ཐེག་ཆེན་མདོ་སྡེ་མཐོང་བའི་ཕན་ཡོན་ཚིགས་སུ་བཅད་པ།

From Khyentse Lineage - A Tsadra Foundation Project
PJCW-KABUM-02-KHA-050
Wylie title theg chen mdo sde mthong ba'i phan yon tshigs su bcad pa
Location dpal sprul bka' 'bum
Volume 2, Text 50, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Spiritual Instructions - gdams ngag
Colophon

།ཐེག་ཆེན་མདོ་སྡེ་མཐོང་བའི་ཕན་ཡོན་ཚིགས་སུ་བཅད་པ་རང་ཉིད་ཀྱི་མོས་གུས་ཀྱི་གསོས་དང་། །མཆེད་གྲོགས་འགའ་ཞིག་གིས་ཀྱང་བསྐུལ་བ་ལ་བརྟེན་ནས་གྲུབ་པའི་གནས་མཆོག་ཚེ་རིང་ཕུག་ཏུ་ཁྱི་རྒན་ཨ་བུས་རྫོགས་པར་བྱས་པ་དགེ་ཞིང་བཀྲ་ཤིས། དགེའོ།

/theg chen mdo sde mthong ba'i phan yon tshigs su bcad pa rang nyid kyi mos gus kyi gsos dang /_/mched grogs 'ga' zhig gis kyang bskul ba la brten nas grub pa'i gnas mchog tshe ring phug tu khyi rgan a bus rdzogs par byas pa dge zhing bkra shis/_dge'o/

[edit]
༄༅། །ཐེག་ཆེན་མདོ་སྡེ་མཐོང་བའི་ཕན་ཡོན་ཚིགས་སུ་བཅད་པ་བཞུགས་སོ། །


ན་མོ་མཉྫུ་ཤྲི་ཡེ། བདེ་གཤེགས་མི་ཡི་སེང་གེ་མཚུངས་པ་མེད། །ཐུབ་པ་སྲས་བཅས་ཡོན་ཏན་རྒྱ་མཚོ་ལ། །ཀུན་ནས་དྭངས་སླད་གུས་པས་སྤྱིས་འདུད་དེ། །ཐུབ་ཚུལ་ཆོས་མཆོག་ལུང་རྟོགས་ལ་ཡང་ངོ་། །བསྐལ་པ་བྱེ་བ་གཞལ་དུ་མི་སྤྱོད་པ། །དེ་ཡི་ཚད་ནི་ནམ་ཡང་མེད་པ་རུ། །ཐུབ་པའི་མཁྱེན་པ་བདུད་རྩིའི་ཆོས་མཆོག་ནི། །ཐར་ལམ་དབྱིག་ཏུ་སྐྱེ་དགུའི་སྒྲོན་མར་བྱོན། །ཐུབ་པ་མི་འགྱུར་ཆོས་ཀྱང་དེ་བཞིན་ཏེ། །འདི་ལ་འཕེལ་མེད་འགྲིབ་པ་ཡོང་ཡེ་མེད། །བློ་ཆེན་རྣམས་ལ་རྒྱུན་མི་འཆད་པའི་ཆོས། །ཐུབ་པས་རྟག་ཏུ་ཚངས་པའི་དབྱངས་ཀྱིས་འདོམས། །བདེ་གཤེགས་སྐྱེ་དང་མངོན་འབྱུང་བྱང་ཆུབ་ཅིང་། །བདུད་རྩིའི་སྒོ་དབྱེ་མྱ་ངན་འདས་སྣང་བ། །ཉི་ཚེ་བློ་གྲོས་སྐལ་བའི་སྤྱོད་ཡུལ་ཏེ། །དོན་དམ་གཟིགས་པའི་ཐབས་ཀྱི་མཛད་སྤྱོད་ལགས། །བསྐལ་པ་མང་པོའི་ཚོགས་གཉིས་རྒྱ་ཆེན་པོ། །མ་ཉམས་མ་གོད་བྱང་ཆུབ་ཆེར་བསྔོས་པའི། །རྒྱུ་ལས་མ་ཡིན་ཡང་དག་ཐེག་ཆེན་གྱི། །མདོ་སྡེ་མཆོག་ཐོས་སྐལ་བ་ཇི་ལྟར་ཡོད། །བྱེ་བ་ཕྲག་བརྒྱའི་ཞིང་མང་གཞལ་དཀའི་འགྲོ། །བདེ་གཤེགས་ཆོས་ཀྱི་སྒྲོན་མེ་མ་མཆིས་པའི། །མུན་ནས་མུན་པར་ཁོམ་པ་མེད་འཁོར་བ། །ཡང་དག་ཆོས་ལ་མོས་པ་དམན་ལས་བྱུང་། །བསོད་ནམས་ལེགས་བསགས་དལ་བ་རིན་པོ་ཆེ། །འབྱོར་བའི་ཁྱད་པར་ལག་ཏུ་ལོན་དུས་འདིར། །བདེ་གཤེགས་ཆོས་ལ་བརྩོན་པ་མ་བསྐྱེད་ན། །སྣང་ནས་མུན་པར་ཡོངས་འགྲོ་སྨྲེ་སྔགས་གནས། །གཅིག་ཏུ་བརྩོན་པ་ཐུབ་པའི་བསྟན་པ་ལ། །ཀློག་དང་སྤོང་བ་རབ་ཏུ་བྱུང་བའི་ལམ། །ལེ་ལོས་བཅོམ་བྱས་ཚུལ་ཁྲིམས་ལྡན་ན་ཡང་། །བུ་ལོན་དཀོར་ཟ་ཁྱད་པར་ཐོབ་པས་སྤང་། །ཇི་སྙེད་སྦྱིན་དང་བདེ་གཤེགས་མཆོད་བྱས་དང་། །ཚུལ་གནས་བཟོད་ལྡན་བརྩོན་པས་བསྒོམ་པ་ལ། །བསྐལ་བརྒྱར་བརྩོན་ལས་ཐེག་ཆེན་མདོ་ཟབ་མོ། །ཚིགས་བཅད་གཅིག་བཟུང་བསོད་ནམས་འཕགས་པར་གསུངས། །སྐྱོབ་པ་མཆོག་དེས་སྔོན་ཆད་བསྐལ་མང་དུ། །ལུས་དང་སྲོག་ཀྱང་ཡལ་བར་བཏང་མཛད་ནས། ཚིགས་བཅད་རེ་ཡང་བརྩོན་པ་བརྒྱ་དག་བཅས། །དམ་ཆོས་མཛོད་འདི་རིང་ནས་བསགས་པ་ལགས། འབར་བའི་མེ་ཕྲེང་ལུས་ལ་གཏམས་པ་དང་། །མེ་དོང་མཆོང་དང་ལྕགས་ཀྱི་གཟེར་སྟོང་གདབ། །དཔྱི་ལ་ཐུབ་པར་རྐང་པ་ཟད་ཕྱིན་ནས། །ཐུབ་པས་ཆོས་མཆོག་དེ་ལྟར་བཙལ་བར་མཛད། །བརྩོན་པ་དེ་ཡང་དུས་ཡུན་ཐུང་ངུས་མིན། །བགྲང་དུ་མི་སྤྱོད་བསྐལ་པ་ཟད་པར་ཡང་། །རྒྱུན་མི་འཆད་པའི་སྙིང་སྟོབས་བརྒྱད་དག་བཅས། །ཐུབ་པའི་ཆོས་མཛོད་ད་གདོད་བརྙེས་པར་གྱུར། །དམ་ཆོས་མཛོད་འདི་རིང་ནས་བསགས་བསགས་པ། །སྙིགས་མའི་མཐའ་འདིར་མགོན་པོ་དེས་དབྱེ་སྟེ། །ཐུབ་པ་སྟོང་གིས་སྤངས་པའི་ཉམས་ཐག་ལ། །སྲས་སུ་བཟུང་ནས་བརྩེ་བས་གདམས་ངག་མཛད། ཡུན་རིང་སྦྱངས་པའི་སེམས་དཔའ་བློ་ཆེན་ལ། །ཐུབ་པའི་དམ་ཆོས་རྟག་ཏུ་སྣང་མོད་ཀྱི། །ཁ་ན་མ་ཐོ་སྡིག་པ་སྟོང་དག་གིས། །འཕངས་པ་བདག་ཅག་མགོན་པོ་གཅིག་འདིས་བཟུང་། །བདེ་གཤེགས་སྨོན་ལམ་དབང་བའི་དབང་དེ་ལས། །མཚམས་མེད་འགྲོ་བ་བདག་སོགས་དམ་ཆོས་མཆོག །བདུད་རྩིའི་ཟེར་འདིས་རེག་པར་བྱས་གྱུར་ན། །བདག་སྐལ་བསོད་ནམས་ཇི་ལྟར་ཡིན་པར་འགྱུར། །སྙིང་སྟོབས་མི་མཚུངས་པདྨ་དཀར་པོ་ལྟའི། །སེམས་དཔའ་མཆོག་དེའི་སྨོན་པས་མ་བཟུང་ན། །སྙིགས་མའི་མཐའ་འདིར་མུན་སྨག་སྟུག་ཁེབས་འགྲོ། །ངན་འགྲོའི་སྒོ་རུ་དམིགས་བུས་སྤང་བར་ཟད། །རྒྱལ་བ་དགྲ་ཐུལ་ཐུགས་རྗེའི་མངའ་བདག་དེས། །དེ་ལྟར་བརྩོན་པས་བདུད་རྩིའི་སྒོ་དབྱེ་ཡང་། །ཐེག་ཆེན་མདོ་སྡེ་མཐོང་ལ་མི་བརྩོན་ན། །དམྱལ་བ་ཁོ་ནར་བདག་གིས་འགྲོ་བར་ངེས། །བློ་གྲོས་དམན་པ་ཉོན་མོངས་སྟོང་དག་གིས། །དཀྲུགས་པའི་ཡིད་ལ་ཆོས་འཛིན་མེད་མཁྱེན་ནས། །བསྟན་པའི་མཐའ་ཡང་ཡི་གེའི་གཟུགས་དག་གིས། །ཐུབ་པ་བཞུགས་ཞེས་སྐྱོབ་པའི་ཞལ་གྱིས་བཞེས། །མདོ་སྡེ་རིན་ཆེན་འདི་ནི་དེང་དུ་ཡང་། ཐུབ་པའི་ཆོས་སྐུ་མཆོག་དང་དབྱེར་མེད་པར། །ཉན་འཆད་ཀློག་དང་འཛིན་ལ་དགྱེས་བཞུགས་ན། །སྐལ་བཟང་གྲོགས་དག་འདི་ལ་གུས་བརྩོན་རིགས། །ཕན་མཛད་ཐུགས་རྗེས་རིང་ནས་དགོངས་པ་ཅན། །མགོན་པོ་མཆོག་འདིར་རང་གི་དོན་ཉིད་དུ། །བྱས་པ་གཟོ་བའི་སྙིང་སྟོབས་མི་སྐྱེད་ན། །མ་རབས་དེ་འདྲ་རྗེས་འཇུག་ཇི་ལྟར་ཡིན། །མགོན་པོ་སྐྱོབ་དེས་སྤང་རྟོགས་མཐར་བྱས་ན། །དེ་ལ་སུས་ཅི་ཕན་པ་བགྱིད་ཡོད་དེ། །རང་གཞན་དོན་ཕྱིར་མདོ་སྡེ་མཆོག་དག་ལ། །ཉན་འཆད་འཛིན་བརྩོན་ཐུབ་ལ་བྱས་པ་གཟོ། །ཡང་དང་ཡང་དུ་ངན་འགྲོར་སོར་འགྲོ་བའི། །ཉམ་ཐག་བདག་ཅག་སེམས་དཔའ་མཆོག་དག་དང་། །སྐལ་བ་མཉམ་པར་ཐེག་ཆེན་ཐོས་ནུས་པ། །ཤཱཀྱའི་སྲས་དེའི་ཐུགས་བསྐྱེད་སྟོབས་ཀྱིས་བསྐྲུན། །སྐྱོབས་པ་གཞན་དང་ཞིང་གཞན་དེར་སྟོན་ཆོས། །ཉན་ཙམ་དབང་འདིའང་བདེ་གཤེགས་མཐུ་ལས་ཏེ། །ཤཱཀྱ་སེང་གེའི་སྨོན་པས་མ་བཟུང་ན། །དམ་ཆོས་སྒྲ་ཡང་བསྐལ་བརྒྱར་ཐོས་ནུས་མེད། །མགོན་པོ་མཆོག་དེའི་མཚན་དཔེ་མཚུངས་མེད་ཞལ། །ཉི་མ་བཞིན་དུ་སྲིད་ན་ལྷང་ངེ་བ། །མཐོང་བའི་སྐལ་བས་བདག་ཅག་དབུལ་ལགས་ཀྱང་། །དམ་ཆོས་འོད་སྣང་ད་དུང་ནུབ་པ་མེད། །བདེ་གཤེགས་ཆོས་ལ་བརྩོན་པ་མ་བསྐྱེད་ན། །བསྟན་པ་རིན་ཆེན་ད་ནི་ནུབ་ལ་ཉེ། །འགྲོ་བའི་དམིགས་བུ་ད་ནི་སྟོར་ལ་ཉེ། །སྲིད་པའི་སྣང་བྱེད་ད་ནི་ཉམས་ལ་ཉེ། །ངན་སོང་འགྲོ་བ་ཤིན་ཏུ་བཟོད་དཀའ་བའི། །གནས་དེར་སོང་ན་ཕན་མཛད་བསྟན་པ་འདིའི། །མཚན་ཐོས་ལ་ཡང་རྙེད་པ་མ་ལགས་ན། །ཡང་དག་མདོ་སྡེ་མཐོང་བར་ཇི་ལྟར་དབང་། །སྐལ་བཟང་གྲོགས་དག་བརྩོན་པའི་སྟོབས་བསྐྱེད་ལ། །ཐུབ་པའི་མདོ་སྡེ་ཉན་དང་ཀློག་པ་དང་། །དོན་སེམས་པ་ལ་སྒྲིམ་པར་བྱོས་ཤིག་དང་། །ཞི་བའི་ལམ་བཟང་ཁྱེད་ལ་མཛའ་བར་འགྱུར། །ཡང་དག་བཤེས་བྲལ་བསྟན་པ་བདུད་སྡེས་དཀྲུགས། །སྣ་ཚོགས་ཚུལ་བརྒྱས་འཁྲུལ་བ་བསྐྱེད་དུས་འདིར། །ཡིད་ཆེས་གཅིག་པུ་བདེ་གཤེགས་རྒྱལ་བའི་བཀའ། །ཐུབ་པའི་མདོ་སྡེ་ནམ་ཡང་འཁྲུལ་པ་མེད། །རྟོག་གེ་རྩོད་མེད་ཞེ་འདོད་འཐེན་འཁྱེར་མེད། །ཕྱིས་བློས་བསླད་མེད་ཐུབ་པའི་མདོ་སྡེ་ནི། །བྱིན་རླབས་ཉི་མ་སྙིང་ལ་འོད་སྣང་སྦྱིན། །ཚིག་གཅིག་ཐོས་ཀྱང་བསྐལ་མང་སྡིག་སྒྲིབ་སྦྱོང་། །ཡིད་བཞིན་ནོར་མཆོག་འདི་ངོ་ཤེས་བྱོས་ལ། །རྩོད་མེད་ཆོས་འདི་ཡལ་བར་མ་འདོར་དང་། །སྐྱེ་དང་སྐྱེ་བར་པདྨོ་སྟན་གནས་པས། །བདེ་གཤེགས་ཆོས་ཉན་སྐལ་པ་ཡོད་པ་ཡིན། །གསུང་གི་མཛད་པ་བདེ་གཤེགས་མཛད་རྣམས་ལས། །གཙོ་བོར་གསུངས་ན་ཐུབ་གསུང་རིན་པོ་ཆེ། །འདི་ལས་གཞན་ན་སངས་རྒྱས་ཀྱང་མེད་ཀྱིས། །གུས་པས་མཇལ་ན་བདེ་གཤེགས་མཐོང་བ་ཡིན། །ཐུབ་པ་དེ་རྗེས་འཇུག་པར་རློམ་བཞིན་དུ། །ཕན་མཛད་དེ་ཡི་དྲིན་ཡང་མི་ཤེས་པར། །རྐང་འཁྱམས་རྒྱལ་བུ་དམན་འདྲར་ཉམ་ཐག་པ། །ཡང་དག་མདོ་སྡེ་མ་མཐོང་སྐྱོན་ལས་ཡིན། །ཆོས་ལས་བྱུང་བའི་དད་པའི་མཐུ་མེད་པས། །སྐྱབས་གསུམ་སྒྲ་ཙམ་ཚིག་ཏུ་བརྗོད་ན་ཡང་། །ཡང་དག་སངས་རྒྱས་རྗེས་སུ་དྲན་མེད་པ། །དེ་འདྲ་མདོ་སྡེ་མ་མཐོང་སྐྱོན་ལས་ཡིན། །གང་ལ་གཏོང་དང་ཚུལ་ཁྲིམས་ཐོས་ལ་སོགས། །ཐུབ་པའི་བསླབ་ལ་གུས་པ་མེད་སྐྱེས་པས། །བག་མེད་གཡེངས་ནས་ངན་སོང་གཅོང་རོང་དུ། །ལྷུང་ཞིང་འཁྱམས་པ་མདོ་སྡེ་མ་མཐོང་སྐྱོན། །གོ་ཡུལ་ཙམ་དུ་རྟེན་འབྱུང་རྒྱུ་འབྲས་ཆོས། །ཡོད་པར་ཐོས་ཀྱང་ལག་ལེན་རྒྱབ་འགལ་བས། །རྨོངས་བཞིན་འཆི་ཞིང་རྨོངས་བཞིན་སྐྱེ་འགྱུར་བ། །ཐུབ་པའི་མདོ་སྡེ་མ་མཐོང་སྐྱོན་ལས་ཡིན། །བརྩོན་པས་དུས་རིང་ངལ་བ་ཆོས་ཕྱོགས་སུ། །བྱས་པར་རློམ་ཡང་ཐབས་ལ་མཁས་མེད་པས། །རྐྱེན་གྱིས་བཅོམ་ནས་ངན་འགྲོར་འཁྱམས་འགྱུར་བ། །ཐེག་ཆེན་མདོ་སྡེ་མ་མཐོང་སྐྱོན་ལམ་ཡིན། །བསྟན་པ་རིན་ཆེན་འདི་ཡི་ཁྱད་ཆོས་ཀྱང་། །ཤེས་པ་མེད་ན་ཉམས་སུ་ཇི་ལྟར་ལེན། །ནོར་བུ་བཟུང་ནས་སློང་ལ་འཇུག་འདྲ་བ། །ཡང་དག་མདོ་སྡེ་མ་མཐོང་སྐྱོན་ལས་ཡིན། །ཡང་དག་དམ་ཆོས་བདུད་རྩིའི་རོ་བདའ་བ། །མྱང་བའི་ཐོས་དང་བསམ་དང་སྒོམ་སྤངས་ནས། །བྲན་ཁོལ་བཞིན་དུ་འབྲས་མེད་ལས་བརྩོན་པ། །ཡང་དག་མདོ་སྡེ་མ་མཐོང་སྐྱོན་ལས་ཡིན། །འདི་ན་ངུར་སྨྲིག་ཐར་བའི་རྒྱལ་མཚན་གྱིས། །དཀྲིས་པས་མཛེས་ཀྱང་མདོ་སྡེ་མི་ཤེས་པས། །གསེར་སྣོད་ཡིད་འོང་ངན་སྐྱུགས་བཀང་འདྲ་བ། །དེ་ལས་ཕུང་བར་གྱུར་པ་ཅི་ཞིག་ཡོད། །སྒྲུབ་དང་བརྩོན་པས་ཉམས་སུ་མ་ལོན་ཡང་། །མཆོག་ཏུ་གུས་ལྡན་ཐེག་ཆེན་མདོ་སྡེ་ཡི། །ཚིག་གཅིག་ཐོས་ནས་དད་བཞིན་ཤི་ན་ཡང་། །ངན་སོང་འགྲོ་གནས་སྤོང་ཞེས་རྒྱལ་བས་གསུངས། །ཐུབ་པའི་བསྟན་འདིར་མཇལ་བའི་དོན་པོ་ལ། །ཡང་དག་སངས་རྒྱས་ཆོས་དང་དགེ་འདུན་ལ། །ཤེས་ནས་དད་པ་ཐོབ་པ་ཡོད་དགོས་ཀྱི། །དེ་སླད་མདོ་སྡེ་བལྟ་ལ་བརྩོན་པར་གྱིས། །སྐྱོབ་པ་མཆོག་དང་དེ་གསུང་རིན་པོ་ཆེ། །རྒྱལ་སྲས་རྣམས་ཀྱི་སྐུ་དྲིན་མི་དྲན་ཞིང་། །མཆོག་གསུམ་དམ་པའི་ཆེ་བ་མི་ཤེས་ན། །དམ་ཆོས་སྒྲུབ་རློམ་མཁས་པས་བཞད་གད་གནས། །ཐེག་པ་དམན་ལས་དགྲ་བཅོམ་འབྲས་ཐོབ་ལས། །ཐེག་མཆོག་ཆོས་ཐོས་ལོག་པར་ལྟ་ལྡན་པས། །དམྱལ་བར་ལྷུང་དེས་སེམས་དཔའ་ཆེ་དགྱེས་ན། །གུས་ལྡན་སུ་ཞིག་འདི་མཉན་བརྩོན་མི་བགྱིད། །སངས་རྒྱས་ཡུལ་དང་སེམས་དཔའ་ཆེ་རྣམས་ཀྱི། །དཔག་དཀའི་མཛད་བཟང་ཕ་མཐའ་མེད་གྱུར་པ། །ཐོས་ནས་དད་པའི་བ་སྤུ་ལྡང་འགྱུར་ཞིང་། །དེ་འདྲ་དེ་ཡང་བསོད་ནམས་ཕ་མཐའ་མེད། །རྒྱལ་སྲས་རྣམས་ཀྱི་ཆེ་བའི་བདག་ཉིད་དང་། །ཕན་པར་མཛད་པའི་ཐབས་མཁས་མ་ཐོས་ན། །ཐེག་མཆོག་ལམ་འདིར་སུ་ཞིག་དགའ་འགྱུར་ཏེ། །སེམས་སྟོབས་གོ་ཆ་ཇི་ལྟར་བགོ་བར་འགྱུར། །ཡོན་ཏན་མཆོག་གིས་ཀུན་ཏུ་གང་ཆེན་མཚོ། །ཐུབ་པའི་ཐེག་མཆོག་བདུད་རྩིའི་གཏེར་འདྲ་བའི། །མདོ་སྡེ་མཆོག་མཐོང་ཡོན་ཏན་མཐའ་ཀླས་པ། །རྡོ་རྗེའི་ལྕེས་ཀྱང་འཆད་པར་སླ་བ་མེད། །སྐལ་བ་བཟང་རྣམས་དགའ་བར་འགྱུར་སྙམ་ནས། །ཕྱོགས་ཙམ་སྨྲས་མོད་ཡོན་ཏན་རྒྱ་མཚོ་ལས། །སྐྲ་རྩེས་བླངས་ཙམ་ད་དུང་སྤོབས་བགྱིད་ཀྱིས། །རབ་དགའ་བསྐྱེད་ལ་དེ་དོན་ཡོད་པར་བྱོས། །བསྟན་པ་རིན་ཆེན་སྐྱེ་དགུའི་ལེགས་བྱས་གཞི། །ཡང་དག་དོན་ཆེན་མ་སྨན་མཚུངས་མེད་པར། །ཤེས་ནས་ཆོས་ལ་རབ་གུས་སྐྱེ་འགྱུར་བ། །ཡང་དག་མདོ་སྡེ་མཐོང་བའི་ཡོན་ཏན་ཡིན། །དུས་གསུམ་གཟིགས་པའི་སྟོན་པ་ཐུགས་རྗེ་ཅན། །ཡོན་ཏན་མཆོག་གིས་གང་དང་མི་མཚུངས་པའི། །ཁྱད་ཆོས་ཤེས་ནས་སངས་རྒྱས་རྗེས་དྲན་པ། །རྩོལ་མེད་སྐྱེ་བ་མདོ་སྡེ་མཐོང་ལས་འབྱུང་། །ཐུབ་པས་ལེགས་གསུངས་རྣམ་འདྲེན་མཆོག་གི་གཞི། །ཚིག་གཅིག་ཐོས་ཀྱང་འཁོར་བ་ཕྱིར་སྙིལ་བའི། །ཡང་དག་ཆོས་ཀྱི་ཡོན་ཏན་རྗེས་དྲན་པ། །དེ་འདྲ་དེ་ཡང་མདོ་སྡེ་མཐོང་ལས་འབྱུང་། །མཐོ་རིས་བདེ་རྒྱུ་གཏོང་དང་ཚུལ་ཁྲིམས་དང་། །འབྲས་བུ་ཡིད་འོང་ལྷ་ཡུལ་འབྱོར་བདེ་དག །རྗེས་དྲན་ངན་འགྲོ་སྤང་བའི་བརྩོན་པ་ཡང་། །ཡང་དག་མདོ་སྡེ་མ་མཐོང་ཇི་ལྟར་སྐྱེ། །ཉན་རང་རྒྱལ་སྲས་འཕགས་པ་ཆེ་རྣམས་ཀྱི། །སྤངས་དང་རྟོགས་པའི་ཡོན་ཏན་ཕུལ་བྱུང་བའི། །རྣམས་གྲངས་ཤེས་ནས་དད་པ་ཐོབ་པ་ཡང་། །ཡང་དག་མདོ་སྡེ་མཐོང་བའི་ཡོན་ཏན་ཡིན། །སེམས་དཔའ་ཆེན་རྣམས་གཟུངས་སྤོབས་ཡེ་ཤེས་དང་། །རྫུ་འཕྲུལ་མཆོག་སོགས་ཉན་ཐོས་རང་རྒྱལ་ལས། །ལྷག་པར་འཕགས་ཤེས་གུས་པ་སྐྱེ་བ་ཡང་། །ཡང་དག་མདོ་སྡེ་མཐོང་བའི་ཡོན་ཏན་ཡིན། །བསམ་གྱིས་མི་ཁྱབ་རྣམ་པར་ཐར་པ་དང་། །རྒྱལ་སྲས་རྣམས་ཀྱི་ཆེ་བའི་བདག་ཉིད་མཆོག །ནམ་མཁའ་བཞིན་དུ་ཚད་བཟུང་མེད་གྱུར་པའི། །གནས་ལ་མོས་པ་མདོ་སྡེ་མཐོང་ལས་འབྱུང་། །བསྟན་པ་འདིར་ཞུགས་ཚུལ་ཁྲིམས་འཆལ་པའམ། །ལེ་ལོས་བཅོམ་ཡང་ལྕགས་ཀྱུས་ཉ་བཞིན་དུ། །རྣམ་གྲོལ་སྐལ་པས་གཏོང་བ་མེད་ཤེས་ནས། །རྒྱལ་བཞིན་གུས་པ་མདོ་སྡེ་མཐོང་ལས་འབྱུང་། །བློ་གྲོས་དམན་དང་ཀུན་སྤྱོད་འཁྲུལ་ལ་སོགས། །དམན་པའི་གཟུགས་སུ་སེམས་དཔའ་མཆོག་རྣམས་ཀྱང་། །སྤྲུལ་པར་ཤེས་ནས་འགྲོ་བ་སུ་ལ་ཡང་། །བརྙས་པ་མེད་པ་མདོ་སྡེ་མཐོང་ལས་འབྱུང་། །སློང་དང་གནོད་བྱེད་དཀའ་བའི་ལས་སྦྱིན་པ། །བདག་གི་ཕ་རོལ་ཕྱིན་པའི་བཤེས་ཡིན་པར། །ཤེས་ནས་དྲིན་དུ་གཟོ་བའི་བློ་སྐྱེ་བ། །ཐེག་ཆེན་མདོ་སྡེ་མ་མཐོང་ཇི་ལྟར་ཡོད། །ཚུལ་གནས་བསམ་དང་ཤེས་རབ་བདག་སྤྱོད་ཀྱང་། །ངོམས་པར་མི་འགྱུར་ཁེངས་པར་མི་འགྱུར་ཏེ། །མངོན་པའི་ང་རྒྱལ་ཀུན་ཏུ་སྤོང་འགྱུར་བ། །ཡང་དག་མདོ་སྡེ་མཐོང་བའི་ཡོན་ཏན་ཡིན། །སྡིག་ཅན་བདུད་ཀྱང་རྒྱལ་བའི་སྲས་ཡིན་ཏེ། །སེམས་དཔའ་མཆོག་གི་ཐབས་མཁས་ཟླ་མེད་པས། །སེམས་ཅན་འདུལ་ཕྱིར་སྲིད་ན་བདུད་མེད་པར། །ཤེས་ནས་དགའ་སྐྱེད་མདོ་སྡེ་མཐོང་ལས་འབྱུང་། །བདུད་དང་བར་གཅོད་མི་འདོད་ལྟར་སྣང་བ། །ཆུ་ལ་ཆར་བཞིན་རྒྱལ་སྲས་སྤྱོད་པ་ཡི། །གྲོགས་སུ་ཤེས་ནས་འཁྲུགས་པར་མི་འགྱུར་ཞིང་། །དགེ་ཚོགས་འཕེལ་བ་མདོ་སྡེ་མཐོང་ལམ་འབྱུང་། །རྡོ་ལ་ཆུ་བཞིན་ཉམས་སུ་བླང་བའི་ཆོས། །རྒྱུད་ལ་མི་འགྲོངས་རང་གཤིས་གདུལ་དཀའ་བ། །ཤིང་ལ་ཆར་བཞིན་ངེས་འབྱུང་སྙིང་རྗེ་ཡི། །ཤུགས་ཀྱིས་བརླན་པ་མདོ་སྡེ་མཐོང་ལས་འབྱུང་། །ཆོས་སྒོ་གཅིག་དང་སྤྱོད་པའི་སྒོ་གཅིག་དང་། །ལམ་གཅིག་གིས་ནི་ཆོག་ཤེས་དམན་པའི་བློ། །ཡང་དག་སྤངས་ནས་ཐོས་པས་མི་ངོམས་ཤིང་། །ཀུན་མཁྱེན་སྒྲུབ་པ་མདོ་སྡེ་མཐོང་ལས་འབྱུང་། །སེམས་ཅན་གྲངས་དང་བསྐལ་བའི་ཡུན་དག་གིས། །མི་འཇིགས་མི་སྐྱོ་མཐའ་ཀླས་འགྲོ་བའི་ཕྱིར་། །ཡང་དག་སྨོན་པ་འཇམ་དཔལ་དབའ་བོའི་རྗེས། །སློབ་པར་ནུས་པ་མདོ་སྡེ་མཐོང་ལས་འབྱུང་། །འབྱོར་ལ་མི་རློམ་དམན་ལ་མི་བརྙས་ཤིང་། །ཕུན་ཚོགས་གང་ལའང་མཚར་དུ་མི་བརྩི་བའི་། །བློ་རྒྱ་ཆེན་པོ་རྒྱལ་སྲས་སྤྱོད་མཆོག་ནི། །ཡང་དག་མདོ་སྡེ་མ་མཐོང་སྐྱེ་མི་འགྱུར། །དམན་ལ་མོས་དང་ཅུང་ཟད་ཆོག་པར་འཛིན། །བྱིས་པའི་བློ་འདྲ་ཞུམ་པའི་རྒྱལ་དྲལ་ནས། །རྒྱལ་པོ་ལྟ་བུ་སེམས་སྟོབས་ཆེན་པོའི་བློ། །ཐལ་ལེར་འབྱུང་བ་མདོ་སྡེ་མཐོང་ལས་འབྱུང་། །རང་གི་ཀུན་སྤྱོད་ཁྲོན་པའི་སྦལ་བ་ལྟའི། །ཁེངས་པ་སྤངས་ནས་རྒྱལ་དང་རྒྱལ་སྲས་ཀྱི། །རླབས་ཆེན་མཛད་པ་རྒྱ་མཚོ་ཆེ་འདྲ་ལ། །དགའ་བ་སྐྱེ་བ་མདོ་སྡེ་མཐོང་ལས་འབྱུང་། བསམ་གཏན་ཏིང་འཛིན་དགའ་བ་མཆོག་སྐྱེས་ཀྱང་། །སྲེད་པར་མི་འགྱུར་ཆགས་སྡང་རྨོངས་པའི་བློ། །བཟློག་དཀའ་སྐྱེས་ཀྱང་ཞུམ་པ་མི་འགྱུར་བ། །ཡང་དག་མདོ་སྡེ་མཐོང་བའི་ཡོན་ཏན་ཡིན། །སྲིད་ཞིའི་བདེ་ལེགས་བདེ་གཤེགས་ཆོས་ལས་ཏེ། །ཆོས་མཆོག་བདུད་རྩི་ཆོས་སྒོར་བརྟེན་ཤེས་ནས། །ཚིགས་གཅིག་འཆད་དང་དོན་གཅིག་འགྲོལ་ལ་ཡང་། །རྒྱལ་ལྟར་གུས་པ་མདོ་སྡེ་མཐོང་ལས་འབྱུང་། །མྱ་ངན་མི་འདའ་རྒྱལ་བ་རྟག་བཞུགས་པ། །རང་སྐལ་དབང་ཙམ་ཡང་དག་མཇལ་དེ་ཕྱིར། །དགེ་བའི་བཤེས་གཉེན་སངས་རྒྱས་དངོས་ཡིན་ཞེས། །རྒྱུ་མཚན་ཤེས་པ་མདོ་སྡེ་མཐོང་ལས་འབྱུང་། །རྒྱལ་རྣམས་ཆོས་སྐུར་དབྱེ་བ་མེད་དེ་སླད། །གཅིག་ལ་མཆོད་བྱས་ཀུན་ལ་ཡིན་ཤེས་ནས། །རྡུལ་སྙེད་རྒྱལ་བ་ཇི་སྙེད་ཟད་པར་ཡང་། །མཆོད་པར་ནུས་པ་མདོ་སྡེ་མཐོང་ལས་འབྱུང་། །བདེ་གཤེགས་མཁྱེན་པ་ཐོགས་པ་མི་མངའ་བའི། །དྲུང་ན་འདུག་ཤེས་རྒྱལ་བ་མངོན་སུམ་ལྟའི། །བསོད་ནམས་ཞིང་དུ་ཡིད་ཆེས་མི་དམན་པ། །དེ་འདྲ་དེ་ཡང་མདོ་སྡེ་མཐོང་ལས་འབྱུང་། །དྭངས་བའི་ཡིད་ཀྱིས་མེ་ཏོག་གཅིག་འཐོར་ཡང་། །འབྲས་བུ་མི་བསླུ་བདེ་གཤེགས་ཐུགས་ཀྱིས་མཁྱེན། །ཡོངས་བསྔོའི་སྟོབས་ཀྱིས་ཕ་མཐའ་མེད་བགྱིད་པའི། །ཐབས་མཁས་ཤེས་པ་མདོ་སྡེ་མཐོང་ལས་འབྱུང་། །དངོས་པོ་ཆེ་བས་སྦྱིན་པ་ཆེ་མིན་ཏེ། །གཏོང་སེམས་གོམས་པ་ཕ་རོལ་ཕྱིན་ཡིན་ཞེས། །དབུལ་པོར་གྱུར་ཀྱང་གཏན་པ་མ་མཆིས་པའི། །མཆོད་སྦྱིན་ནུས་པ་མདོ་སྡེ་མཐོང་ལས་འབྱུང་། །སེམས་ཅན་རྣམས་ཀྱང་རྒྱལ་བའི་ཆོས་ཅན་ཏེ། །རྒྱལ་བར་ཕུལ་ཡང་སེམས་ཅན་ལ་བསྔོ་ན། །སྦྱིན་པའི་ཞིང་དུ་འཁོར་འདས་མཉམ་ཤེས་ནས། །ཀུན་ལ་སྙོམས་པ་མདོ་སྡེ་མཐོང་ལས་འབྱུང་། །ལན་དང་རྣམ་སྨིན་འབྲས་བུར་རེ་བཅས་པའི། །གཏོང་པ་གོམས་ཀྱང་དག་པར་མིན་ཤེས་ནས། །འཁོར་གསུམ་མི་རྟོག་འབྲས་བུར་སྨོན་བྲལ་བས། །སྦྱིན་པ་དག་པ་མདོ་སྡེ་མཐོང་ལས་འབྱུང་། །སྐད་ཅིག་བསགས་པའི་སྡིག་དང་ལྟུང་བས་ཀྱང་། །བསྐལ་པར་ངན་འགྲོར་འཁྱམས་ལ་ཡིད་ཆེས་ནས། །ཕྲ་མོའི་ཉེས་ལའང་འཛེམས་པར་བགྱིད་པའི་བློ། །ཤུགས་ཀྱིས་སྐྱེ་བ་མདོ་སྡེ་མཐོང་ལས་འབྱུང་། །གནང་བཀག་བསྒྲུབ་བཅས་སྣ་ཚོགས་སྤྱོད་པའི་སྒོ། །ཇི་ལྟར་བསྟན་ཡང་དོན་དུ་མཐུན་ཤེས་ནས། །གང་ལྟར་སྤྱོད་ཀྱང་ལྟུང་བས་མི་གོས་པའི། །ཐབས་མཁས་ཤེས་པ་མདོ་སྡེ་མཐོང་ལས་འབྱུང་། །བག་མེད་དབང་ཕྱིར་ཉོན་མོངས་གཞན་དབང་ཕྱིར། །རྩ་བའི་ལྟུང་བ་གལ་ཏེ་བྱུང་ན་ཡང་། །སེམས་ཅན་རྣམས་དང་སྤྱོད་པ་མཐུན་སྒྲུབ་པའི། །ཕན་པའི་གྲོགས་ཤེས་མདོ་སྡེ་མཐོང་ལས་འབྱུང་། །འཁྲུལ་བའི་དབང་གིས་ལན་འགལ་ཉམས་ན་ཡང་། །ཡང་དང་ཡང་དུ་ལྟུང་བ་མི་སྐྱེད་དེ། །ལྟུང་དང་ལྟུང་མིན་རྣམ་དབྱེ་ཤེས་པའི་བློས། །ཚུལ་བཞིན་ཡིད་བྱེད་མདོ་སྡེ་མཐོང་ལས་འབྱུང་། །བཅས་འགལ་བཅོས་དང་རང་བཞིན་སྡིག་པ་བཤགས། །སྣ་ཚོགས་ཚུལ་གྱིས་ལྟུང་པ་ལས་ལྡང་བའི། །གཉེན་པོའི་སྒོ་མང་ཐབས་ཀྱི་མི་སྡུག་པ། །ཡང་དག་མདོ་སྡེ་མཐོང་ལ་ངེས་པར་ཡོད། །ཉམས་པའི་ཉེས་ལས་བཅབ་པའི་ལྕི་ཤེས་ནས། །རང་སྐྱོན་མི་སྤང་ཉེས་ལ་ཉེས་ཤེས་པས། །ཁ་ན་མ་ཐོ་ཆེ་ཡང་སྲབ་འགྱུར་བ། །ཡང་དག་མདོ་མཐོང་དེ་ལ་ངེས་པར་ཡོད། །རྒྱུན་དུ་སྤྱོད་དང་ངོ་ཚ་ཁྲེལ་མེད་བློས། །ཉེས་ལ་མཆོག་འཛིན་མ་བརྟགས་སྐྱེ་བོའི་སྐྱོན། །ཐེག་མཆོག་མདོ་མཐོང་རྩད་ནས་གཅོད་འགྱུར་ཕྱིར། །ཀུན་དཀྲིས་ཚངས་པའི་ཕམ་པ་འབྱུང་མི་སྲིད་། །བརྩོན་པའི་ཁྱད་པར་གཞན་གྱིས་མི་མཐོང་ཡང་། །བློ་སྟོབས་ཆེན་པོས་བསྐལ་པའི་ཚོགས་འདུམས་པའི། །ཐབས་མཁས་དེ་ཤེས་བག་ཡངས་དགེ་འཕེལ་བ། །ཐེག་ཆེན་མདོ་སྡེ་མཐོང་བའི་ཡོན་ཏན་ཡིན། །དགེ་རྩ་ཆུང་ཡང་བསམ་གྱིས་མི་ཁྱབ་པར། །སྒྱུར་བའི་ཡོངས་བསྔོ་ཐམས་ཅད་མཁྱེན་པའི་བློས། །ཕལ་བའི་དགེ་ཆེན་ཉི་མས་མེ་ཁྱེར་བཞིན། །ཟིལ་གྱིས་གནོན་པ་མདོ་སྡེ་མཐོང་ལས་འབྱུང་། །གང་གཞན་བསྐལ་མང་བསྒྲུབ་དཀའི་བསོད་ནམས་ཚོགས། །སེམས་དཔའ་རྣམས་ཀྱིས་རྩེད་མོའི་ཞོར་དུ་ཡང་། །བསྒྲུབ་ནུས་ཐབས་མཁས་མདོ་སྡེ་མཐོང་ལས་ཏེ། །ཐུབ་པའི་མདོ་སྡེ་མ་མཐོང་བ་ལ་མེད། །ཐབས་ཀྱིས་ཕྱིན་དྲུག་སྤྱོད་པ་གཅིག་ལ་ཡང་། །སྡུད་པའི་ཚུལ་ཤེས་གཅིག་ཀྱང་རྣམ་དྲུག་ཏུ། །དབྱེ་བའི་ཉམས་ལེན་སྐད་ཅིག་རེ་རེ་ཡང་། །ཕྱིན་དྲུག་སྤྱོད་ཤེས་མདོ་སྡེ་མཐོང་ལ་ཡོད། །ཟ་ཉལ་འགྲོ་སོགས་གནས་སྐབས་བྱ་བ་ཡང་། །དགེ་བའི་ཕྱོགས་སུ་འགྱུར་རྩིའི་གསེར་བཞིན་དུ། །བསྒྱུར་བའི་ཐབས་ཀྱིས་སྤྱོད་ཡུལ་ཡོངས་དག་པ། །ཡང་དག་ཐེག་ཆེན་མདོ་མཐོང་ཡོན་ཏན་ཡིན། །སྡོམ་བརྩོན་རང་བཞིན་དགེ་བ་དེ་ཀུན་ཀྱང་། །རང་གི་ཆེད་མིན་སེམས་ཅན་འབའ་ཞིག་ཕྱིར། །བརྩོན་པ་དེ་ལས་གཞན་དོན་གང་ཡོད་ཅེས། །ཡང་དག་ཤེས་པ་མདོ་སྡེ་མཐོང་ལ་ཡོད། །ཕན་པར་བརྩོན་ཀྱང་དེ་ལ་ཆེད་འཛིན་ཞིང་། །རློམ་པ་སྐྱེས་ཏེ་རྙེད་དང་བཀུར་བསྟི་དང་། །འབྲས་བུར་རེ་ཞིང་བདག་ཉིད་ཁེངས་འགྱུར་བ། །གཞན་དོན་མིན་ཞེས་མདོ་སྡེ་མཐོང་རྣམས་ཤེས། །དབུལ་ཞིང་རྨོངས་དང་གདོལ་པ་དམན་པ་ཡིས། །བདག་ལ་བྲན་ལྟར་དཀའ་བའི་ལས་བཅོལ་ཡང་། །དེ་ཡི་བྲན་དུ་བདག་ཀྱང་ཁས་ལེན་པས། །དེ་སེམས་བསྲུང་བ་མདོ་སྡེ་མཐོང་ལ་ཡོད། །ཕུན་སུམ་ཚོགས་དང་དྲེགས་ཤིང་རྒྱགས་པ་ཡང་། །ཐབས་མཁས་གཏམ་དང་སྤྱོད་པས་ཟིལ་གནོན་ཅིང་། །བདག་གི་བྲན་བཞིན་རྣམ་པར་བཏུལ་ནས་སུ། །དགེ་ལ་འགོད་ནུས་མདོ་སྡེ་མཐོང་ལ་ཡོད། །ཆོས་དང་ཆོས་མིན་བཟོད་དང་ལས་ལ་སྤྱོད། །སྣ་ཚོགས་འགྲོ་མང་བདག་དང་སྤྱོད་མཐུན་ཞེས། །སེམས་དཔའ་མཆོག་དེ་བདག་གི་གྲོགས་ཁོ་ནར། །ཀུན་གྱིས་ཤེས་པ་མདོ་སྡེ་མཐོང་ལ་ཡོད། །བྱ་བ་ཀུན་ལ་ཆེད་ཆེར་མི་འཛིན་པར། །ཀུན་དང་བསྟུན་ནས་དེ་དང་མཐུན་སྤྱོད་པས། །རང་ཡང་མི་འཆིང་གཞན་ཡང་བཀྲི་ནུས་པའི། །ཐབས་མཁས་དེ་འདྲ་མདོ་སྡེ་མཐོང་ལ་ཡོད། །ཟུར་ཙམ་འགྲོགས་དང་གཏམ་ཙམ་འབྲེལ་ལ་ཡང་། །དགེ་བའི་བློ་གྲོས་ཐབས་ཀྱིས་མཛའ་བགྱིད་ཀྱང་། །དེས་ཆོས་བཤད་སྙམ་གཞན་གྱིས་མི་ཤེས་པའི། །ཐབས་ལ་མཁས་པ་མདོ་སྡེ་མཐོང་ལ་ཡོད། །ཕྱིན་ཅི་ལོག་ལྟར་གལ་ཏེ་སྨྲ་ན་ཡང་། །དེ་ཡི་རྒྱུད་ལ་སྤོབས་པ་མཆོག་སྐྱེད་པའི། །འབེལ་བའི་གཏམ་གྱི་གླེང་གཞིར་གྱུར་པ་ཡི། །ལེགས་བཤད་རོ་བདའ་མདོ་སྡེ་མཐོང་ལ་ཡོད། །དགེ་བའི་ལས་ལ་དགའ་བ་ཆེར་བསྐྱེད་པས། །དེ་ཡི་བློ་གྲོས་ཀུན་གྱི་གྲོགས་གྱུར་ཏེ། །དོན་མཐུན་སྤྱོད་པས་ཕ་རོལ་རྗེས་འཛིན་ཞིང་། །རང་གི་ཚོགས་འཕེལ་མདོ་སྡེ་མཐོང་ལ་ཡོད། །མཆོག་འཛིན་ཁྲིམས་ཀྱི་རང་རྒྱུད་མི་ཐུལ་ན། །གཞན་དོན་ཅི་ཞེས་སྨན་ལོག་དུག་གྱུར་ལྟའི། །ཉེས་པ་སྤངས་ནས་འཁོར་གསུམ་ཡོངས་དག་པའི། །ཚུལ་ཁྲིམས་རྣམ་དག་མདོ་སྡེ་མཐོང་ལ་ཡོད། །ཁེངས་པས་དྲེགས་འགའ་རྩེད་མོའི་ཆེད་ཕྱིར་དུ། །ཉེས་པ་མེད་པར་བདག་གི་མགོ་གཅོད་ཀྱང་། །ཕན་པའི་སེམས་ཀྱིས་དེ་ལ་བརྩེ་བགྱིད་བློ། །ཐེག་ཆེན་མདོ་མཐོང་སྐལ་བཟང་དེ་ལ་ཡོད། །སྲིད་གསུམ་སྡུག་བསྔལ་བདག་གིས་ཁུང་གྱུར་ཀྱང་། །མི་སྐྱོ་མི་འཁྲུགས་རྒྱུ་འདིས་སེམས་ཅན་གཅིག །སྐད་ཅིག་བདེ་ཡང་བདག་གིས་བཟོད་སྙམ་པའི། །བློ་མཆོག་དེ་ཡང་མདོ་སྡེ་མཐོང་ལ་ཡོད། །ཟབ་མོའི་ཆོས་མཆོག་ཤིན་ཏུ་བརྟག་དཀའ་བ། །རྒྱལ་བའི་སྤྱོད་ཡུལ་དོན་དམ་ངེས་པའི་ཆོས། །ཐོས་ནས་དད་པའི་བ་སྤུ་ལྡང་འགྱུར་བའི། །སྐལ་བཟང་དེ་འདྲ་མདོ་སྡེ་མཐོང་ལ་ཡོད། །སྡང་དང་སྡུག་བསྔལ་རང་བཞིན་སྟོང་པ་སྟེ། །ནམ་མཁའི་ཁམས་ལ་སྒྱུ་མའི་མཚོན་གྱིས་ཅི། །རྩོལ་བ་མེད་པར་བདག་གཞན་བློ་འཇིག་པ། །ཡང་དག་ཐེག་ཆེན་མདོ་སྡེ་མཐོང་ལ་ཡོད། །སྦྱོར་བ་དམན་དང་གོམས་པ་ཐུགས་ཆུང་བས། །གནོད་དང་དཀའ་བས་འཁྲུགས་པའི་སེམས་སྐྱེས་ཀྱང་། །རྒྱལ་སྲས་སྤྱོད་དྲན་མྱུར་དུ་སྤོང་འགྱུར་བ། །ཡང་དག་ཐེག་ཆེན་མདོ་སྡེ་མཐོང་ལ་ཡོད། །བསྐལ་མང་ཚོགས་གཉིས་མ་དྲོས་མཚོ་ཆེན་བཞིན། །མི་གོད་མི་ཉམས་བྱམས་པས་ལེགས་བསྲུང་བ། །ཁོང་ཁྲོའི་རྟ་གདོང་རྣམ་པར་མི་མཛའ་བའི། །ཐེག་ཆེན་མདོ་མཐོང་སྐལ་པ་བཟང་པོ་ལགས། །འཁོར་གསུམ་གཡེང་བས་བཟོད་པའི་སྲན་བཙུགས་ཀྱང་། །ཉེས་པའི་རྩ་བ་གཏིང་ནས་མི་འབྱིན་ཏེ། །རྨོངས་པ་མིད་པས་ཟད་པ་མེད་ཚུལ་དུ། །བཟོད་པ་རྣམ་དག་མདོ་སྡེ་མཐོང་ལ་ཡོད། །གསོག་དང་བསྲུང་བས་ལོངས་སྤྱོད་མི་འཕེལ་ཏེ། །འབད་པའི་སྒོ་བརྒྱས་ཕུན་ཚོགས་རྙེད་པ་མེད། །ཚེ་འདིའི་དོན་བརྩོན་སྙིང་པོ་མེད་ཤེས་ནས། །བྱ་བ་ཉུང་བ་མདོ་སྡེ་མཐོང་ལ་ཡོད། །ཕྱི་ཚུལ་བཅོས་པས་སེམས་དག་མི་འགྱུར་ཏེ། །སྣ་ཚོགས་ཚུལ་འཆོས་སྒྱུ་མའི་འཕྲུལ་དང་འདྲ། །རང་བཞིན་ཤེས་རྣམས་རབ་དགའ་མི་སྐྱེ་ཞེས། །བག་ཡངས་གནས་པ་མདོ་སྡེ་མཐོང་ལ་ཡོད། །འཇིག་རྟེན་ཆོས་ལ་ལེ་ལོར་གང་གྱུར་པ། །སེམས་དཔའ་མཆོག་རྣམས་བརྩོན་པའི་མཐར་ཐུག་སྟེ། །འདུ་འཛི་ཉུང་ཞིང་འབྲེལ་དང་འདྲིས་ཉུང་བའི། །དབེན་པ་དེ་འདྲ་མདོ་སྡེ་མཐོང་ལ་ཡོད། །ཁྱིམ་དང་གོས་སོགས་བཅོས་ཀྱིས་མི་ལྡང་སྟེ། །འདུས་བྱས་ཉིད་ཕྱིར་ཡང་དང་ཡང་དུ་འཛད། །འཕགས་པའི་རིགས་སུ་ཆོག་ཤེས་ནོར་ལྡན་པས། །འཛད་མེད་ཡོན་ཏན་མདོ་སྡེ་མཐོང་ལ་ཡོད། །བྱ་བྱེད་རྣམ་གྲངས་ཆུ་ཡི་གཉེར་མ་འདྲ། །རེ་རེ་སོང་ཚེ་རེ་རེ་སྐྱེ་འགྱུར་ལ། །ཐམས་ཅད་བཞག་ན་ཅིས་ཀྱང་མི་ཕོངས་པས། །སོས་དལ་ངང་གནས་མདོ་སྡེ་མཐོང་ལ་ཡོད། །ངེས་པར་བསྒྲུབ་འོས་བྱང་ཆུབ་སྤྱོད་པའི་ལམ། །ད་ལྟ་ཉིད་དུ་བརྩོན་པ་མ་བསྐྱེད་ན། །འདི་འདྲའི་དལ་བ་ཡང་ཡང་རྙེད་དཀའ་ཞེས། །གདམ་ངག་འདི་ཡང་མདོ་སྡེ་མཐོང་ལ་ཡོད། །སྐྱེས་པར་གང་གྱུར་འཆི་བའི་ཆོས་ཅན་ཕྱིར། །འཆི་བདག་བདུད་འདི་ནམ་འོང་མི་ཤེས་ཀྱི། །ལ་འུར་བརྩོན་ལས་ཕྱི་བཤོལ་ལོང་མེད་ཅེས། །གདམས་ངག་འདི་ཡང་མདོ་སྡེ་མཐོང་ལ་ཡོད། །སྡུག་བསྔལ་རྒྱ་ཆེ་འཁོར་བ་མུ་མཐའ་མེད། །སེམས་ཅན་རྣམ་གྲངས་ཞིང་རྡུལ་ལས་མང་བ། །རྣམ་གྲོལ་འགོད་པའི་ཁུར་བླང་བརྩོན་བགྱིད་ཅེས། །མ་སྨད་སྙིང་སྟོབས་མདོ་སྡེ་མཐོང་ལ་ཡོད། །བདེ་དང་སྡུག་བསྔལ་བསླུ་མེད་ལས་ཀྱིས་བྱས། །དཀར་པོའི་ས་བོན་ཆུང་ཡང་རྒྱ་ཆེན་པོར། །འཕེལ་བའི་རྒྱུ་འདིར་སུ་ཞིག་མི་བརྩོན་ཞེས། །དགེ་རྩས་མི་ངོམས་མདོ་སྡེ་མཐོང་ལ་ཡོད། །བྱོན་དང་འབྱོན་འགྱུར་བཞུགས་པའི་རྒྱལ་བ་རྣམས། །སོ་སྐྱེའི་ས་ནས་མ་གཤེགས་མི་སྲིད་ན། །བདག་ཀྱང་དེ་ལྟར་བརྩོན་པའི་སྟོབས་བསྐྱེད་ཅིང་། །སེམས་གཟེངས་བསྟོད་པ་མདོ་སྡེ་མཐོང་ལ་ཡོད། །དམྱལ་བའི་མེ་ཡིས་ཡང་དང་ཡང་བཙོས་པའི། །སྐྱེ་བོ་བརྒྱས་ཀྱང་བྱང་ཆུབ་མཆོག་རྙེད་ན། །བདག་ལྟ་མིར་གྱུར་ཅི་སླད་མི་བརྩོན་ཞེས། །ཡང་དག་ཤེས་པ་མདོ་སྡེ་མཐོང་ལ་ཡོད། །བདག་ཀྱང་བདེ་གཤེགས་ཆོས་ཀྱི་སྐལ་ཅན་ཏེ། །དོན་དམ་དབྱིངས་སུ་བདག་དང་སངས་རྒྱས་མཉམ། །གློ་བུར་སྒྲིབ་གཉིས་སྦྱོང་བར་ཅི་དཀའ་ཞེས། །སླ་བར་སེམས་པ་མདོ་སྡེ་མཐོང་ལ་ཡོད། །རྒྱལ་དང་རྒྱལ་སྲས་ཐེག་ཆེན་ལམ་འདིས་གཤེགས། །བདག་ཀྱང་ལམ་མཆོག་འདི་ལ་བརྩོན་བགྱིད་ན། ལམ་གཅིག་འགྲོ་ལ་ཁྱད་པར་ཅི་ཡོད་ཅེས། །སྤོབས་པ་སྐྱེ་བ་མདོ་སྡེ་མཐོང་ལ་ཡོད། །དཀའ་བས་བསྒྲུབ་ན་གང་ཡང་འགྲུབ་འགྱུར་ན། །གྲངས་མེད་འགྲོ་བ་བྱང་ཆུབ་མཆོག་འགོད་པའི། །བརྩོན་པའི་མཐུ་ཡང་བདག་གིས་ལོས་བསྐྱེད་ཅེས། །གོ་ཆ་བགོ་བ་མདོ་སྡེ་མཐོང་ལ་ཡོད། །ཡོན་ཏན་ཁྱད་པར་རང་གིས་མ་ཐོབ་ཀྱང་། །ཞུམ་པ་མེད་པར་སེམས་དཔའ་ཆེ་རྣམས་དང་། །སྙོམས་པའི་བློ་གྲོས་གཞན་ཕྱིར་སྐྱེ་འགྱུར་བའི། །སྐལ་བ་ཆེན་པོ་མདོ་སྡེ་མཐོང་ལ་ཡོད། །བསྐལ་མང་ཡུན་ཀྱང་སྐད་ཅིག་གཅིག་ཙམ་ལས། །རིང་བར་མི་སེམས་འགྲོ་བའི་སྡུག་བསྔལ་མཐར། །ནམ་ཞིག་འགྱུར་ཞེས་དེ་ལ་སྡོད་བགྱིད་པའི། །བློ་གྲོས་རྨད་བྱུང་མདོ་སྡེ་མཐོང་ལ་ཡོད། །བདེན་པས་བརྩོན་པ་རྒྱལ་བའི་སྲས་ཀྱིས་མིན། །རང་བཞིན་མེད་པ་སྒྱུ་མའི་རྣམ་རོལ་ཏུ། །ཡང་དག་ཡེ་ཤེས་ཐོགས་པ་མེད་འཇུག་པའི། །བརྩོན་འགྲུས་རྣམ་དག་མདོ་སྡེ་མཐོང་ལ་ཡོད། །སྙིང་པོ་མེད་པའི་ནོར་གྱིས་ཅི་ཞིག་བགྱི། །སྙིང་པོར་མི་འགྱུར་ལུས་ཀྱིས་ཅི་ཞིག་བགྱི། །བྱིས་པའི་རང་བཞིན་གྲོགས་ཀྱིས་ཅི་བགྱི་ཞེས། །ཞེན་པ་སྤོང་བ་མདོ་སྡེ་མཐོང་ལ་ཡོད། །འཁོར་བའི་བཙོན་དོང་ཁྱིམ་གྱིས་དགོས་པ་མེད། །འཆིང་བའི་ལྕགས་སྒྲོག་ལོངས་སྤྱོད་དགོས་པ་མེད། །བྱ་བྱེད་བྲེལ་དོའི་དགོས་པ་ཅི་ཡོད་ཅེས། །འདོད་པ་ཆུང་བ་མདོ་སྡེ་མཐོང་ལ་ཡོད། །གྲུ་དང་འདྲ་བའི་ལུས་འདི་བརྟན་པའི་སླད། །མཐའ་གཉིས་སྤངས་པའི་ཟས་གོས་དེ་དགོས་ཀྱི། །འབད་པས་བཙལ་བའི་རྙེད་མང་དགྲ་ཡིན་ཞེས། །ཆོག་ཤེས་སྐྱེ་བ་མདོ་སྡེ་མཐོང་ལ་ཡོད། །ཐར་པའི་ལམ་དུ་འགོད་པ་མ་ནུས་མང་། །བྲན་དང་འཁོར་གཡོག་བདག་གི་འཆིང་བ་སྟེ། །འབྲེལ་དང་འདྲིས་མང་བདག་ལ་ཅི་བྱ་ཞེས། །འདུ་འཛི་སྤོང་བ་མདོ་སྡེ་མཐོང་ལ་ཡོད། །བསྐལ་མང་བདེ་གཤེགས་མཆོད་པས་མཉེས་བྱས་ལས། །གང་སླད་གོམ་བདུན་བོར་བ་དོན་ཆེ་ཞེས། །རྒྱལ་བས་བསྔགས་པའི་དབེན་པའི་གནས་མཆོག་ལ། །རབ་དགའ་སྐྱེ་བ་མདོ་སྡེ་མཐོང་ལ་ཡོད། །དྲང་སྲོང་ཆེན་པོ་ཐུབ་པ་སྲས་བཅས་ཀྱང་། །དབེན་པའི་གནས་ལ་དགྱེས་པ་ལྷུར་ལེན་ན། །གནས་འདིར་བརྩོན་པ་ནམ་ཞིག་བདག་བསྐྱེད་ཅེས། །དེ་སླད་བརྩོན་པ་མདོ་སྡེ་མཐོང་ལ་ཡོད། །བསམ་གཏན་བདེ་བས་སེམས་ལ་བརླན་གྱུར་ཀྱང་། །འདོད་པའི་གནས་འདི་འདོར་བ་མ་ཡིན་ཏེ། །ངན་སོང་དུ་ཡང་སྐྱེད་ཚལ་བཞིན་འཇུག་པ། །ཤིན་ཏུ་བྱ་དཀའ་མདོ་སྡེ་མཐོང་ལ་ཡོད། །བསམ་གཏན་སྟོབས་ཀྱིས་ཕྲ་མོའི་མངོན་ཤེས་དང་། །ཡོན་ཏན་ཐོབ་ཀྱང་དེ་ཡིས་མི་ཁེངས་ཏེ། །གནས་སྐབས་རྫུ་འཕྲུལ་སྙིང་པོ་མེད་ཤེས་ནས། །རློམ་པ་མེད་པ་མདོ་སྡེ་མཐོང་ལ་ཡོད། །ཆོས༵་རྣམས་ཐམ༵ས་ཅད་རང་བཞིན་མཉ༵མ་པ༵་ཉི༵ད། །རྣམ༵་པ༵ར་སྤྲོས༵་པ༵་སྒྱུ་མིའི་ངང་ཚུལ་དུ། །ཤེས་ནས་ལྟ་སྤྱོད་དབྱེ་བ་མེད་གྱུར་པའི། །ཏིང་འཛིན་རྒྱལ་པོ་མདོ་སྡེ་མཐོང་ལ་ཡོད། །སྣ་ཚོགས་སྣང་ཀུན་རང་བཞིན་སྟོང་པ་སྟེ། །བདེན་པར་མ་གྲུབ་སྒྱུ༵་མ༵་ལྟ༵་བུ༵་ཉིད། །རྫུན་སྣང་འཁྲུལ་པར་ཤེས་ཀྱང་འགྲོ་བའི་དོན། །མི་འདོར་ཏིང་འཛིན་མདོ་སྡེ་མཐོང་ལ་ཡོད། །ཐབས་ལ་མཁས་པའི་སྤྱོད་པ་དུ་མ་དང་། །བདུད་སྡེས་མི་ཚུགས་དཔ༵འ་བ༵ར་འགྲོ༵་བ༵་ཡིས། །གྲངས་མེད་ཚོགས་ཀྱང་ཡུད་ལ་ཟླུམ་པ་ཡི། །ཐབས་མཁས་ཏིང་འཛིན་མདོ་སྡེ་མཐོང་ལ་ཡོད། །ད༵་ལྟར༵་བཞུགས་པའི་སང༵ས་རྒྱས༵་མངོན་སུམ༵་པའི། །མཚན་དཔེའི་ཞལ་བཟང་ཡིད་ཀྱི་སྤྱོད་ཡུལ་དུ། མོས་པའི་སྟོབས་ཀྱིས་རང་དབང་བགྱིད་པ་ཡི། །ཏིང་འཛིན་རྣམ་འཕྲུལ་མདོ་སྡེ་མཐོང་ལ་ཡོད། །གཉིས་འཛིན་སྣང་བ་རབ༵་ཏུ༵་ཞི༵་བ་དང་། །དོན་དམ་རང་བཞིན་རྣམ༵་པ༵ར་ངེས༵་པ༵་ཡི། །ཆོ༵་འཕྲུལ༵་སྣ་ཚོགས་སྒྱུ་མའི་རོལ་པ་ལྟའི། །ཏིང་འཛིན་ཡང་དག་མདོ་སྡེ་མཐོང་ལ་ཡོད། །རྒྱལ་སྲས་རྣམས་ཀྱི་བསམ་གྱིས་མི་ཁྱབ་པའི། །རྣམ་ཐར་རྣམ་འཕྲུལ་སྟོང་གི་སྒོ་དབྱེ་བ། །སྣ་ཚོགས་ཏིང་འཛིན་ཞིང་གི་རྡུལ་སྙེད་ཀྱང་། །ཐེག་ཆེན་མདོ་མཐོང་སེམས་དཔའ་ཆེ་ལ་ཡོད། །རྒྱལ་བ་རྣམས་དང་རྒྱལ་བའི་སྲས་རྣམས་ལས། །ཉན་རང་དམན་པའི་སྤྱོད་ཡུལ་མ་གྱུར་པའི། །ཟབ་མོའི་ཏིང་འཛིན་དཔག་དཀའ་སྟོང་དག་གིས། །ཐེག་ཆེན་མདོ་མཐོང་སེམས་དཔའ་ཆེ་རྣམས་དགྱེས། །དེ་ལྟའི་ཏིང་འཛིན་རང་གི་སྤྱོད་ཡུལ་དུ། །གྲུབ་པ་མེད་ཀྱང་དེ་འདྲའི་ཚུལ་ཐོས་ཕྱིར། །སྲིད་པའི་བསམ་གཏན་ཉོན་མོངས་རྙོགས་བཅས་པས། །མི་ངོམས་ཡོན་ཏན་མདོ་སྡེ་མཐོང་ལ་ཡོད། །བསམ་གྱིས་མི་ཁྱབ་སེམས་དཔའ་ཆེ་རྣམས་ཀྱི། །ཏིང་འཛིན་ཡུལ་ལ་མོས་པར་བགྱིད་དེ་སླད། །མངོན་པའི་ང་རྒྱལ་རྩད་ནས་གཅོད་འགྱུར་བའི། །ཡང་དག་ལྟ་བ་མདོ་སྡེ་མཐོང་ལ་ཡོད། །བདག་ཏུ་མ་ཞེན་ཆོས་སུ་ཞེན་པ་མེད། །སྟོང་པའི་དབྱིངས་སུ་མཉམ་པ་ཉིད་ཤེས་ནས། །མཐའ་དང་བྲལ་བ་དབུ་མའི་ལམ་གཉེར་བའི། །བསམ་གཏན་རྣམ་དག་མདོ་སྡེ་མཐོང་ལ་ཡོད། །སྣང་བའི་ཆོས་ཀུན་རང་བཞིན་སྟོང་པ་སྟེ། །སྟོང་པའི་ཕྱིར་ན་རྟེན་འབྲེལ་སྒྱུ་མར་སྣང་། །སྣང་སྟོང་དབྱེར་མེད་ཐེག་པ་ཆེན་པོའི་ཚུལ། །ཇི་བཞིན་ཤེས་པ་མདོ་སྡེ་མཐོང་ལ་ཡོད། །སྐྱེ་བའི་རྟགས་ཀྱི་སྐྱེ་བ་མེད་འགྲུབ་པས། །སྐྱེ་དང་སྐྱེ་མེད་འགལ་བ་མེད་མཐོང་ཞིང་། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད་པ་ཡི། །མཚན་མ་མེད་ཤེས་མདོ་སྡེ་མཐོང་ལ་ཡོད། །གཟུགས་བརྙན་སྤྲུལ་པ་སྒྱུ་མ་ཆུ་ཟླ་བཞིན། །རྐྱེན་གྱིས་བཅོས་ཤིང་ཚོགས་པའི་དབང་གིས་སྣང་། །རང་གི་ངོ་བོ་ཆོས་ཀུན་ལ་མེད་པའི། །སྟོང་པ་ཉིད་ཤེས་མདོ་སྡེ་མཐོང་ལ་ཡོད། །རང་བཞིན་གྱིས་གྲུབ་ཡོད་དང་མེད་པ་ཡི། །འབྲས་དེ་རྒྱུ་ཡིས་བསྐྱེད་པར་ནུས་མིན་ཕྱིར། །རྒྱུ་འབྲས་རྟེན་འབྲེལ་བརྟགས་པ་ཙམ་ཉིད་ཅེས། །སྨོན་པ་མེད་ཤེས་མདོ་སྡེ་མཐོང་ལ་ཡོད། །རྣམ་ཐར་སྒོ་གསུམ་འདུས་མ་བྱས་པའི་དབྱིངས། །སྤྲོས་པས་མི་ཤིགས་ལྟ་བ་ཀུན་འཇིག་པ། །ཞི་བའི་དབྱིངས་དེ་ཁས་ལེན་ཐམས་ཅད་དང་། །བྲལ་བར་ཤེས་པ་མདོ་སྡེ་མཐོང་ལ་ཡོད། །སྟོང་ཞེས་སྨྲ་ཡང་སྟོང་པ་གཞན་དུ་འཛིན། །གསོར་མི་རུང་བའི་ལྟ་བ་ལ་ཞེན་པའི། །ཞེ་འདོད་ངན་པ་གཞི་ནས་སྤོང་འགྱུར་པའི། །སྣང་སྟོང་ཟུང་འཇུག་མདོ་སྡེ་མཐོང་ལ་ཡོད། །སྡུག་བསྔལ་ལས་གཞན་སྟོང་བ་ཉིད་མེད་ཅིང་། །སྟོང་པ་མ་ཡིན་འཁོར་བར་མྱང་འདས་མེད། །དེ་ཕྱིར་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས། །སྟོང་ཉིད་ཡིན་ཤེས་མདོ་སྡེ་མཐོང་ལ་ཡོད། །གང་ལ་ཞེན་དང་གང་གིས་བཅིངས་པ་ཡི། །སྡུག་ཀུན་ཆོས་འདི་སྟོང་པར་མ་རྟོགས་ན། །འདི་ལས་གཞན་དུ་སྟོང་པ་ཉིད་རློམ་པ། །འཆིང་བར་ཤེས་པ་མདོ་སྡེ་མཐོང་ལ་ཡོད། །ཆོས་ཀུན་རང་བཞིན་སྟོང་ཉིད་འདི་ལས་གཞན། །མྱང་ངན་འདས་ཞེས་ཐོབ་བྱ་གཞན་མེད་པས། །འཁོར་དང་འདས་དངོས་ཐ་དད་མ་ཡིན་ཞེས། །ཚུལ་གཅིག་ལྟ་བ་མདོ་སྡེ་མཐོང་ལ་ཡོད། །རྟོགས་བྱའི་སྟོང་དང་གང་གིས་རྟོགས་པའི་བློ། །ཐ་དད་རྟོག་ན་གཉིས་མེད་ལམ་ལས་རིང་། །དེ་ཉིད་ཕྱིར་ན་ཡུལ་ལ་མི་གནས་ཤིང་། བློ་ཡིས་མི་སྦྱོར་མདོ་སྡེ་མཐོང་ལ་ཡོད། །གཞི་དང་ལམ་དང་ཤེས་བྱའི་རྣམ་པ་ཀུན། །ནམ་མཁའ་ལྟ་བུར་ཐམས་ཅད་རོ་མཉམ་པས། །མཁའ་ལ་མཁའ་ཡིས་རྣལ་འབྱོར་བྱར་མེད་པར། །ཤེས་ནས་མི་སྦྱོར་མདོ་སྡེ་མཐོང་ལ་ཡོད། །མི་སྦྱོར་བ་དེ་རྣལ་འབྱོར་མཆོག་ཡིན་པར། །ཤེས་ན་ཐོབ་པ་མེད་པ་ཐོབ་པའི་མཆོག །གང་ཡང་མ་མཐོང་ཡང་དག་ལྟ་བའི་ལམ། །རྩོལ་བ་ཟད་པ་མདོ་སྡེ་མཐོང་ལ་ཡོད། །ཤེས་བྱའི་ཆོས་ལ་ཅུང་ཟད་མི་འཛིན་ན། བདེ་བར་གཤེགས་པའི་དམ་པའི་ཆོས་འཛིན་ཏེ། །ཚིག་དང་དོན་ཞེས་རྣམ་གྲངས་ལ་འཆེལ་ན། །ཆོས་འཛིན་མིན་ཞེས་མདོ་སྡེ་མཐོང་རྣམས་ཤེས། །མཚམས་མེད་ལྔ་དང་འཇིག་ཚོགས་ལྟ་བ་ཡང་། །བདེ་བར་གཤེགས་པའི་ཡེ་ཤེས་ཆོས་སྐུའི་གདུང་། །ཆད་པའི་སྟོང་ཉིད་དེ་ལྟར་མིན་ཤེས་ནས། །ཞི་ལ་མི་སྲེད་མདོ་སྡེ་མཐོང་ལ་ཡོད། །ཞི་ལ་ཡོན་ཏན་སྲིད་ལ་སྐྱོན་ཉིད་དུ། །ལྟ་བ་ཐ་དད་འཛིན་པ་མ་ཡིན་པར། །སྲིད་དང་ཞི་བ་མཉམ་པ་ཉིད་ཤེས་ཤིང་། །ཐབས་ལ་མཁས་པ་མདོ་སྡེ་མཐོང་ལ་ཡོད། །གཅིག་གི་རང་བཞིན་ཀུན་གྱི་རང་བཞིན་ཏེ། །དུས་གསུམ་ཐ་དད་བློ་ཡིས་བཏགས་པ་ཙམ། །ཆོས་གཅིག་མངོན་བྱས་ཆོས་ཀུན་མངོན་བྱེད་པའི། །སྐད་ཅིག་ཅིག་ཤེས་མདོ་སྡེ་མཐོང་ལ་ཡོད། །གཉིས་མེད་ཡེ་ཤེས་བདེ་བར་གཤེགས་པའི་ཐུགས། །སྤྲོས་པ་ཀུན་ཟད་མཉམ་རྗེས་དབྱེ་བ་མེད། །དོན་དམ་རང་བཞིན་ཤེས་རབ་ཕར་ཕྱིན་དངོས། །དེ་ཡི་རྒྱུ་མཐུན་མདོ་སྡེ་ཐོས་ཉིད་ཡིན། །ཐེག་གསུམ་ལམ་གྱིས་བགྲོད་བྱའི་མཐར་ཐུག་པ། །དཀོན་མཆོག་ཡོངས་རྫོགས་ཐུབ་པའི་ཆོས་ཀྱི་སྐུའི། །གཟུང་འཛིན་གཉིས་མེད་ཤེས་རབ་ཕ་རོལ་ཕྱིན། །མཐར་ཐུག་སྐྱབས་ཤེས་མདོ་སྡེ་མཐོང་ལ་ཡོད། །ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན། །ཐེག་གསུམ་ལམ་གྱི་ཆོས་འཁོར་ལེགས་བསྐོར་ཞིང་། །དེ་ཚེ་སློབ་མ་དུལ་བའི་ཚོགས་འདུ་བའི། །དཀོན་མཆོག་རྟེན་འབྲེལ་མདོ་སྡེ་མཐོང་རྣམས་ཤེས། །གཞན་རྒྱུད་དཀོན་མཆོག་ཐུགས་རྗེའི་ཟེར་འཕྲོས་པས། །རང་རྒྱུད་དཀོན་མཆོག་སྐུ་གསུམ་དབལ་བརྙེས་ཚེ། །རང་གཞན་རྒྱུད་མེད་མཁའ་འདི་དཀོན་མཆོག་གླིང་། །མངོན་དུ་བྱེད་ཅེས་མདོ་སྡེ་མཐོང་རྣམས་ཤེས། །ད་ལྟའི་དཀོན་མཆོག་བྱེད་པ་རྐྱེན་གྱི་ཁམས། །མ་འོངས་དཀོན་མཆོག་བྱ་བ་རྒྱུ་ཡི་ཁམས། །དེ་ཕྱིར་འགྲོ་ཀུན་བདེ་གཤེགས་ཁམས་ཅན་ཞེས། །སྙིང་པོའི་མདོ་མཐོང་སེམས་དཔའ་མཆོག་རྣམས་ཤེས། །བདེ་གཤེགས་ཁམས་འདི་བསམ་གྱིས་མི་ཁྱབ་སྟེ། །དག་དང་མ་དག་དབྱེ་བ་མེད་འཇུག་པ། །རྒྱལ་བའི་ཡུལ་འདི་རྟོག་གེས་མ་ཡིན་ཞེས། །ཟབ་མོའི་མདོ་མཐོང་དད་པ་ཁོ་ནས་འཇུག །ལམ་གྱི་ལམ་མཆོག་ཤེས་རབ་རྣམ་པ་གསུམ། །ཐོས་དང་བསམ་འབྲས་བསྒོམ་པའི་ཤེས་རབ་སྟེ། །བསྒོམ་པས་རྟོགས་བྱ་དྲི་མེད་ཡེ་ཤེས་ཁམས། །གནས་འདིར་མོས་པ་མདོ་སྡེ་མཐོང་ལ་ཡོད། །དྲི་མེད་ཡེ་ཤེས་བདེ་གཤེགས་ཁམས་མེད་ན། །སངས་རྒྱས་ཐུགས་རྗེ་འཇུག་པའི་ཡུལ་ཙམ་ཡང་། །ཡོད་པ་མིན་ན་མཐར་ཐུག་འབྲས་བུ་མཆོག །ཇི་ལྟར་འཐོབ་ཅེས་མདོ་སྡེ་མཐོང་རྣམས་ཤེས། །བདེ་གཤེགས་ཐུགས་རྗེས་མཐའ་ཡས་འགྲོ་རྒྱུད་ལ། །སངས་རྒྱས་ཡེ་ཤེས་རྗེས་སུ་ཞུགས་གཟིགས་ཏེ། །དེ་མངོན་བྱ་ཕྱིར་ཆོས་འཁོར་ལེགས་བསྐོར་ཞེས། །བླ་མར་གུས་པ་མདོ་སྡེ་མཐོང་ལ་ཡོད། །ཤིན་ཏུ་རྣམ་དག་དྲི་མེད་ཆོས་ཀྱི་དབྱིངས། །ཐུབ་པའི་ཆོས༵་སྐུ་མཐའ་ཡས་འགྲོ་ཁམས་ལ། །པདྨའི་སྦུབས་བཞུགས་སྤྲུལ་པའི་སངས་རྒྱས་བཞིན། །ཡོད་པར་ཤེས་པ་མདོ་སྡེ་མཐོང་ལ་ཡོད། །གཞི་ལམ་འབྲས་བུའི་ཁམས་ཀྱི་དེ་བཞིན་ཉིད། །རིན་ཆེན་གསེར་ལྟར་འགྱུར་བ་མེད་པའི་ཆོས། །ཉོན་མོངས་རྟོག་པའི་སྐྱོན་གྱིས་གོས་མིན་ཞེས། །ཡང་དག་ཤེས་པ་མདོ་སྡེ་མཐོང་ལ་ཡོད། །སྙིང་རྗེ་ཆེན་པོ་རྒྱལ་བ་ཀུན་གྱི་རིགས། །རིན་ཆེན་གཏེར་དང་འབྲས་བུ་ཅན་ཤིང་བཞིན། །མངོན་བྱས་ཡོན་ཏན་གོང་ནས་གོང་འཕེལ་བའི། །རིགས་དེ་སད་པ་མདོ་སྡེ་མཐོང་ལ་ཡོད། །ཁམས་ཀྱི་རང་བཞིན་སྒྲིབ་པའི་དྲིས་སྤངས་པ། །བདེ་གཤེགས་བྱང་ཆུབ་འབྲས་བུའི་མཐར་ཐུག་ཉིད། །སྒྲིབ་མ་མྱོང་ཡང་དྲི་མས་དག་གྱུར་ཕྱིར། །བསམ་གྱིས་མི་ཁྱབ་མདོ་སྡེ་མཐོང་རྣམས་ཤེས། །རྟོགས་པའི་ཡེ་ཤེས་གསར་དུ་ཐོབ་མིན་ཏེ། །སྤྲིན་དང་བྲལ་བའི་ཉི་བཞིན་གསལ་གྱུར་པ། །སྐུ་གསུམ་བདག་ཉིད་རྟག་པ་ཆེན་པོའི་དོན། །ཇི་བཞིན་མཐོང་བ་མདོ་སྡེ་མཐོང་ལ་ཡོད། །བྲལ་སྨིན་ཡོན་ཏན་རྣམ་པ་ཐམས་ཅད་པ། །ཚད་མེད་བསམ་གྱིས་མི་ཁྱབ་རྣམ་པར་དག །གང་ཚེ་མངོན་བྱས་འབྲལ་མི་ཤེས་པའི་ཁམས། །ཇི་བཞིན་མཐོང་བ་མདོ་སྡེ་མཐོང་ལ་ཡོད། །འདུ་ཤེས་འཆིང་བས་སྔོན་ཆད་བཅིངས་གྱུར་པའི། །ཡང་དག་ཡེ་ཤེས་འཆིང་བ་རྒྱས་པ་ན། །སྟོབས་སོགས་མཁྱེན་པ་ཐོགས་པ་མེད་འཇུག་ཅིང་། །མཚན་དཔེའི་གཟུགས་སྐུ་འགྲོ་ལ་སྟོན་ནུས་པའི། །རྒྱལ་བའི་གོ་འཕང་མདོ་སྡེ་མཐོང་རྣམས་འཐོབ། །ཡིད་བཞིན་ནོར་ལྟར་འབད་མེད་འགྲོ་བའི་དོན། །རྒྱལ་བའི་ཕྲིན་ལས་རྟག་ཁྱབ་ལྷུན་འགྲུབ་ཏུ། །གདུལ་བྱའི་སྐལ་བཞིན་ཐོགས་པ་མེད་འཇུག་པའི། །གནས་དེར་མི་རྨོངས་མདོ་སྡེ་མཐོང་ལ་ཡོད། །མཁའ་ལས་ཉི་མའི་འོད་ཟེར་རྣམ་མང་པོ། །རྟག་ཏུ་འདྲེས་པའི་ཚུལ་གྱིས་འཇུག་པ་བཞིན། །དུས་གསུམ་རྒྱལ་བའི་ཕྲིན་ལས་འགྲོ་རྒྱུད་ལ། །དབྱེར་མེད་འཇུག་ཤེས་མདོ་སྡེ་མཐོང་ལ་ཡོད། །གདུལ་བྱའི་སེམས་ཀྱི་རྣམས་གྲངས་ཇི་སྙེད་པ། །འདུལ་བའི་ཐབས་མང་དེ་སྙེད་བསྟན་གྱུར་ཀྱང་། །མཐར་ཐུག་ཐེག་པ་ཆེན་པོའི་ལམ་མཆོག་ཏུ། །འཇུག་པའི་ཚུལ་ཤེས་མདོ་སྡེ་མཐོང་ལ་ཡོད། །ཉན་ཐོས་རང་རྒྱལ་སོ་སོའི་བགྲོད་པའི་ལམ། །ཀུན་ཀྱང་གནས་སྐབས་ལམ་གྱི་ངལ་གསོ་ཙམ། །མཐར་ཐུག་འབྲས་བུ་ཐེག་པ་གཅིག་ཉིད་དུ། །འཆང་བར་ནུས་པ་མདོ་སྡེ་མཐོང་ལ་ཡོད། །ཟག་མེད་ལས་ཀྱིས་འཕངས་པའི་སྐྱེ་སོགས་ཀྱིས། །མི་རྟག་རང་བཞིན་མྱ་ངན་འདས་བཏགས་པ། །གཙང་བདག་བདེ་དང་རྟག་པའི་མཐར་ཐུག་པའི། །འབྲས་མཆོག་མིན་ཞེས་མདོ་སྡེ་མཐོང་རྣམས་ཤེས། །འཛམ་གླིང་ཆུ་ཀླུང་ཇི་སྙེད་འབབས་པ་ཡང་། །རྒྱ་མཚོ་ཆེན་པོར་རོ་གཅིག་གྱུར་པ་བཞིན། །རྒྱལ་བའི་ཕྲིན་ལས་ཇི་སྙེད་མཐར་ཐུག་ཏུ། །རྣམ་མཁྱེན་རོ་གཅིག་མདོ་སྡེ་མཐོང་རྣམས་ཤེས། །རྟག་དང་མི་རྟག་སྟོང་དང་མི་སྟོང་སོགས། །ཕྱོགས་རེའི་འཆད་ཚུལ་ཚིག་གི་མདུད་པ་ལ། །ལྟ་བའི་ཞེ་འདོད་རྣམ་པར་ཐོགས་གྱུར་བའི། །གཡོ་སྒྱུའི་འཁྱོགས་བཤད་མདོ་སྡེ་མཐོང་ལ་མེད། །ཞེ་འདོད་གཅིག་ལ་བཀའ་ལུང་ཀུན་སྤུངས་ནས། །འགལ་འདུ་སྡེ་པའི་ངལ་བརྒྱ་མ་དགོས་པར། །ལེགས་པར་བཤད་པའི་ཚིག་གི་ལམ་ཡངས་པ། །མདོ་དོན་མཐོང་བའི་རྒྱལ་སྲས་རྣམས་ལ་ཡོད། །ཤེས་བྱའི་ཆོས་ལ་བདེན་པ་ཡོད་མིན་ན། །བཤད་པའི་ཚིག་ལ་གྲུབ་མཐའ་ཅི་ཞིག་དགོས། །གྲུབ་མཐའ་ཐམས་ཅད་བློ་ཡིས་བཏགས་པ་སྟེ། །སྐབས་རེའི་དོན་དུ་མདོ་སྡེ་མཐོང་རྣམས་ཤེས། །ལམ་གྱི་ཆོས་ཀུན་གཟིངས་དང་འདྲ་བ་སྟེ། །མཐར་ཐུག་དོན་ལ་དོར་བྱར་ཤེས་གྱུར་ན། །ལམ་དང་ལམ་མིན་བློ་ཡི་རི་མོ་རུ། །ཁྱད་པར་མེད་ཤེས་མདོ་སྡེ་མཐོང་ལ་ཡོད། །འབྲས་བུ་མཆོག་ཅེས་གཉེར་བྱ་གཞན་མེད་དེ། །སེམས་ཀྱི་རང་བཞིན་རྣམ་པར་མི་རྟོག་པ། །གནས་སྐབས་གསུམ་དུ་མིང་ཙམ་འགྱུར་བ་རུ། །ཤེས་ན་ཞེན་མེད་མདོ་སྡེ་མཐོང་ལ་ཡོད། །ཇི་ལྟར་མཁའ་ལ་འབྱུང་བཞིའི་གཡོ་བ་བཞིན། །ཕུང་ཁམས་སྐྱེ་མཆེད་སེམས་ཀྱི་དག་པ་ལ། །བརྟེན་ཀྱང་དེ་ལ་དེ་ཡི་རང་བཞིན་མེད། །དེ་ལྟར་སྟོང་ཤེས་མདོ་སྡེ་མཐོང་ལ་ཡོད། །རྣམ་པར་མི་རྟོག་སེམས་ཀྱི་དེ་བཞིན་ཉིད། །སྟོང་པ་ཉིད་ཅེས་རྒྱལ་བས་འདིར་བསྔགས་ཏེ། །དེ་ལས་གཞན་དུ་སྟོང་ལས་སེམས་གཡེངས་བས། །དོན་མཐོང་མིན་ཞེས་མདོ་སྡེ་མཐོང་རྣམས་ཤེས། །ཕུང་པོའི་མཚན་ཉིད་དབྱིངས་འདིས་སྤངས་ཤེས་ན། །དེ་ལས་གཞན་དུ་ཕུང་པོའི་སྟོང་པས་ཅི། །བཏགས་པས་སྟོང་པ་མཐར་ཐུགས་དོན་མིན་ཞེས། །སྙིང་པོའི་དོན་གྱི་མདོ་སྡེ་མཐོང་རྣམས་ཤེས། །ཆོས་དབྱིངས་རང་བཞིན་རྣམ་པར་མི་རྟོག་སེམས། །བདེ་གཤེགས་སྙིང་པོ་རྒྱལ་བའི་ཁམས་དགེ་བ། །གློ་བུར་དྲི་མས་གཤིས་ལ་མ་གོས་པའི། །བསམ་མི་ཁྱབ་ཚུལ་མདོ་སྡེ་མཐོང་རྣམས་ཤེས། །དེ་ལྟར་ཡང་དག་ཤེས་པ་མང་སྐྱེས་ན། །ཤེས་ནས་དད་པ་མང་དུ་སྐྱེ་འགྱུར་ཏེ། །དད་པས་འཕངས་པ་དཔགས་ཆེན་མདའ་བཞིན་དུ། །གཅིག་ནས་གཅིག་བརྒྱུད་རྣམ་མཁྱེན་གླིང་དུ་འགྲོ། །མདོ་སྡེ་མ་མཐོང་གཞུང་མང་ཐོས་ན་ཡང་། །ཕྱོགས་རེར་ཞེན་ནས་འགལ་འདུའི་གཡངས་ལ་ལྷུང་། །མན་ངག་ཐོབ་ཀྱང་ཡིད་ཆེས་མི་སྐྱེ་སྟེ། །རང་ཚུགས་མི་ཐུབ་ཐེ་ཚོམ་སྒྲོག་མི་ཆོད། །དེ་ཕྱིར་ཆོས་རྣམས་ཀུན་གྱི་དབང་པོའི་ལུང་། །ཡིད་ཆེས་རྒྱལ་བའི་མདོ་སྡེ་ཁོ་ན་ལ། །ཐོས་བསམ་བསྒོམ་པའི་སྒོ་ནས་འཇུག་ནུས་ན། །དལ་འབྱོར་རིན་ཆེན་རྙེད་པ་དོན་དང་བཅས། །ཀྱེ་ཧོ་གྲོགས་དག་ལེགས་པར་སོམས་མཛོད་དང་། །རང་ཅག་འཁོར་བའི་གནས་འདིར་ཡུན་རིང་ཡང་། །དྲི་མེད་རྒྱལ་བསྟན་མཇལ་བ་ད་རེས་ཙམ། །ད་རེས་སྟོང་ལོག་བྱས་ན་མདོ་དོན་སྟོང་། །དམ་པའི་མགོན་གྱི་ཐུགས་རྗེ་མཆོག་གིས་བཟུང་། །རྒྱལ་བའི་གསུང་རབ་མདོ་སྡེ་མང་དུ་ཐོས། །རང་གིས་བརྟགས་ན་ཅུང་ཟད་ཤེས་དུས་འདིར། །ཅོལ་ཆུང་མ་བྱེད་སེམས་ལ་ཞུ་དག་གྱིས། །སེམས་འདི་ཆོས་ཀྱིས་དག་པར་མ་ནུས་ན། །རྒྱལ་བའི་བསྟན་དང་མཇལ་ཡང་ཅི་ཞིག་བྱ། །ཐེག་ཆེན་མདོ་སྡེ་མཐོང་ཡང་ཅི་ཞིག་བྱ། །ཐོས་བསམ་གཟུགས་བརྙན་དེས་ཀྱང་ཅི་ཞིག་བྱ། ཀྱི་ཧུད་བཀའ་ལུང་ལོག་པར་དྲང་ད་རེད། །ཀྱི་ཧུད་བཀའ་ལ་ཕྱོགས་རིས་བྱེད་ད་རེ། །ཀྱི་ཧུད་ཐོས་པ་བདུད་དུ་ལྡང་ད་རེ། །ཀྱི་ཧུད་བསམ་པ་དྲག་ཏུ་འགྱུར་ཏ་རེ། །དད་པ་ཁོ་ནས་དོན་དུ་གཉེར་ཅིག་ཀྱེ། །མོད་གུས་ཁོ་ནས་གསོལ་བ་ཐོབ་ཅིག་ཀྱེ། །ཡིད་ཆེས་ཁོ་ནས་དཔའ་གདེངས་སྐྱེད་ཅིག་ཀྱེ། །ཉམས་ལེན་ཁོ་ན་སྙིང་པོར་ཟུངས་ཤིག་ཀྱེ། །གཞན་སྐྱོན་སྒྲོ་འདོགས་མདོ་སྡེས་གཅོད་མི་དགོས། །རང་སྐྱོན་ཐམས་ཅད་ཐེར་ལ་བུད་ཀྱི་བར། །མདོ་སྡེ་ལྟོས་ལ་སེམས་ཀྱི་ཟུག་རྔུ་སོལ། །ཟུག་རྔུ་ཟད་ནས་སངས་རྒྱས་ལོགས་ན་མེད། །གྲུབ་མཐའི་ཁ་འཛིན་མདོ་སྡེས་བྱེད་མི་དགོས། །རྒྱལ་བའི་དགོངས་པ་ཇི་བཞིན་ལོན་གྱི་བར། །མདོ་སྡེ་ལྟོས་ལ་ཕྱོགས་རེའི་ཞེ་འདོད་ཆོད། །ཞེ་འདོད་ཟད་ན་གྲུབ་མཐའ་ལོགས་ན་མེད། །འཆད་པའི་ལུང་སྦྱོར་མདོ་སྡེས་བྱེད་མི་དགོས། །བརྗོད་མེད་དོན་དེ་ཇི་བཞིན་རྟོགས་ཀྱི་བར། །མདོ་སྡེ་ལྟོས་ལ་བརྗོད་པའི་སྒྲོ་འདོགས་ཤིག །སྒྲོ་འདོགས་ཟད་ན་བཀའ་ལུང་ལོགས་ན་མེད། །རྩོད་པའི་བདེན་དཔང་མདོ་སྡེས་བྱེད་མི་དགོས། །རྩོད་མེད་དགོངས་པ་མངོན་དུ་གྱུར་གྱི་བར། །མདོ་སྡེ་ལྟོས་ལ་རྩོད་པའི་འགལ་འདུ་ཆོམས། །འགལ་འདུ་ཞིག་ན་ཆོས་ཉིད་ལོགས་ན་མེད། །རྩོམ་པའི་རྒྱབ་སྐྱོར་མདོ་སྡེས་བྱེད་མི་དགོས། །བརྩམས་པའི་ཆོས་ཀུན་རོ་གཅིག་རྟོགས་ཀྱི་བར། །མདོ་སྡེ་ལྟོས་ལ་ཐ་དད་གཉིས་འཛིན་ཕྲོལ། །གཉིས་འཛིན་ཟད་ན་མཐར་ཐུག་དེ་ལས་མེད། །རྒྱལ་བ་ཉི་མ་བདེ་གཤེགས་སྐུ་དྲིན་ཅན། །མཚུངས་མེད་དེ་གསུང་དམ་ཆོས་རིན་པོ་ཆེ། །ཆོས་མཆོག་མཛོད་འཛིན་རྒྱལ་བའི་རྗེས་འཇུག་སྟེ། །འདི་གསུམ་ཁོ་ན་གཏན་གྱི་སྐྱབས་མཆོག་ཉིད། །སྐྱབས་མཆོག་རིན་ཆེན་ཐུགས་རྗེ་མཚུངས་པ་མེད། །ཐུགས་རྗེ་མཆོག་གིས་སྐལ་མེད་བདག་ལ་དགོངས། །ལས་ངན་བདག་དང་བདག་གི་མ་རྒན་འགྲོ། །ཚེ་རབས་ཀུན་ཏུ་འབངས་སུ་གཟུང་དུ་གསོལ། །དེང་ནས་བདག་ཀྱང་སྐྱེ་དང་ཚེ་རབས་སུ། །ཐུབ་པའི་མདོ་སྡེ་མཆོག་དང་མི་འབྲལ་ཞིང་། །དེ་དོན་སྒྲུབ་པ་ཉམས་ལེན་སྙིང་པོར་བྱེད། །རྒྱལ་བའི་དགོངས་པ་ཇི་བཞིན་ལོན་པར་ཤོག །དེ་ལྟར་རྟོགས་ནས་མཐའ་ཀླས་འགྲོ་བ་ལ། །རྒྱལ་བའི་ལམ་བཟང་སྐྱོ་བ་མེད་སྟོན་ཞིང་། །ཟང་ཟིང་མེད་པའི་ཆོས་ཀྱི་སྣང་བ་ཡིས། །སྲིད་ན་རྒྱལ་བསྟན་ཉི་བཞིན་འབར་གྱུར་ཅིག །གཏམ་འདི་ཐོས་ཚད་ཐུབ་པའི་མདོ་སྡེ་ལ། །འགྱུར་ལྡོག་མེད་པའི་དད་པའི་གཟིངས་བཅས་ཏེ། །ཐོས་བརྩོན་བསྒྲུབ་པའི་དར་ཆེན་རབ་གཡོ་བས། །རྣམ་མཁྱེན་རྒྱ་མཚོར་དོགས་མེད་འཇུག་གྱུར་ཅིག །བདག་གི་མགོན་གཅིག་དགེ་བའི་བཤེས་གཉེན་རྣམས། །ཞི་བར་གཤེགས་རྣམས་དགོངས་པ་ཡོངས་རྫོགས་ཤིང་། །ད་ལྟ་བཞུགས་རྣམས་བཞེད་པའི་དོན་གྲུབ་སྟེ། །དགྱེས་པའི་ཞལ་བཟང་རྟག་ཏུ་མཇལ་གྱུར་ཅིག །གནས་འདིའི་བདག་དང་ཡུལ་འདིའི་གཞི་བདག་རྣམས། །ཁོང་ཁྲོའི་གདུག་རྩུབ་སྡུག་བསྔལ་གནོད་ཞི་སྟེ། །ཚེ་རིང་གཟི་ཆེ་འཁོར་མང་ལོངས་སྤྱོད་འཕེལ། །མཐར་ཐུག་རྣམ་མཁྱེན་གོ་འཕང་ཐོབ་གྱུར་ཅིག །ཆོས་བཞིན་མཛད་པའི་ཆོས་ཀྱི་སྤུན་རྣམས་ཀྱང་། །ཐོས་པས་རྒྱུད་གྲོལ་མདོ་རྒྱུད་གདམས་པར་ཤར། །ཆོས་སྤོང་ལས་མེད་བཤད་སྒྲུབ་ཟུང་དུ་འབྲེལ། རྒྱལ་བསྟན་རིན་ཆེན་སྙིང་ལ་འཛིན་གྱུར་ཅིག །སྲིད་དང་ཞི་བའི་ལེགས་ཚོགས་ཀུན་གྱི་རྒྱུ། །མཚུངས་མེད་ཐུབ་པའི་བསྟན་པ་རིན་པོ་ཆེ། །ནམ་མཁའ་བཞིན་དུ་འགྱུར་བ་མི་དམིགས་ཤིང་། །ཕྱོགས་མཐས་གཏུགས་པ་དེ་སྲིད་རྒྱས་གྱུར་ཅིག །ཐེག་ཆེན་མདོ་སྡེ་མཐོང་བའི་ཕན་ཡོན་ཚིགས་སུ་བཅད་པ་རང་ཉིད་ཀྱི་མོས་གུས་ཀྱི་གསོས་དང་། །མཆེད་གྲོགས་འགའ་ཞིག་གིས་ཀྱང་བསྐུལ་བ་ལ་བརྟེན་ནས་གྲུབ་པའི་གནས་མཆོག་ཚེ་རིང་ཕུག་ཏུ་ཁྱི་རྒན་ཨ་བུས་རྫོགས་པར་བྱས་པ་དགེ་ཞིང་བཀྲ་ཤིས། དགེའོ། །