PJCW-KABUM-02-KHA-049: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
No edit summary |
||
(One intermediate revision by the same user not shown) | |||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=བདུད་ཀྱི་རྒྱུ་བརྟགས་ཏེ་སྤོང་ཚུལ་གྱི་མན་ངག་བདུད་ལས་རྣམ་རྒྱལ། | |||
|fulltitle=bdud kyi rgyu brtags te spong tshul gyi man ngag bdud las rnam rgyal | |||
|collectiontitletib=དཔལ་སྤྲུལ་བཀའ་འབུམ། | |||
|collectiontitle=dpal sprul bka' 'bum | |collectiontitle=dpal sprul bka' 'bum | ||
|author=Dpal sprul rin po che | |author=Dpal sprul rin po che | ||
|authortib=དཔལ་སྤྲུལ་རིན་པོ་ཆེ་ | |authortib=དཔལ་སྤྲུལ་རིན་པོ་ཆེ་ | ||
| | |tibgenre=Pith Instructions - man ngag | ||
|terma=No | |||
|language=Tibetan | |language=Tibetan | ||
|volumenumber=02 | |volumenumber=02 | ||
| | |volnumtib=༢ | ||
|volyigtib=ཁ | |||
|totalvolumes=6 | |||
|textnuminvol=049 | |textnuminvol=049 | ||
|multivolumework=No | |||
|pdflink=File:PJCW-KABUM-02-KHA-049.pdf | |pdflink=File:PJCW-KABUM-02-KHA-049.pdf | ||
|volumeLetter=KHA | |||
|InitCategories=Khyentse Lineage Project; PJCW-KABUM-Volume-02-KHA | |InitCategories=Khyentse Lineage Project; PJCW-KABUM-Volume-02-KHA | ||
}} | }} | ||
Line 21: | Line 27: | ||
བདུད་ཀྱི་ཚོགས་ལས་རྒྱལ་གྱུར་ཅིག །འགྲོ་བ་སྐྱོབ་པའི་སྐྱབས་གཅིག་པོ། །སྐྱབས་གསུམ་འདུ་འབྲལ་མེད་པ་ཡི། །རྒྱལ་བ་སྲས་དང་བཅས་ལ་འདུད། །བཅོམ་ལྡན་སྐྱེ་བོའི་དོན་ཆེད་དུ། །བཀའ་ལུང་མན་ངག་ལས་བྱུང་བའི། །བདུད་བརྟག་མན་ངག་མདོར་བསྡུས་བྲི། | བདུད་ཀྱི་ཚོགས་ལས་རྒྱལ་གྱུར་ཅིག །འགྲོ་བ་སྐྱོབ་པའི་སྐྱབས་གཅིག་པོ། །སྐྱབས་གསུམ་འདུ་འབྲལ་མེད་པ་ཡི། །རྒྱལ་བ་སྲས་དང་བཅས་ལ་འདུད། །བཅོམ་ལྡན་སྐྱེ་བོའི་དོན་ཆེད་དུ། །བཀའ་ལུང་མན་ངག་ལས་བྱུང་བའི། །བདུད་བརྟག་མན་ངག་མདོར་བསྡུས་བྲི། །སྤྱིར་རྟེན་གྱི་གང་ཟག་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་བརྩོན་འགྲུས་ཅན་ལ་ལམ་བརྟན་པ་མ་ཐོབ་བར་དུ་སྒྲུབ་པ་ལ་བར་དུ་གཅོད་པའི་བདུད་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། །མདོར་བསྡུ་ན། སྤྱིའི་བདུད་དང་། བྱེ་བྲག་གི་བདུད་དོ། །དང་པོ་ལ་བཞི་ལས། བདག་འཛིན་གྱིས་བསྐྱེད་པའི་ཉོན་མོངས་ཕྲ་རགས་དུ་མས་ལོག་ལམ་དུ་ཁྲིད་ཅིང་ཐར་ལམ་ལ་བར་དུ་གཅོད་པ་ནི་ཉོན་མོངས་པའི་བདུད་དོ། །ཟག་བཅས་ཀྱི་ཕུང་པོ་ལྔ་ལ་བདག་ཏུ་བཟུང་བས་འཁོར་བའི་སྡུག་བསྔལ་ལ་སྦྱོར་ཞིང་ཟག་མེད་ཀྱི་ལམ་གྱི་གེགས་བྱེད་པ་ནི་ཕུང་པོའི་བདུད་དོ། །ལམ་མཐར་ཕྱིན་ལོང་མེད་པར་དུས་དང་དུས་མ་ཡིན་པར་ཚེ་སྲོག་འཕྲོག་པ་འཆི་བདག་གི་བདུད་དོ། །ལྷའི་བདུད་འདོད་ཁམས་ཀྱི་བདག་པོ་དགའ་རབ་དབང་ཕྱུག་བཙུན་མོ་དང་འཁོར་དང་ཡང་འཁོར་བདུད་ཀྱི་རིགས་ལྷ་འཁོར་དཔག་མེད་ཡོད་པ་དེ་དག་གི་ལས་ནི་བདུད་སྡིག་ཅན་ཆུང་མ་དང་བཅས་པའི་སྨིན་མཚམས་ནས་དྲེགས་པར་བྱེད་པ་ལ་སོགས་པ་མེ་ཏོག་གི་མདའ་ལྔ་འཕང་པས་གང་ལ་ཕོག་པ་དེའི་ཉོན་མོངས་ལྔ་ཤས་གང་ཆེ་བ་དེ་ཉིད་རབ་ཏུ་འབར་བར་གྱུར་ཏེ། དེའི་དབང་དུ་སོང་བས་བྱང་ཆུབ་ཀྱི་ལམ་ལས་ཉམས་པར་འགྱུར་རོ། །དེའི་འཁོར་འཇིག་རྟེན་སྐྱོང་བ་བཞི་ནི། འཐབ་པར་བྱེད་པའི་བདུད་ཀྱིས་ནི་ལམ་བསྒྲུབ་པ་རྣམས་གཞན་དང་འཐབ་རྩོད་འགྱེད་པའི་སྐྱོན་དུ་མ་འབྱུང་བར་བྱེད། གཡེང་བར་བྱེད་པའི་བདུད་ཀྱིས་གཡེང་བ་དང་འདུ་འཛི་ཉེ་བར་སྒྲུབ་ཅིང་ཐོས་བསམ་སྒོམ་པའི་དུས་ཀུན་ཏུ་གཉིད་དང་རྨུག་པ་འཕེལ་བར་བྱེད། ལྷག་པར་རབ་ཏུ་ཆགས་པར་བྱེད་པའི་བདུད་ཀྱིས་ནི་ཕལ་ཆེར་ཁྱིམ་པ་རྣམས་ལ་བར་དུ་གཅོད་དོ། །སྦྱིན་པ་བྱེད་དུས་ཟས་ནོར་འདི་དག་བདག་ཉིད་དང་བུ་སྨད་ལ་དགོས་སྙམ་དུ་སེམས་ཤིང་རང་གི་ཤ་གཅོད་པ་ཙམ་དུ་མི་ཕོད་པའི་འདུ་ཤེས་ཉེ་བར་སྐྱེ་བར་བྱེད་དོ། །འདུ་ཤེས་ལག་པར་སྒྱུར་བའི་བདུད་ཀྱིས་ནི་ཕལ་ཆེར་རབ་བྱུང་རྣམས་ལ་འཚེ་སྟེ། རབ་ཏུ་བྱུང་བར་འདོད་པའི་ཚེ། འཁྲིག་པའི་བདེ་བ་དང་། བཟའ་བཏུང་ཉེ་དུ་གླུ་གར་སོགས་དྲན་ཞིང་དེ་རྣམས་ལ་ཆགས་པ་དང་། རང་གི་ཉེ་དུ་སོགས་ཀྱིས་འབྲིད་སྡིག་སྣ་ཚོགས་ཀྱིས་བཤོལ་དུ་འཇུག་པ་དང་། རབ་ཏུ་བྱུང་ཟིན་པ་དག་ལ་ཡང་། འཁྲིག་པའི་བདེ་བ་དང་། སྔོན་གྱི་བརྩེ་རོགས་རྣམས་དང་། ཚོང་དང་ཞིང་ལས་བཟོ་དང་སྨན་དཔྱད་རྣམས་ཡིད་ལ་དྲན་ཞིང་། ཟང་ཟིང་ཉེ་བར་སྒྲུབ་འདོད་པ་དང་རྨི་ལམ་དུ་ཡང་བུད་མེད་དུ་སྤྲུལ་ནས་ཆགས་པ་སློང་ཞིང་ཁམས་ཉམས་པར་བྱེད་པ་སོགས་ཐབས་དུ་མས་ཚངས་སྤྱོད་འབེབས་པའམ་དྲི་མ་ཅན་དུ་བྱེད་དོ། །གཞན་ཡང་བདུད་བཞི་པོ་དེས་བསྐུལ་ནས་ཀླུ་དང་གནོད་སྦྱིན་མ་རུངས་པ་དག་གིས་ཆོས་དང་ལྡན་པ་རྣམས་ཀྱི་སྲོག་འཕྲོག་པ་དང་ལུས་ལ་ན་ཚ་གཏོང་བར་བྱེད། བདུད་རིགས་ཀྱི་ཡི་དྭགས་སུམ་ཅུ་རྩ་དྲུག་གིས་བསམ་གཏན་པ་རྣམས་ལ་གཟུགས་མི་སྡུག་པ་དང་སྒྲ་མི་སྙན་པ་དུ་མས་འཇིགས་པར་བྱེད་པ་དང་། སངས་རྒྱས་ཀྱི་སྐུ་མཚན་དཔེས་སྤྲས་པ་སོགས་ཀྱང་བསྟན་ནས། ང་རྒྱལ་དང་། རློམ་སེམས་བསྐྱེད་ནས་བར་དུ་གཅོད་དོ། །དེ་ལྟར་ཆོས་བྱེད་རྣམས་ལ་བདུད་ཀྱིས་སྡང་བའི་དོན་ཡང་། དཔེར་ན་མི་ཞིག་རང་གི་རྗེ་དཔོན་ལ་ངོ་ལོག་པར་བྱས་ན། རྒྱལ་པོ་དེས་དེ་ལ་ཐབས་དུ་མས་རྒོལ་བ་ལྟར། སྐལ་ལྡན་གྱི་གང་ཟག་འཁོར་བར་བློ་ལོག་ཅིང་། དཀོན་མཆོག་ལ་དད་པ་སྐྱེས་ནས་ཐོས་བསམ་སྒོམ་གསུམ་ལ་བརྩོན་པར་བྱེད་པ་ལ། བདུད་ཀྱིས་འདི་ནི་བདག་ཅག་གི་སྤྱོད་ཡུལ་ལས་འདས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱོད་ཡུལ་དུ་གྱུར་ཏེ་སེམས་ཅན་ཐམས་ཅད་ཀྱང་བདུད་ཀྱི་ཡུལ་ལས་འདས་པར་འགྱུར་རོ་སྙམ་དུ་ཡིད་མི་བདེ་ཞིང་ཅི་ནས་ཀྱང་བར་གཅོད་བྱེད་དོ། །ཡང་དཔེར་ན་དགྲའི་བུ་རྣམས་རིག་དྲུང་པ་ཞིག་མཐོང་ན་དོགས་པ་སྐྱེ་ཞིང་དེ་ཉིད་ཆེར་མ་སྨིན་པར་མེད་པའི་ཐབས་ལ་བརྩོན་པ་ལྟར་སྐྱེས་བུ་དད་བརྩོན་བློ་གྲོས་ལྷག་བསམ་ལྡན་པ་དག་ལ་བདུད་རིགས་རྣམས་ཀྱིས་སོ་སོ་སྐྱེ་བོའི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བར་གྱུར་པ་ན། བདུད་རིགས་རྣམས་ཀྱིས་འཚེ་བ་དུ་མ་འབྱུང་ངོ་། །དེ་ལྟར་དམ་ཆོས་སྒྲུབ་པ་ལ་བདུད་ཀྱིས་ཀྱང་བར་ཆད་དུ་མ་ལ་བརྩོན་ཞིང་། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཀྱང་དེ་ཉིད་བར་ཆད་ལས་འགྲོལ་བར་བརྩོན་འགྲུས་མཛད་ཚུལ་མདོ་སྡུད་ལ་སོགས་སུ་གསལ་ལོ། །དེ་ཡང་ཆོས་སྒྲུབ་པའི་གང་ཟག་དེས་ཆོས་ལ་བརྩོན་འགྲུས་ཆེ་འབྲིང་ཆུང་གསུམ་ཇི་ལྟར་བྱས་པ་དེ་དང་མཐུན་པར་བདུད་ཀྱིས་ཀྱང་བར་དུ་གཅོད་པའི་བརྩོན་འགྲུས་ལ་གྲིམ་གློད་དེ་བཞིན་བྱེད་དེ། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདུད་ཅི་ལས་འབྱུང་བར་རིག་པར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ནི་བརྩོན་འགྲུས་ལས་འབྱུང་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མི་བརྩོན་པ་ལ་ནི་བདུད་ཀྱིས་ཅི་ཞིག་བྱ་སྟེ། དེ་ཉིད་བདུད་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །དེས་ན་རྟེན་གྱི་གང་ཟག་སྔོན་བསོད་ནམས་བསགས་མ་བསགས་དང་། བཤེས་གཉེན་དམ་པས་ཟིན་མ་ཟིན་དང་། ཤེས་རབ་ཆེ་ཆུང་། སྙིང་སྟོབས་ཆེ་ཆུང་། གདམས་ངག་ཆེ་ཆུང་། བློ་བརྟན་མི་བརྟན་སོགས་ཀྱི་བྱེ་བྲག་གིས་བདུད་ཀྱི་དབང་དུ་འགྲོ་བ་དང་མི་འགྲོ་བ་སྣ་ཚོགས་འབྱུང་གི། བདུད་ཀྱི་རྩོལ་བ་ནི་ངེས་པར་འབྱུང་བར་བརྟག་ཅིང་སྤང་པ་གཅེས་སོ། །སྤྱིའི་བདུད་བཞི་དེ་དག་སྤོང་ཐབས་ཀྱི་གཉེན་པོ་འོག་ནས་སྟོན། གཉིས་པ་བྱེ་བྲག་གི་བདུད་ལ་ཕྱི་ནང་གསང་བ་གསུམ། དང་པོ་ཕྱིའི་བདུད་ལ་དྲུག་སྟེ། དགྲ་གཉེན་ཆགས་སྡང་གི་བདུད་ནི། དང་པོ་ཆོས་སྒོར་འཇུག་པའི་ཚེ། དགྲ་སྡང་བས་གཙེས་པའམ། གཉེན་བྱམས་པས་བརྩེ་གདུང་གིས་བཤོལ་བཏབས་ཏེ་ཆོས་གེགས་བྱེད་པའོ། །དེ་ལ་དད་པ་བརྟན་པོ་གལ་ཆེ། འབྱུང་པོ་ལོག་འདྲེན་གྱི་བདུད་ནི་ཆོས་ལམ་དུ་ཞུགས་ནས་བརྩོན་འགྲུས་བྱེད་པའི་ཚེ། བདུད་རིགས་ཀྱི་ཡི་དྭགས་བསེན་མོ་པེ་དཀར་ལ་སོགས་པ་མ་བཟོད་ནས་གནོད་པ་སྐྱེལ་དུ་འོང་སྟེ། ཆོས་པའི་ཤེས་པ་མི་བདེ་ཞིང་བློ་ཆོས་སུ་བཀོལ་མི་བཏུབ་པ་བྱེད། ལུས་ལ་ན་ཚ་གཏོང་། སྲོག་འཕྲོག །འཚོ་བ་ལ་དགྲ་རྐུན་གཏོང་། གལ་ཏེ་རང་གིས་མ་ཚུགས་ན་གནས་དེའི་གཞི་བདག་ལ། མི་མ་ཡིན་ཆེན་པོ་གཞན་དང་དབྱེན་གཅུག་ནས་གནོད་པ་སྐྱེལ་དུ་འོང་། དེ་ལ་བྱམས་སྙིང་རྗེ་བསྒོམ། གཞི་བདག་ལ་རྒྱུན་གཏོར་བཏང་། ཡི་དམ་ཁྲོ་བོ་གང་རུང་གི་བསྒོམ་བཟླས་བྱ་བ་གལ་ཆེ། གཞན་ཡང་ཕྱི་རོལ་གྱི་འབྱུང་པོ་དེས་སྒྲུབ་པ་པོ་དེའི་སློབ་དཔོན་དང་། ཡོན་བདག་གྲོགས་པོའི་བར་དུ་དབྱེན་བྱེད་ཅིང་། འདུ་ཤེས་ལོག་པར་བསྒྱུར་ཞིང་ཐུགས་རྗེ་དང་མོས་པ་མེད་པར་བྱེད། གཞན་ཡང་འཇིག་རྟེན་གྱི་གྲགས་པ་ངན་པ་དང་། མ་ཉེས་པའི་ཁ་ཡོགས་ལ་སོགས་པས་ཡིད་མི་བདེ་བར་བྱེད་དོ། །དེ་ལ་ནི་དད་པ་བརྟན་པོས་རང་གི་སྒོ་གསུམ་ཟུངས་ཐུབ་པར་བྱ། བདུད་དུ་ཤེས་པས་བཟོད་པ་གནད་དུ་ཆེ། དཔོན་གྲོགས་བདུད་ཁྱེར་གྱི་བདུད་ནི། སློབ་དཔོན་ངན་པ་བདུད་ཀྱིས་ཁྱེར་བ་དང་འཕྲད་པ་དང་། གྲོགས་ངན་པ་དང་འགྲོགས་པའི་རྐྱེན་གྱིས་བསྒྲུབ་པའི་བཀའ་ཐུབ་ཉམས་བར་བྱེད་ཅིང་ཆོས་མིན་ལ་སྦྱོར་བས། དེ་འདྲའི་དཔོན་གྲོགས་ཐབས་ཀྱིས་སྤངས་ཏེ་དམ་པ་བསྟེན་པར་བྱའོ། །བསོད་ནམས་འདུ་འཛིའི་བདུད་ནི། སྒྲུབ་པ་པོ་ལ་འཇིག་རྟེན་གྱི་མི་ནོར་ལ་སོགས་པའི་བསོད་ནམས་བྱུང་བས་དེའི་འདུ་འཛིའི་སེམས་རྣམ་པར་གཡེང་ཞིང་སྒྲུབ་པའི་བརྩོན་འགྲུས་ཉམས་པར་འགྱུར་བས་བརྟན་པ་མ་ཐོབ་བར་དུ་འདུ་འཛིའི་གནས་ཐམས་ཅད་རྒྱང་སྲིང་བར་བྱའོ། །ཟས་ནོར་འཛིན་ཆགས་ཀྱི་བདུད་ནི། ཆོས་བྱེད་རྣམས་ཀྱི་བསམ་པ་ལ་སྒྲུབ་པ་བྱེད་པ་ལ་འཚོ་བའི་ཡོ་བྱད་ངན་པས་མི་ཆོག་སྟེ། ཕུན་སུམ་ཚོགས་པ་གཅིག་དགོས་འདུག་སྙམ་ནས་ཟས་ནོར་འཚོལ་ཐབས་དང་སྐྱེད་འཕེལ་སོགས་བྱས་པས་འདོད་པ་འཕེལ་ཏེ་མི་ཚེ་གྲབས་སུ་ཟད་ནས་ཆོས་མེད་དུ་འཆི་བ་འབྱུང་བས་འཚོ་བའི་ཡོ་བྱད་ངན་ངོན་ཙམ་གྱིས་ཆོག་ཤེས་བྱས་ཏེ་བསྒྲུབ་པ་བྱའོ། །བཤེས་གཉེན་ཡོན་ཏན་གྱི་བདུད་ནི། སྨན་སྔགས། རྟེན་འབྲེལ། བྱིན་རླབས། ལག་བཟོ་སོགས་ཡོན་ཏན་གྱིས་རང་དབང་མེད་པར་ཁྲིད་ནས་འདུ་འཛི་སྐྱེད་ཅིང་ཐོས་བསམ་སྒོམ་གསུམ་གྱི་བར་ཆད་བྱེད་བས། སེམས་ལ་བརྟན་པ་མ་ཐོབ་པར་དུ་ཡོན་ཏན་ནུས་མཐུ་ཐམས་ཅད་རུས་སྦལ་གྱི་ཡན་ལག་བཞིན་དུ་སྦ་བར་བྱའོ། །དེ་རྣམས་ཀྱི་ཕྱི་རོལ་རྐྱེན་གྱིས་ལམ་གྱི་བར་ཆད་དུ་འོང་བས་བརྟགས་ཏེ་སྤང་བར་བྱའོ། །ནང་གི་བདུད་ལའང་དྲུག་སྟེ། ང་བདག་རྩ་བའི་བདུད་ནི། མ་རིག་པ་སྟེ། ང་མེད་ངར་འཛིན། བདག་མེད་བདག་འཛིན་གྱི་བདུད་འདི་ལས་འཁོར་བའི་སྡུག་བསྔལ་ཐམས་ཅད་འབྱུང་བས། བདག་མེད་ཀྱི་དོན་ལ་ཐོས་བསམ་སྒོམ་གསུམ་འབད། ཉོན་མོངས་དུག་རྒྱས་ཀྱི་བདུད་ནི། དུག་ལྔ་གཉེན་པོས་མ་ཟིན་པར་ཁ་ཡན་དུ་ཤོར་བས་དགེ་རྩ་ཐམས་ཅད་འཇོམས་ཤིང་། མི་དགེ་བ་མང་པོ་འཕེལ་བས་འཁོར་བ་དང་ངན་སོང་ལ་སྦྱོར་བས་ཉོན་མོངས་ཐམས་ཅད་གཉེན་པོས་ཟིན་པར་བྱའོ། །རྣམ་རྟོག་ཁུ་འཁྲིག་གི་བདུད་ནི། རང་ལ་གཅེས་པར་འཛིན་པ་སྟེ། དེའི་རྐྱེན་གྱིས་རེ་དོགས་དགག་སྒྲུབ་སྣ་ཚོགས་སློང་ཞིང་ཕྱི་རོལ་གྱི་བདུད་གཡོ་བས། ལུས་སྲོག་གཅེས་འཛིན་འདོར་བར་བྱའོ། །བཏང་སྙོམས་ལེ་ལོའི་བདུད་ནི། དྲན་ཤེས་ཉམས་ནས་རྣམ་གཡེང་འདུ་འཛིའི་གཏམ་ལབ་ལ་སོགས་འཇིག་རྟེན་གྱི་བྱ་བ་ངན་པ་རྩད་མ་ཆོད་པ་དང་། གལ་ཆུང་སྒྱིད་ལུགས་སྙོམས་ལས་གཉིད་རྨུག་སོགས་ཀྱིས་དུས་དོན་མེད་དུ་འདས་ཤིང་དལ་འབྱོར་ཆུད་ཟོས་སུ་འགྱུར་བས་རྟག་ཏུ་དྲན་ཤེས་བརྟེན་ནས་བརྩོན་པ་མི་འདོར་བ་གནད་ཆེའོ། །ཐེ་ཚོམ་ཡིད་གཉིས་ཀྱི་བདུད་ནི། ལྟ་སྤྱོད་ལ་ངེས་པ་མ་རྙེད་པ་སྟེ། སེམས་སུམ་མདོར་ལུས་ནས་གང་ཡང་བྱེད་ངོ་མི་ཤེས་པ་དང་ཤེས་པ་ཕར་འཚུབ་ཚུར་འཚུབ་ཏུ་ཤོར་ནས་ཡི་དམ་གྱི་སྤང་ལེན་དུ་མ་བྱས་པས་དངོས་གྲུབ་མི་ཐོབ་པས་གང་བྱེད་བླ་མ་ལ་དྲི་བ་དང་། བླ་མ་དམ་པའི་རྣམ་ཐར་ལ་བསླབ་བོ། །གཉིས་འཛིན་འཁྲུལ་བའི་བདུད་ནི། དངོས་པོར་འཛིན་པ་སྟེ། ཕྱི་ནང་གི་ཆོས་ཐམས་ཅད་ཡུལ་སེམས་ཐ་དད་རང་རྒྱུད་ཤོར། བདེན་གཉིས་ཐ་དད་དུ་ཤོར་ནས་ལམ་ཐམས་ཅད་མཁྱེན་པའི་རྒྱུར་མི་འགྲོ་བས། གཉིས་མེད་དོན་ལ་ལྟ་སྒོམ་བྱ་བ་གནད་དོ། །དེ་དག་ནི་ནང་རང་གི་ལས་ངན་གྱིས་སེམས་རྒྱུད་འཁྲུགས་པས་ལམ་གྱི་གེགས་བྱེད་པ་སྟེ་བརྟགས་ཤིང་སྤང་ངོ་། །གསང་བའི་བདུད་ལའང་དྲུག་སྟེ། ཞེ་འདོད་ཕྱོགས་རིས་ཀྱི་བདུད་ནི། རང་གི་ལྟ་ཕུགས་དང་གྲུབ་མཐའ་ལ་ཞེན་ནས་དེར་འདོད་པས་གྲུབ་མཐའ་གཞན་དང་ཕྱོགས་རིས་སུ་ཆད་པའོ། །འཛིན་པ་ང་རྒྱལ་གྱི་བདུད་ནི། ཤེས་བྱའི་ལྟ་བ་སྟོང་པ་ཉིད་ཁོ་ནར་འཛིན་ཅིང་ཟབ་མོའི་དོན་ངས་རྟོགས་སོ་སྙམ་ནས་ང་རྒྱལ་དང་རློམ་སེམས་སུ་བྱེད་པས་ཆོས་དང་གང་ཟག་གཞན་ཁྱད་དུ་གསོད་པ་དང་བརྙས་པར་བྱེད་པའོ། །ཕྱོགས་མེད་ཕྱལ་བའི་བདུད་ནི། ཁ་ལྟ་ཕྱོགས་མེད་དུ་སྨྲ་ཞིང་དོན་ལ་ཉམས་མྱོང་མེད་པས་ཁ་སྟོང་ཕྱལ་བར་སོང་བས་སྤྱོད་པ་འཇིག་རྟེན་པ་དང་ཁྱད་པར་མེད་པའོ། །གྲུབ་རྟགས་རེ་རློམས་ཀྱི་བདུད་ནི། ཐུན་མོང་གི་གྲུབ་རྟགས་རེ་ཞིང་འདོད་པས་ཡི་དམ་ལྷའི་ཞལ་མ་མཐོང་ན་མཐོང་བ་རྫུན། མངོན་ཤེས་མེད་པར་ཡོད་པ་རྫུན། ཉམས་རྟོགས་མེད་པ་ལ་ཡོད་པ་རྫུན་འདེབས་པ་དང་། གྲུབ་རྟགས་ཕྲ་མོ་ལ་མཚན་མར་འཛིན་ཅིང་དེས་རློམ་སེམས་སྐྱེ་བའོ། །དད་པ་བློས་བརྡུམས་ཀྱི་བདུད་ནི། ནང་གི་ཤེས་རྒྱུད་མ་གྲོལ་བར་སྒོམ་ཚུགས་འཛིན་སྔ་བ་གཅིག་ལ་དགའ་ཞིང་ཐོས་པ་ལ་མི་དགའ་བའོ། །སྙིང་རྗེ་ལམ་ནོར་གྱི་བདུད་ནི། རང་ལ་ནུས་པ་མེད་བཞིན་དུ་ལས་དང་པོ་པས་སྙིང་རྗེའི་འགྲོ་དོན་བྱེད་ཅིང་མཉམ་གཞག་ལ་དོན་དུ་མི་བྱེད་པའོ། །ཡང་འགྲོ་དོན་སྔོན་ལ་བྱས་ནས་ཉམས་ལེན་རྗེས་ནས་བྱེད་པ་དེའོ། །གཞན་ཡང་རྣལ་འབྱོར་སྒྲུབ་པ་པོ་ལ་གསང་བའི་བདུད་དྲུག་འབྱུང་སྟེ། སྦྱིན་པ་གཡེང་བའི་བདུད་ནི། བསམ་གཏན་སྒོམ་པའི་ཚེ་གཞན་ལ་ཆོས་བཤད་དང་། ཟང་ཟིང་འགྱེད་པའི་བྱ་བས་སེམས་གཡེང་ཤིང་བསམ་གཏན་གྱི་བར་ཆད་བྱེད་པའོ། །ཚུལ་ཁྲིམས་དཀའ་སྤྱད་ཀྱི་བདུད་ནི། དབེན་པར་བསམ་གཏན་སྐྱོང་བའི་ཚེ། ཁ་ཟས་དང་སྤྱོད་ལམ་ཧ་ཅང་དམ་ཆེ་ན་ཏིང་ངེ་འཛིན་མི་སྐྱེ་ལ། ན་ཚ་བྱུང་བའི་ཚེ་གནང་བཀག་གི་དུས་ཚོད་མ་ཤེས་ཤིང་འབྱུང་བ་སྙོམ་པའི་ཁ་ཟས་སྤངས་པས་ལུས་སྲོག་གི་བར་ཆད་དུ་འགྱུར་བའོ། །བཟོད་པ་སྲན་ཚུགས་ཀྱི་བདུད་ནི། ལུས་ལ་འགལ་སྦྱོར་ཆེ་བས་ནད་ཞུགས་པ། ན་ཚ་བྱུང་བའི་ཚེ་སྨན་དཔྱད་སོགས་གཉེན་པོ་མ་བརྟེན་པར་ཚུགས་པས་ལུས་སྲོག་གི་བར་ཆད་བྱེད་པའོ། བརྩོན་འགྲུས་ཐང་ཆད་ཀྱི་བདུད་ནི། སྦྱོར་བ་ཧ་ཅང་གྲིམ་ཆེ་བས་ཁམས་ཀྱིས་མ་ཐུབ་པ་དང་བློ་སུན་ནས་ཕྱིར་ལོག་པར་འགྱུར་བའོ། །བསམ་གཏན་མངོན་ཞེན་གྱི་བདུད་ནི། སེམས་གནས་པ་ཙམ་ལ་དོན་དམ་དུ་བཟུང་ནས་བློ་གྲོལ་བར་བྱེད་པའི་རྒྱུ་ཟབ་མོའི་ཐོས་བསམ་ལ་མི་འབད་པའོ། །ཤེས་རབ་དུག་རྒྱས་ཀྱི་བདུད་ནི། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་གསུམ་གྱིས་ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་འཕེལ་བའོ། །དེའི་གཉེན་པོ་བླ་མ་མཁས་པ་བསྟེན་ཅིང་ཐོས་བསམ་ལ་འབད་དོ། །དེ་རྣམས་ནི་སྨན་མ་ཞུ་བ་ནད་དུ་སོང་བ་ལྟར། ལམ་གྱི་གེགས་བྱེད་པས་གསང་བའི་བདུད་དེ་བརྟགས་ཤིང་སྤངས་སོ། །མདོར་ན་རྣལ་འབྱོར་པའི་ཤེས་རྒྱུད་ལ་གནོད་ཅིང་གྲོལ་དུ་མི་བཅུག་པ་དེ་ཐམས་ཅད་བདུད་དུ་ཤེས་པར་བྱས་ལ་སྤང་བར་བྱའོ། །ད་ནི་བདུད་དེ་དག་འཇུག་པའི་རྒྱུ་བསྟན་པ་ནི། ལམ་ལ་བརྩོན་འགྲུས་མི་རྩོམ་ན་བདུད་འཇུག་པའི་རྒྱུ། ཤེས་རབ་ཆུང་ན་བདུད་དངོས་ཡིན་གསུང་། ཉོན་མོངས་ཆེ་ན་བདུད་འཇུག་པའི་རྒྱུ། རྣམ་རྟོག་ཆེ་ན་བདུད་ཀྱི་གཡབ་མོ། བློ་སྣ་མང་ན་བདུད་འཇུག་པའི་རྒྱུ། བླ་མ་དམ་པས་མ་ཟིན་ན་བདུད་འཇུག་པའི་རྒྱུ། སྐྱེལ་མ་མེད་དང་འདྲ། གདམས་ངག་མི་ཟབ་ན་བདུད་འཇུག་པའི་རྒྱུ། གྲོགས་ངན་པ་དང་འགྲོགས་ན་བདུད་འཇུག་པའི་རྒྱུ། འཛིན་ཆགས་ཆེ་ན་བདུད་འཇུག་པའི་རྒྱུ། འཁྲིག་པའི་འདོད་ཆགས་ཤས་ཆེ་བ་བདུད་ཀྱིས་ཟིན་པ། ཤ་ཆང་གི་སྲེད་པ་ཆེ་ན་བདུད་འཇུག་པའི་རྒྱུ། བློ་ཡང་ཞིང་རྩོལ་ཆུང་ན་བདུད་འཇུག་པའི་རྒྱུ། བདུད་ཀྱིས་འཁྱེར། འདུ་ཤེས་ཆུང་ཞིང་བཅོས་སུ་མི་བཏུབ་ན་བདུད་འཇུག་པའི་རྒྱུ། ཁེངས་ཤིང་ང་རྒྱལ་ཆེ་ན་བདུད་འཇུག་པའི་རྒྱུ། ལས་དང་པོ་པ་གཅིག་ཏུ་དབེན་པ་ལ་དགའ་ན་བདུད་འཇུག་པའི་རྒྱུ། ཚོང་དུས་གྲོང་ཁྱེར་ཆེན་པོ་དང་ཉེ་བར་གནས་ན་བདུད་འཇུག་པའི་རྒྱུ། སྡེ་པ་དང་གང་ཟག་མི་མཐུན་པའི་སར་གནས་ན་བདུད་འཇུག་པའི་རྒྱུ། ཉམས་འོག་ཏུ་མི་ཚུད་པའི་དམ་བཅའ་མང་ན་བདུད་འཇུག་པའི་རྒྱུ། མན་ངག་མེད་པའི་སྡུག་སྲན་གྱི་བྱང་ཆུབ་སྒྲུབ་ན་བདུད་འཇུག་པའི་རྒྱུ། བདུད་ཀྱིས་འཁྱེར། བློ་མི་བརྟན་ཞིང་དམ་བཅའ་ལ་ཆེད་དུ་མི་གཉེར་ན་བདུད་འཇུག་པའི་རྒྱུ། རྨི་ལམ་ལ་ཆེད་དུ་འཛིན་ན་བདུད་འཇུག་པའི་རྒྱུ། བདུད་ཀྱིས་བསླུས་པ། རྟགས་དང་མཚན་མ་ལ་དགའ་ན་བདུད་འཇུག་པའི་རྒྱུ། རྐྱེན་འགའ་ཞིག་གིས་ཤེས་པ་སྒྱིད་ལུགས་ཤིང་འཕང་ཤེ་བ། རང་གཞན་གྱི་རྐྱེན་གྱིས་རྣལ་འབྱོར་པ་ཡིད་མི་བདེ་ཞིང་མྱ་ངན་གྱིས་གཟིར་ན་བདུད་འཇུག་པའི་རྒྱུ་ཡིན་པས་དེ་རྣམས་བརྟགས་ཤིང་སྤང་བར་བྱའོ། །བདུད་ཀྱི་ལས་དང་སྤྱོད་ཡུལ་ནི། མཚན་ཉིད་དང་མི་ལྡན་པའི་སློབ་མ་བརྟེན་ན་བདུད་ཀྱི་ལས། སྐལ་བ་དང་མི་ལྡན་པའི་སློབ་མ་བརྟེན་ན་བདུད་ཀྱི་ལས། སློབ་དཔོན་དང་སློབ་མ་ལྟ་སྤྱོད་མི་མཐུན་པར་འགྲོགས་པ་བདུད་ཀྱི་ལས། ལམ་དུ་མི་འགྲོ་བའི་ཐོས་བསམ་ལ་དཀའ་བ་སྤྱོད་པ་བདུད་ཀྱི་ལས། གནད་དུ་མི་འགྲོ་བའི་བརྩོན་འགྲུས་དྲག་པོ་བདུད་ཀྱི་ལས། ཁེ་གྲགས་དང་འགྲོགས་པ་བདུད་ཀྱི་ལས། ང་རྒྱལ་གྱིས་འཁོར་སྡུད་ཅིང་ཆོས་འཆད་པ་བདུད་ཀྱི་ལས། རང་ལ་ཡོན་ཏན་མེད་ཀྱང་གཞན་གྱི་སློབ་དཔོན་བྱེད་པ་བདུད་ཀྱི་ལས། སེམས་ལ་དད་གུས་མེད་པས་དཀོན་མཆོག་གསུམ་དང་འགྲོགས་པ་བདུད་ཀྱི་ལས། ཤེས་ལོང་མེད་པར་འཆད་ལ་དགའ་བ་བདུད་ཀྱི་ལས། སྒྲུབ་ལོང་མེད་པར་དངོས་གྲུབ་འདོད་པ་བདུད་ཀྱི་ལས། འཚོ་བའི་ཆེད་དུ་སྨན་སྔགས་རྟེན་འབྲེལ་ལ་སོགས་བྱེད་པ་བདུད་ཀྱི་ལས། ཆོས་པས་ཚོང་དང་ལོག་འཚོས་འཚོ་བ་བདུད་ཀྱི་ལས། ལོག་འཚོ་ལྔས་འཚོ་བ་བདུད་ཀྱི་ལས། སློབ་འཁོར་ཟང་ཟིང་ལ་དགའ་ཞིང་རྒྱུ་ལེན་པ་བདུད་ཀྱི་ལས། སེམས་ལ་གནོད་པའི་ཡུལ་ངན་མི་སྤོང་ཞིང་བརྟེན་པ་བདུད་ཀྱི་ལས། འཇིག་རྟེན་གྱི་རོལ་རྩེད་ལ་དགའ་ཞིང་འདུན་པ་བདུད་ཀྱི་ལས། འདུ་འཛི་དང་གཡེང་བའི་གསེབ་ཏུ་འཇུག་པ་བདུད་ཀྱི་ལས། ཁེ་དྲེགས་དང་ང་རྒྱལ་སྐྱེ་བའི་རྒྱུ་བརྟེན་པ་བདུད་ཀྱི་ལས། རྟ་དང་གོས་བཟང་སོགས་བདུད་ཀྱི་ལས། བག་མེད་ཤེས་བཞིན་མ་ཡིན་པར་སྤྱོད་པ་བདུད་ཀྱི་ལས། བུད་མེད་དང་ཤ་ཆང་གཉིད་ལ་བག་མེད་སྤྱོད་པ་བདུད་ཀྱི་ལས། གང་ཡང་འཇིག་རྟེན་ཆོས་བརྒྱད་ཀྱིས་ཀུན་ནས་བསླང་བ་བདུད་ཀྱི་ལས། བྱ་བྱེད་མང་པོ། འགྲོ་འདུག་མང་པོ། སྨྲ་བ་མང་པོ། བློ་སྣ་མང་པོ་རྣམས་བདུད་ཀྱི་ལས། མདོར་ན་ཆོས་དང་མི་མཐུན་པའི་སྤྱོད་པ་ཐམས་ཅད་བདུད་ཀྱི་ལས་དང་བདུད་ཀྱི་སྤྱོད་ཡུལ་དུ་ཤེས་པར་བྱས་ལ་ཡོངས་སུ་སྤང་བར་བྱའོ། །བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ནི་གཉིས་ཏེ། དང་པོ་ཐུན་མོང་གི་རྟགས་ནི། བདག་རྒྱུད་ཀྱི་ཉོན་མོངས་པ་དུག་ལྔ་སྔར་བས་ཆེར་འབར་ཞིང་། དེའི་ཀུན་སློང་གི་རྐྱེན་མང་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། རྐྱེན་མེད་པར་ཁམས་ཀྱི་ནུས་པ་ཟད་ཅིང་ཏིང་ངེ་འཛིན་ཤོར་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། ན་ཚ་སྡུག་བསྔལ་ལ་སོགས་པ་གློ་བུར་གྱི་རྐྱེན་མང་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། དྲན་པ་ཉམས་ཤིང་གཏི་མུག་ཆེར་འཐིབས་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། དོན་མེད་དུ་ཡིད་མི་བདེ་ཞིང་སེམས་མི་དགའ་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། ཤི་བར་འདོད་ནས་ལྕེབ་པའི་སྦྱོར་བ་སོགས་བྱེད་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། དུས་ལ་མ་བབས་པར་རང་ལུས་ཀྱི་ཤ་ཁྲག་དང་ཡན་ལག་སོགས་གཞན་ལ་གཏོང་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། རང་གི་ལུས་ཀྱིས་སྐྱོ་ཞིང་ལུས་ལ་བརྙས་པར་བྱེད་པ་དང་ལུས་ཀྱི་ཤ་དང་ཡན་ལག་ལ་སོགས་པ་དོན་མེད་དུ་གཅོད་ཅིང་ལུས་ལ་ངན་སྣ་ཚོགས་བྱེད་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། བྱང་ཆུབ་ཀྱི་སེམས་ཉམས་ཤིང་ཆོས་ཕྱིར་སྡུག་བསྔལ་ཅི་ཡང་མི་བཟོད་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། ལོག་ལྟ་ཆེར་སྐྱེ་ཞིང་ལོག་སྤྱོད་བྱེད་སྙིང་འདོད་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། ཆོས་ལ་ཡིད་མི་ཆེས་ཤིང་ཐེ་ཚོམ་ཟ་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ལ་ཡིད་སྨོན་སྐྱེ་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། ཕྱིའི་ལོངས་སྤྱོད་དང་ནང་གི་སེམས་ཅན་ལ་འདོད་ཆགས་ཆེར་འབར་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། ལུས་ངག་གི་སྤྱོད་ལམ་མཐོ་དམན་སྣ་ཚོགས་པ་དང་ཁྲེལ་དང་ངོ་ཚ་མེད་ཅིང་གཅེར་བུར་བྱེད་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། ངང་ཐུང་ཞིང་ཚིག་པ་ཕྱོགས་མེད་དུ་ཟ་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། ལྟོ་གོས་ཀྱི་འདུན་པ་ཆེར་སོང་བ་དང་འཁྲིག་པའི་འདོད་ཆགས་ཆེར་འབར་བ་དང་ཐ་ན་རྨི་ལམ་དུ་ཡང་དེ་དག་གི་འདུན་པ་དང་མི་འབྲལ་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། ཚོང་དང་ཞིང་ལས་དང་ལོག་འཚོ་ལྔའི་སྦྱོར་བ་བྱེད་པ་ལ་སྤྲོ་ཞིང་དགེ་སྦྱོར་ལ་བློ་མི་འཇུག་ཅིང་ལེ་ལོ་དང་སྙོམ་ལས་ལ་དགའ་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། དགེ་སྦྱོར་ལ་ངང་གིས་བཅུག་ཀྱང་བློ་བཀོལ་དུ་མི་བཏུབ་པ་དང་དགེ་སྦྱོར་ལ་ནམ་ཞུགས་པ་དེའི་ཚེ་ཕྱི་ནང་གི་འགལ་རྐྱེན་མང་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། ཐོས་བསམ་སྒོམ་གསུམ་གྱིས་བློ་སུན་པ་དང་འགལ་རྐྱེན་བག་ཙམ་གྱིས་སྒྱིད་ལུག་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། རྨི་ལམ་བཟང་ཐལ་ངན་ཐལ་མཐོ་དམན་སྣ་ཚོགས་བྱུང་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། སྡོད་སྙིང་མི་འདོད་འགྲོ་སྙིང་འདོད་པ་དང་དུག་ལྔ་པོ་རེ་རེ་ཞི་དུས་རེ་རེ་སླེབ་པས་བར་མེད་དུ་སྐྱེ་བ་དང་། ཕྲག་དོག་དང་ང་རྒྱལ་ཆེ་བ་དང་སེར་སྣ་དང་འདོད་ཆགས་ལྷག་པར་ཆེ་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། བདག་ལ་བསྟོད་ཅིང་གཞན་ལ་སྨོད་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། དཀོན་མཆོག་གསུམ་ལ་བཟང་ངན་དང་ཕྱོགས་རིས་སུ་བཅད་ནས་སྐུར་པ་འདེབས་པ་དང་། བླ་མ་དམ་པ་རྣམས་ལ་དད་གུས་ཤོར་ཅིང་སྐྱོན་བརྗོད་པ་དང་གང་ཟག་དམ་པ་རྣམས་ལ་སྐུར་བ་འདེབས་པ་དང་། ཁྱད་པར་དུ་ངུར་སྨིག་ཅན་རྣམས་ལ་སྡང་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། འདུ་འཛི་གཡེང་བ་རྩེད་འཇོ་རོལ་མོ་སོགས་ལ་དགའ་བ་དང་བསམ་སྒོམ་མི་འདོད་ཅིང་ཆོས་འཆད་འདོད་པ་དང་། སྔགས་འདེབས་པ་དང་། གྲོང་ཆོག་བྱེད་འདོད་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། ཆོས་ཉན་པ་དང་ཁ་ཐོན་འཛིན་ཀློག་བྱེད་དུས་རྟག་པར་གཉིད་འདོད་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། མཚན་མོ་འཇིགས་ཤིང་སྔངས་པ་དང་། སྙིང་ཆུང་ཞིང་སྤྲུག་པ་དང་། ལུས་ཀྱི་གཟི་མདངས་ཉམས་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཡིན། མ་ཉེས་པའི་ཁ་ཡོགས་དང་གྲགས་པ་ངན་པ་དོན་མེད་དུ་མི་རྣམས་ཀྱིས་སྡང་བ། གྲོགས་པོ་དང་ཡོན་བདག་སློབ་འཁོར་སྙིང་དང་འདྲ་བ་རྣམས་དང་དོན་མེད་དུ་འབྲལ་བ་ལ་སོགས་པ་ནི་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་སོ། །ཐུན་མོང་མ་ཡིན་པའི་རྟགས་ནི། རྣལ་འབྱོར་པས་ལམ་ལ་བརྩོན་འགྲུས་ཆེར་བརྩམས་པའི་ཚེ་བདུད་ཀྱིས་འདི་ལྟར་བྱིན་གྱིས་རློབ་སྟེ། ཡི་དམ་ལྷའི་ཞལ་མངོན་སུམ་དུ་མཐོང་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཞལ་དངོས་སུ་མཐོང་བ་དང་། མངོན་སུམ་མམ་སྒྲས་བདག་ལ་སངས་རྒྱས་པར་ལུང་སྟོན་པ་དང་། སྐྱེ་པ་ཁྱད་པར་ཅན་དུ་ལུང་སྟོན་པ་དང་། ཆོས་ཤོད་ཅིག་ཅེས་ལུང་སྟོན་པ་དང་། རྨི་ལམ་རྣོན་པོ་དང་མངོན་ཤེས་ཕྲ་མོ་འབྱུང་བ་དང་། སེམས་ཅན་ལ་སྙིང་རྗེ་མི་བཟོད་པ་འབྱུང་ཞིང་མཆི་མ་འབྱུང་བ་དང་། ཕྱི་ནང་གི་ཆོས་ཐམས་ཅད་ལ་ཤེས་རབ་ཐོགས་པ་མེད་པ་འབྱུང་བ་དང་། ནམ་མཁའ་ལ་གསེར་གྱི་མེ་ཏོག་ཡི་གེ་བཀོད་པ་ལ་སོགས་པ་མཐོང་ཞིང་ཤེས་པ། སྐྱེ་བོ་མང་པོ་འདུ་ཞིང་ཟང་ཟིང་གི་རྙེད་པ་ཆར་ལྟར་འབབ་པ་དང་། ཀླུའི་བུ་མོས་མེ་ཏོག་གི་ཕྲེང་བ་དང་རོལ་མོས་བདག་ལ་མཆོད་པ་བྱེད་པ་དང་། རེས་འགའ་ཤ་ཟ་དང་སྲིན་པོ་དང་གནོད་སྦྱིན་ལ་སོགས་པ་འཇིགས་པའི་ཆ་བྱད་ཅན་ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པས་བདག་ལ་བསྡིག་ཤིང་བརྡེག་པ་དང་། རེས་འགའ་བདག་གི་ལས་བྱེད་པར་ཁས་ལེན་པ་དང་། རེས་འགའ་བདག་གི་ཕ་མའམ་སློབ་དཔོན་ལ་སོགས་པའི་ཆ་བྱད་དུ་བྱས་ཏེ་བྱང་ཆུབ་ཀྱི་སེམས་བསྒྱུར་ཞིང་ཐེ་ཚོམ་སྐྱེད་པར་བྱེད་པ་དང་། རང་ལུས་ལས་འོད་འབྱུང་བ་དང་། མཚན་མོ་ཕྱི་རོལ་ཐམས་ཅད་འོད་ཀྱིས་ཁེངས་པ་དང་། རང་ལུས་རྩིག་པ་སོགས་ལ་ཐོགས་མེད་དུ་འགྲོ་བ་དང་། ཆུ་ལ་མི་བྱིང་བ། མེས་མི་འཚིག་པ། ནམ་མཁར་འགྲོ་བ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་སྟོན་ཅིང་ཕྱག་གཡས་པ་གསེར་གྱི་ཁ་དོག་ཅན་བརྐྱངས་ནས་བདག་གི་སྤྱི་བོར་འཇོག་པ་དང་། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་ཀྱིས་རང་རང་གི་ཞིང་ནས་ཆོས་སྟོན་པ་མཐོང་བ་དང་། སྤྲུལ་པ་འགྱེད་པ་མཐོང་བ་དང་། ལམ་རྒྱུད་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྣང་ཚུལ་མཐོང་བ་དང་། སེམས་ཅན་ཐམས་ཅད་ཀྱི་སྐད་ཐམས་ཅད་ཤེས་ཤིང་། རང་སྐད་ཀྱིས་ཆོས་སྟོན་ནུས་པ་དང་། རང་གི་ཚེ་སྔ་ཕྱི་དྲན་ཅིང་གསལ་བ་དང་། ད་ནི་བདག་གིས་གཞན་དོན་ཐོགས་པ་མེད་པར་ནུས་སོ་སྙམ་པ་དང་། ཕྱོགས་གར་སོང་དུ་སྐྱེ་བོ་ཐམས་ཅད་དབང་དུ་འདུ་བ་དང་། ནད་པའི་དྲུང་དུ་ཕྱིན་པའམ། སྔགས་བཟླས་པ་ཙམ་མམ། བདེན་པ་བདར་བ་ཙམ་གྱིས་ནད་གདོན་ཞི་བ་དང་། ཐུན་མོང་གི་འདོད་པ་ཐམས་ཅད་ཡིད་ལ་བསམ་པ་ཙམ་གྱིས་འགྲུབ་ཅིང་སྨོན་ལམ་ཅི་བཏབ་འགྲུབ་པ་ལ་སོགས་པར་བྱིན་གྱིས་རློབ་ཅིང་བདག་རྒྱུད་ལ་ང་རྒྱལ་དང་རློམ་སེམས་བསྐྱེད་ནས་བར་དུ་གཅོད་ལ། རེས་འགའ་ཐེ་ཚོམ་དང་ཡིད་གཉིས་བསྐྱེད་ནས་བར་ཆད་བྱེད་དོ། །དེ་སྐད་དུ། མདོ་ལས། བདུད་ཀྱིས་བྱིན་གྱིས་རློབ་པ་ནི། །ལ་ལ་ལ་མངོན་སུམ། ལ་ལ་ལ་བརྒྱུད་པས། ཁ་ཅིག་ལ་འཇམ་པོས། ཁ་ཅིག་ལ་དྲག་པོས་བྱིན་གྱིས་བརློབ་ཅིང་ཅི་ནས་ཀྱང་རྣལ་འབྱོར་པ་དང་ཆོས་པའི་སེམས་བསྒྱུར་ཞིང་བྱང་ཆུབ་ཀྱི་སེམས་ཉམས་པར་བྱེད་དོ། །ཞེས་སོ། །དེ་ཡང་སྔར་བཤད་པའི་ཐུན་མོང་གི་རྟགས་དེ་དག་ཤེས་སླ་ཡང་། ཐུན་མོང་མ་ཡིན་པའི་རྟགས་འདི་ནི་ལམ་རྟགས་དང་དབྱེ་དཀའ་བས་འདི་ལྟར་ཤེས་པར་བྱ་སྟེ། རང་རྒྱུད་ཀྱི་ལོག་རྟོག་ཀུན་ནས་གྲོལ་ཞིང་། མཉམ་ཉིད་ཀྱི་རྟོགས་པ་རྒྱུན་ཇེ་རིང་ལ་སོང་། ཉོན་མོངས་པ་མཐའ་དག་ཇེ་ཆུང་ཇེ་ཞིར་སོང་། འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་པས་རྟག་ཏུ་ཤེས་པ་ཉམས་དགའ། དབང་པོ་མདངས་དང་ལྡན། ནང་གི་རྒྱུད་དྭངས་ཤིང་ཏིང་འཛིན་བཟང་པོ་དུས་སུ་འབྱུང་ལ། དེ་ལ་ང་རྒྱལ་དང་ཐེ་ཚོམ་ཡིད་གཉིས་ཅི་ཡང་མེད་པར། ཆོས་ཐམས་ཅད་རྨི་ལམ་ལ་སོགས་པའི་སྒྱུ་མའི་དཔེ་བརྒྱད་ལྟ་བུར་རྟོགས་ཤིང་རྗེས་བཟང་ན་ཡང་དག་པའི་རྟགས་ཡིན། དེ་དག་ལ་མི་ལྡན་ཞིང་རྗེས་ངན་ན་བདུད་ཀྱིས་བྱིན་གྱིས་རླབས་པའི་རྟགས་སོ། །རྗེས་ལ་ཉམ་ང་བ་དང་སྙིང་མི་དགའ་ཞིང་བློ་བཀོལ་དུ་མི་འདོད་པ་དང་ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་ཆེར་སོང་བ་ལ་སོགས། མདོར་ན་ཚོགས་ལམ་ཆེན་པོའི་ཏིང་ངེ་འཛིན་ཐོབ་པའི་རྟགས་ནས་བཟུང་སྟེ་ས་བཅུའི་རྟོགས་པ་སྐྱེས་པའི་རྟགས་མན་ཆད་བྱུང་ཡང་། དེ་དག་གི་མཚན་ཉིད་མ་ཤེས་ཏེ་དངོས་པོ་དང་མཚན་མར་འཛིན་ཅིང་། སེམས་ལ་དགའ་མི་དགའ་དང་བཅས་པས་རེ་དོགས་དང་ང་རྒྱལ་དང་རློམ་སེམས་སུ་གྱུར་ན་བདུད་ཀྱི་བྱིན་གྱིས་བརླབས་པའི་རྟགས་སོ། །བློའི་ཡུལ་ཅི་ཤར་ཅི་བྱུང་ཡང་སེམས་ཆོས་ཉིད་ལས་མི་གཡོ་ཞིང་། དེ་དག་གི་མཚན་ཉིད་ཡོངས་སུ་ཤེས་ན་ཡང་དག་པའི་རྟགས་སོ། །ད་ནི་བདུད་དེ་དག་ཞི་བར་བྱ་བའི་ཐབས་བསྟན་པ་ལ་དྲུག་སྟེ། དང་པོ་ཆོས་ཉིད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཞི་བར་བྱ་བ་ནི། སྤྱིར་བདུད་ཐམས་ཅད་ཀྱི་རྩ་བ་ང་མེད་ལ་ངར་འཛིན་པའི་སེམས་རིག་རིག་ཏུར་ཏུར་པོ་འདི་ཡིན་ཏེ། སྤྱོད་འཇུག་ལས། འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང་། །འཇིག་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་པ། །དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །ཞེས་པ་དང་། བདུད་ནི་རང་གི་སེམས་ཡིན་ཏེ། །རང་སེམས་ནམ་མཁའ་དག་པར་བྱ། །ཞེས་དང་། རང་གི་སེམས་ནི་བདུད་ཅེས་བྱ། །རང་གི་སེམས་ནི་བགེགས་ཡིན་ནོ། །ཞེས་སོ། །དེས་ན་བར་དུ་གཅད་བྱའི་བདག་དང་། གཅོད་བྱེད་ཀྱི་བདུད་དང་། བར་གཅོད་དངོས་དང་གསུམ་ཀ་རང་གི་སེམས་ཀྱི་རྣམ་རྟོག་ཡིན། རྣམ་རྟོག་དེ་ཡང་མེད་སྣང་སྒྱུ་མ་ལྟ་བུ་ཡིན། སྒྱུ་མ་ལ་རང་བཞིན་གང་ཡང་མེད་ནས་ཡེ་ནས་སྟོང་པ་ཉིད་ཡིན་ལ། དེས་ན་བར་དུ་གཅད་བྱ་དང་། གཅོད་བྱེད་དང་། བར་གཅོད་དངོས་གསུམ་ཀ་རང་གི་རྣམ་རྟོག་ཏུ་རོ་གཅིག །དེ་ཡང་སྒྱུ་མ་ལྟ་བུར་རོ་གཅིག །དེ་ཡང་ཆོས་ཉིད་སྟོང་པར་རོ་གཅིག་པས། ཆོས་ཉིད་ལས་མ་གཏོགས་པའི་བདུད་ཅིག་ལོགས་ནས་སྤང་དུ་མེད་ལ། བདུད་ལས་མ་གཏོགས་པའི་ཆོས་ཉིད་གཅིག་ལོག་ནས་བཙལ་དུ་མེད་དོ། བདུད་ཆོས་ཉིད་ཀྱི་རྒྱན་དང་། སྤྲུལ་པ་དང་། རྟགས་སུ་ཤར་ཏེ། དབྱིངས་ནས་ཤར། དབྱིངས་ན་གནས། དབྱིངས་སུ་ནུབ་པ་ལ་རེ་དོགས་དང་སྤང་བླང་ལ་སོགས་པའི་གཉིས་འཛིན་གྱི་རྒྱུ་མ་རྙེད། རིག་པ་འཛིན་མེད་རྩ་བྲལ་དུ་སོང་བ་ལ་བདུད་དང་བདུད་ཀྱི་རིགས་ཀྱིས་བར་དུ་གཅད་བྱ་མེད་པར་རིག་པར་བྱའོ། །དེ་ལྟ་བུའི་རྣལ་འབྱོར་པ་རྟོགས་པ་དང་ལྡན་པ་ལ་བདུད་ཀྱིས་གླགས་དང་སྐབས་རྙེད་པར་མི་འགྱུར་ཏེ། སྡུད་པ་ལས། གང་ཚེ་མཁས་པ་དེ་དག་བསམ་པ་རབ་ལྡན་པས། །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་དོན་ལྟ། །དེ་ཚེ་ལུས་སེམས་དག་ནི་མཁའ་འགྲོ་བྱ་བཞིན་རྒྱུ། །ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར། །ཞེས་དང་། ཡང་། ཤེས་རབ་ཕ་རོལ་ཕྱིན་པ་གང་ལ་མགོན་སྤྱོད་པ། །དེ་ལ་དུག་དང་མཚོན་དང་མེ་དང་ཆུས་མི་ཚུགས། །བདུད་དང་བདུད་ཀྱི་ཕྱོགས་ཀྱི་གླགས་ཀྱང་རྙེད་མི་འགྱུར། །ཞེས་དང་། ཡུམ་ལས། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི་རྙེད་དོ། །མཚན་མ་མེད་པས་མཚན་མ་མེད་པ་ལ་གླགས་མི་རྙེད་དོ། །སྨོན་པ་མེད་པས་སྨོན་པ་མེད་པ་ལ་གླགས་མི་རྙེད་དོ། །ཞེས་དང་། སྟོང་པ་ཉིད་ནི་བསྒོམས་བྱས་ན། །འཆི་བདག་གིས་ཀྱང་མི་ཚུགས་སྟེ། །བདུད་རྣམས་བྱེ་བ་དག་གིས་ཀྱང་། །གནོད་པར་འགྱུར་བ་ག་ལ་སྲིད། །ཅེས་དང་། གནོད་པའི་མཚན་མ་ཅི་བྱུང་ཡང་། །ཆོས་ཉིད་སྟོང་པའི་ངང་གནས་ན། །ཁམས་གསུམ་སེམས་ཅན་དགྲར་ལངས་ཀྱང་། །གནོད་པ་གང་གིས་ཚུགས་མི་འགྱུར། །ཞེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཞི་བར་བྱ་བ་ནི། སྤྱིར་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་རྒྱུན་མི་ཆད་པར་སྒོམ་ཞིང་། རྒྱུད་ལ་སྐྱེས་ནས་ཕ་རོལ་གྱི་གནོད་པ་དང་འཚེ་བ་དག་གིས་མི་ཚུགས་ཤིང་རང་སར་ཞི་བར་འགྱུར་ལ། ཁྱད་པར་དུ་བདུད་ལ་བྱམས་སྙིང་རྗེ་ཞེ་ཐག་པ་ནས་སྐྱེས་ན་བདུད་རང་བཞིན་གྱིས་ཞི་བར་འགྱུར། དཔེར་ན་འཇིག་རྟེན་ན་ཕན་བཏགས་པའི་ལན་དུ་གནོད་པ་སྐྱེལ་བ་ཤིན་ཏུ་དཀའ་ལ། གནོད་ལན་དུ་ཕན་འདོགས་པའང་ཤིན་ཏུ་དཀའ་བ་དེ་བཞིན་དུ་བདག་ལ་གནོད་པ་སྐྱེལ་བའི་བདུད་ལ། ལན་དུ་ཕན་འདོགས་པའི་བློ་བཅོས་མ་མ་ཡིན་པ་སྐྱེས་ན་བདུད་དང་བདུད་ཀྱི་ཕྱོགས་ཐམས་ཅད་ཀྱི་གནོད་སེམས་དང་ནུས་མཐུ་ཐམས་ཅད་སྐྱེངས་ཤིང་རབ་ཏུ་ཞི་ནས་ཕྱིར་ལྡོག་པར་འགྱུར་ཏེ། རྡོ་རྗེ་བཀོད་པ་ལས། བར་དུ་གཅོད་པའི་བདུད་རྣམས་ཀྱང་། །གཉེན་པོ་བྱང་ཆུབ་སེམས་མཆོག་གིས། །ཞི་བ་ཆེན་པོའི་ངང་དུ་ལྡོག །ཅེས་དང་། རྒྱ་ཆེར་རོལ་པ་ལས་ཀྱང་། བཅོམ་ལྡན་འདས་ལ་བདུད་ཀྱི་དམག་བྱེ་བ་དུང་ཕྱུར་གྱི་མཚོན་ཆའི་ཆར་ཕབ་པའི་ཚེ། བཅོམ་ལྡན་འདས་ཀྱིས་བྱམས་པ་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས་པས་མཚོན་ཆའི་ཆར་ཐམས་ཅད་མེ་ཏོག་གི་ཆར་དུ་གྱུར་ཏོ། །རྒྱོབ་སོད་ལ་སོགས་པའི་སྒྲ་ཐམས་ཅད་སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲར་འགྱུར་ཏེ། བདུད་ཀྱི་དམག་དཔུང་ཐམས་ཅད་སྐྱིངས་བཞིན་དུ་རང་གི་གནས་སུ་དེངས་སོ། །ཞེས་གསུངས་སོ། །གསུམ་པ་མོས་གུས་དང་སྔགས་དང་རྟེན་འབྲེལ་ཟབ་མོས་ཞི་བར་བྱ་བ་ནི། གཙོ་བོར་བླ་མ་ལ་སངས་རྒྱས་སུ་ལྟ་ཞིང་མོས་གུས་ཀྱི་གདུང་བ་བར་མ་ཆད་ན་བདུད་ཀྱིས་མི་ཚུགས་ཏེ། ལམ་ཟབ་མོ་བར་ཆད་མེད་པ་བླ་མའི་མོས་གུས་ཡིན་པར་གསུངས་སོ། །དཀོན་མཆོག་གསུམ་ལ་མོས་གུས་དང་མཆོད་པ་རྒྱུན་མ་ཆད་ན་བདུད་ཀྱིས་མི་ཚུག་སྟེ། དཀོན་མཆོག་གསུམ་གྱིས་བྱིན་གྱིས་རློབ་པས་སོ། །ལུས་ངག་ཡིད་གསུམ་དཀྱིལ་འཁོར་གསུམ་དང་མི་འབྲལ་ཞིང་། གསང་སྔགས་ཀྱི་བཟླས་པ་ཚད་དུ་ཕྱིན་ན། བདུད་རིགས་ཀྱི་ཡི་དྭགས་ཀྱིས་མི་ཚུག་སྟེ། རིག་པ་མཆོག་གི་རྒྱུད་ལས། བགེགས་ཀྱི་བསོད་ནམས་མ་ལུས་ཟད་པར་བྱེད། །བགེགས་དང་བྲལ་བས་བསོད་ནམས་རྣམ་པར་འཕེལ། །དེ་ཕྱིར་གསང་སྔགས་བཟླས་ལ་བརྩོན་པར་བྱ། །ཞེས་སོ། །གཞན་ཡང་སྨན་གྱི་སྦྱོར་བ་དང་། །ཀླུ་གྲུབ་ཀྱིས་ནག་པོ་དགུ་སྦྱོར་དང་། དབྱུག་པ་དང་། མ་རྒྱུད་ནས་བྱུང་བའི་དབྱུག་པ་རྒྱན་འཁོར་སོགས། དུད་པའི་སྦྱོར་བ། བསྲུང་བའི་འཁོར་ལོ། སོ་སོར་འབྲང་མ་སོགས། བླ་མ་དང་གྲོགས་མཆེད་ཀྱི། སྔགས་མདུད་ལ་སོགས་པའི་རྟེན་འབྲེལ་ཟབ་མོ་ལ་བརྟེན་ན་ཡང་། བདུད་ཀྱིས་རིགས་ཀྱི་མི་ཚུགས་ཤིང་ཕྱིར་འབྲོས་པར་འགྱུར་རོ། །བཞི་པ་བསོད་ནམས་ལས་ཁྱད་པར་ཅན་གྱིས་ཞི་བར་བྱ་བ་ནི། མདོ་རྒྱུད་ཟབ་མོ་འབྲི་ཀློག་བྱ་བ། སྐུ་གཟུགས་དང་མཆོད་རྟེན་བཞེངས་པ། ཚ་ཚ་འདབས་པ། དཀོན་མཆོག་གི་མཆོད་པ། དགེ་འདུན་གྱི་བསྙེན་བཀུར། གཏོར་མ། སྦྱིན་སྲེག །ཉེའུ་འདོན་པ། ལམ་འཕྲང་བཅོས་པ་ལ་སོགས་པ་བསོད་ནམས་བསག་པ་ལ་འབད་པས་བར་ཆོད་ཐམས་ཅད་འཕྲལ་དུ་ཞི་བར་འགྱུར་ལ། དེ་ཞི་ནས་བསོད་ནམས་ཆེར་འཕེལ་བས་བསོད་ནམས་མ་ཡིན་པའི་རྒྱུ་ཐམས་ཅད་ཞི་བར་འགྱུར་རོ། །ལྔ་པ་དད་པ་བརྟན་པོས་ཞི་བར་བྱ་བ་ནི། རྣལ་འབྱོར་པ་ལ་ཕྱིའི་དགྲ་སྡང་བ་དང་། གཉེན་བྱམས་པ་དང་། གྲོགས་ངན་པ་དང་། བླ་མ་ངན་པ་ལ་སོགས་པའི་རྐྱེན་གྱིས་ཐོས་བསམ་སྒོམ་གསུམ་ལ་བར་ཆོད་འགལ་རྐྱེན་བྱེད་པ་དང་། ནང་གི་ཉོན་མོངས་པ་དང་འཇིག་རྟེན་ཆོས་བརྒྱད་ལ་སོགས་པའི་འགལ་རྐྱེན་ཅི་བྱུང་ཡང་། དེ་དག་བདུད་དུ་ཤེས་པར་བྱས་ལ། དེའི་ཚེ་མི་རྟག་འཆི་བ་རྗེས་དྲན་སྒོམ་ཞིང་འཁོར་བ་དང་ངན་སོང་གསུམ་གྱི་སྡུག་བསྔལ་བསམ། གོ་ཆ་དང་སྙིང་སྟོབས་ཆེན་པོ་བསྐྱེད་དེ་ཕྱིའི་རྐྱེན་རྣམས་ཀྱིས་བཀྲི་བར་མི་ཚུགས་པའི་དད་པ་བརྟན་པོ་དང་ལྡན་ཞིང་། ནང་གི་ཚེ་འདིའི་ཞེན་པའི་དབང་དུ་མི་འགྲོ་བའི་ཕྱིར་མི་ལྡོག་པའི་བརྩོན་འགྲུས་དྲག་པོ་བརྩམ་པར་བྱ་སྟེ། དད་བརྩོན་གཉིས་དང་ལྡན་པ་ལ་བར་དུ་གཅོད་པས་མི་ཚུག་སྟེ། མདོ་ལས། དཔེར་ན་ཆུ་བོ་ཆེན་པོ་གྱེན་ལ་བཟློག་པར་དཀའ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་བློ་གྲོས་དང་ལྡན་ཞིང་དད་པ་བརྟན་པོ་དང་ཕྱིར་མི་ལྡོག་པའི་བརྩོན་འགྲུས་དང་ལྡན་པའི་སྙིང་སྟོབས་ཅན་དག་ལ་ནི་བདུད་དང་བདུད་ཀྱི་རིགས་ཀྱིས་ལམ་ལས་བཟློག་ཅིང་བར་དུ་གཅོད་པར་དཀའ་འོ། །ཞེས་གསུངས་སོ། །དྲུག་པ་རྣལ་འབྱོར་བའི་སེམས་བཅོས་པས་ཞི་བར་བྱ་བ་ནི། སྤྱིར་ཕྱི་ནང་གི་བདུད་ཐམས་ཅད་རང་གི་མངོན་དུ་རྒྱུ་བའི་ཉོན་མོངས་པ་དང་། འཁུ་འཁྲིག་གི་རྣམ་པར་རྟོག་པ་དང་། འཇིག་རྟེན་པའི་ཆོས་བརྒྱད་ལས་འབྱུང་སྟེ། རྡོ་རྗེ་བཀོད་པ་ལས། རྣལ་འབྱོར་ངེས་པར་སྤྱོད་པ་ལས། །བར་དུ་གཅོད་པའི་བདུད་ལྔ་འབྱུང་། །རྣམ་རྟོག་འཁྲིག་པའི་བདུད་ཉིད་དང་། །དེ་བཞིན་བཏང་སྙོམས་ལེ་ལོའི་བདུད། །ལོངས་སྤྱོད་འདོད་ཆགས་གཡེང་བའི་བདུད། །ཚིག་རྩུབ་མཚོན་ཆ་རྣོན་པོའི་བདུད། །ཁྲོ་གཏུམ་ངང་ཐུང་འཁྲུལ་བའི་བདུད། །རྣལ་འབྱོར་པ་ཡི་བདུད་ལྔ་པོ། །ཡང་དག་དོན་ལ་སྒྲིབ་པ་སྟེ། །ཞེས་དང་། སྡུད་པ་ལས། བདག་བསྟོད་གཞན་ལ་སྨོད་པའི་བྱང་ཆུབ་སེམས་དཔའ་དེ། །བདུད་ཀྱིས་ཡོངས་སུ་བསླད་ཅིང་བློ་ཆུང་རིག་པར་བྱ། །ཞེས་དང་། ཡང་། སྡང་ཞིང་བཟོད་དང་བྲལ་ལ་བྱང་ཆུབ་ག་ལ་ཡོད། །དེ་ཚེ་བདུད་རྣམས་ཕྱོགས་དང་བཅས་ཏེ་དགའ་བར་འགྱུར། །ཞེས་དང་། གཅིག་པུར་དོན་ཉིད་མི་སེམས་ཤིང་། །གདུལ་དཀའི་སེམས་ནི་མི་འདུལ་བར། །འཁོར་མང་ནང་དུ་ཆོས་འཆད་པ། ཁེ་གྲག་གཡེང་བ་བདུད་ཀྱི་ལས། ཞེས་དང་། འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། དཔེར་ན་བུ་ག་ནས་རླུང་འཇུག་པ་དེ་བཞིན་དུ་རྣལ་འབྱོར་བའི་སེམས་གང་དང་གང་ན་སྐྱོན་ཡོད་པ་དེ་དང་དེ་ལ་བདུད་འཇུག་ཅིང་གླག་རྙེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའི་སེམས་ལ་ཉོན་མོངས་པ་ལ་སོགས་པའི་སྐྱོན་མེད་པར་བྱའོ། །སེམས་ལ་སྐྱོན་མེད་པ་ནི་འདི་ཡིན་ཏེ། འདི་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །ཞེས་གསུངས་སོ། །དེ་བས་ན་རྣལ་འབྱོར་པ་སྤྱོད་ལམ་རྣམ་བཞི་དུས་དང་གནས་སྐབས་ཐམས་ཅད་དུ་རང་གི་སེམས་རྒྱུད་ལ་ལྟ་ཞིང་རྟག་ཏུ་དྲན་པ་དང་ཤེས་བཞིན་བརྟེན་ཏེ། འདོད་ཆགས་ཀྱི་སེམས་དང་། ཞེ་སྡང་གི་སེམས་དང་། གཏི་མུག་གི་སེམས་དང་། ང་རྒྱལ་གྱི་སེམས་དང་། ཕྲག་དོག་གི་སེམས་ལ་སོགས་ཉོན་མོངས་མཐའ་དག་གི་སེམས་ཀྱིས་གནས་པར་མི་བྱའོ། །གཅེས་པར་འཛིན་པའི་སེམས་དང་། ཁུ་འཕྲིག་དང་ཡང་བ་དང་། འཇིགས་པའི་སེམས་དང་། དགའ་མི་དགའི་སེམས་དང་། ཐེ་ཚོམ་དང་ཡིད་གཉིས་ཀྱི་སེམས་དང་། རེ་བ་དང་དོགས་པའི་སེམས་ལ་སོགས་པ་རྣལ་འབྱོར་རྟོག་པ་མཐའ་དག་གི་སེམས་ཀྱིས་གནས་པར་མི་བྱའོ། །རྙེད་པ་དང་བཀུར་བསྟི་ལ་དགའ་བ་དང་། དེ་མེད་ན་མི་དགའ་བ་དང་། བདེ་ཞིང་སྐྱིད་ན་དགའ། སྡུག་ན་མི་དགའ་བ་དང་། བསྟོད་ན་དགའ། སྨད་ན་མི་དགའ་བ་དང་། སྙན་པ་དང་གྲགས་ན་དགའ། མི་སྙན་ཞིང་མ་གྲགས་ན་མི་དགའ་བ་ལ་སོགས་པའི་འཇིག་རྟེན་ཆོས་བརྒྱད་ཀྱིས་གནས་པར་མི་བྱའོ། །མདོར་ན་ཆོས་ཐམས་ཅད་དངོས་པོ་དང་མཚན་མར་ཞེན་པས་ང་དང་ང་ཡིར་འཛིན་པ་ཐམས་ཅད་རབ་ཏུ་སྤང་སྟེ། འདི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པའི་ཚུལ་གྱིས་གནས་པར་བྱའོ། །མཚན་མ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །སྨོན་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །བྱམས་དང་སྙིང་རྗེའི་བྱང་ཆུབ་ཀྱི་སེམས་ཀྱིས་གནས་པར་བྱའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་སེམས་ཀྱིས་གནས་པར་བྱའོ། །ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མ་ནམ་མཁའ་ལྟ་བུའི་སེམས་ཀྱིས་གནས་པར་བྱའོ། །ཆོས་ཐམས་ཅད་མི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན་པར་འགྱུར་བའི་ཆོས་ཅན་གྱི་སེམས་ཀྱིས་གནས་པར་བྱའོ། །རྟག་ཏུ་ཞི་བའི་སེམས་ཀྱིས་གནས་པར་བྱའོ། །དུལ་བའི་སེམས་ཀྱིས་གནས་པར་བྱའོ། །དྲང་པོའི་སེམས་ཀྱིས་གནས་པར་བྱའོ། །དྲན་པ་དང་ལྡན་པའི་སེམས་ཀྱིས་གནས་པར་བྱའོ། །ཤེས་བཞིན་དང་ལྡན་པའི་སེམས་ཀྱིས་གནས་པར་བྱའོ། །བག་དང་ལྡན་པའི་སེམས་ཀྱིས་གནས་པར་བྱའོ། །དེ་ལྟར་གནས་པས་རང་གི་སེམས་རྒྱུད་དག་ཅིང་སྐྱོན་མེད་ན་ཕྱི་ནང་གི་བདུད་ཀྱིས་གླགས་དང་སྐབས་རྙེད་པར་མི་འགྱུར་ཏེ། སྡུད་པ་ལས། འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན། །གཉའ་ཤིང་གང་ཙམ་ལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། །གཙང་ཞིང་གཙང་མའི་གོས་འཆང་གསུམ་པོ་དབེན་ཞིང་དག །རྙེད་འདོད་མ་ཡིན་ཁྱུ་མཆོག་རྟག་ཏུ་ཆོས་འདོད་པ། །བདུད་ཀྱི་ཡུལ་ལས་འདས་ཤིང་གཞན་གྱི་དྲིང་མི་འཇོག །ཅེས་དང་། ཡང་། རྒྱུ་རྣམ་བཞི་ཡིས་བྱང་ཆུབ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་བར་ཤེས་ཤིང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་སོ། །འཕགས་པ་དཀོན་མཆོག་བརྩེགས་པ་ལས། ཆོས་བཞི་དང་ལྡན་ན་འདུལ་བར་བྱེད་དོ། །བཞི་གང་ཞེ་ན། གཞན་གྱི་རྙེད་པ་ལ་ཕྲག་དོག་མི་བྱེད་པ་དང་། ཕྲ་མའི་ཚིག་ཡོངས་སུ་སྤངས་པ་དང་། སྐྱེ་བོ་མང་པོ་དགེ་བའི་རྩ་བ་ཡོངས་སུ་འཛིན་དུ་འཇུག་པ་དང་། སྒྲིབ་པ་མེད་པའི་བྱམས་པ་སྒོམ་པའོ། །ཞེས་པ་དང་། དཔེར་ན་ནོར་མེད་པ་ལ་རྐུན་མ་མི་ཡོང་ངོ་། ཁུར་མེད་པ་ལ་དགྲ་མི་ཡོང་ངོ་། དེ་བཞིན་དུ་རྣམ་རྟོག་མེད་པ་ལ་བདུད་མི་འཇུག་གོ། ཞེས་པ་དང་། དྲན་དང་ཤེས་བཞིན་རྟག་བརྟེན་ན། །ལོག་རྟོགས་མཚན་མས་ཉེ་མི་ནུས། །ཞེས་གསུངས་སོ། །དེ་ལྟར་བདུད་བཟློག་པའི་ཐབས་ལ་མཁས་པའི་གང་ཟག་ལ་ཕྱི་ནང་གི་བདུད་ཐམས་ཅད་ལམ་གྱི་གྲོགས་སུ་འབྱུང་སྟེ། བརྩོན་འགྲུས་ཀྱི་བསྐུལ་མ། རྟོགས་པའི་ནང་བྱན། དངོས་གྲུབ་ཀྱི་མཚམས་སྦྱོར། ཉམས་མྱོང་གི་བོགས་འདོན་གྱི་རྐྱེན་ཡིན་པས། བདུད་སངས་རྒྱས་ཀྱི་སྤྲུལ་བ། བསྟན་པའི་ཆ་རྐྱེན་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བདུད་དང་མུ་སྟེགས་ཐམས་ཅད་མགོ་སྨད་ཅིང་རྩད་ནས་མ་བསྒྲལ་བའི་དགོངས་པ་དེ་ཡིན་ནོ། །དད་བརྩོན་ལྡན་པའི་གང་ཟག་ལ། །ཕྱི་ནང་གསང་བའི་བདུད་རྣམས་ཀྱིས། །བར་གཅོད་ཆེ་ཆུང་འབྱུང་མོད་ཀྱང་། །བདུད་བརྟགས་མན་ངག་འདི་ཡོད་ན། །སྔོན་གྱི་རྣམ་སྨིན་མ་གཏོགས་པ། །བདུད་ཀྱིས་དབང་དུ་འགྲོ་མི་འགྱུར། །གོ་ཆ་སྙིང་སྟོབས་ལྡན་གྱུར་ཅིག །བླ་མ་དམ་པས་ཟིན་གྱུར་ན། །བདུད་ཀྱིས་བར་ཆོད་ཅི་བྱུང་ཡང་། །དད་བརྩོན་བསྐུལ་མའི་ལྕགས་འདེབས་ཡིན། །འཁོར་བར་ཞེན་པ་གཏིང་ལོག་ཅིང་། །ཤེས་རབ་ཆེ་ཞིང་ཐོས་མང་ན། །བདུད་ཀྱི་བར་ཆོད་ཐམས་ཅད་ནི། །རྣལ་འབྱོར་ལམ་གྱི་གྲོགས་སུ་ཆེ། །དོན་དམ་གཤིས་ཀྱི་གནས་ལུགས་རྟོགས། །ཆོས་ཅན་དྲན་སྣང་མཚན་ཉིད་ཤེས། །རྣལ་འབྱོར་དེ་ལ་ཅི་བྱུང་ཡང་། །རྟོགས་པ་ཉམས་ཀྱི་གསལ་འདེབས་ཡིན། །མཉམ་ཉིད་དོན་ལ་སེམས་བརྟེན་པ། །ཆགས་མེད་རྩིས་མེད་ངང་སྤྱོད་ན། །རྐྱེན་ངན་ཅི་བྱུང་ཅི་ཤར་ཡང་། །རྣལ་འབྱོར་རིག་པའི་རྒྱན་དུ་ཆེ། །བླ་མ་དམ་པས་མ་ཟིན་དང་། །བློ་ངན་ཐོས་ཆུང་མན་ངག་མེད། །སྔོན་ལས་ངན་པས་བདས་པ་རྣམས། །དད་བརྩོན་ལྡན་ཡང་བདུད་ཀྱིས་འཁྱེར། །དེ་བས་དད་དང་བརྩོན་པ་ཡིན། །སེམས་ལ་བརྟན་པ་མ་ཐོབ་པར། །རྟག་ཏུ་བླ་མ་དམ་པ་བསྟེན། །དེ་མེད་གདམས་ངག་ཕྱོགས་མེད་བསྟེན། །གཅིག་ཏུ་བདུད་བརྟགས་མན་ངག་གཅེས། །ཆོས་རྣམས་སྟོང་པར་རྟོགས་པ་དང་། །སེམས་ཅན་སྙིང་རྗེ་མི་སྤོང་དང་། །ཁས་བླང་ཡི་དམ་བརྟན་པ་དང་། །བླ་མ་དཀོན་མཆོག་མོས་གུས་དང་། །བཞི་པོ་དེ་དག་སུ་ལྡན་པ། །བདུད་ལས་རྣམ་པར་རྒྱལ་བ་ཡིན། །ལར་དོན་དམ་གཤིས་ཀྱི་གནས་ལུགས་ལ། །བདུད་ཅེས་བྱ་བའི་མིང་ཡང་མེད། །འཇིག་རྟེན་ཀུན་རྫོབ་བདུད་རྣམས་ནི། །གང་ཟག་འཁྲུལ་བའི་བློས་བརྟགས་ཡིན། །དོན་དམ་རྟོགས་པའི་རྣལ་འབྱོར་ལ། །ཀུན་རྫོབ་གདོན་བགེགས་གྲོགས་སུ་ཆེ། །བདུད་བགེགས་རིག་པའི་ལྟ་ཡུལ་ཡིན། །བདུད་བགེགས་མེད་ན་ལྟ་ཡུལ་མེད། །བདུད་བགེགས་སེམས་ཀྱི་སྒོམ་ཡུལ་ཡིན། །བདུད་བགེགས་མེད་ན་སྒོམ་ཡུལ་མེད། །བདུད་བགེགས་སེམས་ཀྱི་སྤྱོད་ཡུལ་ཡིན། །བདུད་བགེགས་མེད་ན་སྤྱོད་རྒྱུ་མེད། །བདུད་བགེགས་སེམས་ཀྱི་བསྐུལ་མ་ཡིན། །བདུད་བགེགས་མེད་ན་བསྐུལ་མ་མེད། །བདུད་བགེགས་ཉམས་ཀྱི་བོགས་འདོན་ཡིན། །བདུད་བགེགས་མེད་ན་བོགས་མི་ཐོན། །བར་ཆོད་དངོས་གྲུབ་མཚམས་སྦྱོར་ཡིན། །བར་ཆོད་མེད་ན་དངོས་གྲུབ་མེད། །སྡུག་བསྔལ་བདེ་བའི་ལམ་པ་ཡིན། །སྡུག་བསྔལ་མེད་ན་བདེ་བ་མེད། །ཉོན་མོངས་ཡེ་ཤེས་ངོ་བོ་ཉིད། །ཉོན་མོངས་མེད་ན་ཡེ་ཤེས་མེད། །རྣམ་རྟོག་ཆོས་ཉིད་མེ་ལོང་ཡིན། །རྣམ་རྟོག་མེད་ན་ཆོས་ཉིད་མེད། །ཤེས་རིག་ལྡན་པའི་རྣལ་འབྱོར་ལ། །ཡོན་ཏན་མིན་པ་གང་ཡང་མེད། །རྐྱེན་ངན་ཐམས་ཅད་གྲོགས་ཀྱི་མཆོག །ཅི་བྱས་ཅི་བྱུང་ལེགས་པའི་ལམ། །མན་ངག་རིན་པོ་ཆེ་སྤུངས་པ་ལས་བདུད་བརྟགས་ཏེ་སྤོང་ཚུལ་གྱི་ལེའུ་ལས་དོན་བསྡུས་ཏེ་ཚིག་སྣ་ཅུང་ཟད་རེ་བསྡུས་ནས་ཟིན་ཐུན་དུ་སྤེལ་བའོ། །མངྒ་ལམ། །}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> |
Latest revision as of 14:21, 5 June 2024
🚧 This website is under continued development. We appreciate your patience!
Wylie title | bdud kyi rgyu brtags te spong tshul gyi man ngag bdud las rnam rgyal | |
---|---|---|
Location | dpal sprul bka' 'bum Volume 2, Text 49, Pages (Folios to ) | |
Author | དཔལ་སྤྲུལ་རིན་པོ་ཆེ་ | |
Less details More details | ||
Citation | ||
Genre | Pith Instructions - man ngag |