི་ལྗོངས་འབྲི་ཀླུང་དམ་པ་ཆོས་ཀྱི་འབྱོར་པས་ཕྱུག་པའི་འབྲི་རྫ་སྒང་གི་ས་ཡི་ཆར། སྡེ་བཞི་དགེ་བཅུའི་དཔལ་གྱི་འབྱོར་པ་ཆེན་པོས་མངོན་པར་གཏམས་པའི་རྒྱལ་ཁབ་ཆེན་པོ་ལྷུན་གྲུབ་སྟེང་དང་ཉེ་བའི་ཆབ་འབངས། ཟིལ་ལྷ་སྡེ་དཀར་པོའི་ནང་གསེས་དངུལ་ཕུ་ནང་ཞེས་པར། རུས་ནི་སི་ཏུ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱི་ཐུགས་སྲས་ཀྱི་ཐུ་བོ་མཁས་གྲུབ་ཆེན་པོ་འབེ་ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ་ཅེས་འབེ་རྫ་ཉིན་དམ་ཐོག་སྒང་དུ་ཨ་ལྕགས་འབྲུའི་རུས་ལས་འབེ་སྤོ་རུ་བྱམས་ཆོས་པ་ཞེས། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཐུགས་སྲས་འཇམ་དབྱངས་གོང་མ་ཆེན་པོའི་བཀའ་ལུང་གིས་མངོན་པར་མཐོ་བ་དེ་ཉིད་སོགས་སྐྱེས་བུ་དམ་པ་མང་དུ་བྱོན་པའི་ཕྱི་མ། འབེ་སྒྲོལ་མ་མགོན་དང་། ཐོན་མི་སཾ་བྷོ་ཊའི་གདུང་རིགས་བསོད་ནམས་སྒྲོན་མའི་སྲས་སུ་སྐུ་འཁྲུངས་པ་དེ་ཉིད་ཀྱི་དབོན་རབས་མི་བརྒྱུད་བར་མ་ཆད་པ་ལས་བཟོ་གནས་རྒྱ་མཚོའི་གནས་ལ་བྱང་ཆུབ་པ། ཀར་ཤོད་རྫ་སྟོད་ལྷ་བྲིས་པ་དབུ་མཛད་བསོད་ནམས་དབང་ཕྱུག་ཅེས་པ་ལྷ་སྐུ་བྲིས་འབུར་གང་ལའང་མཁྱེན་དཔྱོད་འགྲན་ཟླ་མེད་པ་དེ་ཉིད། སྡེ་དགེ་ཆོས་རྒྱལ་ཆེན་པོས་ལྷ་བྲིས་རྟེན་བཞེངས་སྐབས་གདན་དྲངས་པ་ན་སྐུ་ཚེ་མཐར་མ་ཕྱིན་ཏེ། གེགས་ཆག་ཏུ་གྱུར་པ་ན། ཆོས་རྒྱལ་ཆེན་པོས་རྫོང་སྒོ་གཅིག་བརླག་པ་ལས་ཀྱང་གྱོང་ཆེ་ཞེས་ཐུགས་སྐྱོ་ཆེན་པོ་མཛད་པར་གྲགས་པ་དེ་ཉིད་ནི་རྗེ་འདིའི་ཡབ་དང་། ཡུམ་ནི་བོ་ཆུང་ཟེར་བ་གཤིས་བཟང་ཞིང་སྙིང་རྗེ་དང་ལྡན་པ། དཀོན་མཆོག་ལ་གུས་ཤིང་གཏོང་ཕོད་ཅན་དགེ་བའི་ཕྱོགས་ལ་འདུན་པ་དེ་ཉིད་ལ་སྲས་མིང་སྲིང་གསུམ་ལས་རྗེ་བླ་མ་འདི་སྲས་འབྲིང་བ་ཡིན་ནོ། །དེ་ཡང་རབ་བྱུང་བཅོ་ལྔ་པའི་སྟོད་འགྲེལ་བའི་བི་རྟ་བ་སྟེ་རྣམ་བྱུང་ཞེས་པ་ས་ཕོ་འབྲུག་གི་ལོར་སྐུ་བལྟམས་པ་དང་། ཡུམ་གྱི་མངལ་དུ་བཞུགས་པ་ནའང་ཡུམ་ལ་གནོད་པ་མེད་ཅིང་ཡབ་ཡུམ་གཉིས་ཆར་ལ་མཚན་ལྟས་རྨི་ལམ་བཟང་ཞིང་སྐུ་ལུས་བདེ་ལ་ཟོ་མདོག་བཟང་བ་དང་། སྐུའི་ཆུ་འཛིན་མངལ་སྦུབས་ལས་གྲོལ་བ་ནའང་ཉེས་སྐྱོན་གྱིས་མ་གོས་ཤིང་ཧ་ཅང་འབྱོར་པ་དང་རྒུད་པའི་མཐའ་གཉིས་སུ་མ་ལྷུང་བ། བྱང་ཆུབ་སྒྲུབ་པ་ལ་འགལ་རྐྱེན་དང་བྲལ་བའི་བར་མའི་རིགས་རྣམ་པར་དག་པ་ལས་མཚན་དཔེའི་ཉིན་བྱེད་དབང་པོ་བཞད་པར་གྱུར་ཏོ། །སྐུ་ན་ཕྲ་མོའི་དུས་དེར་ཡང་དམ་པའི་རིགས་སད་པས་བྱིས་པའི་ཐལ་རྩེད་ཕལ་གྱིས་མ་རྙོགས་ཤིང་། དབང་སྐུར་ཆོས་འཆད་ཀྱི་རྣམ་པ་དང་། འདོན་རྟ་གདངས་དབྱངས་ལྷ་ཡི་མཆོད་ཆ་སོགས་དང་། བླ་མ་གྲྭ་པར་དགའ་བའི་རྣམ་འགྱུར་དང་། རང་ཉིད་ཀྱི་ན་བཟའ་ཡང་དམར་མདོག་ལ་སྤྲོ་ཞིང་། སེམས་ཅན་ལ་སྙིང་རྗེ་རང་ཤུགས་ཀྱིས་ལྡན་པ་ཕལ་པའི་སྤྱོད་ཡུལ་ལས་ཁྱད་པར་དུ་གྱུར་པ་ཞིག་ཡིན་པར་གྲགས་ཤིང་། སྐུ་ཤིན་ཏུ་གཞོན་དུས་ཞབས་གཉིས་ཀྱི་མཐིལ་ལ་ཡིག་འབྲུ་ལྟ་བུའི་རི་མོ་ཁྱད་འཕགས་ཤིག་ཡོད་ཀྱང་ཕྱིས་སུ་གྲིབ་རྐྱེན་ལས་མི་མངོན་པར་གྱུར་ཅེས་ཐོས་སོ། །མགོན་པོ་ཤར་རིའི་ཕྲག་ནས་ལེགས་འོངས་པའི། །ཟླ་གཞོན་བཅུ་དྲུག་གསར་པའི་ལང་ཚོ་ཅན། །རྒྱལ་སྲས་སྙིང་རྗེས་ཡོངས་གང་མིག་མི་འཛུམ། །ས་འདིར་སྣང་བའི་སྐལ་བཟང་ཐོག་མར་འཆར། །མཐོང་ན་མི་མཐུན་མེད་པ་དག་ཅིང་གཙང་། །རྒྱུ་མཐུན་འབྲས་བུ་སྨིན་པ་མཚན་དཔེའི་རྒྱན། །ཆ་ཤས་རྫོགས་པས་ལྷར་བཅས་དགའ་བའི་དཔྱིད། །གཟུགས་སྐུའི་དཀྱིལ་འཁོར་སྒྲིབ་མེད་མངོན་སུམ་སྣང་། །གཉིས་པ་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པའི་ཚུལ་ལ་གསུམ། རང་དོན་ཚུལ་གནས་ཐོས་བསམ་སྒོམ་པའི་མཐར་སོན་པ་དང་། གཞན་དོན་འཆད་རྩོད་རྩོམ་པས་བསྟན་པ་རིན་པོ་ཆེ་རྒྱས་པར་མཛད་པ་དང་། གཉིས་ཀའི་དོན་དུ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་རྒྱ་མཚོར་དབང་འབྱོར་བའི་ཚུལ་ལོ། །དང་པོ་ལའང་། འཕགས་པ་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། ཞེས་པ་ལྟར། གཞི་ཆོས་འདུལ་རིན་པོ་ཆེའི་སྙིང་པོ་ཚུལ་ཁྲིམས་ཀྱི་བསླབ་པས་ཐུགས་རྒྱུད་སྡོམ་པའི་ཚུལ་ནི། སྐུ་འཁྲུངས་ནས་རིམ་གྱིས་ནར་སོན་པ་ན་དད་དང་ངེས་འབྱུང་སྙིང་རྗེ་སོགས་དམ་པའི་རིགས་ཡོངས་སུ་གསལ་བར་སད་པའི་མཐུ་ལས། ཆོས་གྲྭ་ཆེན་པོ་དཔལ་ལྡན་ལྷུན་གྲུབ་སྟེང་གི་གྲྭ་སར་ཞུགས་ནས་དགུང་གྲངས་བརྒྱད་པའི་དུས་ཀློག་སློབ་པ་ན། སློབ་དཔོན་གྱིས་ངལ་བ་ཆེར་མ་དགོས་ཤིང་། རྗེ་འདིས་ཀྱང་སྐུ་ལ་དཀའ་སྤྱད་མ་བཞེས་པར་ཡིག་དཀར་ནག་ཐམས་ཅད་ལེགས་པར་ཀློག་པ་ལ་དཀའ་ཚེགས་མེད་པར་མཁྱེན། དགོན་པའི་བསྒྲིགས་ཀྱི་ཚོགས་འདོན་སྐོར་རྣམས་ཐུགས་འཛིན་གནང་བ་ནའང་ཚར་ཁ་ཤས་རེ་བཀླགས་པས་ཐུགས་སུ་ཆུབ་པ་ན་ཐམས་ཅད་ཀྱིས་བཙུན་ཆུང་འདི་ནི་སྔོན་སྦྱངས་ཅན་ཞིག་ཡིན་པར་འདུག །འདི་འདྲའི་ཤེས་རབ་ཆེ་ལུགས་ལ་དཔག་ན་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་འབྱུང་བར་འདུག་ཅེས་གླེངས། ཆོ་གའི་ཕྱག་བཞེས་དང་འདོན་རྟ་དབྱངས་འབུད་བརྡུང་དཀྲོལ་གསུམ། དཀྱིལ་འཁོར་བྲི་ཐིག་རྣམས་སྔོ་གནའ་བླ་མ་དོན་གྲུབ་རྒྱལ་མཚན་ལས་གསན་པས་མཁས་པའི་ཕུལ་དུ་ཕྱིན། དགུང་གྲངས་ཉེར་གསུམ་སོན་པ་ལྕགས་སྟག་ལོར་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝྃ་ཆོས་ལྡན་དུ་གྲྭ་སར་ཕེབས། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཆོས་ཀྱི་ཁྲི་ལ་བཞུགས་པའི་ཆོས་འདུལ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་སྙིང་པོ་དང་། ལས་སློབ་སོགས་གྲངས་ཚང་བ་ལས་ཚིག་གསུམ་བར་མ་ཆད་དུ་བཞེས་པས་ཐུབ་པའི་རྒྱལ་མཚན་ཉམས་པ་མེད་པར་བཟུང་། མཚན་ངག་དབང་བསམ་གཏན་བློ་གྲོས་གསོལ། དེ་ཕྱིན་ཉམས་པ་དང་། བཅོམ་པ་དང་། ཕམ་པར་གྱུར་པའི་ལྟུང་བའི་རྡུལ་དང་དྲི་མ་ལས་འདས་པའི་ཚུལ་ཁྲིམས་སྟིང་འཐུང་དཀར་པོ་ལས་བྱུང་བའི་བསྔགས་འོས་ཀྱི་དྲི་བསུང་ཞིམ་པོས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་ཅིང་རྒྱལ་བ་དགྱེས་པའི་བརྟུལ་ཞུགས་མཆོག་ལ་རྟག་ཏུ་གནས་ཤིང་། རྗེ་ཉིད་ཀྱི་ཞལ་ནས་ཀྱང་ངོར་ནས་བསྙེན་རྫོགས་ཐོབ་ཕྱིན་ཆད་སྡོམ་པ་ལ་གནོང་འགྱོད་གཏན་ནས་མེད་ཅེས་གསུང་པའོ། །དད་དང་མོས་གུས་ཆུ་མཚོ་དྭངས་པ་ལ། །དྲང་སྲོང་ཐུབ་པའི་གཟུགས་བརྙན་འཆར་བ་ན། མོས་གུས་ཟླ་བ་གསར་པའི་བདུད་རྩི་ཡང་། །ལྷན་ཅིག་ཆུ་གཏེར་ཆེ་ལ་རོལ་པར་བྱེད། །མི་གཙང་འདམ་གྱི་དྲི་མས་མ་སྦགས་པར། །ཤིན་ཏུ་དངར་བའི་མ་ལ་ཡ་ཡི་དྲིས། །གང་གི་ལུས་ལ་རེག་པ་དེ་ཡི་མོད། བརྒྱ་བྱིན་ངུར་སྨྲིག་སྟོབས་ལ་རེངས་པར་ཆས། །དམར་སེར་མཚམས་སྤྲིན་གསར་པས་བཀླུབས་པ་དང་། །དབང་པོ་ཀུན་ཞི་དུལ་བར་གནས་པ་ཡི། །སྤྱོད་པ་ཁོ་ནས་དགྲ་བཅོམ་གནས་བརྟན་ཆེ། །མངོན་སུམ་སྣང་བས་ཐུབ་བསྟན་མཛེས་པར་བྱས། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། | |||
།གཉིས་པ་ཐོས་པ་རྒྱ་མཚོའི་མཐར་སོན་པའི་ཚུལ་ནི། དེའང་སྐུ་ན་གཞོན་དུས་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་ཡོངས་རྫོགས་བསྟན་པ་རྒྱ་མཚོའི་མངའ་བདག་འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོ་མཇལ་བར་རྫོང་སར་བཀྲ་ཤིས་ལྷ་རྩེར་ཕེབས་ནས། རྗེ་འཇམ་པའི་དབྱངས་དེ་ཉིད་ཀྱིས་བསོད་ནམས་བརྒྱ་ལས་གྲུབ་པའི་ཕྱག་མཐོང་ན་མི་མཐུན་པ་མེད་པ་གླང་པོ་ཆེའི་སྣ་ལྟར་བརྐྱངས་ནས་རྗེ་འདིའི་དབུ་ལ་བཀོད་དེ་ཞལ་ནས་ཧྲཱིཿཥྚི་དང་། བཞད་པ་བརྒྱད་ཀྱི་སྔགས་གསུངས་ཤིང་ཐུགས་དགྱེས་པ་ཆེན་པོའི་མདངས་ཕྱུང་བ་དང་བཅས། འདི་ཉིད་ཀྱིས་བསྟན་པ་ལ་ཕན་པ་རྒྱ་ཆེན་འབྱུང་བར་འགྱུར་རོ་ཞེས་པའི་ལུང་བསྟན་སྩལ་བ་དང་། ཐང་རྒྱལ་ལུགས་ཀྱི་ཚེ་དབང་དང་། གང་བློ་མའི་རིག་གཏད་དང་ལུང་གསན་ཅིང་བྱིན་རླབས་བཀའ་བསྒོ་དང་སྨོན་ལམ་རྒྱས་པར་ཐོབ་པས་རྟེན་འབྲེལ་ཤིན་ཏུ་དགེ་བར་གྱུར། ལྔ་རིག་སྨྲ་བ་མཁས་དབང་འཇམ་དབྱངས་མཁྱེན་རབ་མཐའ་ཡས་ལས། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་གི་བཤད་པ་ཞིབ་མོ། བརྡ་དག་གསལ་བར་བྱེད་པའི་བསྟན་བཅོས་ངག་གི་སྒྲོན་མེ། ནག་རྩིས་དང་། སྐར་རྩིས་ཀྱི་དགུ་མཐའ། སྒྲ་ཀཱ་ལ་པའི་མཚམས་སྦྱོར་མིང་ལེ་བཅས་ཀྱི་རི་མོ། སྡོམ་གསུམ་འཇམ་དབྱངས་བླ་མའི་དགོངས་རྒྱན། ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་ཚུལ་གསུམ་མཛེས་རྒྱན་དང་། ལྗོན་ཤིང་མཛེས་རྒྱན། དབུ་མ་འཇུག་པ། དབུ་མ་རྒྱན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། རྒྱུད་བླ་མ། བཤེས་པའི་སྤྲིང་ཡིག་སོགས་ཀྱི་བཤད་པ་ཞིབ་མོ་གནང་བ་རྣམས་ལ་གསན་སྦྱངས་ཀྱིས་བརྩོན་པ་ཆེར་བསྐྱེད་པས་སློབ་གཉེར་གྱི་གཞི་ཐིངས་པར་གྱུར། གངས་ཁྲོད་སྨྲ་བའི་སེངྒེ་མི་ཕམ་འཇམ་པའི་དབྱངས་ལས། མདོ་སྡུད་འགྲེལ་པ་ལུགས་གཉིས་ཀྱི་བཤད་ལུང་། འབྱེད་རྣམ་གཉིས་ཀྱི་བཤད་པ་རྣམས་གསན། སྔོ་གནའ་བླ་མ་དོན་རྒྱལ་ལས། དཀར་ནག་རྩིས་ཀྱི་ལག་ལེན། གོ་ལའི་རྣམ་བཞག །གསོ་དཔྱད་ཀྱི་སྐོར་ཕལ་ཆེར་དང་། འཚོ་བྱེད་མཁས་པའི་དབང་པོ་ཞྭ་ཆེན་བླ་སྨན་པ་དང་། བློ་གྲོས་ཕུན་ཚོགས་གཉིས་ལས། རྩ་མདོ་ཆུ་མདོ་དང་། ལྡུམ་བུ་ངོ་སྤྲད། སྨན་གྱི་བསྡུ་སྦྱོར་སོགས་གསན་ནས་ལག་ལེན་ཡང་མཛད། ཀུན་གཟིགས་མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བ་ལས་སྤྱོད་འཇུག་དང་། རིགས་ཚོགས་ལྔ་དང་། དབུ་མ་འཇུག་པའི་བཤད་པ། རྟོགས་ལྡན་ལྷག་བསམ་ལས། སུམ་རྟགས་བཤད་པ་དང་། སྡེབ་སྦྱོར་རིན་འབྱུང་ཀཱ་ལ་པའི་རི་མོ་འགྲོ་ལུགས་རྣམས་དང་། མཁས་དབང་དབྱངས་ཅན་སྙེམས་པའི་ལང་ཚོ་ལས། དབྱངས་ཅན་སྒྲ་མདོ། སྙན་ངག་ལེ་བར། སྤྱོད་འཇུག་ཤེར་ལེ་བཅས་ཀྱི་གོ་ཁྲིད་གསན། དགུང་གྲངས་བཅུ་གསུམ་པར་སྡེ་སྣོད་འཛིན་པ་རྒྱ་མཚོའི་གཙུག་རྒྱན་ས་ཡི་སྟེང་ན་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོ་ཀུན་བཟང་བསོད་ནམས་མདུན་ནས། རྡོ་རྗེ་འཆང་བློ་གཏེར་ཞབས་དང་ལྷན་ཅིག་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚང་མའི་བཀླག་ལུང་གསན་སྐབས་བཞུགས་ཚུགས་སོགས་ཤིན་ཏུ་ལེགས་པས་རྡོ་རྗེ་འཆང་དང་། བླ་མ་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས། དེའི་ཉེ་གནས་མཁས་དབང་ཨ་དཔལ་ལས། ཚུལ་ཁྲིམས་རྣམ་དག་གི་མདོ་འགྲེལ་དང་། སྤྱོད་ཊཱིཀ། གང་བློའི་འགྲེལ་པ་སོགས་ཀྱི་བཤད་ལུང་རྣམས་གསན། མི་ཕམ་རིན་པོ་ཆེའི་ཉེ་གནས་བླ་མ་ཆོས་དབྱིངས་འོད་གསལ་ལས། ཚིག་བདུན་བླ་མའི་རྣལ་འབྱོར། ཚོགས་མཆོད། རྣམ་བཤད་པདྨ་དཀར་པོ། དབུ་མ་རྒྱན་གྱི་འགྲེལ་ཆེན། བསྟོད་ཚོགས་སྐོར་དང་། འཇམ་དབྱངས་མཆོད་ཆོག་སོགས་ཀྱི་ལུང་དང་། རིགས་བརྒྱའི་ཁྱབ་བདག་མཁན་ཆེན་རྡོ་རྗེ་འཆང་ངག་དབང་བློ་གྲོས་སྙིང་པོ་ངོར་གྱི་ཁྲི་ཐོག་མཛད་སྐབས་འདུལ་སྡོམ་སྔར་བཤད་པ་ལྟར་དང་། ལམ་འབྲས་ལུགས་ཀྱི་སེམས་བསྐྱེད། དཔལ་ཀྱེ་རྡོ་རྗེའི་རྒྱུ་ལམ་གྱི་དབང་དང་། ལམ་འབྲས་ཚོགས་བཤད་ཀྱི་བྱིན་རླབས་རྗེས་གནང་ཁྲིད། པོད་ལུང་རྣམས་བཅས་ཤིན་ཏུ་རྒྱས་པ་དང་། ཕན་ཁང་རིན་པོ་ཆེ་དཔལ་ལྡན་བློ་གྲོས་རྒྱལ་མཚན་ལས། དཔལ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ལྷ་བཅུ་གསུམ་མའི་དབང་ལུང་ཁྲིད་གསུམ། དྲི་མེད་རྣམ་གཉིས་ཀྱི་དབང་ལུང་བཅས་དང་། སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པ་ཉིན་ལྔ་དྲུག་རྗེས་མ་ཟིན་པས་ཆད་པ་ལས་དེ་འཕྲོས་ཡོངས་རྫོགས་གསན། ཕན་བདེ་མཁན་ངག་དབང་ཀུན་དགའ་བསྟན་པའི་རྒྱལ་མཚན་ལས། ངོར་ལུགས་འཇིགས་བྱེད་ལྷ་དགུའི་དབང་ཁྲིད་ལུང་། རྒྱལ་བས་ལུང་བསྟན་བརྙེས་པ་འཛམ་གླིང་ཆོས་ཀྱི་འཁོར་ལོས་སྒྱུར་བ་འཇམ་མགོན་མ་ཧཱ་པཎྜི་ཏ་བློ་གྲོས་མཐའ་ཡས་པའི་ཞལ་སྔ་ནས་སྨིན་གླིང་ཐུགས་རྗེ་ཆེན་པོ་གར་དབང་བདེ་གཤེགས་ཀུན་འདུས་ཀྱི་དབང་ལུང་དང་། གསང་མཚན་པདྨ་བདེ་བ་རྩལ་འདོགས་པར་མཛད། འབྲུག་ལུགས་གྲུབ་བརྒྱའི་བྱིན་རླབས། བླ་མ་ནོར་ལྷའི་དབང་ལུང་ལྷ་མོ་དཔལ་གྱི་སྒོམ་ལུང་། འཇམ་དབྱངས་དང་། སྒྲོལ་དཀར་རྗེས་གནང་། གང་བློ་མའི་ལྗགས་བཤད་བཅས་གསན་པར་མཛད། ལྗགས་མི་བདེ་ཙམ་ཡོད་པ་འཇམ་མགོན་རིན་པོ་ཆེའི་གསང་ཆབ་བཞེས་པས་ལྗགས་ཇེ་བདེར་གྱུར་གསུང་། ཁྱད་པར་དུ་ཚེ་རབས་ཀྱི་ཕྲེང་བ་མང་པོ་ནས་འབྲེལ་བ་ཐོབ་པའི་རྩ་བའི་བླ་མ་ཐུབ་བསྟན་རྒྱ་མཚོ་གསལ་བའི་ཉི་མ། སྲས་བཅས་རྒྱལ་བའི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་རང་གཟུགས་རྒྱུད་སྡེ་རྒྱ་མཚོའི་གསང་མཛོད་འཛིན་ཅིང་བཀའ་ཡི་སྡུད་པོ་རྡོ་རྗེ་ཆོས་དང་རྣམ་དབྱེར་མེད་པ། ཐར་རྩེ་ཞབས་དྲུང་རྡོ་རྗེ་འཆང་འཇམ་དབྱངས་བློ་གཏེར་དབང་པོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་པ་ལས་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་གཞུང་རྩ་བ་དང་། ཁ་སྐོང་བཅས་ཀྱི་དབང་རྗེས་གནང་། རིག་གཏད། སྒོམ་ལུང་། བྱིན་རླབས་བཅས་ཤིན་ཏུ་གྲངས་མང་བ་སོ་སོའི་སྒྲུབ་ཐབས་ལས་ཚོགས་མན་ངག་བཅས་པའི་ལུང་དང་ཁྲིད་བཅས་རྒྱས་པ་བུམ་པ་གང་བྱོའི་ཚུལ་དུ་སྩལ། རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པར་རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་ཁྲིད། ལུང་བཅས་རྡོ་རྗེ་འཆང་དེ་ཉིད་ལས་བྱ་སྤྱོད་སྐོར་ཕལ་ཆེར་དང་། བདེ་མཆོག་སྐོར་ཡོངས་རྫོགས། དུས་འཁོར། ཀྱེ་རྡོར་སྐོར་སོགས་གསན་པ་དང་། རྗེ་དེ་ཉིད་ཀྱི་ཐུགས་སྲས་བེ་ཚང་ཆོས་རྗེ་མཁས་གྲུབ་རྒྱ་མཚོ་ལས་དབང་ཆེན་དཀའ་གྲས་རྗེ་གསང་བའི་བདག་པོའི་མདུན་ནས་གནང་མ་གྲུབ་པ་རྣམས་གསན་ཏེ་མདོར་ན་ཡབ་སྲས་གཉིས་ཀ་ལས་རྒྱུད་བཏུས་སྨིན་གྲོལ་ཡོངས་རྫོགས་ཀཿཐོག་སི་ཏུ་པཎ་ཆེན། མཁས་དབང་འཇམ་དབྱངས་མཁྱེན་རབ་སོགས་དང་ལྷན་ཅིག་གསན་པར་མཛད། རྗེ་བཙུན་ས་སྐྱ་པའི་གདམས་ངག་གི་ཉིང་ཁུ་ཆེ་བ་བཅུ་གཅིག་དང་ལྡན་པའི་གསུང་ངག་རིན་པོ་ཆེ་ཐུན་མོང་བ་རྣམས་ལས་ཁྱད་པར་དུ་གྱུར་པ། བརྒྱུད་པ་གསུམ་འདུས་ཁའུ་བྲག་རྫོང་པའི་ཁྱད་ཆོས་ལམ་འབྲས་བུ་དང་བཅས་པའི་སྨིན་གྲོལ་དབང་གི་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ་གདམས་ངག་གི་སརྒ་མ་ལོག་པ། མོས་གུས་ཀྱི་བསམ་པ་ཚིམ་པར་ནུས་པ་སྟེ། ཚད་མ་སྙན་བརྒྱུད་བཞིའི་སྒོ་ནས་མན་ངག་སློབ་བཤད་ཟབ་མོའི་སྐོར་སྔོན་འགྲོ་སྣང་གསུམ་གྱི་སྐབས་འདི་པའི་ལུགས་ཀྱི་སེམས་བསྐྱེད། སློབ་མ་རྗེས་འཛིན་སྔོན་དུ་འགྲོ་བའི། རྒྱུ་ལམ་གྱི་དབང་། བདག་མེད་མའི་དབང་དང་བྱིན་རླབས། གཞན་ལམ་ཟབ་སོགས་བྱིན་རླབས་སྐོར་ཡོངས་རྫོགས། རྒྱུད་གསུམ་གྱི་ཁྲིད་ཀྱི་སྐབས་འཁོར་འདས་དབྱེར་མེད་ཀྱི་ལྟ་ཁྲིད་རིག་ཐོག་ནས་གདར་ཤ་ཆོད་ངེས་པ་སོགས་ཉམས་ཁྲིད་ཤིན་ཏུ་སྨིན་པ། རྒྱབ་རྟེན་བླ་མའི་རྣམ་ཐར་དང་། པོད་ལུང་ཡོངས་རྫོགས་རྗེ་རྡོ་རྗེ་འཆང་ཉིད་ཀྱིས་མཛད་པའི་འཆད་ཐབས་ལྟར་རྒྱས་པ་དང་། ཀྱེ་རྡོར་རྒྱུད་གསུམ་གྱི་བཤད་པ་སྒྲོ་འདོགས་ཆོད་པར་ཞིབ་རྒྱས་གསན། གཞན་ཡང་དཔལ་མ་ཧཱ་ཀཱ་ལ་གུར་གྱི་མགོན་པོའི་བཀའ་བབ་བཞིའི་དབང་། རྗེས་གནང་ཕྱི་ནང་གསང་ཁྲིད་བཅས་དང་། ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་ཁྲིད་བཅས། དབུ་མ་ལུགས་དང་། རྒྱ་ཆེན་སྤྱོད་བརྒྱུད་ཀྱི་སེམས་བསྐྱེད་སྡོམ་ཆོག །བློ་སྦྱོང་གི་ཁྲིད་ལེགས་བཤད་ཀུན་བཏུས། སྙན་བརྒྱུད་ཆེན་མོ་སོགས་བློ་སྦྱོང་སྐོར་མང་པོ་དང་། ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་ལུང་། རྗེ་ཉིད་ཀྱི་གསུང་རབ་རྣམས་ཀྱི་ལུང་སོགས་ཟབ་རྒྱས་ཆོས་ཚུལ་རྒྱ་མཚོ་གསན་པས་རིགས་བརྒྱའི་ཁྱབ་བདག་འགྲན་གྱི་དོ་མེད་སྐྱབས་གནས་གཅིག་ཆོག་ཏུ་བཟུང་བར་མཛད་དོ། །མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་སོན་པ་ཐུབ་བསྟན་ལེགས་བཤད་བཟང་པོ་ལས། ཇོ་ནང་རྗེ་བཙུན་ཆེན་པོས་བཀའ་བསྡུ་གནང་བའི་སྒྲུབ་ཐབས་རིན་འབྱུང་དེའི་ཁ་སྐོང་བླ་མ་ཉིད་ཀྱིས་བསྒྲིགས་པའི་རྗེས་གནང་ལུང་བཅས། ཁང་སར་ཞབས་དྲུང་རིན་པོ་ཆེ་བཀྲ་ཤིས་རྒྱ་མཚོའི་མདུན་ནས་ཆག་མེད་རྣམ་བཞིའི་དབང་། བྱིན་རླབས། དམར་པོ་སྐོར་གསུམ་གྱི་པོད་ལུང་བཀའ་གདམས་གླེགས་བམ་རིན་པོ་ཆེའི་ལུང་སོགས་མང་དུ་གསན། མཁན་ཆེན་བཀྲ་ཤིས་འོད་ཟེར་ལས་ཀར་ལུགས་ཕྱོགས་ཀྱི་བདེ་མཆོག་དབང་རྗེས་གནང་། ཕྱག་ཆེན་ཁྲིད་སོགས་མང་པོ་གསན་པར་མཛད། ཤར་ཆེན་འཇམ་དབྱངས་ཆོས་ཀྱི་ཉི་མ་ལས་ཚེ་དཔག་ལྷ་དགུའི་དབང་། རྫོགས་སྤྲུལ་ལྔ་པ་ལས། དཀོན་སྤྱིའི་ཚེ་དབང་དང་། ཉི་གྲགས་ཐུགས་ཆེན་དང་། བདུད་རྩི་སྨན་གྱི་སྒྲུབ་དབང་། དགེ་མང་སྐུ་ཞབས་ལས། གཞན་ཕན་མཐའ་ཡས་གྱི་ཞལ་གདམས་གསུང་མགུར་སོགས་ཀྱི་ལུང་། སེམས་ཁྲིད་རྣམས་གསན། ཀཿཐོག་སི་ཏུ་རིན་པོ་ཆེ་ལས་མཁྱེན་བརྩེའི་དབང་པོའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག །འཁོན་ལུགས་རྡོ་རྗེ་ཕུར་པ་ཇོ་ནང་ནས་བརྒྱུད་པའི་སྨིན་གྲོལ། སྔ་འགྱུར་བཀའ་མིའི་སྒྱུ་འཕྲུལ་ཞི་ཁྲོ། ཐུགས་སྒྲུབ་བར་ཆད་ཀུན་སེལ་སོགས་ཆོས་བཀའ་རྒྱ་ཆེ་ཙམ་གསན། ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་ལས། ཕུར་པ་ཡང་གསང་སྤུ་གྲིའི་དབང་ལུང་། རྒྱལ་ཐང་པའི་གཅོད་དབང་ཁྲིད། པོད་ལུང། ཀར་གླིང་ཞི་ཁྲོ་འགྲོ་དྲུག་རང་གྲོལ་གྱི་དབང་། བར་དོ་དྲུག་ཁྲིད། རྗེ་མཁྱེན་བརྩེའི་སྙན་བརྒྱུད་ཡང་དག་ཕུར་པ། གྲུབ་ཐོབ་ཐུགས་ཐིག་ཡང་ཕུར་སྦྲགས་མ་རྣམས་ཀྱི་དབང་། རྗེ་ཉིད་མཛད་རང་བྱུང་རྡོ་རྗེའི་བླ་སྒྲུབ་ལུང་དང་ཁྲིད་བཅས་གསན། ཀུན་གཟིགས་བླ་མ་རིན་པོ་ཆེ་ངག་དབང་ལེགས་པ་ལས། ས་འཇམ་སྦག་སྒྲུབ་ཀྱི་བྱིན་རླབས། ཚ་ཆུ་བླ་མ་རིན་པོ་ཆེ་ཤྲཱི་མ་ཧཱ་ཀཱ་ལ་དང་། འཕགས་མ་སྒྲོལ་མས་རྗེས་སུ་བཟུང་བ། འཇམ་དབྱངས་བསྟན་འཕེལ་ལས། མཁའ་སྤྱོད་མའི་བྱིན་རླབས། ཡེ་ན་བླ་མ་སངས་རྒྱས་བསྟན་འཛིན་ལས། སྒྲུབ་ཐབས་ཀུན་བཏུས་པོད་དགུའི་ལུང་དང་། དཀོན་མཆོག་ལྷུན་གྲུབ་དང་། ཞུ་ཆེན་མ་ཧཱ་པཎྜི་ཏ་རྣམས་ཀྱི་བཀའ་འབུམ་ལུང་མང་པོ། བླ་མ་དཀོན་མཆོག་རྒྱལ་མཚན་ལས་ངོར་ཆེན་བཀའ་འབུམ། རྒྱུད་སྡེ་ཀུན་བཏུས་ཀྱི་ལུང་ཡོངས་རྫོགས། བླ་མ་དོན་རྒྱལ་ལས། མགོན་པོའི་རྗེས་གནང་། མཁའ་སྤྱོད་བྱིན་རླབས་སོགས་དབང་བཀའ་མང་བ་དང་། ཤར་བླ་མ་ངག་དབང་བློ་གྲོས་ལས། གུར་མགོན་གྱི་གཞུང་པོད་ཡོངས་རྫོགས་དང་། ཞལ་པོད་གཉིས་དང་། ལས་གཤིན་དང་། བེག་རྩེའི་པོད་བཅས་ཀྱི་ལུང་། མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་ལྡན་འཇམ་དབྱངས་ལས། དཔལ་མགོན་ཞལ་གྱི་རྗེས་གནང་ཡོངས་རྫོགས། ཁྲིད་པོད་ལུང་། ངོར་ལུགས་རྭ་པོད་ཀྱི་ལུང་། བླ་མ་ངག་དབང་བསྟན་པ་ལས། དཔལ་བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་དབང་ཆེན་དང་། མཁའ་སྤྱོད་བེ་བུམ་གྱི་ལུང་། རྗེ་དབོན་གཞན་ཕན་ཀུན་དགའ་ལས། ཆོས་སྤྱོད་པོད་ཆུང་སོགས་ཅི་རིགས་གསན་པ་དང་། འབྲུ་འཇམ་དབྱངས་གྲགས་པ་ལས། ཇོ་ལུགས་དུས་འཁོར་གྱི་ཁྲིད་ལུང་དང་། མི་ཕམ་རིན་པོ་ཆེའི་འགྲེལ་ཆེན་བཤད་ལུང་། ལམ་རིམ་ཡེ་ཤེས་སྙིང་པོའི་ལུང་སོགས་དང་། རྫོགས་ཆེན་མཁན་བློ་གསལ་ལས་དཔལ་སྤྲུལ་བཀའ་འབུམ་ལུང་། མཁས་བཙུན་བླ་མ་འཇམ་དབྱངས་རྒྱལ་མཚན་ལས་དབུ་མ་བཞི་བརྒྱ་པ། རྒྱུད་སྡེ་སྤྱིའི་རྣམ་བཞག །མངོན་རྟོགས་རྗོན་ཤིང་ཆེན་མོ་སོགས་གསན། གཏེར་སྟོན་དྲི་མེད་འོད་ཟེར་ལས། རང་གཏེར་མཁན་ཆེན་ཞི་འཚོའི་བྱིན་རླབས། དུས་ཆེན་སྟོན་པའི་མཆོད་ཐབས་ཀྱི་ལུང་སོགས། ཀཿཐོག་རྨོག་སྤྲུལ་ལས། རང་གཏེར་ཕག་དཀར་དབང་ཁྲིད་སོགས་མདོར་ན་རྗེ་བླ་མ་འདི་ཆོས་ཚོལ་བ་ལ་ཤིན་ཏུ་བརྩོན་པས་གང་ཟག་མཆོག་དམན་ལ་མ་ལྟོས་པར་བརྒྱུད་པ་ལ་ངེས་འདྲོངས་ཡོད་ན་གུས་པས་བཏུད་དེ་གསན་པར་མཛད་ཅིང་། ཤིན་ཏུ་དམན་པ་བདག་ལྟ་བུ་ལས་ཀྱང་། མཁའ་འགྲོ་གསང་འདུས་ཀྱི་དབང་ཁྲིད་ལུང་། གྲུབ་ཐོབ་ཐུགས་ཏིག་གི་རྩ་དབང་། ཐུགས་སྒྲུབ་རྣམ་གཉིས་སོགས་མང་དུ་བཞེས་པར་མཛད་པས་མཚོན་གསར་རྙིང་རིས་མེད་ཀྱི་དབང་ཁྲིད་གདམས་པ་ལུང་གི་རྣམ་གྲངས་སོགས་ཆེས་མང་བ་གསན་ཀྱང་ཆེ་ལོང་ཙམ་ལས་ཞིབ་ཏུ་འགོད་པར་མ་ནུས་ལ། མདོར་ན། ཕྱི་སོ་ཐར། ནང་བྱང་སེམས། གསང་བ་སྔགས་ཀྱི་ཐེག་པ་ལ་རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞི་དང་རྗེས་སུ་འབྲེལ་བ་གངས་རིའི་ཁྲོད་འདིར་རྒྱུན་བཞུགས་པ་ཕལ་མོ་ཆེ་ལ་ཐུགས་གཉེར་གནང་བས་མང་དུ་ཐོས་པའི་ཆུ་གཏེར་ཆེན་པོར་གནས་བཅས་པ་ཡིན་ནོ། །ཤེས་བྱ་མུ་མེད་བརྗོད་པའི་ཡུལ་ལས་འདས། །ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་ཁོ་ན་ལས། །བློ་གྲོས་ཁང་བུར་དཀྲིགས་པ་མིན་ན་ཡང་། །རྣམ་པ་ཀུན་མཁྱེན་བྱེད་པའི་ཉེ་རྒྱུ་མཆོག །ཕྱི་ནང་ཤེས་བྱར་སློབ་ལ་རྟག་ཏུ་བརྩོན། བསླབ་པར་མ་བྱས་ཀུན་མཁྱེན་འགྱུར་བ་ནི། །སྲིད་པའི་ཁོངས་འདིར་མཁའ་ཡི་པདྨོ་མཚུངས། །རྒྱུ་འབྲས་མི་བསླུ་ཚད་མར་རྒྱལ་བས་གསུངས། | |||
།དེས་ན་དམ་པ་རྣམས་ཀྱིས་བརྩོན་བྱ་ནི། །མཐའ་ཀླས་ཆོས་ཚུལ་རྒྱ་མཚོར་འཇུག་འདི་ལགས། དེ་ཕྱིར་དམ་པ་རྒྱུ་སྐར་མགོན་འདིས་ཀྱང་། །བློ་གྲོས་གཏེར་ཆེན་འཕེལ་བའི་ཐབས་མཆོག་བསྐྲུན། །ཞེས་ཀྱང་སྨྲས་སོ། །གསུམ་པ་བསམ་བྱུང་རིག་པས་སྒྲོ་འདོགས་ཇི་ལྟར་བཅད་པའི་ཚུལ་ནི། དེ་ལྟར་སྨོས་མ་ཐག་པའི་ཡོངས་འཛིན་བཤེས་གཉེན་དམ་པ་རྣམས་ལས་གསན་པ་དེ་དག་ཀྱང་ཐོས་པ་ཙམ་གྱིས་ཆོག་པར་འཛིན་པ་དང་། བུན་ཡིག་ལྟ་བུའི་ཐོབ་ཚོགས་ཀྱི་པོད་ཁ་མཐོ་བ་ལ་གཟིགས་པ་མིན་པར་ཇི་ལྟར་ཐོས་པའི་རྣམ་གྲངས་དེ་དག་གི་དོན་དང་ཚིག་གི་ཆ་ལ་བསམ་བྱུང་གི་ཤེས་རབ་ཀྱི་ཉི་མ་སྟོང་ཕྲག་འབར་བས་མ་རྟོགས་ལོག་རྟོག་ཕྱོགས་རྟོགས་དང་། ཡང་དག་པར་མ་རྟོགས་པའི་མི་ཤེས་པའི་མུན་པ་དྲུང་ནས་ཕྱུང་སྟེ། ཕྱི་ནང་རིག་གནས་དང་བཅས་པའི་པད་ཚལ་གྱི་ཁ་ཡོངས་སུ་འབྱེད་པས་མདོ་སྔགས་གཞུང་ལུགས་ཀུན་གྱི་རང་དང་སྤྱིའི་མཚན་ཉིད་ཀྱི་དོན། མངོན་སུམ་དང་། ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་གྱི་གཞལ་བྱའི་ཡུལ་ལ། འཇལ་བྱེད་མངོན་སུམ་དང་། རིགས་པ་ཚད་མ་དང་། ལུང་རྣམ་དག་གི་ཚད་མ་གསུམ་གྱིས་འཇལ་བས་འགལ་འབྲེལ་གཅོད་པ་ལ་བློ་གྲོས་ཀྱི་སྒོ་བརྒྱ་དབང་མེད་དུ་འབྱེད་པའི་སྤོབས་པ་མི་ཟད་པའི་གཏེར་ཆེན་བརྡོལ་བ་ནི་དཔྱོད་ལྡན་རྣམས་ཀྱིས་ཉེ་བར་བརྟགས་ན་གསུང་གི་སྣང་བ་དང་། ལེགས་བཤད་ཀྱི་ཚོགས་རྣམས་ལས་ཤེས་པར་འགྱུར་ཞིང་། དེའང་ཚིག་གི་ལྦུ་བ་དང་གཞན་ཟེར་ཅལ་སྒྲོགས་ཀྱི་རྗེས་རྒྱུག་ཙམ་མིན་པར་རང་ལུགས་ས་སྐྱའི་རྗེ་བཙུན་གོང་མ་འཇམ་པའི་དབྱངས་དང་ཞལ་མི་གཉིས་པ་རྣམས་ཀྱི་གསུང་རབ་དྲི་མ་མེད་པའི་དགོངས་དོན་ཇི་ལྟར་གནས་པ་ལ་གཞན་གྱིས་འཕྲོག་ཏུ་མེད་པའི་ངེས་ཤེས་ཐེ་ཚོམ་དང་བྲལ་བ་ཡང་དག་པར་བརྙེས་པའོ། །འདབ་སྟོང་བཞད་པའི་ལྷ་ཡི་སྐྱེད་ཚལ་དུ། །སྐལ་བཟང་བུང་བ་གཞོན་ནུ་རོལ་པ་ལས། །ངེས་དོན་སྦྲང་རྩིའི་བཅུད་ཀྱིས་མྱོས་པ་ན། །ལེགས་བཤད་དབྱངས་སུ་སྒྲོགས་ལ་འགོག་པ་མེད། །ལོག་རྟོག་དུག་ཆུའི་བསམ་པས་རྙོགས་པ་རྣམས། །མཁྱེན་དཔྱོད་ཀེ་ཏ་ཀ་ཡིས་བགྲུངས་པ་ན། །ཐོས་བསམ་མཆོད་ཡོན་གཙང་མའི་ལྦུ་ཕྲེང་གཡོ། །སྲས་བཅས་རྒྱལ་རྣམས་དགྱེས་ཕྱིར་གུས་པས་འབུལ། །དཀར་འཇམ་ཤོག་བུའི་ངོགས་སུ་འཆར་བ་རྣམས། །མཁྱེན་རབ་མེ་ལོང་གཙང་མའི་དབྱིངས་སུ་སྡུད། །བསྙེལ་བ་མེད་ཅིང་མ་འདྲེས་ས་ལེར་བཀྲ། །གང་དེ་རྗེ་བཙུན་བརྟན་པའི་འཁོར་ལོ་དངོས། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བཞི་པ་མཐར་ཐུག་བསྒོམས་པས་ཡེ་ཤེས་བརྙེས་པའི་ཚུལ་ལ། བསྒོམ་པ་ཇི་ལྟར་མཛད་ཚུལ་དང་། དེ་ལས་བརྩམ་སྟེ་ཐུན་མོང་ནང་གི་རྣམ་ཐར་དང་། ཐུན་མིན་གསང་བའི་རྣམ་ཐར་འཆད་པ་དང་གསུམ། དང་པོ་ནི། དེའང་མཆོག་ཏུ་མི་འགྱུར་བ་རྡོ་རྗེ་སེམས་དཔའ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་དངོས་གྲུབ་ནི་ལམ་བསྒོམས་པས་སྤང་བྱ་སྤངས་རིམ་དང་། རྟོགས་བྱ་རྟོགས་རིམ་ལས་ཐོབ་པ་ཡིན་ལ་རྟོགས་པ་དེ་མེད་ན་མི་འབྱུང་བའི་ཐབས་ཀྱིས་མཐར་ཐུག་རྩེ་གཅིག་སྒྲུབ་པ་ཁོ་ན་ལ་གཞོལ་དགོས། དེའང་ངེས་འབྱུང་། བྱང་སེམས། སྤྲོས་བྲལ་གྱི་ལྟ་བ་རྣམས་གཅིག་གྲོགས་གཅིག་གིས་བྱས་ཤིང་། སྣོད་བཅུད་ལྷར་ཤར་བའི་བསྐྱེད་རིམ་དང་། རྡོ་རྗེའི་ལུས་ཀྱི་ཕུང་ཁམས་སྐྱེ་མཆེད་རྟེན་དང་བརྟེན་པ་ལ་གནད་དུ་བསྣུན་པའི་རྫོགས་རིམ་ཐུན་མོང་དང་ཐུན་མིན་ཏེ། རྡོ་རྗེ་ཐེག་པའི་ལམ་ཟབ་མོ་དག་ལ་རྩེ་གཅིག་ཏུ་གཞོལ་བས་མཆོག་དངོས་རྙེད་པར་འགྱུར་ལ། དེ་རྙེད་པས་ཐུན་མོང་གི་དངོས་གྲུབ་ཞར་ལ་འབྱུང་བ་ཡིན་པར་དགོངས་ཏེ་ངོར་ནས་ཕྱིར་ཕེབས་པ་ན། དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད། བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེའི་གཞིའི་བསྙེན་ཆེན། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་བཅོམ་ལྡན་འདས་ཀུན་ཏུ་རིག་པའི་བསྙེན་ཆེན་རྣམས་བརྒྱུད་པའི་ཕྱག་བཞེས་བཞིན་ཚད་ལྡན་བཅུ་ཆའི་སྦྱིན་སྲེག་བཅས་མཐར་ཕྱིན་པ་མཛད། དེ་ལས་ཀྱང་རི་ཁྲོད་དབེན་པར་བསྟེན་ན་འདོད་ཡོན་གྱི་གཡེང་བ་ཆུང་ཞིང་། སེམས་འདུལ་བ་ལ་གནས་དབེན་པ་ཉིད་རྒྱལ་བས་བསྔགས་པ་དང་། སེམས་འདུལ་བ་ནི་ཆོས་ཀྱི་སྙིང་པོ་སྟེ། འཕགས་པ་ཀླུས། ཉིད་ཀྱིས་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཞེས་པ་ལྟར། དེ་བཞིན་གཤེགས་པས་ཆོས་བསྟན་པ་ཐམས་ཅད་གདུལ་བྱའི་སེམས་ཀྱི་ཐ་བ་འདུལ་བའི་ཐབས་ཟབ་མོ་ཁོ་ན་སྟེ། ཐོས་པས་ནི་སྒོ་གསུམ་ཞི་དུལ། བསམ་པས་ནི་ཉོན་མོངས་མགོ་གནོན། བསྒོམ་པས་ནི་ཉོན་མོངས་པ་དྲུང་ནས་འབྱིན་པར་བྱེད་ལ། ཐོས་བསམ་བྱས་ཀྱང་བསྒོམ་པ་མ་བྱས་ན་འཆི་ཁ་ཐ་མལ་དུ་ལུས་ནས་ཉམས་ཉེས་སུ་འགྱུར་བ་ཡིན་ཏེ། ཕལ་པོ་ཆེ་ལས། ཇི་ལྟར་མཉན་པ་མཁས་པ་ཞིག །སྐྱེ་བོ་མང་པོ་སྒྲོལ་བྱེད་ཀྱང་། །རང་ཉིད་ཀྱིས་ནི་མ་ཐོས་ལྟར། །མ་བསྒོམ་ཆོས་ཀྱང་དེ་དང་འདྲ། །ཇི་ལྟར་འོན་པ་རོལ་མོ་མཁན། །སྐྱེ་བོ་མང་པོ་མགུ་བྱེད་ཀྱང་། །རང་ཉིད་ཀྱིས་ནི་མ་ཐོས་ལྟར། །མ་བསྒོམ་ཆོས་ཀྱང་དེ་དང་འདྲ། །ཇི་ལྟར་སྐྱེ་བོ་སྐོམ་པ་དག །ཆུ་ནི་མཐོང་དང་ཐོས་པ་ཡིས། །སྐོམ་པའི་སྡུག་བསྔལ་མི་སེལ་ལྟར། །མ་བསྒོམ་ཆོས་ཀྱང་དེ་དང་འདྲ། །ཞེས་གསུངས་པ་ལྟར། རྩ་བའི་བླ་མ་རྣམས་ལས་ཇི་ལྟར་ཐོས་ཤིང་དབང་དུས་སུ་གཙོ་བོས་ཇི་ལྟར་གདམས་པ་ཁས་བླང་གི་གནས་ལས་མི་འདའ་བ་དང་། བྱས་ཤེས་ཀྱི་བཀའ་དྲིན་རྗེས་སུ་གསོབ་པའི་ཆེད་དུ་རྡོ་རྗེའི་གནས་ཡུལ་ཆེན་པོ་ཨ་ལོ་བཀྲ་ཤིས་གནས་སུ་ཕེབས་ནས་ཟབ་པའི་མཐར་ཐུག་དཔལ་ཀྱེ་རྡོ་རྗེའི་སྔོན་འགྲོ་རེ་རེ་བཞིན་བསགས་སྦྱོང་སོ་སོར་འབུམ་ཕྲག་ཐོན་པ་དང་། སླར་ཡང་ཡི་དམ་དེ་ཉིད་ཀྱི་ཐུགས་དམ་ཟབ་མོར་བཞུགས་ནས་སྦྱོང་གཞི་སྦྱོང་བྱེད་གནད་དུ་བསྣུན་པ་དང་། གཙོ་བོར་ལམ་ཟབ་བླ་མའི་རྣལ་འབྱོར་དང་། འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ལ་མྱོང་བ་ཐོན་པར་བསྒོམས་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ལས་བྱུང་ཞིང་། དེའང་སྟོང་ཉིད་བརྗོད་པ་ཐམས་ཅད་དང་བྲལ་བའི་ངང་དུ་ཆོས་ཐམས་ཅད་རོ་མཉམ་ཞིང་དེ་ལས་འདའ་བ་མེད་པའི་གནས་ལུགས་ཟབ་མོ་ཇི་ལྟ་བ་བཞིན་བླ་མ་དང་ལྷག་པའི་ལྷའི་བྱིན་རླབས་ཀྱིས་རྟོགས་པར་གྱུར་ནས། བཀའ་ལས་ཀྱང་དེ་ཕྱིན་གནས་ལུགས་ཀྱི་ངོ་བོ་ལ་ཡིན་མིན་གྱི་ཐེ་ཚོམ་ཙམ་ཡང་མི་འདུག་རྟོགས་པའི་ངོ་བོ་ལ་འཕོ་འགྱུར་མེད་ཅེས་གསུངས་སོ། །གཞན་ཡང་སྔ་རྗེས་རྣམས་སུ་རིགས་གསུམ་སྤྱི། རྣམ་སྣང་མངོན་བྱང་། རྡོར་དབྱིངས། གསང་བདེ། རྣལ་འབྱོར་མ། ཁྱད་པར་རྡོ་རྗེ་འཇིགས་བྱེད་ངོར་ཚར་གཉིས་ཀྱི་བཀའ་སྲོལ་སོ་སོར་བསྙེན་ཆེན་རྒྱས་པར་གནང་སྟེ་རྒྱུན་དུ་ཐུགས་དམ་གྱི་སྙིང་པོར་མཛད། ལྷ་འདི་དང་མགོན་པོ་གཉིས་ལས་མཐུ་སྟོབས་ནུས་པའི་དབང་ཕྱུག་ཏུ་གྱུར། དཔལ་དུས་ཀྱི་འཁོར་ལོ། རྡོ་རྗེ་ཕུར་པ་སོགས་རྒྱུད་སྡེ་མང་པོའི་བསྙེན་པ་དང་། མི་འཁྲུགས། ཚེ་དཔག་ལྷ་དགུ། སྒྲོལ་མ་དཀར་དམར། རྣམ་རྒྱལ་འཇོམས། རྟ་མགྲིན། འཇམ་དཀར། དབྱངས་ཅན་མ། རིགས་བྱེད་ལྷ་མོ། ཐང་ལུགས་ཚེ་སྒྲུབ། གྲུབ་རྒྱལ་ཚེ་སྒྲུབ་སོགས་ལྷག་པའི་ལྷ་ཡི་བསྙེན་པ་མང་པོ། མགོན་པོ་ཆེ་ཆུང་། རྙིང་ལུགས་འཇའ་ཚོན་ཟབ་གཏེར་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་སྒྲུབ་ལས་གསུམ་ཚད་ལྡན། མཁྱེན་བརྩེའི་ཟབ་གཏེར་འཆི་མེད་འཕགས་མའི་སྙིང་ཏིག་གི་བསྙེན་སྒྲུབ་གནང་བས་མཚོན། རྗེ་ཉིད་ཀྱིས་གསུང་ལས། ཡི་དམ་གྱི་ལྷ་གཅིག་འགྲུབ་ན་གཞན་ཀུན་འགྲུབ་པ་ཡིན་ཀྱང་བླ་མ་ལས་དབང་ཐོབ་པའི་དོན་གོ་རེད་པས་གསར་རྙིང་གི་ལྷག་པའི་ལྷ་མང་པོར་བསྙེན་ཚད་རེ་མ་འཇོག་པ་མེད་གསུང་། དུས་རྒྱུན་དུའང་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ཉམས་ལེན་དང་མ་བྲལ་བའི་ངང་། ལམ་ཟབ་ཕྱི་ནང་། རྣལ་འབྱོར་དབང་ཕྱུག་གི་སྲུང་བ་ཐུན་མོང་དང་ཐུན་མིན། དཔལ་ཀྱེ་རྡོ་རྗེའི་མངོན་རྟོགས་ལམ་དུས་ཀྱི་དབང་རྒྱས་པ་བླང་བ་དང་། འཁོར་ལོ་བཞི་ལ་བརྟེན་པའི་རྫོགས་རིམ་རྒྱུན་རིང་པོར་མཛད་ནས་བཟླས་པ་བརྒྱ་རྩ་རེ་ཉུང་མཐའ་བྱས་པ་དང་། རྣལ་འབྱོར་མའི་བཟླས་སྒོམ་བཅས་ཐུགས་དལ་དུས་ཐུན་གསུམ། ཐུགས་བྲེལ་ཆེ་དུས་ཐུན་གཉིས་རེ་དང་། ལམ་དུས་ཐུན་གཅིག་ལ་བསྡུས་པ་མཛད། དཔལ་རྡོ་རྗེ་འཇིགས་བྱེད། མགོན་པོ་ཆེ་བ་རྣམས་ཆག་མེད་དང་། ཡི་དམ་ཆོས་སྐྱོང་ལ་གཏོར་བསྔོ་ཤིན་ཏུ་རྒྱས་པ་ཁོམ་ལྕོགས་མེད་དུས་ངོར་ལུགས་དང་། ཕལ་ཆེར་ཚར་ལུགས་ལྟར་གསུང་། དུས་བཞི་ལ་བསྐང་བ་ཤིན་ཏུ་རྒྱས་པ་དང་། དཀར་ཆ་བཞི། གཏོར་མ་བརྒྱ་རྩ་སོགས་ཤིན་ཏུ་རྒྱས་པ། མེ་གསུར། བསྔོ་སྨོན་སོགས་ཆག་མེད་མཛད་པ་སྟེ་འདི་རིགས་ཕྱོགས་ཙམ་ལས་ཕྱག་ཐོ་སོགས་ཞིབ་ཆ་མེད་པས་ཇི་བཞིན་སྨྲ་བ་མ་སྤོབས་ཀྱང་མདོར་ན་སྒོ་གསུམ་ཐ་མལ་དུ་སྐད་ཅིག་ཙམ་ཡང་མི་བཞུགས་པར་དབང་བསྐུར་ཆོས་འཆད། བསྟན་བཅོས་བརྩམ་པ། དེ་མིན་ཐུགས་དམ་ཁོ་ནར་བཞུགས་པས་དེ་ལས་ཐོབ་པའི་ནང་གི་ཡོན་ཏན་དཀར་པོའི་ཕྱོགས་ཀྱི་ཟླ་བ་བཞིན་འཕེལ་བ་ལས་གྲུབ་གཉིས་ཀྱི་བདུད་རྩིའི་གཏེར་གྱིས་གཏམས་པ་ཡིན་ནོ། །ཨ་ཧོ། ཏིང་འཛིན་སྒེག་མོའི་འགྲམ་ཆང་གིས་མྱོས་པས། །སྒོ་གསུམ་ཐ་མལ་འཁྲུལ་པ་དབྱིངས་སུ་ཐིམ། །ཡེ་ཤེས་རྡོ་རྗེ་འབར་བའི་མེ་འོད་ཀྱིས། །བདག་རྟོག་བག་ཆགས་རྩྭ་སྦུར་བཞིན་དུ་བསྲེགས། །རྡོ་རྗེ་གསུམ་གྱི་དཔྱིད་ཀྱི་ཐིག་ལེ་ཆེ། །རྣལ་འབྱོར་ནང་གི་ཉི་མས་དྲོས་པ་ལས། །རྒྱུ་དང་མི་རྒྱུ་དྷཱུ་ཏིའི་དབྱིངས་སུ་འཆིང་། །ཧེ་རུ་ཀ་དཔལ་བཅོམ་ལྡན་གྲུབ་པའི་གཙོ། །ཁ་ཅིག་འདོད་ལྡན་རྨོངས་པ་བསྒོམ་བྱས་པས། །སེམས་རྟོག་བག་རེར་འགགས་པས་ཁེངས་བྱེད་ཀྱང་། །རྐྱེན་དང་འཕྲད་ཚེ་རང་མཚང་གསལ་སྟོན་པ། །དེ་ཀོ་རྣམས་ལས་ཆེས་ཆེར་མཆོག་ཏུ་འཕགས། །དཔལ་ལྡན་བླ་མ་རྣལ་འབྱོར་དབང་ཕྱུག་ནི། །ཕྱི་རུ་ཉན་ཐོས་སྤྱོད་པ་བསྐྱངས་བྱས་ཤིང་། །ནང་དུ་འདུས་པའི་དོན་ལ་རབ་དགའ་བས། །འདུས་པ་གསུམ་གྱི་འཕྲང་ལས་བརྒལ་བར་བྱས། །སྒྲོ་འདོགས་ཆོད་པའི་ལྟ་བ་སྤྲོས་བྲལ་དང་། །ཏིང་འཛིན་སྐྱོན་མེད་སྒོམ་པ་རྒྱུན་ཆད་མེད། །སྤྱོད་པའི་རྒྱལ་པོ་འཆིང་ཞེན་མེད་པ་ཡིས། །འབྲས་བུ་ཧེ་རུ་ཀ་དཔལ་གོ་འཕང་བརྙེས། །ཞེས་ཀྱང་ཆེད་དུ་བརྗོད་དོ། | |||
།གཉིས་པ་བསྒོམས་པ་ལས་དངོས་གྲུབ་བརྙེས་པའི་ཚུལ་ལས་བརྩམས་ཏེ་ཐུན་མོང་གི་རྟགས་མཚན་དང་འབྲེལ་བའི་ནང་གི་རྣམ་ཐར་ནི། ངོར་དུ་རྒྱུ་དབང་གསན་སྐབས་དབང་གི་ཡེ་ཤེས་ཀྱི་བྱིན་རླབས་མཆོག་ཏུ་འབར་བས་བདེ་སྟོང་གི་ཉམས་སྐྱེས། དེས་མཚོན་ལམ་འབྲས་ཀྱི་དབང་བྱིན་རླབས་ཐམས་ཅད་ལ་བྱིན་རླབས་ཀྱི་བབ་རེ་བྱུང་གསུང་། ངོར་ཆེན་རྡོ་རྗེ་འཆང་གི་འདྲ་ཞལ་མདུན་གསོལ་བཏབ་མཛད་པས་ཚེ་རབས་ཐམས་ཅད་དུ་ཐུགས་རྗེས་འཛིན་པའི་མཚན་མ་རྙེད། རྨི་ལམ་དུའང་རྗེ་བཙུན་ངོར་པ་ཆེན་པོས་བྱིན་རླབས་ཀྱི་མཚན་མ་ཅི་རིགས་ཐོབ། དབང་ཁང་སྦུག་གི་མགོན་པོ་རླུང་ཞོན་མ་ཡེ་ཤེས་པ་དངོས་སུ་མཐོང་། ངོར་གྱི་གླིང་གསེབ་ཅིག་ལ་མི་རྒན་སྨ་ར་སེ་ཁྱུག་གེ་བ་ཞིག་འགྲོ་བ་མཐོང་བས་རྗེས་སོར་དཔྱད་པས་གནས་སྲུང་ཞལ་བཞི་པ་ཡིན་འདྲ་གསུང་། ས་སྐྱར་རྗེ་བཙུན་མ་རྟ་མགྲིན་དབང་མོ་མཇལ་ཚེ་ཞལ་རས་བྱེ་རུ་ལྟར་དམར་བ་ལ་སྤྱན་གསུམ་ཧྲིག་གེར་གཡོ་བ་མཇལ། དགོན་ཆེན་དུ་ཀྱེ་རྡོར་གཞི་བསྙེན་བཞུགས་སྐབས། ཐུན་བཅད་བཞིན་པའི་སྐབས་གཟིམས་སྒོ་ཕྱེ་བྱུང་བ་མི་ནག་པོ་མིའུ་ཐུང་ཨང་རག་གྱོན་པ་ཞིག་བྱུང་ནས་ཁྱོད་ཀྱི་མཐུན་རྐྱེན་ངས་སྒྲུབ། བར་ཆད་ཀྱང་ངས་སེལ་ཞེས་སྨྲས་ནས་ཡལ། ཁང་པ་གནམ་མཐོང་ཅན་ཞིག་ཏུ་མགོན་པོའི་གསང་སྒྲུབ་བསྙེན་སྐབས། ཁང་སྟེང་ཕྱོགས་ནས་སྒྲ་ཆེན་ཞིག་གྲགས། ཡར་བལྟས་པས། མེ་དཔུང་འབར་བའི་ནང་དུ་གུར་མགོན་ཆ་བྱད་དཀྱུས་ལྟར་ལ་ཧ་ཅང་ཁྲོ་བ་མིན་པ་ཁྲུ་གང་ཙམ་མཐོང་བ་དང་། ཤེས་པ་བརྒྱལ་བའི་རྣམ་པ་བྱུང་། དེ་ནས་གསོལ་འདེབས་བྱས་པས། སྐུ་དེ་མེ་དཔུང་དང་བཅས་པ་ཧཱུྃ་མཐིང་ནག་ཏུ་གྱུར་ནས་རང་ལ་ཐིམ། ཐུན་གྲོལ་སྐབས་བསྐྱེད་རིམ་གསལ་བརྟན་འབྱམས་ཀླས་པས་བསྡུ་མི་ནུས་པ་ལྟ་བུའི་ང་རྒྱལ་བརྟན་པོ་བྱུང་གསུང་། རྗེ་བཙུན་གྲགས་པའི་སྐུ་བསྟོད་ཆོས་རྣམས་མ་འབུམ་ཐེར་ལྔ་བསགས་སྐབས་དངོས་ཉམས་རྨི་ལམ་དུ་ཞལ་མཐོང་གསུང་གི་དབུགས་དབྱུང་ཐོབ། དེའང་སྐུ་ན་སྨིན་པ་སྔགས་བན་ཆ་ལུགས་ཅན་ཞིག་མཇལ་ནས་བུ་ཁྱོད་དང་ང་དུས་རྟག་ཏུ་འབྲལ་བ་མེད་པ་ཡོད་གསུངས་པ་ཐོས། རྗེ་བཙུན་རིན་པོ་ཆེ་འདི་ལ་ཐུན་མོང་མིན་པའི་མོས་གུས་ཆེས་ཆེར་མཛད། ས་སྐྱ་པའི་སྔགས་ཀྱི་ཉམས་ལེན་ལ་བརྩོན་པ་ཞིག་ཡིན་ན་འདིའི་གསུང་ལ་ཡང་ཡང་ལྟ་བ་དང་འདི་ཁོ་ནར་གསོལ་བ་འདེབས་པ་ཟབ་ཅེས་ཡང་ཡང་བཀའ་སྩལ་ཏོ། །བླ་མ་ཉིད་ཡི་དམ་དུ་དངོས་སུ་མཇལ་ཏེ། དེའང་རྡོ་རྗེ་འཆང་བློ་གཏེར་ཞབས་ལྷུན་གྲུབ་སྟེང་དབྱར་གནས་ཁང་དུ་བཞུགས་སྐབས་ཉིན་གཅིག་སྐུ་བཅར་ཞུས་པ་གཟིམ་ཁྲི་ནང་མིའུ་ཐུང་མདོག་ནག་ཁྲོ་གཏུམ་ཉམས་ལྡན་ཕྱག་གཡས་རྡོ་རྗེ་འཕྱར། གཡོན་སྡིག་མཛུབ་མཛད་པ་མེ་འོད་འཕྲོ་བ་མཐོང་བས་མཇལ་མ་ཕོད་པར་ཕྱིར་ལོག །དེ་ཕྱིན་བླ་མ་གསང་བའི་བདག་པོར་དངོས་སུ་ཐག་བཅད། འཇིགས་རུང་ལག་ན་རྡོ་རྗེའི་རྣམ་པར་འཕྲུལ། ཞེས་སོགས་བརྒྱུད་འདེབས་གསར་རྩོམ་ལ་བྱུང་བའང་གནད་དེ་ཡིན་གསུང་། ཚར་འཇིགས་བསྙེན་སྐབས་དུས་དགྲའི་དབང་པོ་མ་ཧེའི་གདོང་ཅན་གྱི་ཞལ་བསྟན་སྐབས་དེར་བསྟོད་པའང་མཛད། དེ་ཕྱིན་ཆོས་རྣམས་མི་བརྗེད་པ་དང་། ཁྱད་པར་རྨི་ལམ་གྱི་སྐབས་སུ་རླུང་སེམས་ལྷ་སྐུར་ལྡང་བ་དང་། རྫོགས་རིམ་གྱི་འོད་གསལ་ལ་ཉིན་མཚན་འབྱམས་པའང་བྱུང་། བསྟོད་པ་འདིའང་རང་བཞིན་རྩོམ་པ་མིན་པས་བྱིན་རླབས་ཡོད་ཅེས་གསུང་། རྒྱ་མིའི་འཁྲུགས་འཛིངས་སྐབས། དྲུག་ཅུ་ཉིན་བཅུ་བཞིར་གནང་བའི་ཟོར་གཏོར་ལས་སྒྲོན་མེ་ལྟར་གསལ་བའི་མེ་འབར་བ་མངོན་སུམ་བྱུང་། ཟོར་འཕེན་སྐབས་ཅུང་ཟད་མ་ཐེབ་པ་ནི་རྒྱ་མི་ཡུན་རིང་ཙམ་གནས་པའི་ལྟས་སུ་མངོན། ཡང་སྐབས་དེར་མི་བསྲུན་པ་འགའ་ཞིག་གིས་བསྟན་དགོན་ལ་འཚེ་བ་ན་ཐང་རྒྱལ་ཁང་དུ་གསོལ་བསྐང་དང་དྲག་བསྐུལ་མཛད་པས་ལྷ་ཁང་གི་ཆོས་སྐྱོང་ལྡེབ་བྲིས་ཀྱི་མགོན་པོའི་ཞལ་དང་ཐོད་པ་ནས་རཀྟའི་ཞམ་ཆུ་འབེབས་ཕ་རོལ་པོ་དེའང་ལྔ་པའི་ལམ་དུ་གྱུར་སྐད། ལྕགས་རའི་མགོན་ཁང་དུ་བཤགས་པ་ཕྲིན་བཅོལ་མཛད། ཕྱག་གིས་ནས་བཤར་རྒྱབ་སྐབས་མགོན་སྐུ་ལས་མེ་སྟག་འཕྲོ་བ་ཀུན་གྱིས་མཐོང་། སྡེ་དགེས་མགོན་ཁང་གསར་བཞེངས་དུས། པུ་ཊའི་ལྕགས་སྙིང་སྒྲུབ་སྐབས་དེ་སྟེང་བྱ་ནག་བབ་པར་ཀུན་གྱིས་མཐོང་། བྱ་ནག་རབ་གསལ་ནང་ནས་ཕྱིར་འཕུར། ལྕགས་སྙིང་ལ་དྲོད་ཆེན་པོ་འབར་བ་དེ་འཕྲལ་ནང་རྟེན་དུ་བཞུགས། སྡེ་སྲས་ཨ་ཇ་གཉན་ལྡང་ལྷ་གསོལ་བྱོན་སྐབས། རྗེ་བླ་མ་གདན་འདྲེན་ཞུས་པ་ལམ་བར་ཆིབས་འབྲོགས་བྱུང་བ་སྐུ་ས་ལ་མ་ཡལ་བར་བར་སྣང་དུ་རྫུ་འཕྲུལ་གྱིས་བསྐྱོད་ནས་ཕ་བོང་ཞིག་གི་སྟེང་བྱ་བབ་པ་ལྟར་བཞུགས། ཚེ་ཐར་རྣམས་ལ་ཕྱག་ནས་འཐོར་སྐབས་ཕྱག་ནས་ལས་མེ་སྟག་འཕྲོ་བ་མཐོང་། གཉན་ལྡང་དབུ་རྩེའི་ལ་བཙས་ཉེ་ཆར་ནས་གནམ་ལྕགས་རྡོ་རྗེ་རྩེ་དགུ་ཞིག་བཞེས་པ་ཕྱིས་དཔལ་མཆོག་མཆོད་རྟེན་ནང་བཞུགས་མཛད། བསམ་འགྲུབ་མཐོང་གྲོལ་ཆེན་མོའི་ངོར་ཆེན་འདྲ་ཞལ་ནམ་མཇལ་དུས་ཕལ་ཆེར་སྤྱན་གསུམ་ཁྲོ་འཛུམ་ཅན་སོགས་མཐོང་ཚུལ་མི་འདྲ་བ་མཇལ་གསུང་། ཐེག་ཆེན་སྦྱོར་ལམ་ཐོབ་པའི་རྟགས་སྐུ་ལུས་ལ་ཤིག་སྲོ་མི་འབྱུང་བ་དང་། ཆོས་ཉིད་ཀྱི་གནས་ལུགས་མཐོང་བ་ན་ཆོས་ཅན་ལྷ་ཡི་འཁོར་ལོ་འཆར་བ་ཞིག་ངང་གིས་འོང་རྒྱུ་རེད་འདུག་ཕེབས་པའང་རྗེ་བླ་མ་ཉིད་ལ་དེ་ལྟར་འབྱུང་བ་ཤུགས་ཀྱིས་གོ། ལྕགས་རར་དབྱར་གནས་ཀྱི་མཁན་པོ་མཛད་སྐབས་མནལ་ལམ་དུ། རླུང་འཚུབ་ཀྱི་ནང་མི་དམར་མདུང་ཐོགས་པ་ཞིག་གིས་དཔལ་གཤིན་རྗེའི་གཤེད་ཀྱི་ཕོ་བྲང་ཉམས་པས་གསོ་བར་བསྐུལ་མ་བྱུང་བཞིན། ཕྱི་ཉིན་མཁར་ཧྲུལ་དུ་ཕེབས་ནས་ལྷ་ཐོ་བརྩིག །བཙན་རྒོད་ལ་གསོལ་མཆོད་ཕྲིན་ལས་བཅོལ་བས་དགྱེས་པའི་རྟགས་མཚན་མངོན་དུ་བྱུང་། དེའི་ནུབ་མོ་མནལ་ལམ་དུ་བཙན་རྒོད་ཨ་བསེབ་དང་། བེཀྩེའི་ལས་མཁན་སྲོག་བདག་དམར་པོ། ཕྲིན་ལས་རྒྱལ་པོའི་ཨ་ཙ་ར་སོགས་བྱུང་སྟེ། ཁོང་རྣམས་སློབ་དཔོན་པདྨའི་བཀའ་དང་དམ་ལ་གནས་པ་ཞིག་ཡིན་ཟེར། མི་གཞོན་གོས་དཀར་ཅན་ཞིག་འོངས་ནས་མི་སྣང་བར་གྱུར་ཏོ་གསུང་། འཇིགས་བྱེད་ལྷ་ཁང་རབ་གནས་སྐབས་འབྲུག་ལྡིར་བ་ལྟ་བུའི་སྒྲ་ཆེན་པོ་བྱུང་བས་ཡེ་ཤེས་པ་དངོས་སུ་བསྟིམ་པར་མཛད། ལྷ་ཁང་གསར་བཞེངས་ཕྱོགས་འདིར་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་གནས་ཁྱད་པར་ཅན་ཡིན་ཞིང་ལས་དག་པ་ཡིན་ན་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས་ན་འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་རང་བྱུང་དུ་ཡོད་པ་མཇལ་རྒྱུ་ཡོད་དོ་གསུང་། ཡང་ཕྱོགས་དེར་དབྱར་བཞུགས་སྐབས་ཤིག །རྡུལ་འཕྱག་སྐབས་གོས་ཁ་དོག་སྣ་ཚོགས་པའི་ཟེགས་མ་མང་པོ་འདུག་པར་ཅི་ཡིན་ཞུས་པས། དགྲ་བཅོམ་གནས་བརྟན་རྣམས་བྱོན་པའི་ན་བཟའ་ཟག་པ་ཡིན་གསུང་། ལོ་དེར་སྔར་ཡེ་མི་སྐྱེ་བའི་མེ་ཏོག་དམར་པོས་ཕྱོགས་ཐམས་ཅད་ཁྱབ་པར་སྐྱེ་བ་བྱུང་། འཇིགས་བྱེད་ལྷ་ཁང་དུ་གཞུང་གི་ཞབས་བརྟན་འཇམ་དཔལ་ཁྲོ་བོའི་ལས་སྦྱོར་སྐབས་གཏོར་མ་དང་ལིངྒ་ལས་ཁྲག་གི་ཞམ་ཆུའི་རྒྱུན་ཆེན་པོ་འབབ་པ་དང་། ལས་གཏད་གཏོར་མ་ཕྱག་གིས་བསྐུལ་མ་དགོས་པར་དགྲ་ཡུལ་དུ་ཐེགས། དྲྭ་སྒང་སྒྲུབ་སྡེར་གཏོར་སྒྲུབ་སྐབས་མགོན་ཆེན་གཏོར་མ་ལས་རླངས་པ་འཕྱུར་ཞིང་གཏོར་མ་སྣོད་དང་བཅས་པར་ལྕགས་བསྲེག་ལྟ་བུའི་དྲོད་འབར་ཞིང་རེག་ཏུ་མི་བཏུབ་པ་ཉིན་མང་པོར་གནས་པ་ཀུན་གྱིས་ཤེས། ཞལ་གྱི་བསྐང་བ་རྒྱས་རེས་ཉིན་དེ་རིང་རྒས་པོ་ཕེབས་ཡོད་པ་འདུག་གསུང་། བྲག་རྫོང་མའི་ཁྲིད་གནང་སྐབས་སྒོ་མ་བཞིའི་ཞལ་གཟིགས་དང་ལུང་བསྟན་བྱུང་ནའང་ཞིབ་པར་མ་གསུངས། ཐང་སྟོང་རྒྱལ་པོས་ལན་གཉིས་ཙམ་ཞལ་བསྟན་ནས་བྱིན་གྱིས་བརླབས། གྲུབ་རྗེར་བསྟོད་པ་དང་ཉམས་མགུར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱིས་ཀྱང་བསྔགས་པ་མཛད། ལྷུན་གྲུབ་ཡང་རྩེའི་དབེན་ཁྲོད་དུ་བཞུགས་སྐབས་ནུབ་གཅིག་ཤིང་ལེབ་ལྟ་བུ་ཞིག་གི་སྟེང་རྗེ་བཙུན་དཀར་པོ་རྣམ་གསུམ་འཛུམ་མུ་ལེ་བཞུགས་པ་མཇལ་གསུང་། ཕྱིར་ཉིན་བླ་མ་ས་ཆེན་གྱི་བླ་མའི་རྣལ་འབྱོར་མཛད། དངུལ་སྲིབ་ཕྱོགས་ཀྱི་སྤངས་ལྗོངས་ལ་སྐྱོ་བསངས་སྐབས་མནལ་ལམ་དུ་ཕ་རིལ་སེ་མགོར་རྡོ་རྗེ་འཆང་བློ་གཏེར་ཞབས་སྐུ་ཚད་རི་དིལ་ཙམ་ངུར་སྨྲིག་གིས་བཀླུབས་པ། གཡས་སུ་ཞལ་རྒྱན་ཅན་གྱི་བླ་མ་སྐུ་ན་སྨིན་པ། གཡོན་དུ་ཞལ་རྒྱན་ཅུང་ཡོད་པའི་བླ་མ་གཞོན་ནུ་ཞིག་ལ་ལྷ་མི་མང་པོས་ཕྱག་མཆོད་བྱེད་འདུག་པ་ངོ་ཤེས་པའི་མི་གཅིག་འདུག་པར། གཡས་གཡོན་གཉིས་སུ་རེད་དྲིས་པས་གཡས་ཕྱོགས་དེ་ཡོངས་འཛིན་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། གཡོན་དེ་དཔོན་སློབ་ངག་དབང་ལེགས་གྲུབ་རེད་ཟེར། འཇམ་དབྱངས་ཀྱི་སྤྲུལ་པ་གསུམ་གྱི་ཞལ་མཇལ་སྐལ་བ་བཟང་སྙམ་ནས། འཇམ་དབྱངས་བླ་མ་གསུམ་ལ་གསོལ་བ་འདེབས། །འཇམ་དབྱངས་བླ་མ་གསུམ་གྱིས་བྱིན་གྱིས་རློབས། །བརྗོད་བཞིན་ཕྱག་མང་པོ་འཚལ་བས་གསུམ་གྱི་ཞལ་ནས་སྒྲ་མཐུན་པར་གསུང་ངག་རྒྱུད་གསུམ་གྱི་ཁྲིད་གནང་། སེམས་ལ་སྔར་མ་གོ་བའི་ངེས་ཤེས་དུ་མ་སྐྱེས་ངང་མནལ་སད། ཞེ་ཆེན་དུ་ཕེབས་ནས་མི་ཕམ་རིན་པོ་ཆེའི་གདུང་རྟེན་མདུན་ཞག་གཅིག་བཞུགས་པའི་ཕྱིར་ནང་མདང་ངས་མི་ཕམ་རིན་པོ་ཆེ་དངོས་སུ་མཇལ་གསུང་། དེ་དུས་ཀྱི་རྒྱུས་ཡོད་ཞིག་གིས་གླེང་། ཡང་དད་ལྡན་གྱི་སློབ་མས་རྣམ་ཐར་ཞུས་པ་ན། ང་དཀོར་ནག་གིས་ཕོ་བ་བརྒྱགས་རབས། རྟ་རྔམ་གོས་རྔམ་ཆེ་རབས། བདུད་ཀྱི་ཕྱེ་གཏོར་སྙན་གྲགས་ཆེ་རབས་སོགས་བྲིས་ན་ལས། ཕྱི་མ་དམྱལ་ཟངས་སུ་འཚེད་ངེས་ཤིང་ང་དང་ལས་ངན་དུ་རྒྱུ་འདུག་གསུང་མཉམ་བཞག་མཛད་ཅིང་ཕཊ་མང་པོ་གསུངས། ཡང་སྐབས་ཤིག་ན། བླ་མ་ལས་དབང་དང་གདམས་ངག་ཞུས་ཕྱིན་དེ་ལ་ཡོན་ཏན་མེད་ནའང་སངས་རྒྱས་སུ་ཤེས་ན་དེའི་གོ་འཕང་མངོན་དུ་བྱེད། བླ་མ་ཐ་མལ་པར་མཐོང་ན་རང་ཉིད་འཁོར་བའི་སྡུག་བསྔལ་ལས་ཐར་དུས་མེད་པས་དེས་ན་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་ན། རྡོ་རྗེ་འཆང་ནས་བརྩམས་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་བྱིན་རླབས་བླ་མའི་ཐུགས་ལ་འདུས། བླ་མའི་ཐུགས་དེ་རང་སེམས་ཀྱི་ངོ་བོ་རིག་པ་གསལ་ལ་མ་འགགས་པ་དེའི་རང་ངོ་སྐྱོང་ནས་ལམ་གྱི་ཐུན་བཞི་ལ་དབང་བླངས་པ་མ་ཆག་པར་གྱིས་དང་གསུངས་ནས་བྱིན་གྱིས་བརླབས་པར་མཛད་ཕྱག་གིས་མེ་ཏོག་གཏོར་ནས། བླ་མ་དམ་པའི་ཡོན་ཏན་ལ། །ལོག་ལྟ་སྐད་ཅིག་མི་སྐྱེ་བར། །བྱིན་རླབས་གཅིག་བསྡུས་བླ་མ་དེ། །རང་སེམས་ཤེས་པའི་བཀྲ་ཤིས་ཨཿ གསུངས་ནས་སྐུ་ཆུང་དུས་ནས་བརྩམས་སྔོན་གྱི་རིགས་སད་ལུགས་དང་། སྡོམ་པ་སུམ་ལྡན་མཛད་ཚུལ་སོགས་རག་རིམ་གསུང་ཞིང་སྒྲོལ་དཀར་གྱི་བསྙེན་སྒྲུབ་ཟླ་བ་བཅུ་གསུམ་མཛད་པ་ན་མནལ་ལམ་དུ་བུད་མེད་གཅེར་བུ་རྒྱན་མེད་པ་ཞིག་གིས་དཔའ་བོ་ཁྱོད་ཀྱི་བློ་གྲོས་རྒྱས་པར་འགྱུར་ཞེས་གསུངས་པ་དང་མནལ་སད། དེ་ཕྱིན་ནས་ཤེར་ཕྱིན་མངོན་རྟོགས་རྒྱན་རྩ་འགྲེལ་ལ་ཐུགས་ལེགས་པར་སྦྱོང་ཞིང་ཡུམ་རྒྱས་པ་དང་མདོ་སྦྱར་མཛད་པས་ཕར་ཕྱིན་ཐེག་པའི་ལྟ་བ་ཕྱིན་ཅི་མ་ལོག་པ་ལེགས་པར་གོ་གསུངས། དེ་སྐབས་སྒྲོལ་དཀར་བཅུད་ལེན་རིལ་བུ་སྒྲུབ་པ་ཉིས་འགྱུར་དུ་འཕེལ་བ་ལས་ཁ་དོག་དྲི་བསུང་བདུད་རྩིའི་ཟིལ་དངར་དང་ལྡན་པའི་རོ་ནུས་ཕུན་སུམ་ཚོགས་པ་གང་གིས་ཀྱང་མཚོན་དུ་མེད་པ་བྱུང་བ་དང་། ཡང་སྐབས་ཤིག་ན་ཤྲཱི་མ་ཧཱ་ཀཱ་ལའི་རྣལ་འབྱོར་པ་ནུབ་བླ་མ་དཀོན་མཆོག་རྒྱལ་མཚན་གྱིས་མདུན་དུ་ཤོག་གསུངས་ནས་བྱོན་པ་ན། ཁྱེད་བསྟན་པ་ལ་ཕན་པའི་སྐྱེས་བུ་དམ་པར་འདུག་། སྐུ་ཚེའི་བར་ཆད་ཡོད་ཤས་ཆེ། ང་ཡི་རྨི་ལམ་ན་ནམ་མཁའ་དྭངས་པར་ཉི་མ་བཞི་ཤར་བ་ཆུ་ཚོད་རེ་རེའི་ཡུན་གྱིས་འགྲིབ་སོང་བ་ཞིག་བྱུང་བས། ཁྱེད་ལ་ཞལ་དཀར་པོའི་ཚེ་དབང་ཞིག་ཕུལ་དགོས་གསུང་ནས་གནང་བར་མཛད་པས་སྐུ་ཚེའི་བར་ཆད་གྱི་འཕྲང་ལས་གྲོལ། མཁན་ཆེན་དཔལ་ལྡན་བློ་གྲོས་རྒྱལ་མཚན་གྱི་མདུན་དུ་བྱོན་པ་ན་ཁྱོད་ཀྱི་ཚེ་རབས་ལས་ལྷ་འཇམ་དཔལ་གཤིན་རྗེའི་གཤེད་ཡིན་ནོ་གསུངས། དཔེ་ཁྲོད་ནས་པུསྟི་གཅིག་ཁྱེར་ཤོག་གསུང་པ་བཞིན་བསྣམས་ནས་ཕུལ་བས་འཇིགས་བྱེད་ལྷ་བཅུ་གསུམ་མའི་དཀྱིལ་ཆོག་ནག་འགྲོས་ཅན་ཞིག་རེད་འདུག་པར་ངས་བྱས་པ་དེ་བཞིན་རེད་འདུག་གསུངས་ནས་འཇིགས་བྱེད་དབང་ཁྲིད་རྒྱས་པ་གནང་། རྡོ་རྗེ་འཆང་བློ་གཏེར་ཞབས་ཀྱིས་འཇིགས་བྱེད་དབང་གནང་སྐབས། རལ་གྲི། གྲི་གུག །ཐོད་པ་ཁྲག་གིས་བཀང་བ་སོགས་རྗེ་འདི་ལ་སྩལ། ལས་གཤིན་ཐུན་མོང་དང་། ཐུན་མོང་མིན་པའི་རྗེས་གནང་སྐོར་ཚང་བར་གནང་ནས་འཇིགས་བྱེད་ཆེན་པོའི་ཉམས་ལེན་ལ་བརྩོན་པར་གྱིས་ཤིག་ཅེས་གདམས་པར་མཛད་པ་བཞིན་བརྩོན་པས་གྲུབ་པའི་འབྲས་བུ་མངོན་དུ་གྱུར། རྡོ་རྗེ་ནག་པོ་ཆེན་པོའི་ཕྱི་ནང་གསང་གསུམ་བསྙེན་སྒྲུབ་ཚད་ལྡན་དང་། ཡི་གེ་བདུན་པ་དུང་ཕྱུར་གཅིག་བགྲང་ཚུལ་སོགས་བཀའ་སྩལ་བ་ན་དད་ལྡན་སློབ་མས་འདི་སྐོར་རྣམ་ཐར་དུ་བྲིས་ན་ཞུས་པས་ཕོ་རྒོད་ལས་དག་པ་རྣམས་ཀྱི་རྣམ་ཐར་ལ་བསམ་ན་མཐོང་བ་ཙམ་གྱིས་ཤེས་མེད་ས་རྡོ་ཡིན་ཡང་དད་གུས་སྐྱེད་ཐུབ་པ་ཡོད་རྒྱུ་ལས་འདི་འདྲའི་ཚིག་གིས་དད་གུས་སྐྱེད་ཐུབ་པ་ཅིའང་མེད་ཅེས་གསུངས། ནག་ཕྱོགས་འཚུབ་འགྱུར་ལྡང་སྐབས། རྗེ་བཙུན་བཅོམ་ལྡན་འདས་མ་རིགས་བྱེད་དབང་མོའི་ཏིང་ངེ་འཛིན་གྱིས། རྒྱ་མིའི་དཔོན་ཆེན་ཁ་ཤས་ཡིད་ཀྱི་བརྟན་པ་དབང་མེད་དུ་ཕྲོགས་ནས་གུས་ཤིང་འདུད་པར་བྱས། རྒྱ་ཡི་དམག་མི་གཅིག་གིས་ཁྱོད་ཀྱི་ལུས་ལ་མེ་འབར་འདུག་ཅེས་རྒྱ་ཡི་སྐད་ཀྱིས་ཟེར་ནས་གུས་པས་བཏུད་པར་བྱུང་། མཁར་མདོ་དགོན་པར་བོན་པོའི་བྱད་ཁ་ལྡང་བར་རྗེ་ཉིད་ཀྱིས་སྲུང་བཟློག་མཛད་ཅིང་སེང་གདོང་བཟློག་པ་རེ་མ་བཅད་གསུངས་ནས་མི་འཇིགས་པ་སྦྱིན་པར་མཛད། མདའ་དཔོན་བཀྲས་མཐོང་པའི་ཞབས་རིམ་དབང་གི་སྦྱིན་སྲེག་སྐབས་མེ་རང་འབར་བྱུང་བར་གྲྭ་འཁོར་རྣམས་ངོ་མཚར་སྐྱེས། ཤིང་གླང་ཟླ་བ་དགུ་པའི་ཚེས་བཅུ་དགུའི་ནང་མོར་དངུལ་ཕུར་སྨན་ལུམ་མཛད་སྐབས། ཆབ་བསིལ་ཕེབས་པར་ཤར་ཕྱོགས་ནས་གོ་བོ་ཞིག་འཕུར་བྱུང་བ། རྗེ་བླ་མའི་དབུ་ཀླད་ཙམ་དུ་སླེབས་པ་དང་། སྡིགས་མཛུབ་མཛད་ནས་ཕཊ་དྲག་པོ་གསུང་པ་དང་ཐང་ལ་ལྷུང་། དེ་ནས་སྨན་ལུམ་ཁར་ཕེབས་ནས་དེ་སྐོར་གྱི་གླེང་མོ་ཅི་ཡང་མི་གསུངས་ཤིང་། དེ་རིང་གི་ཉི་མ་ལ་དཔལ་གཤིན་རྗེའི་གཤེད་ཀྱི་བླ་མ་བརྒྱུད་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་ཐར་རྣམས་དྲན་ནས་ངེས་འབྱུང་སྐྱེ་འདུག །སྨན་ལུམ་གྱི་འགེབས་བསལ་ཞིང་སྐུ་རྔུལ་བ་ཕྱིས་པ་ན། སྐུ་ལུས་ལས་ཚག་ཚག་གི་སྒྲ་དང་བཅས་དམར་འོད་འཁྱུག་པ་ན། འཚོ་བྱེད་པ་སྙིང་འདར་ཞིང་ཅུང་ཟད་དྲན་མེད་དུ་བརྒྱལ། བརྒྱལ་བ་སངས་པ་ན། བླ་མས་སྤྱན་མའི་སྔགས་གསུང་བཞིན་བཞུགས་འདུག་ཟེར། དེ་ནས་གཟིམ་ཁང་དུ་ཕེབས་ནས་དེའི་མཚན་ཧྲིལ་པོར་གྲུབ་ཆེན་རོལ་པའི་རྡོ་རྗེ་ཁྱེད་བདག་གི་སྙིང་དབུས་སུ་དྲན་ནོ་སོགས་བླ་མ་མང་པོའི་མཚན་གསུང་མགུར་གྱི་རྟ་ལ་དྲངས་ཏེ་བཞུགས། དེའི་ནང་མོ་གོ་བོ་ཤི་ཚར་འདུག་ཞུས་པས། དམ་སྲི་གདུག་པ་ཅན་རྣམས་བྱ་ཁྱི་ལ་རྫུས་པ་རེད། ཁ་སང་ངས་ལས་ཤིན་ཏུ་སྡུག་པོ་རེད་སོང་གཞན་སུ་ལ་མ་སྨྲ་བཀའ་ཆད་འོང་གསུངས། ཅི་ལགས་ཞུས་པས། ད་ལྟའི་ལུས་འདི་ཁྱི་རྒན་འཁྱམས་འདྲ་སྟེ། །སྔོན་གྱི་ལས་འཕྲོ་སེངྒེ་དཀར་མོ་འདྲ། ཟེར་བ་ཡོད་དམ་གསུངས། ཀུ་སེ་གྱེ་རང་གཞུང་ནས་བྱོན་སྐབས། གཤིན་རྗེའི་གཤེད་ཀྱི་གསལ་སྣང་ལ་གནས་བཞིན་བྱོན་པས་ཆུ་བྲག་འཐབ་པའི་སྒྲ་ཐམས་ཅད། ཧཱུྃ་དང་། ཧྲཱིཿཥྚིའི་སྒྲ་གྲགས་པར་ཐོས་པས་དེར་གཤིན་རྗེའི་གནས་ཁྱད་པར་ཅན་ཞིག་ཡིན་འདུག་ཕེབས། དགོན་ཆེན་འདུ་བའི་དབུ་བཞུགས་མཛད་སྐབས་ལན་གཅིག་སྣང་བ་ཐམས་ཅད་དབྱིངས་སུ་ཐིམ་པའི་སྟོང་ཆེན་གྱི་ཉམས་ཤར། ཡང་ལན་གཅིག་འཇིགས་བྱེད་སྒྲུབ་པའི་སྐབས་བཙན་ཇག་པ་མེ་ལེན་བྱུང་བར་ཅུང་ཟད་སྐྲག་ནས་ཧྲཱིཿཥྚྲཱི་བཟླས་པས་ཁོ་སྐྲག་ནས་ཁྱོད་ཀྱི་ཕྲིན་ལས་ཐམས་ཅད་ཁོས་སྒྲུབ་ཟེར་བའི་སྣང་བ་བྱུང་། ལན་གཅིག་ཉེ་གནས་དགོང་མོ་གཟིམ་སྒོའི་རྒྱབ་ན་ཁོ་རང་ཉལ་བས་རྗེ་བླ་མའི་མདུན་ཞུ་བ་ཞུ་ལན་མང་པོ་བྱེད་པ་ཞིག་ཐོས་ཟེར། འདི་ཡང་མི་མ་ཡིན་བྲན་དུ་ཁོལ་བའི་རྟགས་སུ་འདུག །དྲྭ་སྒང་མཚམས་གྲྭར་བྱོན་པའི་ལམ་བར་དང་། སྒྲུབ་མཆོད་དང་འབྲེལ་བའི་རབ་གནས་མཛད་སྐབས་སོགས་འཇའ་སྤྲིན་ངོ་མཚར་ཆེ་བ་འཆར་བ་སོགས་འདི་འདྲའི་རིགས་བརྗོད་ཀྱིས་མི་ལོངས། དགོན་ཆེན་གྲྭ་པ་བྱམས་དགེ་ཟེར་བ། མཁར་ལྟུག་བུས་གསོད་པ་ལ་ལས་སྦྱོར་གནང་སྐབས་བྱད་ལྟེ་ཧོམ་ཁར་དངོས་སུ་འགུགས་པ་མང་པོས་མཐོང་སྐད། དྲྭ་སྒང་མཚམས་གྲྭ་ཞིག་སྨྱོ་ནད་ཀྱིས་ཐེབས་པ་ན། བཀའ་བསྒོ་མཛད་པས། ཁོས་བླ་མ་ཨ་ཙི་སྐྲག་རྒྱུ་མེ་སྟག་དམར་ཚུབ་ཚུབ་འདུག་ཟེར། ཡང་ལན་གཅིག་སྨྱོ་བ་ན་དཔལ་མགོན་གདོང་བཞི་པའི་ང་རྒྱལ་གྱིས་བརྡེག་པས་ཁོས་ང་རྒྱལ་པོ་བསེ་ཐེབ་ཅན་ཡིན་ཟེར། ཁྱོད་བསྟན་བཤིག་བསྟན་སྲུང་གང་ཡིན་གསུང་པས། བསྟན་བཤིག་ཡིན་ཟེར། སླར་ཡང་འབོད་རྦད་ཀྱི་སྔགས་དྲག་ཏུ་བགྲངས་ནས་གཟིར་ཞིང་བརྡེག་པས་ཁོ་ངུ་ཞིང་། ང་བསྟན་སྲུང་ཡིན་ཟེར། དེ་འཕྲལ་དྲན་པ་རྙེད་དེ་གདོན་དང་བྲལ་བར་གྱུར། དྲྭ་སྒང་སྒོ་ཁང་གཏིབས་འོག་ཏུ་རྒན་མོ་ཤི་བའི་རོ་དབྱར་གཞུང་ཁེལ་ཡང་ཇོ་བོ་ལ་སྐེད་སྐྱེལ་ནས། དེ་ནུབ་སེར་བ་དྲག་པོ་བྱུང་བ་གདོང་རྫོགས་མཛད་སྐབས་སྐུ་ལས་མེ་སྟག་འཕྲོ་བ་ཉེ་གནས་པས་མཐོང་། སྒྲུབ་གྲྭར་ཞལ་གྱི་གསང་ཁྲིད་གནང་སྐབས་ཁ་བ་འདབ་མ་བཞི་པའི་དབྱིབས་ཅན་བབ། དབྱར་ལྗོངས་ཀྱི་ཚེ་དབང་གནང་སྐབས་ནུབ་གཅིག་ཆར་རྒྱུན་ཐུང་ཙམ་བབས་པ་འཆི་མེད་ཚེའི་ཆུ་རྒྱུན་ཡིན་ཞེས་ཞལ་རྩེད་ལྟ་བུ་མཛད། སྨན་ཤོད་ཛཾ་ནང་གནས་འདུས་སྐབས་སྒྲུབ་ཕུག་ནང་ཅུང་ཟད་མནལ་བཞིན་པའི་ངང་ད་ལྟའི་མི་མང་པོ་དེ་རྣམས་སུ་རེད་གསུང་བྱུང་བས་དེ་མ་ཐག་གཟིམ་སད་པ་དང་། ཉེ་གནས་ཀྱིས་དཔའ་བོ་མཁའ་འགྲོ་ཨི་རེད་ཞུས་པས་ཡོང་ཡོང་གསུང་། རིགས་གསུམ་སྒྲུབ་ཕུག་མཇལ་དུ་ཕེབས་པས་ཨ་ཙི་ངོ་མཚར་ཆེན་པོ་ཞེས་གསུང་པ་འདི་རྣམས་ལ་དཔག་ན་དག་པ་ཡེ་ཤེས་ཀྱི་འཁོར་ལོའི་གཟིགས་སྣང་རྒྱུན་དུ་ཡོད་པ་དང་། ལྐོག་གྱུར་མཁྱེན་པའི་མངོན་ཤེས་སོགས་དགོས་མི་དགོས་ཐམས་ཅད་ལ་ནམ་རྒྱུན་གསུང་བར་མི་མཛད་ཀྱི་སྐབས་རེར་ཤུགས་འབྱུང་དུ་ཐལ་བ་ན་དེ་བཞིན་མངོན་དུ་གྱུར་པ་ནི། དཔེར་ན་ལྷ་སར་བྱོན་སྐབས་བྱང་ལམ་བརྒྱུད་ནས་བྱོན་པ་དེ་རིང་ངེད་ཅག་འགྲོ་མི་ཉན་གསུང་། བཅག་མལ་མཛད་ནས་ཉིན་གསུམ་ལ་བཞུགས་པ་སྐབས་དེར་འགྲོ་ན་ཇག་པ་དང་ཐུག་རྒྱུ་འདུག་ཀྱང་འཚེ་མ་ནུས་པ་དང་། བླ་མ་ཀུན་དགའ་བཀྲ་ཤིས་སོག་ཡུལ་ནས་ཚུར་འབྱོན་མི་ཐུབ་གསུངས་པའང་དེ་བཞིན་གྱུར་པ་སོགས་ཆེས་མང་ཞིང་། དེ་ལྟར་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཚད་མེད་ཀྱང་སྙེམས་པ་དང་དྲེགས་པ་ཅུང་ཟད་ཀྱང་མི་མཛད་པར་སོ་སྐྱེ་ཐ་མལ་པའི་ངང་ཚུལ་ལྟར་སྟོན་ནས་བཞུགས་པ་སྔོན་གྱི་བཀའ་གདམས་པའི་བཤེས་གཉེན་ཆེན་པོ་རྣམས་དང་ངེས་པར་ཆོས་མཚུངས་པ་ཞིག་ཏུ་བཞུགས་སོ། །ཡང་སྨྲས་པ། །ལྔ་བརྒྱ་ཐ་མར་གནས་པའི་སེམས་ཅན་རྣམས། །མགུ་བར་སླ་བས་བདུད་ཀྱིས་བྱིན་བརླབས་པའི། །སྤྲུལ་པ་རེས་འགའ་རྫུ་བ་ཉི་ཚེ་ལས། །ངོ་མཚར་བསྟོད་པའི་རོལ་མོ་འཁྲོལ་བར་བྱེད། །ཀྱེ་མ་དེ་འདྲའི་མི་ཤེས་རྨོངས་ལྡན་རྣམས། །ངོ་མཚར་བྱེད་ཀྱང་དམ་པས་བརྟག་གྱུར་ཚེ། །བྲག་ཆ་བཞིན་དུ་སྟོང་ལ་བརྫུན་ཕུག་རྡིབ། །ཆུ་ཤིང་བཞིན་དུ་སྙིང་པོ་མེད་པར་གྱུར། །དེ་ལྟར་མ་ཡིན་བསྒོམ་པའི་ལག་རྗེས་ལས། །ནང་གི་ཡོན་ཏན་ཕྱི་རུ་འཆར་བ་ལ། །ནམ་མཁའ་སྤར་མོས་ཁེབས་པ་མི་སྲིད་བཞིན། རྟོགས་པའི་ཡོན་ཏན་འབྱུང་བ་རང་གཤིས་ཡིན། །གླིང་བཞིའི་མཁའ་ལ་སྣང་བྱེད་རྒྱུ་བ་ན། །འོད་ཟེར་འབྱེད་པ་ཆོས་ཉིད་ཡིན་པ་ལྟར། །དཔལ་ལྡན་བླ་མའི་ཡོན་ཏན་མཐའ་ཀླས་ཀྱང་། །ཐུན་མོང་ཕྱོགས་རེར་སྣང་བ་འདི་ཙམ་ཞིག །དད་པའི་གསོས་སུ་སྣང་བའང་བླ་མའི་དྲིན། །རྟོགས་པའི་ཡོན་ཏན་འཛད་པ་མེད་པའི་གཏེར། །འཕགས་ཆེན་རྣམས་ཀྱང་བརྗོད་ལ་ངལ་གྱུར་ན། །བདག་འདྲས་བསྐལ་པར་བརྗོད་ཀྱང་ག་ལ་ལྡང་། །ཞེས་སྨྲས་སོ། | |||
།གསུམ་པ་གཞན་དང་ཐུན་མོང་མ་ཡིན་པའི་གསང་བའི་རྣམ་ཐར་ལས་ཆ་ཤས་ཙམ་ཞིག་བཤད་པ་ནི། དེའང་སྤྲེལ་ལོའི་ཟླ་བ་བཅུ་གཉིས་པའི་ཚེས་བརྒྱད་ལ་ཉམས་ཀྱི་སྣང་ཆར། ཡུལ་རྐྱེན་སྒྱུ་མ་ལྟ་བུའི་སྣང་བས་བསྐུལ་བ་ལས་ཐ་མལ་གྱི་སྣང་བ་དབྱིངས་སུ་ཐིམ་སྟེ། ཡུལ་ཤིན་ཏུ་ཉམས་དགའ་ལ་བྱིན་ཆགས་པར་མཚོ་ཤིན་ཏུ་དྭངས་ལ་སྔོ་བ་ཞིག་གི་ཁར་སླེབས་པ་ན། མཚོ་དེའི་ནང་དུ་རིགས་དྲུག་གི་སྣང་བ་མུ་མེད་པ་ཞིག་ཤར་བ་ལ་སྙིང་རྗེ་བཟོད་མེད་སྐྱེས་ནས་མཚོ་ནང་དུ་ཚམ་ཚོམ་མེད་པར་འཇུག་སྟེ། དེ་ནང་གི་སེམས་ཅན་རྣམས་ལ་ཕན་པ་རྒྱ་ཆེར་མཛད་དེ་སླར་གསལ་སྣང་དེ་འགག །ད་རེས་ཀྱི་ལུས་རྟེན་གཅིག་ལ་དེ་བས་དོན་ཆེ་བ་འོང་རྒྱུ་མེད་གསུང་། ས་རྟ་ལོར་ཉམས་ཀྱི་སྣང་ཆར་རྒྱ་གར་ཡུལ་གྱི་བྱེ་བྲག་བྷ་ཊ་ཏ་ཞེས་བྱ་བར་སླེབས་པས་ཡུལ་ཉམས་དགའ་བར་ལུང་པ་རི་སྣ་སྣོལ་བའི་འདབ་ཞིག་ཏུ་ཕེབས། དེ་ནས་ལམ་སྐྱ་ཐལ་ལེ་འདུག་པས་ཡར་ཕྱིན་པ་ན། ལྗོན་ཤིང་དང་བྲག་རི་སོགས་ཡོད་པ་དེ་ན་རྣལ་འབྱོར་པ་བགྲེས་ཉམས་ཅན་སྐུ་བོང་ཐུང་ལ་སྐུ་ཤ་རྒྱས་པ་མེ་ཏོག་གི་ཕྲེང་བས་ཐོད་བཅིངས་པ་ཞིག་དང་འཕྲད། ཁྱེད་སུ་ལགས་ཞུས་པས། ང་ནི་ཁྱེད་ཚོའི་བརྒྱུད་པའི་གྲལ་མགོ་ན་ཡོད་པའི་གནས་བརྟན་རྒན་པོ་དེ་ཡིན་གསུངས་པ་དང་། རྣལ་འབྱོར་དབང་ཕྱུག་བི་རཱུ་པ་ཡིན་པར་ཤེས་ཏེ་ཞབས་ལ་བཏུད་ཅིང་གསོལ་བ་བཏབ་པས་དགྱེས་རྡོར་རྩ་རྒྱུད་ལམ་འབྲས་རྡོ་རྗེའི་ཚིག་རྐང་། དེའི་མན་ངག་དམར་ཁྲིད། བརྟུལ་ཞུགས་ལམ་ཁྱེར་སོགས་བོད་ལ་གྲགས་པ་དང་མ་གྲགས་པའི་ཟབ་ཆོས་དུ་མ་གསུང་། བིཪྺའི་ཞལ་ནས་ཁྱོད་ངེད་ཀྱི་རྗེས་སུ་སློབ་པར་འདོད་ན་འདི་ནས་བྱང་ཤར་གྱི་མཚམས་སུ་ང་ཡི་བསྟི་གནས་སཽ་ཝ་ནཱ་ཐ་ཞེས་བྱ་བ་ཡོད་པས་དེར་སོངས་ལ་བརྟུལ་ཞུགས་ལམ་ཁྱེར་གྱི་གདམས་ངག་འདི་ཉིད་ཉམས་སུ་ལོངས་ལ་ཚོགས་ཀྱི་འདུ་བར་སྤྱོད་ཅིག་གསུང་། དེ་བཞིན་བགྱིས་ཏེ་སཽ་རཱཥྚར་ཕྱིན་ནས་དཔའ་བོའི་ཚོགས་དང་དགྱེས་རྒུར་སྤྱོད་དེ་བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་བས་ས་ལམ་བཙན་ཐབས་སུ་བགྲོད་ཆོག་པའི་མངོན་རྟགས་བརྙེས། ཡང་ལྕགས་སྤྲེལ་ལོར་ལྕགས་ར་ཐུབ་བསྟན་ནོར་བུའི་གླིང་དུ་བཞུགས་པའི་གསལ་སྣང་ལ། ནམ་མཁའ་ལ་བྱ་ལྟར་འཕུར་ཏེ་བྱོན་པས་རི་ཐང་མཚོ་གླིང་དུ་མ་བརྒལ་བ་ན་ལྗོངས་ཤིན་ཏུ་ཡངས་པར་གྲོང་ཁྱེར་ཆེན་པོ་ཡིད་དུ་འོང་བ་དུ་མ་མཐོང་ཙ་ན་ང་རང་བུ་སྟོན་རིན་ཆེན་གྲུབ་ཀྱི་སྐྱེ་བ་བཞེས་སྐབས་ཀྱི་མཐོང་སྣང་དེ་འདི་རེད་འདུག་སྙམ་པའི་ངང་ནས་གྲོང་ཁྱེར་དེར་ཞུགས་ཤིང་རྒྱུ་བ་ན། རང་གི་བསྟི་གནས་ཡིན་སྙམ་པའི་ཕོ་བྲང་ཆེན་པོ་ཐོག་རིམ་དགུ་བརྩེགས་ལྕགས་རི་མུ་ཁྱུད་སྒོ་བཞི་ཅན་ཞིག་གི་ཤར་སྒོ་ནས་ཞུགས་པས་དེར་རྣལ་འབྱོར་པ་དབྱུག་པ་ཐོགས་པ་ཞིག་གིས་ཁྱོད་འདི་ནས་མ་འོང་། ཤར་ལྷོ་ནུབ་གསུམ་གྱི་སྒོ་གསུམ་བགྲོད་ཟིན་ཚར་བས། ད་རེས་བྱང་སྒོ་ནས་ཞུགས་ཤིག་ཟེར་བས་ཕྱིར་ལོག་སྟེ་དེ་བཞིན་འཇུག་པས། དེ་ན་རྡོ་རྗེ་འཆང་བློ་གཏེར་དབང་པོ་འདྲ་བའི་རྣལ་འབྱོར་པ་ཞིག་འདུག་པ་ལ། ད་ང་གང་དུ་འགྲོ་སྨྲས་པས་ཁྱོད་ཀྱི་ལམ་སྣ་ངས་བྱེད་གསུངས་ནས་ལག་པ་ལ་བཟུང་སྟེ་ཁྲིད་པས་སྒོ་ཁྱམས་ཤིན་ཏུ་ཡངས་པ་ཞིག་ཏུ་སླེབས། རྣལ་འབྱོར་པ་དེ་ལ་ད་ལྟའི་གྲོང་ཁྱེར་དེ་གང་རེད་དྲིས་པས། འདི་བྱང་ཤམ་བྷ་ལའི་གྲོང་ཁྱེར་ཀ་ལཱ་པ་སྟེ་ཆ་བསགས་བྱེ་བ་འབུམ་སྡེ་ཟེར། ཕོ་བྲང་འདི་དུས་འཁོར་བློས་བསླངས་རེད་ཟེར་མ་ཐག་སྔར་ལས་ཀྱང་དགའ་བ་ཞིག་བྱུང་། བཅོམ་ལྡན་འདས་ནམ་མཇལ་སྙམ་ནས་ཕྱིན་པའི་ངང་དེར་ལྷ་མོ་མང་པོ་འདུས་ནས་མེ་ཏོག་དོར་ཟེར་བས་སེམས་ཀྱིས་དོར་ན་ལོས་ཆོག་བྱས་པས་ཆོག་ཡོང་ཟེར་བས་མེ་ཏོག་ལྗང་གུ་ཞིག་དོར་བའི་མོས་པ་བགྱིས་པའི་དེ་མ་ཐག་ཕྲིན་ལས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་བཀོད་པ་བཀྲ་ལམ་མེར་མཐོང་། གཙོ་འཁོར་ཀུན་དགྱེས་པའི་གར་དང་བཅས་པའི་ཞལ་ནས། སྣང་སྟོང་དུས་ཀྱི་དབང་། གྲགས་སྟོང་འཁོར་ལོའི་དབང་། རིག་སྟོང་མཉམ་ཉིད་ཀྱི་དབང་། མཐར་ཐུག་དྲན་པ་མཁའ་ཡི་རྡོ་རྗེའི་དབང་ཞེས་བྱ་བ་རྣམས་བརྡ་དང་སྤྲོས་པ་དུ་མ་དང་བཅས་ཏེ་སྩོལ་བའི་མཐར། རྟེན་དང་བརྟེན་པ་འོད་ཀྱི་རྣམ་པར་རང་ལ་ཐིམ་པའི་ངང་ནས་ཕྱིར་འོང་བས་ཀུན་དགའ་ར་བ་མཛེས་པ་ཞིག་ཏུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་སྟོང་པ་ཞིག་ལ་ལྷ་མོ་མང་པོས་མཆོད་འདུག་པ་ལྷ་མོ་གཅིག་ལ་འདི་སུའི་ཁྲི་རེད་སྨྲས་པས། བོད་ཡུལ་དུ་མི་ཕམ་ཞེས་པ་དེ་ད་ལྟ་ཆོས་རྒྱལ་ཀ་ལཱ་པའི་སྲས་སུ་འཁྲུངས་ཡོད་པས་ད་ཕན་ལོ་བརྒྱད་ཙམ་ན་དེ་རྒྱལ་ཐབས་ལ་དབང་བསྐུར་བའི་ཁྲི་ཡིན་ཟེར། དེ་ལ་མཚན་ཅི་ལགས་དྲིས་པས། གཽ་ཤམ་བྷ་ལའི་སྐད་དུ་གསང་འཛིན་གོ་གསུང་། མཆན། རི་མ་འགགས་པ་མཚན་ཟེར་བ་དེ་འདྲ་ཞིག་གི་ངང་གསལ་སྣང་དེ་འགགས། ཡང་དུས་གཅིག་ནམ་མཁའ་ནས་ཨེ་ཝཾ་ཞེས་པའི་སྒྲ་གྲགས་པ་དང་། ཉམས་སྣང་ལ་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་རྟེན་དང་བརྟེན་པ་ཤིན་ཏུ་གསལ་བར་མཐོང་། བུ་སྟོན་རིན་ཆེན་གྲུབ་ཏུ་སྐྱེ་བ་བཞེས་པ་ཡང་དྲན། གཙོ་བའི་ཞལ་ནས་སྔགས་བཏུ་ཞིག་ལ་ཨ་བྷི་ཥེས་བརྒྱན་པ་ཨེ་ཝཾ་མཱ་ཡཱ་ཞེས་བྱ་བའི་གདམས་པ་ཐོབ་པ་དང་། ཡང་མནལ་ལམ་གྱི་ཚུལ་དུ། ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མི་མགོ་སྐམ་རློན་རྙིང་གསུམ་གྱི་བརྩིགས་པ་བྱས་པའི་གཞལ་ཡས་ཁང་ནང་ལྷ་ངོ་མི་ཤེས་པའི་ཞི་བ་དང་ཁྲོ་བོ་ཉམས་མཚར་བ་མང་པོའི་ཞལ་ནས། ཀཱ་ལ་ཙཀྲ་ཨེ་ཝཾ་སོགས་ལེགས་སྦྱར་གྱི་སྐད་དུ་རྒྱུད་ཀྱི་ཚིག་འདྲ་བ་མང་པོ་གསུངས་པའི་ཉམས་དེ་ལས་སད་པ་ན་སྔར་དང་མི་འདྲ་བའི་གསལ་སྟོང་གི་ཉམས་སྐྱེས། གང་ཅིར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལ་ཚེ་སྔོན་མའི་བག་ཆགས་ཤིན་ཏུ་མཐུག་པ་ཞིག་ཡོད་པས་ཚེ་འདིར་དུས་འཁོར་ལ་ཉམས་ལེན་མཐའ་འཁྱོལ་བྱེད་རྒྱུ་བྱུང་ན་ལམ་གཞན་ལ་འབད་པ་བས་འདིས་མྱུར་སྙམ་གསུང་། ཀུ་སེ་གསེར་ལྗོངས་དགོན་དུ་བཞུགས་སྐབས། ནུབ་གཅིག་གི་ཐོ་རངས་ཁར་རྗེ་བཙུན་ཨེ་ཝཾ་པ་ཆེན་པོ་ཉིད་ཧ་ཅང་མི་གསལ་བ་མི་ཚད་ཙམ་ཞིག་བར་སྣང་དུ་བཞུགས་པ་མཐོང་མ་ཐག་གསོལ་འདེབས་རབ་དཀར་མ་དབྱངས་རྟ་སྙན་པར་དྲངས་ཏེ། རྩེ་གཅིག་གུས་པས་གསོལ་བ་བཏབ་པ་ན། ངོར་ཆེན་ཉིད་དཔལ་དགྱེས་རྡོར་ཡབ་ཡུམ་དུ་གྱུར་ཏེ། དབང་གི་སྣོད་རུང་ངོ་ཞེས་པའི་སྒྲ་ཞིག་ནམ་མཁའ་ནས་གྲགས་པ་དང་། ནམ་མཁར་དབང་ལྷ་རྣམས་འདུས་ཏེ་དབང་བཞི་ཅིག་ཅར་དུ་བསྐུར། དབང་གསུམ་པའི་སྐབས། རྡོ་རྗེ་བདག་མེད་མ་ལས་གཉིས་པ་ཞིག་ཆད་དེ་རང་ལ་འཁྲིལ་བ་དང་། དབང་ལྷ་རྣམས་ནས། རྡོ་རྗེ་སྙེམས་མའི་བདག་པོར་དབང་། །ཞེས་པའི་སྒྲ་དང་བཅས་བདེ་སྟོང་གི་ཏིང་ངེ་འཛིན་གྱི་ངང་དུ་ཡུན་རིང་པོར་འབྱམས་ཀླས་པའི་ངང་ཉམས་སད་པ་ན་གཙོ་བོ་དབང་ལྷ་དང་བཅས་པ་ཡལ། དེ་ཕྱིན་བདེ་སྟོང་གི་ཉམས་སྔར་ལས་ཀྱང་ཆེ་བ་བྱུང་གསུངས། དེ་སྐབས་ངོར་ཆེན་བླ་མའི་རྣལ་འབྱོར་ཁྱད་པར་འཕགས་པའང་རྩོམ་པར་མཛད་དོ། །ཆུ་ཁྱི་ཟླ་བ་བདུན་པའི་ཚེས་བཅུ་གསུམ་གྱི་ནུབ་མོ་རྨི་ལམ་འོད་གསལ་གྱི་སྣང་ཆར། ལྷ་མོ་རྡོ་རྗེ་རབ་བརྟན་མ་བྱུང་ནས། ད་རེས་བྱང་ཕྱོགས་ལྕང་ལོ་ཅན་དུ་ཕེབས་ན་དུས་ལ་བབ་ཟེར། ང་ལ་ཁྱོད་ཀྱིས་གྲོགས་བྱས་ན་འགྲོའོ་སྨྲས་པས། ད་ཕེབས་ཟེར་ནས་དྲེའུ་ཞིག་ཆིབས་ཏེ་ལྷ་མོའི་པང་ཐོག་ཏུ་བཞག་ནས་བར་སྣང་ནས་ཕར་ཕྱིན་པས་མུན་པ་འཁྲིགས་པའི་ནང་ཞིག་ཏུ་སོང་བ་དང་། གནོད་སྦྱིན་འཇིགས་སུ་རུང་བ་བགྲང་ལས་འདས་པས་ཤ་ཁྲག་ལ་རོལ་ཞིང་འཇིགས་པའི་རྐན་སྒྲ་རྡེབ་ཅིང་འདུག་པ་འཇིགས་དངངས་ཆེར་མ་སྐྱེས་པའི་ངང་ཉི་མ་ཤར་བ་ལྟ་བུའི་འོད་ཀྱིས་ཁྱབ་པར་གྱུར་པས་སྤྲོ་བ་ཆེར་བརྟས་པའི་ངང་། ཤིན་ཏུ་འཇིགས་ཤིང་སྐྱི་གཡའ་བའི་ཕོ་བྲང་དཀྱིལ་འཁོར་གྱི་བློས་བསླངས་ལྟ་བུ་ཞིག་མཐོང་། དེ་ཡི་ནུབ་སྒོ་ནས་ཞུགས་ཏེ་རིམ་གྱིས་བགྲོད་པས་དཔལ་ཕྱག་ན་རྡོ་རྗེ་ཉིད་ཤིན་ཏུ་ཁྲོ་བོའི་གཟུགས་ཅན་མཇལ་བས་ཤེས་པ་བརྒྱལ་ཐབས་སུ་གྱུར། དེ་ལས་སད་པ་ན་གསོལ་བ་རྩེ་གཅིག་བཏབ་པས། ཞལ་ནས་ཧཱུྃ་ཞེས་པའི་སྒྲ་འབྲུག་ལྟར་སྒྲོགས་པས་གནོད་སྦྱིན་སྲིན་པོ་ཕྲ་མེན་མང་པོ་འདུས་ནས་རོལ་ཅིག་ཁ་རྃ་ཁཱ་ཧི་ཞེས་ཟེར་བ་དང་མཉམ་དུ་དེ་ཐམས་ཅད་ཀྱིས་སྐུ་ལུས་ཟོས་སོང་བས་ཅུང་ཟད་འཇིགས་པའི་ངང་། ཡང་གཙོ་བོའི་ཞལ་ནས་ཧཱུྃ་སྒྲ་སྒྲོགས་པ་དང་མཉམ་དུ་སེམས་གཙོ་བོའི་ཐུགས་ཀར་ཐིམ་པས་ཐུགས་ཡིད་དབྱེར་མེད་དུ་འདྲེས་པའི་ཏིང་ངེ་འཛིན་ལ་འབྱམས་ཀླས་པའི་ངང་མནལ་སད། ས་འབྲུག་ལོར་དྲྭ་སྒང་བཞུགས་སྐབས་ཟླ་བ་དྲུག་པའི་ཚེས་བཅུའི་ཐོ་རངས་ཁར། མཁའ་འགྲོ་སྡེ་བཞི་རེད་སྙམ་པའི་བུད་མེད་དཀར་སེར་དམར་ལྗང་བཞི་ལྷག་གིས་ཐོན་ནས་ད་འགྲོ་ཟེར་བས། གར་འགྲོ་སྨྲས་པས་རྔ་ཡབ་གླིང་དུ་འགྲོ་ཟེར་བ་དང་འདུན་པ་གཏད་པ་ཙམ་གྱིས་རྔ་ཡབ་གླིང་ཡིན་སྙམ་པའི་ཟངས་རི་མང་པོ་ཡོད་པ་ཞིག་ཏུ་མཁའ་འགྲོ་བཞི་དང་བཅས་ཏེ་སླེབས། ཨོ་རྒྱན་དཔལ་རི་གར་ཡོད་བྱས་པས་འདི་རེད་ཟེར། འདིར་གཞལ་ཡས་ཁང་སོགས་མི་འདུག་བྱས་པས་ཁྱེད་ནས་ཨོ་རྒྱན་གྱི་ཆོས་དང་། བརྒྱུད་འཛིན་ལ་སྐུར་འདེབས་བྱས་པས་སྒྲིབ་ཟེར། སེམས་ལ་གནོང་རྣམས་དྲན་ཏེ་བཤགས་སྡོམ་དང་གསོལ་འདེབས་དྲག་ཏུ་བྱས་པ་དང་། སྐད་ཅིག་དེར་པདྨ་འོད་ཀྱི་གཞལ་མེད་ཁང་རྟེན་དང་བརྟེན་པ་མཇལ་དགའ་སྤྲོ་དད་གུས་ཚད་མེད་པ་སྐྱེས་པའི་ངང་ནས་ཕོ་བྲང་གི་ལྕགས་རིའི་སྒོ་བརྒྱུད་དེ་ནང་སྒོར་སླེབས་པ་དང་། ཕོ་བྲང་གི་དབུས་སུ། ཨོ་རྒྱན་མ་ཧཱ་གུ་རུ། མཐའ་སྐོར་དུ་རིག་འཛིན་བརྒྱད། རྗེ་འབངས་ཉེར་ལྔ། ཆོས་རྒྱལ་ཡབ་སྲས། གཏེར་སྟོན་བན་སྔགས་ཀྱི་ཆ་བྱད་ཅན་དུ་མ་དང་། མཁྱེན་བརྩེའི་དབང་པོ། རྗེ་གུ་ཎ་རྣམས་ཀྱང་བཞུགས་འདུག །སློབ་དཔོན་ཆེན་པོར་གསོལ་བ་བཏབ་པས། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། འཁོར་འདས་དབྱེར་མེད་ལྟ་བའི་གཞི་ཀློང་དུ། །སྣང་སྟོང་ཟུང་འཇུག་སྒོམ་པ་ལྷུན་གྱིས་གྲུབ། །གང་ཤར་རང་བྱུང་སྤྱོད་པ་སྐྱོང་བྱས་ན། །འབྲས་བུ་མངོན་རྫོགས་རྒྱལ་པོ་ཨེ་མ་ཧོཿཞེས་པ་དེ་གཟིགས་སྣང་འདི་མ་བྱུང་བའི་སྔོན་དུ་ཨོ་རྒྱན་མ་ཧཱ་གུ་རུ་ཐེངས་གཅིག་མཇལ་བ་ན་གསུངས་པ་དེ་སླར་ཡང་གསུངས་མཛད་པས་ལྟ་སྒོམ་སྤྱོད་འབྲས་ཀྱི་གནད་ལ་སྔར་བས་ཀྱང་ངེས་ཤེས་གཏིང་ཚུགས་པ་སྐྱེས་ཤིང་ཐུགས་ཡིད་བསྲེས་ཏེ་མཉམ་པར་བཞག །ཡང་གུ་རུའི་ཞལ་ནས་ཁྱོད་ཀྱིས་ང་ལ་བརྙས་པའི་ཀུན་སློང་མ་བྱེད་ཅིག །ཁྱོད་གཏེར་སྟོན་རྒྱ་ཞང་ཁྲོམ་གྱི་ལུས་བླངས་སྐབས་དཔལ་གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་དུ་བཅུག་པ་པོ་དེ་ང་ཡིན། སྔགས་ཀྱི་སྡོམ་པ་ནི་བྱང་ཆུབ་བར་དུ་སྲུང་དགོས་སོགས་ཀྱི་ཞལ་གདམས་མང་པོ་གནང་བའི་མུར། ཁྱོད་མ་འོངས་པ་ན་འཇིག་རྟེན་གྱི་ཁམས་རྣམ་པར་སྣང་བ་འོད་ཀྱིས་ཀུན་ནས་འགེངས་པའི་ཞིང་དུ་སངས་རྒྱས་དྲི་མེད་གྲགས་པའི་རྒྱལ་པོར་འཚང་རྒྱ་བའི་གྲོགས་སུ་ངས་ཀྱང་བགྱིའོ་ཞེས་པའི་ལུང་གིས་དབུགས་དབྱུང་ཐོབ་པའི་ངང་གསལ་སྣང་དེ་ལས་སད། དེ་རྗེས་ཟླ་བ་གཅིག་ཙམ་ལ་གཉིས་སྣང་གི་རྟོག་པ་ཡེ་མ་སྐྱེས་གསུངས། ཡང་སྔ་མོ་ཞིག་ཨོ་རྒྱན་གསོལ་འདེབས་དུས་གསུམ་སངས་རྒྱས་འབུམ་ཐེར་ལྷག་བསོགས་སྐབས་ཨོ་རྒྱན་རྡོ་རྗེ་འཆང་གི་གསང་གསུམ་བྱིན་རླབས་དངོས་སུ་ཐོབ་པ་དང་གོང་དུ་བསྟན་པའི་ལྟ་སྒོམ་སྤྱོད་འབྲས་གནད་དྲིལ་དེ་གསུངས་པ་ཡིན་འདུག །ཡང་རྨུགས་སངས་སུ་གནམ་ཆོས་མི་འགྱུར་རྡོ་རྗེའི་སྐུ་གདུང་ལ་ཞབས་སྐོར་བསོགས་སྐབས། འོད་ཕུང་གི་ཀློང་དུ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་གཙོ་འཁོར་གསུམ་ཞལ་གཟིགས་པ་ན། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པའི་ཐུགས་འདུན་རྩེ་གཅིག་མཛད་མཐར། སྟོན་པ་གཙོ་འཁོར་གསུམ་རྗེ་ཉིད་ལ་ཐིམ་ཞེས་ཞལ་སློབ་འགའ་ཡི་ངག་ལས་ཐོས་སོ། །འདི་རྣམས་ནི་འཕགས་ཆེན་ཡེ་ཤེས་གཟིགས་པའི་སྤྱོད་ཡུལ་ཅན་རྣམས་ཀྱི་གཟིགས་སྣང་དང་མཉམ་ལ་ཤིན་ཏུ་ངོ་མཚར་ཆེ་ཞིང་གཞན་ལས་ཁྱད་པར་འཕགས་པ་ཤིན་ཏུ་གསང་བར་འོས་ན་ཡང་དད་ལྡན་སློབ་མ་རྣམས་སྤྲོ་བ་བསྐྱེད་པའི་ཆེད་དུ་བཀོད་པ་ལ་བླ་མ་དང་ཡེ་ཤེས་མཁའ་འགྲོ་རྣམས་བཟོད་པར་མཛོད་ཅིག །རྡོ་རྗེའི་ལམ་ནས་རྡོ་རྗེའི་སྦས་པ་མངོན་མཛད་བླ་མ་རྡོ་རྗེ་འཆང་། །རྒྱལ་བ་རྣམས་དང་དགོངས་པ་རོ་གཅིག་རྒྱལ་བའི་མཛད་པ་མཐའ་ཀླས་པ། །ཉི་ཚེའི་བློ་ཡིས་དཔག་པར་དཀའ་ཞིང་ཡེ་ཤེས་དག་པའི་གཟིགས་མོ་ལ། །ཉིན་མཚན་དབྱེར་མེད་འོད་གསལ་ཆེན་པོར་དགོངས་པ་རབ་འབྱམས་གང་དེར་འདུད། །ཤིན་ཏུ་གསང་བ་མཆོག་གི་རྣམ་པར་ཐར། །དཀྱིལ་འཁོར་ཁྱབ་བདག་ཉིད་ཀྱིས་དགོངས་པ་སྟེ། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ཡི། །ཡོན་ཏན་རིན་ཆེན་ཚོམ་བུ་རྣམ་པར་བཀྲ། །སྐལ་མེད་སྲིན་བྱའི་ཚོགས་ལ་མུན་པར་སྣང་། །སྐལ་བཟང་བློ་གྲོས་ཅན་ལ་དད་པའི་གཉེན། །འདི་ལ་དཔྱད་ན་རྒྱལ་སྲས་འཕགས་ཆེན་དང་། །མི་ཕྱེད་དགོངས་པ་རོ་གཅིག་ཉིད་དུ་ངེས། །གང་ཞིག་ལྷུན་པོའི་རྩེ་མོར་ཕྱིན་པ་དང་། །མཚུངས་པའི་གཟིགས་སྣང་ཆུ་ཟླའི་རོལ་གར་འདི། །རྡུལ་དང་མ་འདྲེས་དངུལ་ཆུའི་ཁྱད་པར་བཞིན། །དཔལ་ལྡན་བླ་མ་ཁོ་ནའི་སྤྱོད་ཡུལ་ལགས། །གང་ཞིག་རྗེས་སུ་བརྩེ་བའི་ཏམྦུ་ར། །སྐལ་བཟང་རྣ་བའི་བཅུད་དུ་ལྷུང་བ་ན། །དད་གུས་སྤྲོ་བའི་སྤུ་ལོང་ཆེར་གཡོས་ཤིང་། །ད་ལྟ་མཇལ་དུ་ཡོད་ན་ཅི་མ་རུང་། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། | |||
།གཉིས་པ་གཞན་དོན་དུ་འཆད་རྩོད་རྩོམ་པའི་ཕྲིན་ལས་ལ་མངའ་བརྙེས་པའི་ཚུལ་ལ་གསུམ་ལས། དང་པོ་འཆད་པ་ཉི་མའི་འོད་ཀྱིས་དཔྱོད་ལྡན་བློ་ཡི་པདྨོ་རྒྱས་པར་མཛད་པའི་ཚུལ་ནི། དེ་ཡང་རྗེ་བླ་མ་གསང་བདག་རྡོ་རྗེ་འཛིན་པ་ཆེན་པོ་འཇམ་དབྱངས་བློ་གཏེར་དབང་པོའི་ཐུགས་སྲས་ཀྱི་ཐུ་བོར་གྱུར་པ་མ་ཟད་རྗེ་དེ་ཉིད་སྡེ་དགེ་ནས་སྒ་སྟོད་དུ་ཕེབས་ཁར་ཆོས་ཀྱི་རྒྱལ་ཚབ་ཏུ་འཇོག་པར་མཛད་པ་དང་། རྗེ་བླ་མའི་བཀའ་ལས་མཁན་བསམ་བློ་འདི་སྦྱངས་སྟོབས་ཀྱི་ཤེས་རབ་རྒྱ་མ་ཆེ་རུང་སྒོམ་བྱུང་གི་ཤེས་རབ་བརྡོལ་བ་ཡིན་ཞེས་ཞལ་ནས་དངོས་སུ་ཐོས། ཀཿཐོག་སྐྱབས་མགོན་སི་ཏུ་མ་ཧཱ་པཎྜི་ཏས་ཀྱང་མཁན་བསམ་བློ་འདི་དེང་སང་ས་སྐྱའི་བསྟན་པའི་སྲོག་ཤིང་ལྟ་བུ་རེད་འདུག །འདི་ལས་ཡོན་ཏན་ལྷག་པ་གདན་ས་གོང་འོག་ནའང་དཀོན་ན་ཅི་ཤེས་ཁོང་གིས་ཀྱང་ལམ་འབྲས་ཞུ་སྙམ། ཁྱེད་ནས་ཀྱང་དབང་ལུང་ཇི་ཐོབ་གྱིས། ཁྱད་པར་ཀྱེ་རྡོར་རྒྱུད་གསུམ་ལ་གོ་བ་བཟང་ཞེས་ཕེབས་པས་མཚོན་རིས་མེད་ཀྱི་བསྟན་འཛིན་ཆེན་པོ་རྣམས་ཀྱིས་བསྔགས་པའི་མེ་ཏོག་པུཎྜ་རཱི་ཀ་འཐོར་བ་ཡང་དོན་ལ་གནས་ཤིང་མདོ་སྔགས་ཀྱི་གཞུང་གང་འཆད་པ་ནའང་ཚིག་ཉུང་དོན་འདུས་བརྗོད་པ་གསལ་བ་སྐབས་སུ་བབ་པའི་ཚིག་དོན་འབྲེལ་ཆགས་པས་འཆད་ཅིང་གཞན་རྒྱུད་ཀྱི་ཐེ་ཚོམ་ཆོད་ངེས་མཛད། ཁྱད་པར་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞི་ལ་སོ་སོའི་བབ་ཀྱི་ཆོ་གའི་འགྲོས་ཕྱག་བཞེས་ཐམས་ཅད་མ་ནོར་མ་འཁྲུགས་ཤིང་། ཕོ་ཚོད་དང་སླ་ཆོས། དེས་ཆོག་མི་མཛད་པར་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཕྱག་བཞེས་རྣམ་པར་དག་པ་ཇི་ལྟ་བ་བཞིན་མཛད་པ་དང་། བཀའ་ལས་ཆོས་སྐྱོང་སོགས་སྙན་བརྒྱུད་ལ་ཚར་ལུགས་གནད་ཆེ་ཡང་རྒྱུད་སྡེའི་ཕྱག་བཞེས་ངོར་པ་འདྲ་མེད་པས་དེ་རྗེས་འབྲངས་དགོས་གསུངས། དེ་ལྟར་འཆད་པ་དེ་ཡང་རང་ཉིད་མཁྱེན་སྟོབས་རྫོགས་པའི་བདག་རྐྱེན་ལས་བྱུང་བ་ཡིན་ཏེ། སྐུ་ན་ཕྲ་མོའི་དུས་རྒྱུད་སྡེ་མི་འདྲ་བ་བཅུ་གཅིག་ཙམ་ཞིག་གི་སྒྲུབ་ཐབས་དཀྱིལ་ཆོག་ཐུགས་སུ་ཆུབ་པ་དང་། ས་ངོར་ཚར་གསུམ་གྱི་ཆོ་གའི་ཕྱག་བཞེས་འདོན་རྟ་དབྱངས་བརྡུངས་དཀྲོལ། དཀྱིལ་འཁོར་བྲི་ཐིག་རྣམས་ལེགས་པར་མཁྱེན་ཞིང་། ཉིན་རེ་ཤོག་ལྡེབ་མདའ་ཚད་ལྔ་དྲུག་རེ་རྟག་པར་འཛིན་ནུས་ཤིང་གཞུང་རིག་གནས་སོགས་ཀྱི་རྩ་བ་འགའ་རེ་ཡང་ཐུགས་ལ་བཟུང་། གཞུང་གི་བཀའ་གནད། བླ་མའི་རྣམ་ཐར་ལྟ་བུ་དྲིས་ན་དེ་དང་དེའི་ཐད་ནས་ཚིག་དོན་མ་འཁྲུལ་པ་ཤར་གྱིས་ཐོན་པ་དང་མཁས་པའི་བཞེད་པ་རྣམས་འདི་དང་འདི་ལྟར་ཡིན་ཞེས་མ་འདྲེས་པ་ལེགས་པར་བཤད་པར་མཛད། དབང་བསྐུར་གྱི་དུས་སུའང་ཕལ་ཆེར་ཐུགས་ཐོག་ནས་གསུང་། ཕལ་ཆེར་དབང་བཤད་དང་ཁྲིད་དཔེ་ཡོད་པ་ཙམ་ལ་མ་ལྟོས་པའི་གསུང་བཤད་ཟུར་རྒྱན་གྱིས་ངོ་སྤྲོད་གནད་དུ་ཐེབས་པར་མཛད་པ་དང་། ཁྱད་པར་རྡོ་རྗེ་འཆང་ཚར་པ་ཡབ་སྲས་ཀྱི་སྙན་བརྒྱུད་ཟབ་དོན་སྐོར་གྱི་ཕྱག་བཞེས་ལ་རྗེ་འདི་ལྟ་བུའི་མཁྱེན་དཔྱོད་ཅན་འབྱུང་བར་དཀའ་ཞིང་ཅིའི་ཕྱིར་ཞེ་ན་སྔོན་གོམས་ཀྱི་བག་ཆགས་སྟོབས་སུ་གྱུར་པ་དང་། སྙན་བརྒྱུད་ཀྱི་དཔེ་ལ་དཔྱད་དོན་རྫོགས་ཤིང་། བླ་མ་རྡོ་རྗེ་འཆང་གི་མན་ངག་ཟབ་མོས་ལེགས་པར་བརྒྱན་པས་རྗེ་འདིའི་ཕྱག་བཞེས་ལ་ཡིད་རྟོན་གྱིས་མི་ཉམས་པར་གཟུང་བ་གཅེས་སོ། །དེ་ལྟར་མཁྱེན་རླབས་ཀྱི་དཀྱིལ་འཁོར་རྒྱས་པ་ལས་བྱུང་བའི་འཆད་པའི་རྣམ་གྲངས་ཀྱང་། རྩ་བའི་བླ་མ་བློ་གཏེར་ཞབས་ཀྱིས་སྦྱིན་བདག་མཛད་ནས་ལྷུན་གྲུབ་སྟེང་དབྱར་གནས་ལྷ་ཁང་དུ་ཨ་མདོ་དྷཱི་ཕུ་ཆོས་རྗེ་སོགས་འདུས་པ་བརྒྱ་ཕྲག་ལ་རྒྱལ་བཀའ་རིན་པོ་ཆེའི་བཀླག་ལུང་ལན་གཅིག །བྲག་ར་ཞབས་དྲུང་བཀྲ་ཤིས་རིན་པོ་ཆེ་སོགས་ལ་ཚར་གཅིག་གསུངས་པས་བྲག་ར་རིན་པོ་ཆེས་ཚར་གསུམ་གནང་བས་ཕྲིན་ལས་ཆེ་བར་བྱུང་། དེའི་སྔ་རྗེས་དུས་ཚོད་གང་ཡིན་མ་ངེས་ཀྱང་རྒྱལ་བཀའ་བཀླག་ལུང་ཚར་གཅིག་སྟེ་སྔ་ཕྱི་ཚར་གསུམ་གནང་། ཁོ་བོས་སྒྲུབ་ཐབས་ཀུན་ལས་བཏུས་པ་བློ་གཏེར་ཞབས་ལ་གསོལ་བ་བཏབ་ཀྱང་ཞལ་ནས་མཁན་པོ་ཉིད་མཁྱེན་བརྩེ་ནུས་གསུམ་འགྲན་ཟླ་མེད་ཅིང་བུམ་པ་གང་བྱོའི་ཚུལ་དུ་ཡོད་པས་དེར་ཞུས་ན་ཁོང་ལས་ཐོབ་པ་དང་ཁྱད་པར་མེད་ངེས་ཡིན་གསུངས་པ་དང་། སྔར་ལ་སེ་མགོར་ཐོག་མར་མཇལ་ཞིང་བླ་མ་ས་ཆེན་གྱི་བསྟོད་པ་ཚངས་དབང་གཙུག་ནོར་མའི་ཆོས་འབྲེལ་སྩོལ་བ་ནས་བརྩམས་ཐུགས་བརྩེ་བ་ཆེན་པོས་དགྱེས་བཞིན་དུ་རྗེས་སུ་བཟུང་ལྷག་པར་ཆུ་ཡོས་ལོར་རྫོང་སར་དུ་ཕེབས། སྒྲུབ་ཐབས་རིན་པོ་ཆེ་ཟླ་བ་བཞིའི་བར་ཤིན་ཏུ་རྒྱས་པ། དབང་རྗེས་བྱིན་རླབས་ཁྲིད་ལུང་བཅས་གནང་བར་མཛད། གཞན་ཡང་། མཁའ་སྤྱོད་བྱིན་རླབས། དམར་པོ་སྐོར་གསུམ་གྱི་རྗེས་གནང་ཐུན་མིན། མགོན་པོ་ཆེ་ཆུང་གི་རྗེས་གནང་ཐུན་མོང་ཐུན་མིན་ཁ་ཤས། མཁའ་སྤྱོད་བེ་བུམ་ལུང་། དམར་པོ་སྐོར་གསུམ་གཞུང་ཧྲག་བསྡུས་དང་། གཅེས་བཏུས་པོད་རྫོང་སར་འདུས་སྡེ་ལས་ངོར་གྱི་འདོན་ཆོག་སྐོར་ཡོངས་སུ་རྫོགས་པ་དང་། ཆོས་སྤྱོད་པོད་ཆུང་ལུང་། སྔ་རྗེས་འགའ་ཞིག་ཏུ་ཀྱེ་རྡོར་ལམ་དབང་སོགས་མང་དུ་མནོས་པའི་མཐར་ཛེ་ཏཱ་རའི་ཚེ་དཔག་ལྷ་དགུའི་དབང་ཐོབ་པ་གསུང་གི་བདུད་རྩི་དངོས་ཀྱིས་ཐོབ་པའི་ཐ་མའོ། །ལྷུན་གྲུབ་སྟེང་དུ་ས་ལུག་ལོར་སྒྲུབ་བཏུས་ཕྱེད་ཙམ་དང་། འཕྲོས་ལྕགས་བྱར་གནང་། ཤིང་བྱི་ཟླ་བ་དགུ་པའི་ཡར་ཚེས་ལ་ཡེ་ན་དགོན་པས་ཆེད་དུ་གདན་འདྲེན་ཞུས་ཏེ་དབང་ལུང་མང་དུ་གསུངས་ཤིང་དེ་སྐོར་གྱི་དངོས་རྫས་བྱུང་བ་རྣམས་དགོན་དེར་མི་འཁྲུགས་པའི་སྟོང་སྐུ་བརྒྱ་ཕྲག་ལྷག་ལྡེབས་བྲིས་གནང་བར་མཛད། མེ་སྟག་ཟླ་བ་བདུན་པའི་ནང་གསེར་ལྗོངས་སུ་ཕེབས། ངོར་དཀྱིལ་བདུན། མཁའ་སྤྱོད་སོགས་དབང་ཆོས་མང་དུ་སྩལ། འདིའི་རྣལ་འབྱོར་མའི་བྱིན་རླབས་སྐབས་བདུད་རྩི་མདོག་དམར་པོ་འཕྱུར་བ་ཐམས་ཅད་ཀྱིས་མཐོང་། འདུ་ཁང་དུ་བྱོན་པ་ན་དཔལ་སྤུངས་དཀོར་བདག་ཞིག་ལོགས་བྲིས་ཡོད་པ་སྔོན་དུ་དེ་འདྲ་ཡོད་རྒྱུ་དགོངས་པར་མི་མངའ་ཡང་ཕེབས་འཕྲལ་དུ་བསུབ་པར་མཛད་དེ་ཤུལ་དུ་ཛཾ་དམར་བྲི་བར་མཛད། དེ་སྐབས་ཀྱི་དངོས་རྫས་ཕལ་ཆེར་གྱིས་དགོན་དེར་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་བསྟན་པ་རྒྱས་ཆོག་གི་ཐེབས་སོགས་གནང་། མེ་ཡོས་ལོར་ཐར་རྩེ་མཁན་ཆུང་རིན་པོ་ཆེ་སོགས་ལ་མགོན་པོ་བཀའ་བབ་བཞིའི་དབང་རྗེས། བྲག་རྫོང་ཕྱི་ཁྲིད། ཞལ་གྱི་རྗེས་གནང་དང་། གསང་ཁྲིད། ཞལ་པོད་བཅས་དང་། ལོ་དེའི་ཟླ་བ་ལྔ་པའི་ནང་དྲྭ་སྒང་དུ་ཕེབས། འཇམ་རྒྱལ་རིན་པོ་ཆེ་དང་། སྒ་ཐར་ལམ་སྡེ་གཞུང་མཆོག་སྤྲུལ་སོགས། བླ་སྤྲུལ་དགེ་འདུན་དྲུག་ཅུ་སྐོར་ལ་ས་སྐྱ་བཀའ་འབུམ་གྱི་ལྗགས་ལུང་། ཚར་ལུགས་འཇིགས་བྱེད་དབང་ཁྲིད། རྭ་པོད་བཅས་གནང་། སྔ་མོ་ཞིག་ཏུ་བྲག་ར་རིན་པོ་ཆེ་སོགས་ལ་ས་སྐྱ་བཀའ་འབུམ་ཚར་གཅིག་གསུངས། ལྕགས་རྟ་ལོར་ཟླ་བ་བདུན་པའི་ཚེས་སྐོར་ཡེ་ན་དགེ་སློང་ཤེས་རབ་ཕུན་ཚོགས་གཙོས་བདུན་ལ་ཚར་ལུགས་འཇིགས་བྱེད་དབང་ཁྲིད་ཤིན་ཏུ་རྒྱས་པ། རྗེ་ཉིད་ཀྱི་གསུང་རྩོམ་ཕལ་ཆེར་གྱི་ལུང་གནང་། དེའི་སྔ་རྗེས་ཞིག་ཏུ་ཀྱེ་རྡོར་རྒྱུད་ཀྱི་བཤད་པ་ཤིན་ཏུ་རྒྱས་པ་རབ་བརྟན་མཁན་པོ་སོགས་ཉུང་བསྡུས་ལ་གནང་། སྔ་ཐོག་ཞིག་ཏུ་སྐྱབས་རྗེ་སི་ཏུ་པཎྜི་ཏས་ཀཿཐོག་ཏུ་གདན་འདྲེན་མཛད་དེ་སྒྲུབ་བཏུས་སྔར་མཁྱེན་བརྩེ་རིན་པོ་ཆེའི་མདུན་ནས་མ་གསན་པའི་ཁ་སྐོང་སྐོར་དང་། ཀྱེ་རྡོར་རྒྱུད་བཤད་གསན་པར་མཛད། རྗེ་བླ་མ་འདི་གཉིས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་རྗེ་འདིས་ཀྱང་། དེང་དུས་རྒྱལ་བསྟན་རིས་མེད་ལ་ཆོས་ཀྱི་སྤྱན་རས་ཡངས་ཤིང་མདོ་སྔགས་གང་ལའང་གཟིགས་རྒྱ་དང་མཁྱེན་དཔྱོད་འདི་དང་མཚུངས་པ་སུའང་མེད་ཅིང་ངེས་པར་མ་ཧཱ་པཎྜི་ཏ་ཡིན་འདུག་ཅེས་བསྔགས་པའི་གླིང་བུ་འཁྲོལ། རྗེས་སོར་སི་ཏུ་པཎ་ཆེན་སྐུ་གཤེགས་པ་ནའང་རྒྱལ་ཁམས་མུན་རུབ། དགུང་ལོ་ཉུང་བ་སྐུ་ཚེ་མཐར་མ་ཕྱིན་པ་དེ་འདྲ་གྱོང་ཆེ་བ་འོངས་རྒྱུ་མེད་ཅེས་སྤྱན་ཆབ་བསིལ་བ་ཙམ་གྱི་ཐུགས་ངལ་ཆེན་པོ་མཛད་དོ། །ཞེ་ཆེན་དུ་མཁས་གྲུབ་གཉིས་ལྡན་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་མཇལ་བར་ཕེབས་སྐབས་གོང་དུ་སྨོས་པའི་དབང་ཆོས་རྣམས་ཚུར་གསན་པ་དང་། ཕར་ལའང་ཀླུ་དབང་རྒྱལ་པོའི་རྗེས་གནང་ལུང་། ཉེ་སྲས་བརྒྱད་ཀྱི་སྒོམ་ལུང་། ས་འཇམ་སྦག་སྒྲུབ། ཐོགས་མེད་བཀའ་འབུམ་གྱི་ལུང་རྣམས་ཕུལ། ཟླ་བ་གཅིག་ལྷག་བཞུགས། ཆོས་དང་མན་ངག་གི་བགྲོ་གླེང་མང་པོ་མཛད་པས་དེ་ལས་སྐྱིད་པ་མ་བྱུང་། རྒྱལ་ཚབ་རིན་པོ་ཆེ་ཆོས་ཀྱི་གཏམ་ཅི་ཙམ་གསུངས་ཀྱང་མཐར་རྫོགས་ཆེན་གྱི་ནང་དུ་འགྲོ་བ་ཞིག་འདུག་ངོ་མཚར་གསུངས། རྒྱལ་ཚབ་ཀྱི་བསྟན་བཅོས་རྣམས་ལའང་ཤིན་ཏུ་བསྔགས་ཤིང་གཅེས་སྤྲས་ཆེན་པོ་མཛད། དཔལ་སྤུངས་སུ་སྐུ་ཞབས་སི་ཏུ་རིན་པོ་ཆེས་སྔ་རྗེས་གཉིས་ལ་གདན་འདྲེན་ཚེ་དབང་སོགས་དང་ཞབས་བརྟན་གསུང་སྒྲུབ་དང་། ལན་རྗེས་མའི་སྐབས་རྟེན་བརྟེན་པ་གསར་བཞེངས་ལ་རབ་གནས་ཤིན་ཏུ་རྒྱས་པ་མཛད། དྲྭ་སྒང་མཚམས་གྲྭ་སྒྲུབ་ཐེངས་གཉིས་ཀྱི་རིང་དབང་ཁྲིད་མན་ངག་ཕྱག་བཞེས་རྣམས་སྐུ་ངལ་ཁྱད་དུ་བསད་དེ་གནང་ཞིང་སྒྲུབ་མཆོད་སོགས་ཀྱི་དབུར་ཕེབས་པས་བསྒྲིགས་ལམ་ཚགས་སུ་ཚུད་པ་དང་། ལྕགས་རར་ཞབས་བརྟན་འཇིགས་བྱེད་སྒྲུབ་གྲྭ་ལའང་དེ་མཚུངས་གནང་བས་སྒྲུབ་གྲྭ་འདི་གཉིས་ལ་ལུགས་གཉིས་ཀྱི་སྒོ་ནས་བཀའ་དྲིན་གཞལ་བར་དཀའ་བའོ། །དེ་ལྟར་འཆད་པ་རྣམ་པར་དག་པ་ཐུགས་བརྩེ་བ་ཆེན་པོས་བར་མེད་དུ་གནང་བས་གསུང་ལས་སྐྱེས་པའི་སློབ་མ་ཡང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བྲག་ར་བླ་མ་རིན་པོ་ཆེ་བཀྲ་ཤིས་རྒྱ་མཚོ། ཐར་རྩེའི་མཁན་པོ་རྣམ་གཉིས། ཁང་སར་གྱི་མཁན་པོ་དོན་དཔལ། མཁས་ཤིང་གྲུབ་པ་བརྙེས་པའི་བླ་མ་རིན་པོ་ཆེ་ངག་དབང་ལེགས་པར་ཡང་མགོན་པོད་སོགས་ཀྱི་ལུང་གནང་། ཨ་མདོ་རྡཱི་ཕུ་སྤྲུལ་སྐུ་རྣམ་གཉིས། སི་ཏུ་གོང་འོག་གཉིས། སྡོམ་བརྩོན་སྡེ་སྣོད་འཛིན་པ་ཆེན་པོ་བླ་མ་འཇམ་རྒྱལ་རིན་པོ་ཆེ། ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ། ཀཿཐོག་རྨོག་ཚ། རྒྱ་གར་ནུབ་ཕྱོགས་ཀྱི་རྒྱུད་དུ་བྱུང་བ་མཁས་པ་བསྟན་འཛིན་རྒྱལ་མཚན། ཨ་མདོ་དགེ་བཤེས་མཁས་པ་ཆེན་པོ་འཇམ་དཔལ་རོལ་པའི་བློ་གྲོས། ཟུར་མང་མཁས་གྲུབ་པདྨ་རྣམ་རྒྱལ། ས་ཕུར་གྱང་གསུམ་གྱི་ཆོས་རྗེ་སྔ་རྗེས་བྱོན་པ་རྣམས་དང་། ཆོས་སྡེ་ཁག་གི་མཁན་སློབ་འདུས་སྡེ་སོགས་མཁས་པའི་རྣམ་དཔྱོད། གྲུབ་པའི་རྟགས་མཚན་ལྡན་པ་བསྟན་པར་བྱ་བ་རླབས་ཆེན་སྒྲུབ་ནུས་པ་དུ་མ་དང་། ཆེས་བླུན་རྨོངས་བདག་ལྟ་བུའང་བཀའ་འབངས་ཀྱི་གྲལ་མཐར་ཚུད་པས་མཚོན། གསར་རྙིང་གི་སྤྲུལ་སྐུ། མཁན་པོ། ཆོས་རྗེ། སློབ་དཔོན་སོགས་གྲངས་མེད་པ་དང་། བསྟན་པའི་སྦྱིན་བདག་ཆེན་པོ་སྡེ་དགེ་ས་སྐྱོང་པ་ཡབ་སྲས། གཞུང་གི་སྐུ་དྲག་ཁྱུང་རམ། བཀྲས་མཐོང་། ཐང་དཔོན་སོགས་སྔ་རྗེས་ཕེབས་པ་རྣམས་ལའང་དབང་ཆོས་བྱད་ཁྲོལ་སོགས་ཀྱིས་ཐུགས་བཞེད་སྐོང་བས་མཚོན་རྒྱལ་པོ། དཔོན་པོ། ཁྱིམ་བདག་སོགས་དད་སྦྱིན་གྱི་འཁོར་ཚད་མེད་པ་ལ་སོ་སོའི་འདོད་ཆོས་བྱིན་རླབས་བཀའ་བསྒོ་གནང་བས་རེ་བ་རྫོགས་པར་མཛད་པའོ། །འཆད་མཁས་བློ་གསལ་རྣ་བར་འཇེབ་པ་དང་། །དོན་བཟང་ཡིད་ཀྱི་སྒྲོ་འདོགས་བཅད་པ་ལ། །རབ་མཁས་སྨྲ་བ་ཟླ་མེད་ངག་གི་དབང་། །སྙིང་དང་མགྲིན་པར་རོལ་པ་མིན་ནམ་ཅི། །ཕྱི་ནང་གསང་བའི་དེ་ཉིད་བཅུ་ལྡན་ཞིང་། །སྨིན་གྲོལ་ཆོ་གའི་ཐབས་ལ་མཁས་པ་ཡི། །སྐལ་ལྡན་སྐུ་བཞིའི་ས་བོན་འདེབས་མཛད་ཅིང་། །རྡོ་རྗེ་འཆང་གི་ཕྲིན་ལས་སྤེལ་བའི་བདག །གང་ཁྱོད་སྙིང་ལ་རྡོ་རྗེ་སེམས་དཔའ་ཞུགས། །ལག་ན་ཐབས་ཤེས་རྡོར་དྲིལ་རྟགས་འཆང་ཞིང་། །འཇིགས་རུང་ཉམས་དང་ཅུང་ཟད་ལྡན་གྱུར་ན། །གསང་བའི་བདག་པོ་གཞན་དུ་འགའ་མ་མཆིས། །ཞེས་བསྔགས་སོ། | |||
།གཉིས་པ་རྩོད་པ་རྡོ་རྗེའི་མཚོན་ཆས་ཕས་རྒོལ་གྱི་ལོག་རྟོག་བཅོམ་པའི་ཚུལ་ནི། ཡིད་ཆེས་ཀྱི་ལུང་ཚད་མ་དང་། ལུང་དོན་འདྲེན་བྱེད་ཀྱི་དངོས་སྟོབས་རིག་པ་ཚད་མའི་ལམ་ནས་དྲངས་ཏེ་འཆད་རྩོམ་གང་གི་སྐབས་སུའང་ཕ་རོལ་གྱི་རྒོལ་བའི་སྤོབས་པ་འཕྲོག་ཅིང་ཁེངས་པའི་རུ་མཚོན་བསྙིལ་ནས་རང་ལུགས་ཡང་དག་པའི་ཚད་མར་སྒྲུབ་ནུས་པ་དང་། སློབ་གཉེར་ཅུང་ཤེས་པ་ཞིག་སྐུ་མདུན་དུ་ཕྱིན་ནའང་དགྱེས་ཉམས་ཆེན་པོས་སློབ་གཉེར་གྱི་དྲི་བ་ལ་ཞུགས་ཤིང་སྐབས་རེར་རྩོད་པའང་མཛད་པ་ན་རང་ཉིད་ཀྱི་དམ་བཅས་པ་ལ་ཕྱིར་རྒོལ་གྱིས་ཇི་ཙམ་ཟློག་ཀྱང་གཏིང་ཇེ་ཟབ་ཏུ་འགྲོ་བ་ལས་རྒོལ་བའི་ནུས་པ་ཟད་པ་དང་། དངོས་སུའང་རྩོད་པའི་ལན་ཐོར་བུ་མཛད་ཡོད་པར་གྲགས་སོ། །སྨྲ་བ་ངན་པའི་ལྕེ་བརྒྱ་གཅོད་པ་ལ། །རིག་པའི་རྣོ་ངར་ཚད་མའི་རལ་གྲི་ནི། །ཕྱོགས་ལས་རྣམ་པར་རྒྱལ་བའི་སྤོབས་པ་ཡི། །དཔུང་ཤེད་བཙན་པོས་དགུང་སྔོན་མཐོན་པོར་འཕྱར། །གསུམ་པ་རྩོམ་པ་རིན་པོ་ཆེའི་ཕྲེང་མཛེས་ཀྱིས་ཐུབ་བསྟན་མཆོད་སྡོང་ཆེན་པོར་བརྒྱན་པའི་ཚུལ་ནི། དེའང་བསྟན་བཅོས་རྩོམ་པའི་རྒྱུ་ཚོགས་མཐའ་དག་ནི་ཚང་། བཀའ་དང་བསྟན་བཅོས་ཀྱི་དགོངས་དོན་ནི་ཡང་དག་པར་མཁྱེན། ཕྱི་རིག་པའི་གནས་རྣམས་ལའང་བྱང་བར་བྱས་པས་སྡེབ་ལེགས་མཁས་པ་དགྱེས་པའི་བསྟན་བཅོས་པོད་ཚོགས་མང་པོར་སྤེལ་ནའང་ཐོགས་པ་མེད་ཀྱང་སྔོན་བྱོན་བླ་མ་གོང་མའི་གསུང་རྣམས་ཀྱང་རྡུལ་ཁྲོད་དུ་དོར་བའི་དུས་ངན་འདི་ལ་གསར་དུ་རྩོམ་པས་ཅི་ཞིག་བྱ། སྔར་ཡོད་རྣམས་ལ་ལྟ་རྟོགས་བྱེད་ཐུབ་ན་ཆོག་ཅེས་རྒྱུན་དུ་གསུངས་ལ། ཞུ་བ་པོའི་ངོར་གསུངས་པ་རྣམས་ཀྱང་སོ་སོར་གཏོད་པ་ལས་རང་ཉིད་ཀྱི་བཀའ་འབུམ་དུ་རློམ་པའི་ཚགས་སྡུད་གཏན་ནས་མི་མཛད་པས་ཕྱོགས་ཐམས་ཅད་དུ་འཐོར་བས་ད་ལྟ་ཆེར་མ་བཞུགས་ཀྱང་། འདི་ཕྱོགས་དཔེ་ཡོད་པ་ནི། དཀོན་མཆོག་རྗེས་དྲན་མདོ་འགྲེལ་པད་དཀར་ཕྲེང་མཛེས། འཕགས་པ་འཇམ་དཔལ་དབྱངས་སོགས་ཀྱི་རྟོགས་བརྗོད་སྒོ་བཞི་པ། དབྱངས་ཅན་མའི་བསྟོད་པ། སྤྱོད་འཇུག་ཤེར་འགྲེལ་ཚིགས་བཅད་ཅན། སྡེ་སྣོད་གསུམ་གྱི་ཚིགས་བཅད་ཀྱི་བཤད་སྦྱར། ས་ཆེན་གྱི་བླ་མའི་རྣལ་འབྱོར། ངོར་ཆེན་རིན་པོ་ཆེའི་བླ་མའི་རྣལ་འབྱོར། བསྟོད་པ། རྗེ་བཙུན་རིན་པོ་ཆེའི་བླ་རྣམ། ཀུན་མཁྱེན་གོ་རམས་པའི་བསྟོད་པ། གཏོར་མའི་དོན་འགྲེལ། ཚོགས་གླུ་ཚན་གསུམ། འོད་ཟེར་ཅན་མའི་བསྟོད་པ། ཐང་རྒྱལ་བསྟོད་པ་དང་། ཀུན་འཁོར། གསོལ་འདེབས་ཀྱི་མགུར་མ། བླ་མ་རིན་འབྱུང་དང་། མགོན་པོའི་བསང་། རྭ་ལོའི་གྲུབ་རྟགས་ཉེར་གསུམ་གྱི་བསྟོད་པའི་ཁ་སྐོང་། བླ་མ་ལེགས་པའི་བླ་སྒྲུབ། རྩ་བའི་བླ་མ་སྤྱིའི་རྒྱང་འབོད་གསོལ་འདེབས། རྗེ་ཉིད་ཀྱི་གསོལ་འདེབས་ཚན་བཞི། རྡོ་རྗེ་འཆང་བློ་གཏེར་དབང་པོའི་རྣམ་ཐར། ཞལ་གྱི་གསང་ཁྲིད་ཐུན་མིན་ཟུར་འདེབས། ལས་གཤིན་བསྙེན་ཐབས། རྭ་ལོའི་སྦྱིན་སྲེག་ཞལ་ཤེས་ཐུན་མིན་སྦྱར་བའི་ངག་འདོན། གླིང་མགུ་ཟིའི་མགོན་པོ་དང་། ཞལ་ལ་བསྟོད་པ། རྭ་ཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་བླ་མའི་རྣལ་འབྱོར། མཁན་ཆེན་གཞན་ཕན་སྣང་བ། ཕན་བདེ་མཁན་པོ། བླ་མ་འཇམ་དབྱངས་རྒྱལ་མཚན་རྣམས་ཀྱི་ཞབས་བརྟན། རིས་མེད་བསྟན་འཛིན་རྣམས་ལ་བསྟོད་པའི་གླུ་མཆོད། བླ་མ་རིན་འབྱུང་གི་མཆོད་ཆོག་ཚིགས་བཅད། ཟིལ་ཕྲོམ། གཉན་ལྡང་། རྡོ་རྗེ་ཐོག་སྲས། རྒོད་འབྲང་། སྐར་རྒྱལ་ཞི་ར། ནགས་ཚལ་ལྷ་མོ་སོགས་ཀྱི་བསང་ཡིག་མང་པོ་དང་། བཙན་རྒོད་ཇག་ལེན་མཆོད་ཐབས་རྒྱས་བསྡུས། ཁོ་བོ་ཕྲིན་སྤྲུལ་པའི་བླ་མའི་རྣལ་འབྱོར། སེམས་ངོར་གསོལ་འདེབས། མཁྱེན་བརྩེ་དབང་པོའི་དགོངས་གཏེར་གྲུབ་ཐོབ་ཐུགས་ཐིག་ལ་མདུན་བསྐྱེད་བདག་འཇུག །འོད་ཟེར་ཅན་མའི་སྒྲུབ་ཐབས། ཆོས་སྲུང་སྤྱི་ལ་གསོལ་མཆོད་བཅས་བཞུགས་པ་དེ་དག་ཐམས་ཅད་ཀྱང་ངག་དང་ཡིད་ལ་དབྱངས་ཅན་ཞུགས་ཤིང་མགྲིན་པའི་རོལ་མཚོ་བརྡོལ་བ་ལས་བྱུང་བའི་ཚིག་དོན་སྡེབ་ལེགས་སྙན་བརྗིད་གཞན་ཡིད་འཕྲོག་པ་མཁས་རྣམས་དགྱེས་པའི་ལེགས་བཤད་རྨད་དུ་བྱུང་བ་ཤ་སྟག་གོ། ཆེ་འདོད་གྲགས་སེམས་གཡའ་ཡིས་མ་གོས་ཤིང་། །ཀུན་མཁྱེན་མེ་ལོང་གཙང་མའི་ངོགས་ཉིད་ལ། །ཇི་ལྟར་འཆར་བ་བརྩེ་བས་ལེགས་སྟོན་པ། །སྨྲ་བའི་སེང་གེ་ཉིད་དུ་ངེས་པར་གྲུབ། །འཆད་རྩོད་རྩོམ་པའི་གཡུ་རལ་བསིག་པ་ན། །བསྟན་ལ་འཁུ་བའི་ཝ་སྐྱེས་ཁུང་བུར་ཞུགས། །དྲེགས་ལྡན་སྡེར་བཅས་ཕྱེ་མར་འཐག་མཛད་པ། །ཀུན་མཁྱེན་སྟོབས་ལྡན་གདོང་ལྔའི་དབང་པོ་རྒྱལ། །ཚིག་ཚོགས་མང་ཡང་ཆུ་བུར་ལྟ་བུ་ཡི། །སྙིང་པོ་མེད་ལ་འགལ་འདུས་ལྕི་གྱུར་པའི། །སྙིགས་དུས་མཁས་གྲགས་ཕལ་གྱི་བསྟན་བཅོས་དང་། །མཚུངས་མིན་མཁས་རྣམས་ལེགས་པར་དཔྱོད་དང་ཤེས། །ཞེས་ཚིགས་སུ་བཅད་པས་དོན་བསྡུ་བའོ། །གསུམ་པ་གཉིས་ཀའི་དོན་དུ་མཁས་བཙུན་བཟང་པོའི་ཡོན་ཏན་ལྷུན་གྱིས་གྲུབ་པའི་ཚུལ་ནི། མཁས་པའི་རྣམ་དཔྱོད་གོང་དུ་སྨོས་མ་ཐག་པ་དེ་རྣམས་ལས་ཀྱང་ཤེས་ཤིང་། དེ་ཡང་གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཚིག་ལ་མི་རྟོན་དོན་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་སྟེ་བཞི་པོ་ཚང་བ་ལ་མཁས་པ་ཟེར་ཞིང་། དེ་ཡང་ནང་དུ་ཡེ་ཤེས་ལ་རང་དབང་འབྱོར་ཞིང་ཆོས་ཉིད་སྐྱེ་མེད་ཀྱི་དོན་ལ་མཁས་པའི་རང་རྩལ་ལས་སྐུ་ཚེ་འདིར་ལོ་ཟླ་མང་པོའི་སྡུག་ཡུས་ཀྱིས་སྦྱངས་བརྩོན་བྱས་པ་ལྟ་བུ་མིན་ཀྱང་མཁྱེན་རབ་ཀྱི་ཀློང་བརྡོལ། ཆོས་ཐམས་ཅད་རང་གྲོལ་དུ་ཤེས་པའི་མཁས་པ་ཆེན་པོ་དོན་དང་ལྡན་པ། ཕྱི་འདུལ་མངོན་མདོ་སྡེ་གསུམ་དང་། ནང་བྱ་སྤྱོད་རྣལ་འབྱོར་བླ་མེད་དེ་རྒྱུད་སྡེ་བཞིའི་ཚིག་དོན་ཐམས་ཅད་ལ་བསྙེལ་བ་མི་མངའ་ཞིང་མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་གཉིས་འཛོམ་པས་རང་གཞན་གྱི་དོན་ཐམས་ཅད་བདེ་བླག་ཏུ་སྒྲུབ་ནུས་ཤིང་། ཆོས་ཐམས་ཅད་མི་བརྗེད་པའི་གཟུངས་དང་མངོན་པར་ཤེས་པ་མངའ་བས་སློབ་མའི་རྒྱུད་དང་མཚམས་པར་འདོམས་པའི་སྟོན་པ་སྨྲ་བའི་དབང་ཕྱུག་ཟླ་མེད་པ་ཡིན་ནོ། །དེ་སྐད་དུ་ཡང་། མཁས་མཁས་ཡང་དག་རིག་པའི་དོན་ལ་མཁས། །ཇི་ལྟ་ཇི་སྙེད་ཤེས་བྱ་ཐམས་ཅད་མཁྱེན། །ཀུན་མཁྱེན་བླ་མ་གངས་ཅན་འཛིན་མའི་ཁྲོད། །མང་ཐོས་བློ་གསལ་དབུས་ན་ཆེས་མཁས་མཁས། | |||
།གཉིས་པ་བཙུན་པའི་ངང་ཚུལ་འགྲན་ཟླས་དབེན་པ་ནི། ཕྱི་སོ་ཐར་གྱི་སྡོམ་པའི་དབང་དུ་ན། དགེ་ཚུལ་སློང་གི་སྡོམ་པའི་གནས་ཕྲ་རགས་ཐམས་ཅད་ལ་འཇུག་ལྡོག་ཤིན་ཏུ་གཟབས་པ་དང་། རྒྱུན་དུ་ངུར་སྨྲིག་གི་རྟགས་འཆང་ཞིང་སྐུ་ཚེ་དེར་དགུང་བཅད་ཁོ་ན་མཛད་པས་དུས་འདའ། ནང་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ན་ཚུལ་ཁྲིམས་རྣམ་པ་གསུམ་ལ་ཉེས་པའི་དྲི་མས་མ་གོས་ཤིང་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པས་གསོལ་བ་ཤ་གཏན་ནས་མི་བཞེས་ནའང་སྐུ་ཉམས་རྒྱས་ཤིང་གཟི་བརྗིད་དང་ལྡན་ལ། སྐྱེ་བོ་ངན་པ་གཞན་གྱི་ལོག་སྒྲུབ་ཐམས་ཅད་བཟོད་པའི་ངང་ཚུལ་ཅན་དང་། གསང་སྔགས་རྡོ་རྗེ་ཐེག་པའི་དབང་དུ་བྱས་ན་སྤྱི་དང་བྱེ་བྲག་གི་དམ་ཚིག་གི་གནས་ལས་མི་འདའ་ཞིང་རྟག་ཏུ་རྡོར་དྲིལ་གླེགས་བམ་འབྲལ་མེད་དང་། བདུད་རྩི་རིལ་བུ་བསྟེན་པ་སོགས་རྒྱུན་དུ་མཛད། ཞལ་ནས་ཀྱང་དེང་དུས་སྔགས་ལ་ཞུགས་པ་རྣམས་འདུལ་བའི་དབང་དུ་བྱས་ན་ཆོས་གོས་རྣམ་གསུམ་འབྲལ་མེད་བྱེད་པ་མང་པོ་འདུག་ཀྱང་ཕལ་ཆེར་ཚུལ་འཆོས་ཤས་ཆེ་ཞིང་། སྔགས་ཀྱི་ལུགས་ལ་རྡོར་དྲིལ་ཙམ་ཡང་འབྲལ་མེད་བཅངས་མཁན་མི་འདུག་ཅེས་ཐུགས་གཅོང་བའི་ཚུལ་བསྟན། རྒྱུན་དུ་ཆོས་གསུང་པའི་སྐབས་མ་གཏོགས་ཐུན་བཞིར་བཞུགས་ནས་མཚན་བཅས་མཚན་མེད་ཀྱི་ཏིང་ངེ་འཛིན་ཁོ་ནར་བརྩོན། ཞལ་ཏ་གནང་ནའང་བླ་མ་རྣམས་ཀྱི་ལོ་རྒྱུས་རྣམ་ཐར། ཆོས་ཀྱི་བགྲོ་གླེང་ལས་དོན་མེད་ཀྱི་རྩེད་མོ་ཀུ་རེ་ངག་འཁྱལ་ཆགས་སྡང་གི་རིགས་གཏན་ནས་མི་གསུང་པས་མཚོན་བཙུན་པའི་ཁྱུ་མཆོག་ཆེན་པོར་བཞུགས་པའོ། །གང་ཐུགས་ཉེས་པའི་དྲི་མ་རྣམས་དང་མི་མཛའ་ཞིང་། །གང་ཞིག་སྒོ་གསུམ་བག་མེད་འཆོལ་བར་སྤྱོད་པ་ནི། །གང་གི་སྤྱན་སྔར་དགྲ་བོ་ལྟར་གྱུར་མངོན་མཐོང་བས། །གང་ཁྱོད་ཐ་མལ་ཡན་པར་ཤོར་བའི་གཏམ་གྱིས་དབེན། །རྟག་ཏུ་དྲན་ཤེས་ནོར་དང་མི་འབྲལ་ཞིང་། །དགོངས་སྤྱོད་ཟབ་མོ་རྒྱ་མཚོའི་འཇིང་ཇི་བཞིན། །ཇི་ཙམ་བརྟགས་ཀྱང་ཁྱེད་ཀྱི་གཏིང་མི་དཔོག །ཡོན་ཏན་རིན་ཆེན་ནམ་མཁའི་དབྱིངས་དང་མཚུངས། །གསུམ་པ་བཟང་པོའི་ཕྲིན་ལས་ཀྱིས་བྱ་བ་ལས་ཀྱི་འཁོར་ལོ་མཛད་པའི་ཚུལ་ནི། སྡེ་དགེ་ཡབ་ཆེན་བོད་ཕྱོགས་བྱོན་ཤུལ་དངུལ་གདུང་བླ་མ་ཟླ་བ་བཅོ་བརྒྱད་ཀྱི་བར་དུ་མཛད་ནས་ཞབས་བརྟན་སྒྲུབ་པ་དང་། རྒྱལ་བའི་བསྟན་པ་འཇིག་རྟེན་གྱི་ཁམས་སུ་ཡོད་མེད་ནི་འདུལ་བ་གཞི་གསུམ་གྱི་ཆོ་ག་ཡོད་མེད་ལ་ལྟོས་པ་ཅན་ཡིན་པས་ལྷུན་གྲུབ་སྟེང་དུ་དབྱར་གནས་ཀྱི་མཁན་པོར་རྗེ་འདི་ཉིད་ལྕགས་གླང་ལོར་མངའ་གསོལ་ནས་ས་རྟ་ལོའི་བར་དུ་ལོ་བཅོ་བརྒྱད་ལ་མཁན་པོའི་འགན་བཞེས་ནས་འདུལ་བའི་ཕྱག་བཞེས་ཞིབ་ཐེར་དང་། དབྱར་གནས་པའི་དགེ་འདུན་ཞལ་གྲངས་བརྒྱ་ཕྲག་ཐལ་བར་འཕེལ་ཞིང་སྒྲིག་ལམ་ཤིན་ཏུ་དམ་པ་དང་། གསུང་ཆོག་རིགས་ཀྱང་སྦྱིན་བདག་གི་ཚོགས་རྫོགས་ངེས་མཛད་ཅིང་དབྱར་གནས་ཀྱི་དེབ་ཡིག་གསར་བཀོད་དང་གཏན་བཞག་སོགས་རྒྱ་ཆེར་མཛད། རྒྱ་ཟིང་གི་འཚུབས་ཆེ་སྐབས་ཀྱང་ཆོས་སྡེ་ཆེན་པོའི་སྲོག་ཤིང་མཁན་ཆེན་འདི་ཉིད་ཀྱིས་བཟུང་སྟེ་དགེ་འདུན་རྣམས་ལ་མོ་བཅའ་ཆང་ཁྲིམས་སྡོམ་པས་རྒྱུད་ཆུད་མ་ཟོས་པ་དང་། དགོན་པའི་བཅའ་སྒྲིག་མ་ཉམས་ཤིང་ཚེས་དུས་སྒྲུབ་མཆོད་མ་ཆག་པ་དང་། བླ་མ་ལྷ་སྲུང་གི་ཐུགས་དམ་རྒྱུད་བསྐུལ་ཁོ་ནར་བརྩོན་པའི་བྱིན་མཐུས་འཚུབ་འགྱུར་ཞི་ཞིང་སྡེ་དགེའི་ཆབ་སྲིད་རང་འཇགས་དང་། གཞུང་ས་ཆེན་པོའི་ཕྲིན་ལས་ཀྱི་འཇུག་པས་ཅི་བདེ་བར་ཁྱབ། བསྟན་དགོན་ཡང་སྔར་ལས་ཇེ་རྒྱས་སུ་གྱུར་པ་ཡང་རྗེ་འདི་ཁོ་ནའི་བཀའ་དྲིན་ཡིན་པ་ནི་དྲང་པོར་གནས་པ་རྣམས་ཀྱི་ཐུགས་ལ་གསལ་བ་དང་། བླ་མ་རིན་འབྱུང་མཆོད་ཆོག་དབྱར་གནས་སྐབས་འཛུགས་པར་མཛད། དགོན་འདིར་ལོངས་སྤྱོད་འཕེལ་བ་བླ་མ་རིན་འབྱུང་གི་བྱིན་རླབས་ཡིན་པའི་རྨི་ལམ་བྱུང་གསུང་། འགའ་ཞིག་གིས་འདུལ་འཛིན་གསེར་ཐེབས་ཅན་མཆོད་པའི་འབྲས་བུ་ཡིན་པར་སེམས་པ་མཆིས་ཀྱང་། དགེ་འདུན་སྤྱི་ནས་སྒྲོལ་མ་གསུང་ཆེས་པ་དང་། བླ་མ་རིན་འབྱུང་གི་བྱིན་རླབས་ཡིན་པར་ཐེ་ཚོམ་བྲལ། ཆོས་སྡེ་ཆེན་པོར་འདུ་བ་ཆེན་མོའི་དབུ་བཞུགས་རྒྱ་དུས་སུ་ལོ་ནར་བཞིན་མཛད་པ་དང་། ཕྱིས་སུའང་ལན་གཉིས་ཙམ་མཛད་ཅིང་ལོ་བསྟར་བཞིན་འདུས་པ་རྒྱ་མཚོར་གསུང་ཆོག་དང་འབྲེལ་བའི་སྐུ་ཡོན་ཕྱག་འགྱེད་དང་། མང་ཇའི་བསྙེན་བཀུར། གཙུག་ལག་ཁང་དུ་འཕན་དང་ཡོ་བྱད་སོགས་རྒྱ་ཆེར་བཞེངས། ས་དཀར་དགོན་དང་ལྕགས་ར་དགོན་སོགས་ལའང་དབྱར་གནས་ཀྱི་མཁན་པོ་མཛད་ཐོག་ཕྱག་བཞེས་ཞིབ་བཅའ་འཁྲིད་མཛད་པ་དང་། དྲྭ་སྒང་ཡར་མན། འཇིགས་བྱེད་སྒྲུབ་གྲྭ་སོགས་ལའང་ལུགས་གཉིས་ཀྱི་སྒོ་ནས་བླ་དཔོན་གྱི་ཐུགས་དམ་རྒྱུད་བསྐུལ་དང་འབྲེལ་རྟེན་ཐེབས་སྦྱོར་འཇགས་དང་། ཉམས་གསོས་འབྱུང་བའི་ལྷན་ཅིག་བྱེད་རྐྱེན་ལ་སྐུ་ཤེད་རྩལ་ཕྱུངས་མཛད་པས་བཤད་སྒྲུབ་ཀྱི་བསྟན་པའི་གཞི་རྩ་ཐེངས་པ་དང་། དྲྭ་སྒང་སྒྲུབ་སྡེར་རྗེ་ཉིད་དང་། དཔལ་འཇམ་ཞིང་གཤེགས་ཀྱི་ཕྱག་རྫས་བཅས་ཀྱིས་གཏན་བཞག་ཤིན་ཏུ་རྒྱ་ཆེན་མཛད། མདོར་ན་དད་རྫས་ཐམས་ཅད་གནས་མིན་དུ་མ་ཤོར་བ་དཀོན་མཆོག་གི་ཞིང་སར་འགྲོ་ངེས་གནང་བ་ལས་ལོག་འཚོའི་གཟི་བྱིན་མི་སྒྲུབ། རྗེ་ཉིད་ཀྱང་སྐུ་ཆས་ངན་ངོན་ཙམ་གྱིས་ཆོག་ཤེས་པར་མཛད། དུས་རྟག་ཏུ་རང་གི་དོན་དུ་འདོད་ཆུང་ཆོག་ཤེས་ཁོ་ནར་མཛད་ཅིང་། གཞན་ལ་ཕན་པ་དངོས་དང་བརྒྱུད་ནས་ཅི་འགྱུར་མཛད་དོ། །གཞན་ཡང་སྡེ་དགེ་སྲས་ཆུང་གི་མགོན་ཁང་གསར་བཞེངས་ལ་ཕྱི་ནང་གསང་བའི་རྟེན་རྣམས་ཕྱག་བཞེས་དང་། ཐོག་མཐའ་བར་གྱི་འགན་བཞེས་རབ་གནས་དཀར་ཆག་བཅས་མཛད། དཔལ་མཆོག་རིགས་ལྔ་མཆོད་རྟེན་འཇིག་ལ་ཉེ་བ་ཉམས་པ་གསོས། ལྕགས་རའི་འཇིགས་བྱེད་ལྷ་ཁང་གསར་བཞེངས་ལ་མཐུན་འགྱུར་གནང་། ཆུ་ཁྱི་ལོར། སྤར་དཔོན་ངག་དབང་འཇིགས་མེད་མཆོག་ནས་བསྟན་དང་འགྲོ་བའི་དཔལ་གྱུར་བསྔགས་འོས་ཟངས་གསེར་གྱི་མགོན་པོ་བཞེངས་སྐབས་དམ་པ་དེ་ཉིད་ཀྱིས་རྟེན་བཞུགས་མཛད་པས་མགོན་པོའི་སྐུ་ལ་གཟི་འོད་ཀྱི་བྱིན་ཆགས། ཡེ་ཤེས་པ་མངོན་སུམ་ཐིམ་པའི་རྣམ་འགྱུར་ས་གཡོ་བའི་སྒྲ་ཆེར་བྱུང་བར་མཁས་བླུན་ཀུན་གྱི་རྣ་བར་ཐོས། ལྷག་པར་ཞལ་དང་ལྷ་མོའི་གསང་འཁོར་བྲི་སྐབས་རས་གཞི་ལ་རྗེ་ཉིད་ཀྱིས་བྱང་སེམས་བྱུགས་པ་ཙམ་གྱིས་འཁོར་ལོའི་རི་མོ་ལྷ་བྲིས་ལས་གསལ་བར་ཡིད་ཆེས་པའི་གནས་སུ་གྱུར་ཅིང་ཕྱིས་སུ་གཟུངས་འབུལ་མཁན་རྣམས་ཀྱིས་ཀྱང་མངོན་སུམ་མཇལ་རྒྱུ་ཡོད་པ་བྱུང་བས་ད་ལྟ་ཞལ་གྱི་སྐུ་ནང་བཞུགས། མགོན་པོའི་གཟུངས་ཆས་ཉེར་མཁོ་གྲི་རྐང་གྲི་རུས་ཕྱོགས་ཀུན་བཙལ་ཡང་མ་རྙེད་ཅིང་དེ་ལྟར་རྒྱུ་མཚན་ཞུ་འཕྲལ་ཡེ་ཤེས་སྤྱན་གྱིས་ཉེ་བར་གཟིགས་ཏེ་སྤར་ཁང་དུ་ཡོད་པའི་མངོན་སུམ་ལུང་དུ་སྟོན་པ་ལྟར་གྲུབ་པ་མ་ཟད། དགེ་བའི་བཤེས་གཉེན་ངག་དབང་འཇིགས་མེད་ལ་གཞན་ཡང་ཞལ། ཡུམ་ཆེན། ལྷ་མོ། དམག་ཟོར་མ། དུར་ཁྲོད་བདག་པོ། པུ་ཏྲ་ལྷ་ལྔ་བཅས་བཞེངས་ལུགས་ཞལ་བཀོད་གནང་བ་བཞིན་ཆུ་སྤྲེལ་ལོར་འདི་བཞིན་གྲུབ་པས་དུས་གསུམ་མངོན་པར་མཁྱེན་པའི་ཡེ་ཤེས་སྒྲིབ་པའི་དྲི་མ་ཙམ་གྱིས་མ་གོས་པ་ཚད་མས་གྲུབ་པ་དང་། ལྷུན་གྲུབ་སྟེང་གི་ལྷ་ཁང་ཐམས་ཅད་ལ་ཉམས་གསོས་རྗེ་ཉིད་དང་གཞན་ལ་བསྐུལ་བས་མཚོན་གནད་དུ་སྨིན་པ་དང་། གཟིམ་ཁང་དུའང་སྐུ་འདྲ་གསར་རྙིང་མང་པོ་དང་། གསུང་རབ་ཀྱི་ཚོགས་མང་པོ། རྒྱུད་སྡེའི་ཙཀ་དཀྱིལ་དབང་ཆས་སོགས་བཞེངས་པར་མཛད། ཚོགས་དང་། མཆོད་པ། བསྐང་བ་རྣམས་ཆ་ཅན་ཆ་འཕར་ཤིན་ཏུ་རྒྱས་སྤྲོས་གནང་། སྡེ་དགེའི་རྡོ་ཁོར་རྣམ་རྒྱལ་མཆོད་རྟེན་ལའང་ཞལ་འདེབས་རྒྱ་ཆེར་གནང་ཞིང་རྟེན་རྩ་ཆེན་སྣེ་མང་འཇོག་པར་མཛད། ངོས་ཀྱི་མཁྱེན་བརྩེའི་བཀའ་འབུམ་སྤར་ནང་ལའང་ཞལ་འདེབས་གནང་བས་མཚོན་གཞན་དགེ་བ་བྱེད་པ་དག་ལའང་གནང་སྦྱིན་ཞལ་འདེབས་དང་། ཆོས་དོན་གཉེར་བ་རྣམས་ལའང་གསོལ་རས་སོགས་ཆད་མེད་སྦྱིན་པར་མཛད་པས་བྱང་ཆུབ་སེམས་དཔའ་གཏོང་བ་ལ་དགའ་ཞིང་སྦྱིན་པའི་ཕར་ཕྱིན་རྫོགས་པར་མཛད་པ་འདི་ཁོ་ནས་ཀྱང་ཐུབ་བསྟན་སྤྱི་དང་བྱེ་བྲག་ཐམས་ཅད་གསལ་བར་བྱེད་པའི་དཔལ་ཡོན་ཆེན་པོར་བཞུགས་པས་བཟང་པོའི་ཕྲིན་ལས་སྲིད་མཐར་ཁྱབ་པར་མཛད་པའོ། །རང་འདོད་སྦྲུལ་གདུག་ངན་པ་ཀུན་བཅོམ་ཞིང་། །གཞན་ཕན་སྤོས་ཀྱི་གླང་པོས་ཁུར་ཆེན་ཁྱེར། །ཕྱིན་དྲུག་གསེར་གྱི་དྲྭ་བས་ལེགས་པར་མཛེས། །འཕགས་པ་ཀུན་ཏུ་བཟང་པོའི་རྣམ་ཐར་སྙོགས། །ཆོས་བརྒྱད་བདུད་ཀྱི་སྒེག་མོའི་བཞིན་རས་ལ། །ཐལ་བས་བྱུག་ཅིང་བསྟན་འགྲོའི་མཆོད་སྡོང་ཆེར། །ཛམ་བུའི་གསེར་གྱིས་ལན་སྟོང་བྱུག་པ་ལ། །ངལ་ངུབ་སྤངས་པའི་ཚངས་པ་ཆེན་པོ་གང་། །འགྲོ་ཁམས་རྒྱ་མཚོར་བརྩེ་བའི་གྲུ་ཆར་འབེབས། །བྱང་ཆུབ་སེམས་ཀྱི་ཀླུ་དབང་རོལ་པ་ལས། །གནས་སྐབས་མཐར་ཐུག་ཕན་བདེའི་ནོར་བུ་སྦྱིན། །སྦྱིན་མཁས་དཔལ་ལྡན་བླ་མ་ཁོ་ནར་ངེས། །དམ་པ་མང་ཡང་གཞན་ལ་ཕན་པ་དཀོན། །ནོར་བུ་མང་ཡང་ཕོངས་པ་སེལ་བ་དཀོན། །བདག་གི་འདྲེན་མཆོག་དཔལ་ལྡན་སྲིད་ཞིའི་མགོན། །དེ་ནི་གཞན་དོན་གཉེར་བས་དུས་འདའོ། །བསྟན་པ་རིན་ཆེན་རྒྱ་མཚོའི་མཐའ་ཁྱབ་པའི། །ཕྲིན་ལས་བཟང་པོ་དང་ལྡན་བླ་མ་རྗེའི། །སྐུ་ཡི་སྣང་བ་གསུང་གི་ཟེར་ཕྲེང་ནི། །ཡང་ཡང་དྲན་པས་ཡིད་ལ་གདུང་བ་སྟེར། །དེ་ལྟ་ན་ཡང་དྲན་པའི་མཆོག་རབ་ནི། །བླ་མ་དྲན་པས་སྲིད་ཞིའི་འཇིགས་པ་འཕྲོག །དགེ་ལེགས་སྣང་སྟེར་མུན་སེལ་སྒྲོན་མེ་ཆེར། །ཀུན་ཏུ་བཟང་པོའི་ཕྱག་མཆོད་སྟོབ་པར་བགྱི། །བཅས་རང་ཉེས་ལྟུང་གངྒཱའི་ཆབ་ཀྱིས་བཀྲུས། །གཞན་གྱི་དགེ་ལ་ཕྲག་པ་མི་དོག་ཅིང་། །མྱ་ངན་མི་འདའ་ཆོས་ཀྱི་ཁྲི་ལ་བཞུགས། །དགེ་ཚོགས་གྲུབ་པ་བསྟན་འགྲོའི་དོན་དུ་བསྔོ། །ཞེས་བཀའ་དྲིན་དྲན་ཞིང་ཡན་ལག་བདུན་པའི་མཆོད་སྤྲིན་གྱི་ཚིགས་སུ་བཅད་པའོ། | |||
།སྤྱི་དོན་གསུམ་པ་ཡོངས་སུ་མྱ་ངན་ལས་འདའ་བའི་མཛད་པ་ཐ་མ་སྟོན་པའི་ཚུལ་ནི། དེ་ཡང་རྟག་འཛིན་ཅན་རྣམས་བཟློག་པའི་ཆེད་དུ་ཞིང་འདིའི་གདུལ་བྱ་རེ་ཞིག་རྫོགས་པ་དང་། ཞིང་གཞན་དུ་རྫོགས་སྨིན་སྦྱོང་བ་མཛད་པའི་དགོངས་པ་ལ་ཐུགས་ཉེ་བར་གཞོལ་བ་ན་གཟུགས་སྐུའི་བཀོད་པ་བསྡུ་བའི་ཚུལ་བསྟན་པར་བཞེད་ནས་ལྕགས་རྟ་ལོར་འཇིགས་བྱེད་སྒྲུབ་མཆོད་གནང་སྐབས་ཉིན་གཅིག་ཤེར་དབང་མཐར་དབྱངས་གསལ་བཟླ་བ་ན་སྐུ་འཕར་གཡོ་མང་དུ་མཛད་པ་དང་། དེའི་ཕྱི་ཉིན་དབང་བཞི་པའི་མཐར་མཉམ་བཞག་ཡུན་རིང་ཆེས་པས་འགའ་ཞིག་གིས་གཟིམ་འགྲོ་བ་རེད་སྙམ་ཟེར། དེ་ལོ་སྒྲུབ་མཆོད་དེས་ཐུགས་ལ་འགྱུར་བ་ཆེན་པོ་བྱུང་གསུངས། ཉིན་གཅིག་ཞབས་ཅུང་ཟད་སྐྲངས་པས་དེ་སྔ་ཡན་ཆད་བད་སྨུག་ཞིག་གིས་ཅུང་ཟད་མནར་བ་ལས་ན་ཚ་མ་མྱོང་། དེ་མི་ཚེ་གཅིག་ལ་མི་ན་མི་ཚ་བ་མི་འོངས། ལོའང་ཆེན་པོ་ཡིན་ན་ཚོད་ཤི་ཚོད་ཡིན་གསུང་པ་དེ་ནས་བརྩམས་བསྙུང་གཞིའི་མགོ་ཟུག །སྟོན་རྒྱབ་བསྙུང་གཞི་ཡར་དྭངས་སྐབས་ད་ཕྱིན་འཕར་ལྡང་གཅིག་བྱུང་ན་སང་ཕོད་དཔྱིད་ཀ་ཙམ་ཡིན་འདུག་ཅེས་དེར་ཡོད་ཞིག་ལ་གསུངས་པ་ཐོས། ལོ་གཅིག་ལྷག་ཙམ་སྙུང་ཚུལ་བསྟན་ཀྱང་སྐུ་ལྕི་ཉམས་ཙམ་ལས་བསྙུན་ཟུག་ཅི་ཡང་མེད་པར་ཐུགས་དམ་རྒྱུན་ལྟར་དང་། མཛད་འཕྲིན་མཐའ་སྡུད་ཀྱི་ཚུལ་དུ་འཆད་རྩོམ་རྒྱུན་མར་གནང་། འཇིགས་བྱེད་རྭ་ལུགས་ཐུན་མོང་མ་ཡིན་པའི་སྨིན་གྲོལ་ཟབ་རྒྱས་ལན་གཉིས་བསྩལ། སྡེ་སྣོད་འཛིན་པ་ཐུབ་བསྟན་འཕེལ་རྒྱས་ལ། ཀྱེ་རྡོར་རྩ་རྒྱུད་བརྟག་གཉིས་གསུང་བཤད་འཕྲོ་རྒྱས་སྤྲོས་ཀྱིས་གསུངས། བསྟན་པའི་སྦྱིན་བདག་ཆོས་སྐྱོང་བའི་རྒྱལ་སྲས་ཐའི་ཇི་༢ཚེ་དབང་བདུད་འདུལ། རྒྱ་གར་ནུབ་ཕྱོགས་ཀྱི་རྒྱུད་དུ་བྱུང་བ་ལྔ་རིག་སྨྲ་བའི་སློབ་དཔོན་བསྟན་འཛིན་རྒྱལ་མཚན། ཡོངས་འཛིན་བླ་མ་ཀུན་དགའ་སེང་གེ། འཚོ་བྱེད་མཁས་དབང་བླ་མ་ཨ་ཚངས་སོགས་རྒྱལ་སྲིད་རིན་པོ་ཆེའི་གྲངས་ལ། འཇིགས་བྱེད་རྭ་ལུགས་ཐུན་མིན་སྨིན་གྲོལ་ལུང་བཅས་ཟབ་རྒྱས་ཕུལ་གནང་མཛད། གཞན་ཡང་སྐལ་ལྡན་གྱི་སློབ་ཚོགས་རྣམས་ལ། གསུང་ཆོས་སྐོར་དང་མདོ་སྔགས་གང་ལ་གང་འདོད་ཀྱི་ཁྲིད་ལུང་རྒྱ་ཆེར་གནང་བས་དུས་འདའ། དེ་སྐོར་བརྩེ་བ་ཆེན་པོའི་རིང་ལུགས་འཛིན་པ་ས་དགོན་ཉེར་བདུན་ལ་ཞབས་བརྟན་དགེ་བསྐུལ་འབྲེལ་འཇོག་རྟེན་དངོས་རྫས་གྱ་ནོམ་པ་རྒྱ་མ་ཆུང་བ་ཕུལ་བས། བྱ་རྒྱུད་ཚེ་དཔག་ལྷ་དགུའི་དཀྱིལ་འཁོར་གྱི་ཚེ་ཆོག་ཁྲི་ཚར་མ་ལོང་ཙམ་དང་། དཔོན་ཁག་སོ་སོས་ཞབས་བརྟན་རྒྱ་ཆེར་ཕུལ་༢རྒྱལ་བཀའ་རིན་པོ་ཆེ་དག་ཚར་གསུམ་ཡང་སྒྲུབ། དེ་ནས་དགུང་གྲངས་རེ་བཞིར་ཕེབས་པའི་ལྕགས་ལུག་ཟླ་བ་གསུམ་པའི་ནང་གཞུང་གི་རིམ་གྲོ་དྲུག་ཅུ་ཉིན་དྲུག་བསྙུན་བཞིན་པའི་ངང་ནས་གནང་བས་དུས་འགྱུར་ཕྱིར་བསྲིངས་འདི་ཁོ་ནའི་སྐུ་དྲིན་ཀྱང་གཞལ་བར་དཀའ། ཞལ་ནས་ཀྱང་ང་ཡི་ལུས་སྲོག་འདི་བསྟན་དོན་དུ་བསྔོས་ཟིན་པས། མངོན་སྤྱོད་ཀྱི་ལས་ཇི་ལྟར་བརྩམ་དགོས་ན་དོགས་པ་ཅིའང་མེད་ཅེས་ཕེབས། ཡང་སློབ་མ་འགའ་རེ་སྐུ་མདུན་ཕྱིན་ནས་བསྙུན་དྲིས་ཞུས་པ་ན། ནད་ཟུག་གཟེར་ཆེར་མེད་ན་བ་འདིས་ཉམས་ལེན་ལ་བོགས་ཆེ་ཆོས་ཐམས་ཅད་འཁོར་འདས་དབྱེར་མེད་ཀྱི་ངང་ལས་མི་འདའ་བར་འདུག་སྣང་བ་ཤིན་ཏུ་སྐྱིད་དོ་གསུངས། སྐབས་དེའི་སྔ་རྗེས་ཐམས་ཅད་དུ་དབོན་རྣམ་གཉིས་ཀྱིས་འཚོ་བྱེད་བོས་ཏེ། སྨན་དཔྱད་དང་ཞབས་རིམ་ས་དགོན་རྣམས་ཀྱིས་གཙོས་ཐམས་ཅད་ལ་རྒྱ་ཆེར་སྒྲུབ་པ་དང་། དགོན་ཆེན་དུའང་སྤྱི་སྒེར་སོ་སོ་ནས་ཞབས་བརྟན་ཤིན་ཏུ་རྒྱ་ཆེན་དང་། བླ་མ་འཇམ་དབྱངས་རྒྱལ་མཚན་གདན་ཞུས་ཀྱིས་ཚེ་དབང་སྐུ་ཁྲུས་སོགས་ཉིན་མང་པོར་གསུང་པ་དེ་རྣམས་དོན་ཡོད་པར་འགྱུར་བའི་ཕྱིར་བསྙུང་གཞི་སེང་དྭངས་ལྟ་བུར་ཉིན་མང་པོར་སྟོན་པར་མཛད། བླ་མ་འཇམ་རྒྱལ་ལ། ནད་འདི་ཕོག་ནས་རྣམ་རྟོག་ཡེ་མེད་པ་ལྟ་བུ་ཞིག་རེད། ནད་འདིས་སྒྲིབ་པའི་ལྷག་མ་ཐམས་ཅད་བྱང་བ་ཡིན་པ་འདྲ། ང་ཤི་ནའང་དོན་མ་འགྲུབ་པ་གསུམ་ཡོད་དེ། དགོན་འདིར་སློབ་གྲྭ་ཞིག་འཛུགས་རྒྱུ། དྲྭ་སྒང་སྒྲུབ་གྲྭ་ལྔ་བཅུ་བར་ཁ་འགེངས་རྒྱུ། དགོན་ཆེན་གྲྭ་རྒྱུན་རྣམས་དང་པོར་ལམ་བསྒོམ་ཤེས་ཀྱི་ཐོས་བསམ་ཞིག་བྱས། དེ་ནས་བསྙེན་པ་ཚད་ལྡན་རེ་སློབ་དཔོན་མཁས་པ་ཞིག་གིས་མགོ་འཛིན་དང་འབྲེལ་མཚམས་གྲྭ་ལྟ་བུ་ཞིག་འཇོག་དགོས་པ་གསུམ་ཡིན། དེ་ལས་གཞན་དུ་འགྱོད་པ་ཅི་ཡང་མེད་གསུང་པ་ནི་རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་འདའ་ཀའི་ཞལ་ཆེམས་དང་མཚུངས་པར་སྣང་། ཧོར་ཟླ་༣ཚེས་༢༣ཉིན་སྙུང་ཁམས་ཆེར་འཁྲུགས་པའི་ཚུལ་སྟོན་པ་ན། ཉེ་གནས་རྣམས་ཀྱིས་དུས་འཁོར་ཆོག་གྲྭར་ཞབས་རིམ་སྒྲུབ་རྟེན་ཕུལ། མཁན་ཆེན་ལ་དགོངས་བརྟག་དང་འཚོ་བྱེད་དྲངས་རྒྱུ་སོགས་བྲེལ་རྟབ་མྱ་ངན་གྱིས་ཉམ་ཐག་པ་ན་ཉེ་འབྲེལ་ལྟོས་བཅས་སྡུག་བསྔལ་གྱི་དབུགས་དབྱུང་ཕྱིར་ཉིན་གུང་སྙུང་ཁམས་དྭངས་ཚུལ་བསྟན་ནས་བུ་སློབ་སྒྲུབ་བརྩོན་དམ་ཆོས་བསྟན་པས་བསྐུལ་བའི་ངོར་འཇམ་མགོན་བློ་གཏེར་དབང་པོའི་གསུང་པོད་སྤར་བྱང་ཚན་གཉིས་སམ་བཀྲ་ངོས་གསུང་རྩོམ་གནང་། དཔལ་སྤུངས་སྐྱབས་མགོན་སི་ཏུ་རིན་པོ་ཆེའི་མདུན་ཕུལ་རྒྱུར། གུར་མགོན་སྤར་སྐུ་བརྒྱད་ཕྱག་སྦྱར་མཛད། སྙུང་ཁམས་ཤིན་ཏུ་དྭངས་ཞིང་དགྱེས་ཉམས་ཀྱིས་འཇམ་མགོན་རིན་པོ་ཆེའི་རྣམ་ཐར་སོགས་དང་། ཆོས་ཀྱི་འབེལ་གཏམ་མང་པོ་དབོན་ཚུལ་དཔལ་ལ་གསུངས། ཚེས་༢༤ནམ་ལང་ཁར་བསྙུན་འདྲི་ཞུས་པས་ད་ནང་ཤེས་པ་ཡེ་དང་མེད་ལུས་ཅི་འདྲ་མ་ངེས་རླུང་ཁམས་ཅུང་ཟད་འཁྲུག་འདུག་གསུང་། ཞལ་ཟས་ཕུལ་བས་བཞེས་ཏེ་ཕྱེད་དབོན་ཆེ་བ་ལ་གནང་། ཅུང་ཞིག་ནས་དུས་རྒྱུན་དང་མ་འདྲ་བར་སྐུ་བཞེངས་ཏེ། དེ་རིང་གཟའ་ཅི་ཡིན་གསུང་། རེས་གཟའ་ཟླ་བ་ལགས་ཞུས་པས་དབུལ་ཉི་རེད་ཀྱང་། ཕལ་པས་བཟང་པོར་བརྩི་བས་སྐྱོན་མེད་དེ་རིང་འདིར་ཆེར་མ་འོང་གསུང་ནས། གྲི་ལྕགས་ལས་གྲུབ་སོར་གདུབ་ཆུང་ངུ་ཞིག་ཡོད་པ་ཚུལ་དཔལ་ལ་གནང་ནས་སྐུ་ཆིངས་གསོལ་གཟན་ཤམ་མནབ་ནས་ལམ་དུས། ཆབ་གཏོར། གཏོར་བསྔོ་བཅས་གྲུབ་པར་མཛད། ཉེ་གནས་པས་ཉི་མ་སྔ་གྲོ་རེད་གཏོར་བསྔོས་མཛད་མི་རན་ཞུས་པར། ང་འཁྲུལ་འདུག་སྔ་ཕྱི་ནམ་འདོན་ན་འདྲ་གསུངས། དེ་ནས་རྟེན་སྒམ་ཁྱེར་ཤོག་གསུང་ནས་འཕེལ་གདུང་ཁག་དང་། བྱིན་རྟེན་སྐོར་ཡོངས་རྫོགས་བཞེས། རྔ་རོལ་མང་པོ་བྱེད་གྲགས་ཆོས་ཉིད་མའི་སྒྲུབ་མཆོད་གྲོལ་བ་ཨི་རེད་གསུང་། ཉེར་གནས་ཀྱིས་ཁར་སེང་སྔ་མོ་ནས་གྲོལ་ཚར་ངེད་ནས་ཅི་ཡང་མི་གོ་འདུག་ཞུས་པས་ཅིའང་མི་གསུང་། ཞལ་ནུབ་ཏུ་ཕྱོགས་དགོས་གསུང་ནས་རྗེ་རྡོ་རྗེ་འཆང་བློ་གཏེར་ཞབས་ཀྱིས་གནང་བའི་དབུ་རྒྱན། རྡོར་དྲིལ་དང་ཆོས་གོས་སྣམ་སྦྱར་ཁྱེར་ཤོག་གསུངས་པས་དེ་རྣམས་བླངས་ཏེ་མདུན་ཅོག་ཁར་བཞག །དབོན་ཚུལ་དཔལ་ནས་ཕན་བདེ་མཁན་ཆེན་སོགས་ལ་སྙན་གསན་ཕུལ་སོང་འཕྲལ་དེ་རྣམས་བྱོན་པ་ན་ཅིའང་མི་གསུང་བར་བཞུགས། ཉིན་ཕྱེད་ཡོལ་ཙམ་ན། ཕཊ་དྲག་པོ་གསུམ་གསུང་པ་དང་སྐུ་དྲང་པོར་བསྲངས་ཏེ་བླ་མ་རིན་ཆེན་འབྱུང་ལྡན་གྱི་ཕྱག་སྟབས་དང་བཅས་དགོངས་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་གཉིས་ཟུང་དུ་འཇུག་པའི་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག་པར་གྱུར་ཏོ། །དེར་བཞུགས་པའི་ཕྱི་ནང་གི་རྟགས་རྣམས་ཀྱང་གསལ་བར་བྱུང་ཞིང་ཐུགས་དམ་གསལ་འདེབས་དང་ཆོས་ཀྱི་དབྱིངས་ལས་གཟུགས་སྐུར་བཞེངས་བསྐུལ་ཕན་བདེ་མཁན་ཆེན་རིན་པོ་ཆེས་མཛད། ཐུགས་དམ་གྲོལ་བའི་རྟགས་གསལ་བར་བྱུང་བ་ན་སྐུ་གདུང་གི་ཞབས་འདེགས་ཞུས་སྐབས་འདོམས་ཀྱི་སྦ་བ་སྦུབས་སུ་ཚུད་པ་སོགས་མི་སློབ་པའི་ཟུང་འཇུག་མངོན་དུ་མཛད་པ་ལ་སོམ་ཉི་མ་མཆིས་སོ། །ཀྱེ་མ་བསྟན་པའི་ཉི་མ་ནུབ་རིར་གཤེགས་པ་ཡི། །གཏམ་འདི་ཐོས་པས་བདག་སྙིང་འགས་སམ་སྙམ། །འདི་ཚུལ་བརྗོད་པས་གདུང་བ་འཕེལ་བྱེད་ན། །དངོས་སུ་མཐོང་བ་སེམས་ལྡན་སུ་ཞིག་བཟོད། །འཇིག་རྟེན་སྒྲོན་མེ་གང་དུ་གཤེགས་པར་གྱུར། །བསྟན་པ་རིན་ཆེན་འདམ་རྫབ་ཁྲོད་དུ་བྱིངས། །ཐར་འདོད་རྣམས་ཀྱི་དཔྲལ་བའི་མིག་སྟོར་ཞིང་། །གླིང་འདིར་མུན་པ་ཆེན་པོས་ཁྱབ་པར་གྱུར། །ཀྱེ་མ་ཀྱི་ཧུད་མགོན་པོ་དབྱིངས་སུ་གཤེགས། །བདག་ཅག་སློབ་འབངས་ཚོགས་རྣམས་ཤུལ་དུ་ལུས། །འདི་འདྲའི་སྡུག་བསྔལ་ཁྲོད་དུ་འདོར་ཕོད་དམ། །བསྟན་པའི་སྣང་བྱེད་མྱུར་དུ་བཞེངས་སུ་གསོལ། །སྐྱབས་གཅིག་བླ་མ་རྡོ་རྗེ་འཆང་དབང་གི། ཐུགས་རྗེ་ཆེན་པོས་ངེས་པར་དགོངས་ནས་སུ། །འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །ཁྱེད་ཀྱིས་བདག་ཅག་ནམ་ཡང་མ་གཏོང་ཞིག །ཉིན་མཚན་ཀུན་ཏུ་གསོལ་བ་འདེབས་བྱེད་ན། །བུ་གཅིག་མ་ཡིས་བརྩེ་བ་ཇི་བཞིན་དུ། །ལེགས་ཉེས་སྐྱིད་སྡུག་ཅི་དང་ཅི་བྱུང་ཡང་། །རྡོ་རྗེ་འཆང་དངོས་བླ་མ་ཁྱེད་རང་མཁྱེན། །ཞེས་པའི་གདུང་དབྱངས་ཀྱང་ཐལ་ལོ། | |||
།དེ་ནས་ཆོས་ཀྱི་དབྱིངས་སྟོང་པ་ཆེན་པོ་ལས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། དེ་ཡང་། སྒྲུབ་ཐབས་རིན་ཆེན་འབར་བ་ལས། །རང་ཉིད་ལྷ་ཡི་རྣལ་འབྱོར་ལས། །བདུད་རྩི་འཁྱིལ་པ་བཟླས་པ་ཡི། །དྲི་ཞིམ་ཆུ་ཡིས་དང་པོར་བཀྲུ། །རྣམ་སྣང་མཛད་དུ་དེ་བསམས་ནས། །ཞེས་དང་། ཀྱེ་རྡོར་རྒྱས་པ་ལས། སྐུ་གསུང་ཐུགས་ཀྱི་རིག་སྔགས་གདགས། །རང་གི་ལྷའམ་གཞན་ཡང་རུང་། །སྙིང་པོ་སྙིང་གར་གདགས་པར་བྱ། །ཁྲུས་ཀྱིས་དག་བྱས་བདུད་རྩི་བྱུགས། །ཞེས་འབྱུང་བ་ལྟར་རྣམ་སྨེའི་ཁྲུས་སྒྲུབ་སྟེ་སྐུ་ཁྲུས་གསོལ། གནས་ཡིག་ཕུལ། ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བཞུགས་སུ་གསོལ་ནས་བླ་མཆོད་དང་འབྲེལ་བའི་མཆོད་པ་རྒྱ་ཆེར་ཕུལ། ཧོར་ཟླ་བཞི་པའི་ཚེས་གཅིག་ལ་སྐུ་གདུང་རིན་པོ་ཆེ་དཀྱིལ་འཁོར་བཞི་ལ་བརྟེན་མཁན་ཆེན་རིན་པོ་ཆེའི་དབུས་བྱས་པ་རྣམས་ཀྱིས་ཞུགས་འབུལ་བྱས། གདུང་ཞལ་དབྱེ་བ་ན། ཤེལ་ལྟར་དག་པ་དང་། ནམ་མཁའ་ལྟར་སྔོ་བའི་ཞུན་ཐིགས་ཆེ་ཕྲ་མང་པོ་དང་། རིང་བསྲེལ་གྱི་ཚོགས་མང་དུ་བྱུང་ཞིང་གདུང་རྣམས་དགུང་ཞག་མ་རྫོགས་བར་སྤྱི་བྱེ་ནས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་ཆེར་སྟོབས། །རྗེ་དབོན་རྣམ་གཉིས་ནས་དགོངས་རྫོགས་ཀྱི་མཆོད་སྤྲིན་རྒྱ་ཆེར་སྤྲོ་བ་ལ་ཞུགས་ཏེ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཁྲི་ཆེན་རིན་པོ་ཆེ་དང་། གདུང་སྲས། ཕུན་ཚོགས་ཕོ་བྲང་གི་གདུང་སྲས་རྣམ་གཉིས། གཞན་སྐུ་ངོ་ཁག་རྣམས་དང་། ཨེ་ཝཾ་བླ་གཞུང་མཁན་ཆེན། བླ་ཁག་མཁན་ཞབས་ཐམས་ཅད་དང་། སྡེ་ཁུལ་ཀཿདཔལ་ཞེ་རྫོགས་དཔལ་སྤུངས་སོགས་བླ་ཆེན་ཁག་རྣམས་ལ་མཆོད་བསྔོ་སྤུས་ནོམ་ལྡན་པ། ངོས་ལའང་ཆིབས་འགྲོས་ལྡན་སོགས་མཆོད་བསྔོ་རྟེན་རྒྱ་ཆེར་སྩོལ་ཞིང་། བླ་མ་འཇམ་རྒྱལ། བྲག་ར་རྡོ་རྗེ་འཆང་ལ་སོགས་པ་རིན་པོ་ཆེ་རྣམས་ཀྱི་མདུན་དུ་དགོངས་རྫོགས་མཆོད་སྤྲིན་རྒྱ་ཆེར་སྟོབ། ལྷུན་གྲུབ་སྟེང་རང་དུ། ཕན་བདེ་མཁན་ཆེན་དབུས། དབྱར་མཁན། ཤར་ནུབ། རྒྱལ་མཚན། དབུ་ཟུར་ཁག་རྣམས་དབུས་བྱས། ཆོག་གྲྭ་མང་བ་རེ་དང་བཅས་དགུང་ཚིགས་བདུན་ཕྲག་གསུམ་ལ་བླ་མ་རྡོ་རྗེ་འཆང་གི་ཐུགས་དམ་སྙིང་པོ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་མཆོད་དང་། དེ་རྗེས་མཁའ་སྤྱོད། ཀུན་རིག་དགུང་བདུན་རིང་རྒྱུན་འདོན། མི་འཁྲུགས་སྒྲུབ་མཆོད་བདུན་ཕྲག་གཅིག །དགུང་ཚིགས་བདུན་པར་ངོས་དབུས་བྱས་པས་ཀྱེ་རྡོར་སྒྲུབ་མཆོད་དང་། རྫོགས་པའི་ཉིན་གཙུག་ལག་ཁང་བསམ་འགྲུབ་མཐོང་གྲོལ་ཆེན་མོར་ཚོགས་པ་ཞིབ་རྒྱས་ཀྱིས་ཀུན་རིག་ཆོ་ག་དང་འབྲེལ་བར་ཡོན་འབུལ་རྒྱ་ཆེར་སྟོབ། ངོས་འདུས་པར་བཅས་པས་དགེ་རྩ་རྫོགས་བྱང་དུ་བསྔོ་བའི་ཁུལ་བྱས། དེ་དག་གི་སྐབས་སུ། སྤོས་མར་མེ་ཞལ་ཟས་རྣམས་ཤིན་ཏུ་རྒྱ་ཆེ་བར་ཕུལ། མདོར་ན་དངོས་རྫས་ཐམས་ཅད་ཡོད་དགུ་རྩལ་སྤྲུགས་ཀྱིས་བླ་མ་རྡོ་རྗེ་འཆང་གི་དགོངས་པ་རྫོགས་ཐབས་ལ་འབད་པ་ལྷུར་བླངས་ཤིང་། གདུང་རུས་རྣམས་ལ་རུས་སྦྱོང་གི་ཆོ་ག་གྲུབ་རྗེས་དྲི་བཟང་གི་ཆུས་བཏུལ་ནས་སྐུ་དང་སཱཙྪ་གྲངས་མེད་བཏབ། ནང་རྟེན་དུ་གཙུག་ལག་ཁང་ཆེན་པོར་བཞུགས་རྒྱུའི་འཇམ་དཔལ་དབྱངས་གསེར་ཟངས་ལས་གྲུབ་པ་རྒྱང་མཐོ་བརྒྱད་པར་བྱོན་ལེགས་རྟེན་ཁྱད་པར་འཕགས་པ་དུ་མ་དང་། རིང་བསྲེལ་རྣམ་བཞིས་ཕྱུར་བུར་གཏམས་པ་དང་། འཇིགས་བྱེད་ཀྱི་སྣང་བརྙན། བླ་མ་རྡོ་རྗེ་འཆང་ཉིད་ཀྱི་འདྲ་ཞལ། ཕྱི་རྟེན་ཁང་བུ་བརྩེགས་པའི་མཆོད་རྟེན་བཞེངས་རྒྱུ་སོགས་རྗེ་དབོན་ཟུང་ནས་མཛད་དང་མཛད་འགྱུར་ཡིན་ལ་འདི་སྐོར་རྒྱུ་འགྲོས་ཞིབ་བཅའ་བརྗོད་ན་དགེ་བ་ངོམ་པའི་སྐྱོན་དུ་འགྱུར་བས་མ་བྲིས་སོ། །དེ་ལྟར་ཟག་མེད་ཆོས་ཀྱི་དབྱིངས་སུ་ཐིམ་ཡང་བརྩེ་ཆེན་ཐུགས་རྗེའི་ཤུགས་ཀྱིས་བསྐུལ་བས་ཞིང་འདི་དང་གཞན་དག་ཏུ་སྤྲུལ་པའི་རོལ་གར་ངེས་པ་དང་མ་ངེས་པ་སྣ་ཚོགས་པས་གདུལ་བྱ་རྒྱ་མཚོར་གང་ལ་གང་འདུལ་གྱི་ཐབས་མཁས་ཟབ་མོས་འདུལ་བར་མཛད་པ་ནི། གཞན་དོན་རྒྱུན་མི་འཆད་པ་ཐེག་ཆེན་འཕགས་པའི་ཁྱད་ཆོས་བླ་ན་མེད་པ་ཡིན་ཏེ། སྤྱོད་འཇུག་ལས། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ཇི་ལྟར་རེ་བ་ཡོངས་སྐོང་བ། །དེ་བཞིན་གདུལ་བྱར་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ་། །ཞེས་དང་། རྒྱུད་བླ་མ་ལས། གཞན་གྱི་དབང་གིས་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་འཆད། །ཅེས་དང་། རྒྱུད་རྡོ་རྗེ་གུར་ལས། འདུལ་བའི་འཇིག་རྟེན་སྣང་ནས་ནི། །འདི་ཡིས་གཟུགས་ནི་དུ་མར་བྱེད། །སངས་རྒྱས་སེམས་ཅན་བསྐྱབ་བཞེད་པས། །སངས་རྒྱས་གར་ནི་རོལ་པར་མཛད། །ཅེས་གསུངས་པ་ལྟར་རྣམ་རོལ་མཐའ་ཡས་པ་འབྱུང་བ་ནི་ཡང་དག་པའི་ཚད་མས་ངེས་པའོ། །གང་ཞིག་དད་པས་བླ་མ་མཆོད་བྱེད་ན། །ཕྱོགས་བཅུའི་རྒྱལ་བ་མཆོད་དང་བསོད་ནམས་མཉམ། །དེ་ཡི་ཕན་ཡོན་བརྗོད་ལས་འདས་པ་ཞིག །བདེན་པར་སྨྲ་བས་བཀའ་སྩལ་དེ་ཡི་ཕྱིར། །དད་གུས་ལྷག་བསམ་དྲག་པོས་བརྩོན་པ་རྣམས། །འདི་ཕྱིའི་དོན་ཆེན་ད་ལྟ་ཉིད་ནས་འགྲུབ། །བླ་མ་མཆོག་ཉིད་མངོན་འཚང་རྒྱ་བའི་ཚེ། །འདུས་པ་དང་པོར་སྐྱེ་བར་གདོན་མི་ཟ། །དྲང་དོན་གཟུགས་སྐུ་སྣང་བར་མ་གྱུར་ཀྱང་། །ངེས་པའི་དོན་ལ་སྐྱེ་འཕོའི་ཆོས་ལས་འདས། །ད་ནི་རང་སེམས་བླ་མ་ཧེ་རུ་ཀར། །ཤེས་པའི་ངང་ནས་འབྲལ་མེད་རྟག་ཏུ་མཇལ། །འོག་མིན་ཞིང་ཞེས་རིང་བར་མི་སེམས་ཤིང་། །རང་སྣང་གར་ཁྱབ་འོག་མིན་གཞལ་མེད་ཁང་། །དེ་ན་བླ་མ་བཞུགས་པས་བདག་ཡིད་སྤྲོ། །ཅིར་སྣང་ཐམས་ཅད་བླ་མའི་རོལ་པར་བལྟ། །ཞེས་རང་གིས་རང་ལ་དབུགས་དབྱུང་བས་ཉམས་དགའ་བར་བྱས་སོ། །དེ་རྣམས་ཀྱིས་བླ་མ་རྡོ་རྗེ་འཆང་གི་རྣམ་ཐར་དོན་གྱི་སྙིང་པོར་དྲིལ་བ་ལས། གཞན་བྱོན་བཞུགས་དང་འགྲོ་དོན་མཛད་ཚུལ་གྱི་ཟླ་ཚོད་ཚེས་གྲངས་སོགས་ཞིབ་ཆ་ཕྱག་ཐོ་འཁོད་མེད་པར་མ་ཟད་རྗེ་ཉིད་ཀྱིས་ཞལ་ནས། བླ་མ་རྣམས་ཀྱི་རྣམ་ཐར་ནང་། རྟ་མཛོ་སོགས་འབུལ་བ་བྱུང་རབས། ཕར་བཤད་ཚུར་བཤད་བྱས་ཚུལ་སོགས་བྲི་བར་འདུག་པ་དགོས་པ་མེད་ཅེས་ཡང་ཡང་ཕེབས་པས་དེ་འདྲའི་ངལ་བ་ལ་ཞུགས་པར་མ་བྱས་སོ། །སླར་སྨྲས་པ། བདག་བློ་སྐྱེས་སྦྱངས་པད་སྣལ་ལྟ་བུར་ཆེས་ཕྲ་ཡང་། །དད་དང་མོས་གུས་དབྱར་རྔས་བསྐུལ་བའི་མདོང་མཐའ་བཞིན། །ཤིན་ཏུ་དད་སྤྲོའི་ཚུལ་འདི་འབྲི་བར་བརྩོན་པ་ལས། །བྱུང་བའི་དགེ་བ་རྒྱ་མཚོའི་རྡུལ་སྙེད་ཐོབ་པ་རྣམས། ༡། ཀུན་མཁྱེན་ཀུན་དགའི་རྒྱལ་ཚབ་བླ་མ་རྗེའི། །ཟག་མེད་ཐུགས་ཀྱི་དགོངས་པ་རྫོགས་ཕྱིར་འབུལ། །བླ་མའི་བྱིན་རླབས་སེམས་ལ་ཞུགས་པ་དང་། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག༢། སྐྱེ་བའི་ཕྲེང་བ་ཀུན་ཏུ་བླ་མ་རྗེའི། །ཞབས་མཐིལ་བདེ་ཆེན་འཁོར་ལོར་བཀོད་བྱས་ནས། །གསུང་གསང་གདམས་པའི་ཀེ་ལ་ཤ་ཡི་རྒྱུན། །སྤྱི་བོ་ནས་ཞུགས་བདག་རྒྱུད་སྨིན་པར་ཤོག༣། མཐའ་ཡས་འགྲོ་བའི་སྡིག་ལྟུང་ཚང་ཚིང་མ་ལུས་སྲེག །ཡེ་ཤེས་རྡོ་རྗེས་བདག་ཏུ་རྟོག་པའི་བྲག་རི་བཅོམ། །ལུས་ཀྱི་དལ་ལ་དཀྱིལ་འཁོར་བཞི་པོ་རབ་སྨིན་ནས། །སྐུ་བཞིའི་རྒྱལ་ཐབས་དཀའ་བ་མེད་པར་རྙེད་གྱུར་ཅིག༤། བཀྲ་ཤིས་གང་ཞིག་ཀུན་འདུས་བླ་མ་ཡིད་བཞིན་ནོར་བུའི་སྤྲིན་ཆེན་ལས། །བྱུང་བའི་གྲུ་ཆར་དལ་གྱིས་འབེབས་པས་འཛམ་གླིང་ཡངས་པའི་ཁྱོན་ཀུན་ཁྱབ། །ཕན་བདེའི་སྣང་བ་བརྒྱ་ཕྲག་གསར་པ་བདོ་བས་མི་མཐུན་རྒུད་པ་ཞི། །བསྟན་དང་བསྟན་འཛིན་དར་ཞིང་རྒྱས་ལ་ཕུན་ཚོགས་ཕྱོགས་ལས་རྣམ་རྒྱལ་ཤོག༥། ཅེས་མཁན་ཆེན་རྡོ་རྗེ་འཆང་ངག་དབང་བསམ་གཏན་བློ་གྲོས་ཀྱི་རྣམ་པར་ཐར་པ་སྙིང་པོར་དྲིལ་བ་བཀྲ་ཤིས་འདོད་འཇོ་ཞེས་བྱ་བ་འདིའང་རྗེ་དེ་ཉིད་ལ་དད་པ་དང་དམ་ཚིག་འགྱུར་བ་མེད་པ་གུས་སློབ་ཡེ་ན་དགེ་སློང་ཤེས་རབ་ཕུན་ཚོགས་ནས་བཀྲ་ཤིས་པའི་ལྷ་རྫས། ལི་མེ་སྤུས་ལྡན་གྱི་སྐྱེས་དང་བཅས་འདི་ལྟར་བྲིས་ཞེས་བསྐུལ་བ་ན་རྣམ་ཐར་རྩ་ཐོ་བྱུང་ན་དེ་བཞིན་བགྱི་བར་ཁས་བླངས་པ་བཞིན་སྐུལ་བ་པོ་ཉིད་ནས་དཀའ་ཚེགས་ཆེན་པོས་ཞིབ་མོར་བྲིས་ཏེ་རྩ་ཐོ་བྱུང་བ་རྣམས་དང་། མཁན་ཆེན་ཉིད་ཀྱི་ཞལ་འཕྲོས་གནང་བ་དང་། གསང་བའི་རྣམ་ཐར་བཀའ་དྲིན་ཆེན་པོས་སྩལ་བའི་ཤོག་དྲིལ་ཉིད་དོན་གྱི་སྙིང་པོར་བཟུང་སྟེ། འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོའི་བྱིན་རླབས་ཀྱི་ཟེགས་མ་ཙམ་ཐོབ་ཅིང་འཁོར་ལོའི་མགོན་པོ་འདི་ཉིད་ལས་ཟབ་རྒྱས་ཆོས་ཚུལ་རྒྱ་མཚོ་ཙམ་ཐོབ་པའི་བཀའ་དྲིན་གྱིས་འཚོ་ཞིང་སློབ་འབངས་ཀྱི་ཐ་ཆུང་ཆོས་མེད་སྙོམ་ལས་པ་རྨོངས་བརྟུལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ལྕགས་ལུག་ཐ་སྐར་ཟླ་བ་དགུ་པའི་ཚེས་བཅུ་ནས་དབུ་བརྩམས། ཟླ་བ་དེའི་ཚེས་བཅུ་གཉིས་སྔ་ཆར་གྲུབ་པར་བགྱིས་པའི་སྐབས་སྔ་རྗེས་སུ་ཀུན་མཁྱེན་བླ་མ་དེ་ཉིད་ས་ནས་སར་འཕགས་པའི་ལྟས་ས་ཆེན་པོ་སྔ་ཕྱི་ལན་བདུན་དུ་གཡོ་བའི་ལྟས་མཚན་བཟང་པོ་དང་བཅས་བྲིས་པ་ཚེ་རབས་ཐམས་ཅད་དུ་མགོན་པོ་མཆོག་དེས་ཐུགས་རྗེས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཤུ་བྷཾ་མ་སྟུ་སརྦ་ཛ་ག་ཏཾ། མངྒ་ལཾ། ། ༈ | |||
རྡོ་རྗེ་འཆང་དང་གཉིས་སུ་མི་ཕྱེད་པའི། །ཁྱབ་བདག་དཔལ་ལྡན་བླ་མ་མཆོག་གི་སྐུ། །ལྕགས་ལུག་ནག་པ་ཟླ་བ་ཉེར་བཞིའི་དུས། །བདེ་ཆེན་ཆོས་སྐུའི་དབྱིངས་སུ་གཤེགས་པར་མཛད། །ཁུ་བོ་ཆོས་ཀྱི་ཉི་མ་ནུབ་པ་ནི། །དམུས་ལོང་ཁང་པ་ཆེན་པོའི་གཡང་དུ་ལྷུང་། །འོན་ཀྱང་ཟབ་དགོངས་ཡོངས་སུ་རྫོགས་པའི་ཕྱིར། །བདོག་པའི་དངོས་པོས་བླ་མ་དམ་པ་ལ། །རྣམ་དག་མཆོད་པའི་ཚུལ་ལ་བརྩོན་པར་བྱས། །རྣམ་ཀུན་མཆོག་ལྡན་མཉམ་པ་གྲོལ་མཚམས་སུ། །རྒྱུད་སྡེ་རྣམ་བཞིའི་དཀྱིལ་འཁོར་ལ་བརྟེན་ཏེ། །སྐུ་གདུང་རིན་ཆེན་ཞུགས་ལ་ཕུལ་བའི་སྐབས། །མཁའ་ལ་ཡེ་ཤེས་ལྔ་ཡི་འོད་འཕྲོ་ཞིང་། །འཁོར་ལོ་དཔལ་བེའུ་ལ་སོགས་སྣ་ཚོགས་མཐོང་། །སྒལ་ཚིགས་སོ་གཉིས་དཀྱིལ་འཁོར་སྣ་ཚོགས་བྱོན། །གདུང་རུས་རིན་པོ་ཆེ་ཡི་སྙིང་པོར་གྱུར། །དེར་ཡང་གཅིག་ལས་གཉིས་ཆད་བསམ་མི་ཁྱབ། །བདག་ཅག་དད་པའི་ཞིང་དུ་ངོ་མཚར་རྨད། །དེ་ལྟའི་དྲིན་ཆེན་ཆོས་ཀྱི་རྒྱལ་པོ་ལ། །མི་ཕྱེད་སྙིང་ནས་དད་པས་ཕྱག་བགྱིས་ཏེ། །རྣམ་དག་འདུས་པའི་བྱེ་བྲག་སྡེ་གསུམ་གྱིས། །རྣམ་གསུམ་བསོད་ནམས་ཞིང་ལ་སྤྱན་འདྲེན་ནས། །རྣམ་དཀར་བླ་མ་མཆོད་པའི་ཆོ་ག་དང་། །རྣམ་མང་ཐུགས་དམ་གཙོ་བོའི་སྒྲུབ་མཆོད་བསྐོར། །རྣམ་འདྲེན་ཐམས་ཅད་རིག་པའི་དཀྱིལ་འཁོར་ཆེར། །རྣམ་ཀུན་དགུང་བདུན་བར་དུ་སྒྲུབ་ཅིང་མཆོད། །རྣམ་མཁྱེན་བླ་མའི་དགུང་ཞག་མ་རྫོགས་བར། །རྣམ་གྲོལ་སྒྲུབ་ཁག་ལྔ་ལ་མཆོད་བསྙེན་དང་། །ཁྱད་པར་ཚོགས་མང་བསྙེན་བཀུར་བརྒྱད་ཙམ་ཕུལ། །གཞན་ཡང་གསར་རྙིང་དགོན་གནས་སོ་དྲུག་དང་། །སྒྲུབ་བརྩོན་དབེན་རིར་བཞུགས་པའི་བླ་མ་སོགས། །ཀུན་ལ་དངོས་པོའི་འབྱོར་པ་གྱ་ནོམ་ཕུལ། །འགྲོ་བ་ཀུན་གྱི་བསོད་ནམས་ཞིང་མཆོག་ཏུ། །འཇམ་དཔལ་ཞི་ཁྲོ་གསང་བའི་བདག་པོ་དང་། །རྡོར་སེམས་ཡབ་ཡུམ་ཚེ་སྦྱིན་མགོན་པོ་དང་། །འཕགས་མ་སྒྲོལ་མ་ས་སྐྱ་པཎ་ཆེན་ཞབས། །གསེར་ཟངས་ལས་གྲུབ་རིང་བསྲེལ་སྙིང་པོ་ཅན། །རྣམ་རྒྱལ་མཆོད་སྡོང་དམ་པའི་འདྲ་ཞལ་སོགས། །སྐུ་གསུང་ཐུགས་རྟེན་ཕྲ་རགས་དུ་མ་ཡང་། །བྱིན་རླབས་གཟི་འོད་འབར་བའི་རྟེན་དུ་བཞུགས། །མདོ་ཙམ་སྨོས་པའི་དགེ་བའི་མཆོད་སྤྲིན་དང་། །ཚོགས་གཉིས་རིན་ཆེན་དུས་གསུམ་བསགས་པའི་དགེས། །དྲིན་ཆེན་ཆོས་ཀྱི་རྗེ་ཡི་སྤྱན་ལམ་དུ། །རྣམ་དག་མཆོད་སྤྲིན་རྒྱ་མཚོར་འགྱུར་བར་ཤོག །སླར་ཡང་རབ་འབྱམས་ཞིང་ན་སྐུ་སྤྲུལ་སྟེ། །བསྟན་འགྲོའི་དོན་ཀུན་ལྷུན་གྱིས་གྲུབ་པ་དང་། །བདག་ཀྱང་འཁོར་གྱི་ཐོག་མར་རྗེས་བཟུང་ཞིང་། །མགོན་པོ་ཁྱེད་དང་འབྲལ་བ་མེད་པར་ཤོག །ཅེས་ཁུ་བོ་རྡོ་རྗེ་འཆང་གི་སྤྱན་སྔར་དགེ་བའི་མཆོད་སྤྲིན་འབུལ་བའི་བར་གྱི་ཤོ་ལོ་ཀ་བཅུ་གཉིས་འདི་རྣམས་རྩེ་གཅིག་ཏུ་སྨོན་པའོ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 08:33, 1 June 2024
🚧 This website is under continued development. We appreciate your patience!
Wylie title | mkhan chen rdo rje 'chang ngag dbang bsam gtan blo gros kyi rnam par thar pa bkra shis 'dod 'jo | |
---|---|---|
Location | chos kyi blo gros bka' 'bum Volume 4, Text 55, Pages 593-683 (Folios 1a to 46a6) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Associated People | སྡེ་དགེ་མཁན་པོ་བསམ་གཏན་བློ་གྲོས་ (sde dge mkhan po bsam gtan blo gros) | |
Citation | 'jam dbyangs mkhyen brtse chos kyi blo gros. mkhan chen rdo rje 'chang ngag dbang bsam gtan blo gros kyi rnam par thar pa bkra shis 'dod 'jo. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 593-683. Bir, H.P.: Khyentse Labrang, 2012. | |
Genre | Biographies - Hagiography - rnam thar | |
Colophon |
| |
|
1 Texts in this Section (sde tshan or chos tshan)