JKW-KABUM-09-TA-006: Difference between revisions
m (Text replacement - "|editortib=རྫོང་སར་བློ་གྲོས་ཕུན་ཚོགས་" to "|editortib=") |
m (Text replacement - "Khyentse Metadata" to "Text") |
||
(3 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|sectionheading=Yes | |||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=མི་ཏྲ་བརྒྱ་རྩའི་དབང་བཀའ་སོ་སོའི་མཚམས་སྦྱོར་ཐུགས་རྗེ་ཆེན་པོའི་དགོངས་རྒྱན་མཛེས་པར་བྱེད་པའི་རྒྱན། | |fulltitletib=མི་ཏྲ་བརྒྱ་རྩའི་དབང་བཀའ་སོ་སོའི་མཚམས་སྦྱོར་ཐུགས་རྗེ་ཆེན་པོའི་དགོངས་རྒྱན་མཛེས་པར་བྱེད་པའི་རྒྱན། | ||
Line 41: | Line 43: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །མི་ཏྲ་བརྒྱ་རྩའི་དབང་བཀའ་སོ་སོའི་མཚམས་སྦྱོར་མདོར་བསྡུས་པ་ཐུགས་རྗེ་ཆེན་པོའི་དགོངས་རྒྱན་མཛེས་པར་བྱེད་པའི་རྒྱན་ཅེས་བྱ་བ་བཞུགས་སོ།། །། | {{TibP|༄༅། །མི་ཏྲ་བརྒྱ་རྩའི་དབང་བཀའ་སོ་སོའི་མཚམས་སྦྱོར་མདོར་བསྡུས་པ་ཐུགས་རྗེ་ཆེན་པོའི་དགོངས་རྒྱན་མཛེས་པར་བྱེད་པའི་རྒྱན་ཅེས་བྱ་བ་བཞུགས་སོ།། །། | ||
ཨོཾ་སྭ་སྟི་སིདྡྷི་རསྟུ། སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །བླ་མ་འཇམ་དཔལ་གཞོན་ནུ་ཡིས། །སྒྲིབ་གསུམ་མུན་པ་ཀུན་བསལ་ནས། །བློ་གྲོས་སྣང་བ་རྒྱས་པར་མཛོད། །འདིར་གྲུབ་པའི་དབང་ཕྱུག་མི་ཏྲ་ཛོ་ཀི་ནས་ཉེ་བར་བརྒྱུད་པའི་དཀྱིལ་འཁོར་བརྒྱ་རྩ་བརྒྱད་ཀྱི་དབང་བསྐུར་བའི་སྐབས། ཐོག་མར་བྱ་རྒྱུད་དབྱངས་ཅན་མ་དཀར་མོ་ལྷ་བཅུ་གསུམ་གྱི་མཚམས་སྦྱོར་ཁྱད་པར་ནི། ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་གསལ་གདབ་པ་སྔོན་དུ་འགྲོ་བས། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། མཁས་ཤིང་དངོས་གྲུབ་མཆོག་བརྙེས་རྡོ་རྗེའི་སློབ་དཔོན་ཆེན་པོ་རྗེ་བཙུན་མི་ཏྲ་ཛོ་ཀི་ནས་ཉེ་བར་བརྒྱུད་པའི་ལྷག་པའི་ལྷ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ལས། ཐོག་མར་བྱ་བའི་རྒྱུད་ཀྱི་དཀྱིལ་འཁོར་རྣམས་སུ་དབང་བསྐུར་བའི་སྐབས་ཡིན་ཏེ། དེ་ཡང་མཚན་ཉིད་ནི། སྔགས་ཀྱི་ངོ་བོ་ཡིད་མཚན་རྟོག་ལས་སྐྱོབ་པར་བྱེད་པ་ཞེས་གསུངས་པས། །བལྟས་པའི་བདེ་བ་ལམ་དུ་བྱས་ནས་ཡིད་མཚན་མ་དང་རྣམ་པར་རྟོག་པ་ལས་བདེ་མྱུར་གྱིས་སྐྱོབ་པར་བྱེད་པའི་ཐབས་འཁོར་དང་བཅས་པའོ། །ངེས་ཚིག་གམ་སྒྲ་དོན་ནི། །ཐྲི་ཡ་ཏནྟྲ་ཞེས་པའི་སྒྲ་ལས་དྲངས་ན། ཕྱི་ལུས་ངག་གི་བྱ་བ་ཁྲུས་དང་གཙང་སྒྲ་གཙོ་བོར་སྟོན་པས་ན་དེ་སྐད་ཅེས་བྱའོ། །དབྱེ་ན། བྱ་བ་སྤྱིའི་རྒྱུད་དང་། སོ་སོའི་རྒྱུད་གཉིས་སུ་ཡོད་པ་ལས། དང་པོ་ནི། སྤྱོད་པ་བཞི་སྤྱིར་སྟོན་པ་དཔུང་བཟང་གི་རྒྱུད། ཁྱད་པར་འཇུག་པའི་སྤྱོད་པའི་སྐབས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་ག་སྟོན་པ་གསང་བ་སྤྱི་རྒྱུད། སྦྱོར་བའི་སྤྱོད་པ་གཙོ་བོར་སྟོན་པ་བསམ་གཏན་ཕྱི་མ། སྦྱོར་བ་དང་གྲུབ་པའི་སྤྱོད་པ་ཐུན་མོང་དུ་སྟོན་པ་ལེགས་པར་གྲུབ་པའི་རྒྱུད་དེ་སྤྱི་རྒྱུད་བཞིའོ། །གཉིས་པ་ལ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐུགས་སུ་ཆུད་པས་དེ་བཞིན་གཤེགས་པའི་རིགས། ཐུགས་རྗེ་ཆེན་པོས་འཁོར་བར་སེམས་ཅན་གྱིས་དོན་སྤྱོད་ཀྱང་འཁོར་བའི་ཉེས་པས་མ་གོས་པས་པདྨའི་རིགས། ལས་ཉོན་བདུད་བགེགས་ལ་སོགས་པས་མི་ཕྱེད་ཅིང་དེ་དག་གཞོམ་པར་ནུས་པ་རྡོ་རྗེ་དང་ཆོས་མཚུངས་པས་རྡོ་རྗེའི་རིགས་ཏེ་གཙོ་བོའི་རིགས་གསུམ་དང་། ནོར་གྱི་རྒྱུན་ཟད་མི་ཤེས་པར་འཇོ་བས་ནོར་བུའི་རིགས། བུ་ཚ་དང་ལོངས་སྤྱོད་སོགས་རྒྱས་པར་བྱེད་པ་རྒྱས་པའི་རིགས། དེ་རྣམས་སུ་མ་གཏོགས་པ་སངས་རྒྱས་ལ་དད་པའི་ལྷ་དང་ལྷ་མིན་ལ་སོགས་པ་འཇིག་རྟེན་པའི་རིགས་ཏེ་ཕལ་པའི་རིགས་གསུམ་དང་བཅས་རིགས་ཀྱི་སྒོ་དྲུག་དང་། དེ་རེ་རེ་ལའང་། གཙོ་བོའི་རིགས་རྣམས་ལ། རིགས་ཀྱི་གཙོ་བོ། བདག་པོ། ཡུམ། ཁྲོ་བོ་ཁྲོ་མོ། ཕོ་ཉ་ལ་སོགས་པར་དབྱེ་བས་མཚོན་ནང་གསེས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པར་བཞུགས་སོ། །དེ་ཐམས་ཅད་ཀྱི་རིམ་པ་ལའང་སྤྱོད་པའི་སྒོ་བཞིས་བསྡུས་ཏེ། འཇུག་པའི་སྤྱོད་པ་ནི། ཆུ་དང་ཅོད་པན་གཙོ་བོར་གྱུར་པའི་དབང་གིས་སྨིན་པར་བྱེད་པའོ། །སྦྱོར་བའི་སྤྱོད་པ་ནི། སོ་སོའི་རིགས་ཀྱི་ལྷ་ཉེ་བར་བསྙེན་པའོ། །སྒྲུབ་པའི་སྤྱོད་པ་ནི། གྲུབ་པའི་མཚན་མ་མཐོང་ནས་བཟླས་བརྗོད་དང་བཅས་པའི་བསམ་གཏན་ལ་བརྩོན་པའོ། །གྲུབ་པའི་སྤྱོད་པ་ནི། དེ་ལས་རིག་པ་འཛིན་པའི་རྟེན་ཐོབ་ནས། སྔགས་ཀྱི་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པས་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བར་བྱེད་པ་སྟེ། འོན་ཀྱང་སྐབས་འདིར་དེ་ལྟ་བུའི་ཆོས་སྐད་རྣམས་སྒྲ་ཇི་བཞིན་པར་མི་འབྱུང་བ་ནི། རྒྱུད་སྡེའི་དགོངས་པ་རང་དབང་དུ་འགྲེལ་ནུས་པའི་གྲུབ་པའི་སློབ་དཔོན་རྣམས་ཀྱིས་གདུལ་བྱའི་བྱེ་བྲག་འགའ་ཞིག་ལ་དགོངས་ཏེ། ངོ་བོ་བྱ་བའི་རྒྱུད་ལ། ཆོ་གའི་ཡན་ལག་ཕལ་ཆེར་བླ་མེད་དང་རྗེས་སུ་མཐུན་པར་བཀྲལ་བའི་དབང་གིས་སོ། །དེ་ལས་ཐོག་མར་བྱ་རྒྱུད་པདྨའི་རིགས་ཀྱི་ཡུམ་དུ་གཏོགས་པ་དབྱངས་ཅན་མ་དཀར་མོ་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འཕགས་མ་སྒྲ་དབྱངས་ལྷ་མོ་འདི་ཉིད་ནི་ངེས་པའི་དོན་དུ་འཕགས་བཞིའི་བསྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ངོ་བོར་བཞུགས་པ་ལས། རྣམ་འགྱུར་འཇིག་རྟེན་པ་དྲང་བའི་སླད་དུ་རིག་བྱེད་ཀྱི་གཏམ་རྒྱུད་ལྟར་ན། ལྷ་ཆེན་པོ་ཚངས་པའི་སྲས་མོར་འཁྲུངས་ཤིང་། དྲི་ཟ་ཏམྦུ་རའི་ཆུང་མའི་ཚུལ་འཛིན་པར་བཤད་པ་དང་། བྲམ་ཟེ་རྣམས་ཀྱིས་བྱེད་པ་པོ་ཉི་ཤུ་རྩ་བཞིར་འཇོག་པའི་ནང་ཚན་སྨྲ་བ་ངག་གི་བྱེད་པ་པོར་སྒྲོག་ལ། ཕྱི་ནང་ཐུན་མོང་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་གྱི་མཆེ་བའི་རྩེ་ལས་རྣམ་པར་སྤྲུལ་པ་དང་། ནང་པའི་སྔགས་རྒྱུད་རྣམས་ལས་འཕགས་པ་འཇམ་དཔལ་གྱི་ཡུམ་དུའང་བཤད་པ་སོགས། མདོར་ན་རང་གཞན་གྱི་གྲུབ་པའི་མཐའ་འཛིན་པ་ཐམས་ཅད་ཀྱིས་སྨྲ་བའི་མཐུ་དང་། བློ་གྲོས་ཀྱི་སྤོབ་པ་བསྐྱེད་པའི་ལྷག་པའི་ལྷ་རྣམས་ཀྱི་ནང་ནས་མཆོག་ཏུ་བསྔགས་པ་སྟེ། དེ་ལའང་བྲམ་ཟེ་ཕུར་བུ་དང་། སློབ་དཔོན་ཨ་བྷཱ་ཡཱ་ཀ་ར། །ཀྲྀཥྞཱ་དཱ་ས་དང་། ས་མནྟ་ཤྲཱི་སོགས་ནས་བརྒྱུད་པའི་བཀའ་སྲོལ་མང་དུ་ཡོད་པ་ལས། འདིར་གྲུབ་པའི་སློབ་དཔོན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། བདག་ཉིད་ཀྱིས་བགྱི་བར་འོས་པའི་ཆོས་རྣམས་སྔོན་དུ་སོང་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ༡༽ རི་ཁྲོད་ལོ་མ་གྱོན་མ་ལྷ་ལྔ་ལ། དབྱངས་ཅན་མའི་དབང་གྲུབ་འཕྲལ། དེས་དབྱངས་ཅན་མ་དཀར་མོ་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་གྲུབ་ནས། ཞེས་པ་ལྟ་བུས་མཚམས་སྦྱར་ཏེ། དེ་ནས་རི་ཁྲོད་ལོ་མ་གྱོན་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་རྒྱུད་སྡེའི་དབང་དུ་བྱས་ན་བྱ་རྒྱུད་པདྨའི་རིགས་ཀྱི་ཁྲོ་མོར་གཏོགས་ལ། མཚན་དང་སྔགས་རིག་འཛིན་པ་ཙམ་གྱིས་ཀྱང་ནད་རིམས་གཙོ་བོར་གྱུར་པའི་འཇིགས་པ་མཐའ་དག་གིས་མི་ཚུགས་ཤིང་། འབྱུང་པོའི་ཚོགས་རྣམས་བྲན་དང་མངག་གཞུག་ཏུ་འགྱུར་བར་བཤད་པས་མཚོན་ཕན་ཡོན་བསམ་གྱིས་མི་ཁྱབ་པའི་ཕྱིར། པཎྜིཏ་རྡོ་རྗེ་གདན་པ་དང་། གྲུབ་པའི་སློབ་དཔོན་ཨ་བྷཱ་ཡཱ་ཀ་ར་སོགས་ཀྱིས་བཀྲལ་བའི་རྗེས་གནང་དང་མན་ངག་གི་བཀའ་མང་དུ་ཡོད་པ་ལས། འདིར་འཕགས་མཆོག་ཕྱག་ན་པདྨོའི་རྣམ་འཕྲུལ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལས་འོངས་པའི་རི་ཁྲོད་ལོ་མ་གྱོན་མ་སེར་མོ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། སོགས་སྦྲེལ་ལོ། ༢༽ གདུགས་དཀར་ལྷ་ཉེར་དགུ་ལ། དེ་ནས་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙུག་གཏོར་གདུགས་དཀར་མོ་ཅན་ལྷ་ཉེར་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། བཅོམ་ལྡན་འདས་མ་འདི་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཙུག་གཏོར་ལས་འཁྲུངས་ཤིང་། གཟུངས་མདོ་ཆེ་ཆུང་སོགས་སྔགས་རྒྱུད་ཀྱི་རིམ་པ་མང་དུ་གསུངས་ལ། གཟུངས་འཆད་པ་དང་། འཛིན་པ་དང་། ཀློག་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཡི་གེར་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོའམ། མགུལ་དུ་བཏགས་པ་ཙམ་གྱིས་ཀྱང་ཕ་རོལ་གྱི་རྒོལ་བ་ངན་པའི་བྱད་སྟེམ་གཙོ་བོར་གྱུར་པའི་འཇིགས་པ་མཐའ་དག་ཞི་ཞིང་སྲུང་བ་དང་། སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་པ་དང་། ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་བ་སོགས་ཡོན་ཏན་གྱི་བསགས་པ་མཐའ་ཀླས་པས་ན། །གྲུབ་པའི་སློབ་དཔོན་ཙནྡྲ་གོ་མཱི་དང་། ཤུ་རངྒ་ཝརྨ་དང་། པདྨ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་སྒྲུབ་ཐབས་དང་མན་ངག་གི་རིམ་པ་ཇི་སྙེད་ཅིག་མཛད་ཅིང་། དེ་དག་ལས་བརྒྱུད་པའི་གཙུག་གཏོར་གདུགས་དཀར་ལྷ་བཅུ་བདུན་དང་། ཉེར་བདུན་དང་། ཞེ་གཉིས་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་སོགས་དེང་སོང་གི་བར་དུའང་བཀའ་ཡོད་ལ། ལྷད་མ་ཞུགས་པར་བཞུགས་པ་ལས། འདིར་ནི་གྲུབ་པའི་དབང་ཕྱུག་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༣༽ རྣམ་རྒྱལ་ལྷ་དགུ་ལ། དེ་ནས་གཙུག་ཏོར་རྣམ་རྒྱལ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་བྱ་རྒྱུད་གཤེགས་རིགས་ཀྱི་གཙུག་ཏོར་དུ་གཏོགས་པ། བདེ་བ་ཅན་གྱི་གཙུག་ཏོར་རྣམ་རྒྱལ་དང་། ངན་སོང་སྦྱོང་བའི་གཙུག་ཏོར་རྣམ་རྒྱལ་དང་། འཆི་བདག་དབྱུག་འཛིན་གྱི་གཙུག་ཏོར་རྣམ་རྒྱལ་ཞེས་གཟུངས་མདོ་གསུམ་ཡོད་པའི་ཐོག་མ་ལ་བརྟེན་ནས། རྨད་དུ་བྱུང་བའི་སློབ་དཔོན་ཙནྡྲ་གོ་མི་དང་། ཛཻ་ཏཱ་རི་སོགས་ཀྱིས་ལེགས་པར་བཀྲལ་བའི་གཞུང་མན་ངག་དང་བཅས་པའི་རྒྱུན་མ་ནུབ་པར་མཆིས་ཤིང་། ངོ་བོ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ཉིད། རྣམ་པ་བསྒྲུབ་སླ་བའི་ཕྱིར་ཤེས་རབ་ལྷ་མོའི་གཟུགས་སུ་སྟོན་པ་སྟེ། གནས་སྐབས་སུ་མངོན་མཐོའི་ཡོན་ཏན་ཐམས་ཅད་ཀྱི་གཞིའམ་རྩ་བར་གྱུར་པ་ཚེ་རིང་བ་དང་བསོད་ནམས་རྒྱས་པ་དང་། ཕུན་སུམ་ཚོགས་པའི་དཔལ་ཐམས་ཅད་ངང་གིས་འདུ་བ་དང་། གཞན་ཡང་མི་མཐུན་པའི་ཕྱོགས་མཐའ་དག་ཞི་ཞིང་། བསྐལ་པ་དུ་མར་བསགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བ་དང་། མཐར་ཐུག་བདེ་བ་ཅན་གྱི་ཞིང་ཁམས་སུ་དབུགས་འབྱིན་པར་འགྱུར་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ལྷག་པའི་ལྷ་འདི་ཉིད་ཀྱི་དབང་བསྐུར་བ་གྲུབ་ཆེན་མི་ཏྲའི་བཀའ་སྲོལ་ལས་འབྱུང་བ་ལྟར་བསྒྲུབ་པ་ལ། ༤༽ གྲྭ་ལྔ་ལྷ་བཅུ་བདུན་མ་ལ། དེ་ནས་བྱ་རྒྱུད་གཤེགས་རིགས་ཀྱི་ཡུམ་དུ་གཏོགས་པ། སོ་སོར་འབྲང་མ་དང་། སྟོང་ཆེན་རབ་འབྱམས་དང་། གསང་སྔགས་རྗེས་འཛིན་དང་། བསིལ་བའི་ཚལ་ཆེན་མོ་དང་། རྨ་བྱ་ཆེན་མོ་སྟེ་རིག་པའི་ལྷ་མོ་ལྔ་གཙོ་བོར་གྱུར་པའི་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་རྣམས་སོ་སོའི་གཟུངས་ལས་སྲུང་བ་དང་། ཞི་བ་དང་། རྒྱས་པ་དང་། དབང་དུ་བྱ་བ་དང་། དྲག་ཤུལ་གྱི་སྦྱོར་བ་ལ་སོགས་པ་དངོས་གྲུབ་རབ་འབྱམས་བསྒྲུབ་པའི་ལས་ཀྱི་ལྷར་ཆེད་དུ་བསྔགས་ཤིང་། ཁྱད་པར་སྲིད་སྤེལ་བ་དང་། གདོན་དང་། བགེགས་དང་། འབྱུང་པོའི་འཚེ་བ་དང་། སྦྱར་དུག་སོགས་ཞི་ཞིང་སྲུང་བ་དང་། ཡུལ་ཁམས་ཀུན་ཏུ་དགེ་ལེགས་ཀྱི་དུས་སྟོན་རྒྱས་པར་འགྱུར་བས་མཚོན་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་ལ། སྒྲུབ་ཐབས་ཀྱི་རིམ་པའང་། གྲུབ་པའི་སློབ་དཔོན་ཛཻ་ཏཱ་རི་དང་། པཎ་ཆེན་འཇིགས་མེད་འབྱུང་གནས་སོགས་ལས་བརྒྱུད་པའི་བཀའ་སྲོལ་མ་ནུབ་པར་མཆིས་པ་ལས། འདིར་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིའི་ལུགས་ལྟར་བསྒྲུབ་པ་ལ། ༥༽ འོད་ཟེར་ཅན་ལྷ་ཉེར་ལྔ་ལ། དེ་ནས་འོད་ཟེར་ཅན་མ་ལྷ་ཉེར་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འཕགས་མ་འདི་ཉིད་ཀྱི་རྟོག་པ་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་དུ་གཏོགས་པ་ལས་ཇི་སྐད་གསུངས་པ་ལྟར། མཚན་འཛིན་ཅིང་དྲན་པ་ཙམ་གྱིས་ཀྱང་བདུད་དང་། དགྲ་དང་། ཆོམ་རྐུན་གྱི་འཇིགས་པ་གཙོ་བོར་གྱུར་པས་མི་ཚུགས་པ་དང་། ཞི་ཞིང་ཕྱིར་བཟློག་པ་སོགས་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པས་མཚོན་ཡོན་ཏན་མཐའ་ཀླས་ཤིང་། སྒྲུབ་ཐབས་ཀྱང་། སློབ་དཔོན་ཨ་བྷཱ་ཡ་དང་། ཛཻ་ཏཱ་རི་སོགས་གྲུབ་པའི་སྐྱེས་བུ་རྣམས་ཀྱིས་བཀྲལ་བ་འགའ་ཞིག་མན་ངག་གི་རྒྱུན་དང་བཅས་ཏེ་གནས་པ་ལས། འདིར་དཔལ་ལྡན་མི་ཏྲའི་བཀའ་སྲོལ་ལས་བྱུང་བ་ལྟར་བསྒྲུབ་པ་ལ། ༦༽ ཛམྦྷ་ལ་ལྷ་བཅོ་བརྒྱད་ལ། དེ་ནས་འཕགས་པ་ཛམྦྷ་ལ་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དཔལ་གནོད་གནས་དབང་པོ་འདི་ཉིད་བྱ་རྒྱུད་ནོར་བུའི་རིགས་སུ་གཏོགས་པ་གནོད་སྦྱིན་གནོད་གནས་ཀྱི་རྟོག་པ་སོགས་རྒྱུད་སྡེ་གོང་འོག་ནས་མང་དུ་གསུངས་པ་ལས། འདིར་དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོ་འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས་གསུངས་ཤིང་། ལྷ་ཡི་ངོ་བོ་ནོར་ཅན་གྱི་རིགས་སུ་གནས་ལ། དོན་དམ་པར་རྒྱལ་བ་ཀུན་གྱི་ཡོན་ཏན་མཐའ་ཀླས་པའི་ངོ་བོར་རོ་གཅིག་ཀྱང་། རྣམ་པ་གནོད་སྦྱིན་ཕོ་མོ་བྱེ་བའི་སྡེ་དཔོན་དུ་བཞེངས་པས། དྲན་པ་ཙམ་གྱི་ནོར་དང་། འབྲུ་དང་། ཟས་གོས་ཀྱི་འབྱོར་པ་སོགས་འདོད་རྒུའི་ལོངས་སྤྱོད་ཟད་མི་ཤེས་པའི་ཆར་ཆེན་བོ་འབེབས་པས་གནས་སྐབས་སུ་དབུལ་བའི་སྡུག་བསྔལ་ཐམས་ཅད་བསལ་ཞིང་། མཐར་ཐུག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་བྱང་ཆུབ་མཆོག་གི་འབྱོར་པ་ལ་སྦྱོར་བ་སྟེ། སྒྲུབ་ཐབས་ཀྱི་བཀའ་སྲོལ་ཡང་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་སོགས་འགའ་ཞིག་མཆིས་པ་ལས། ད་ལན་རྗེ་བཙུན་མི་ཏྲའི་ཞབས་ཀྱི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༧༽ ཐུབ་པ་ལྷ་སོ་ལྔ་ལ། དེ་ནས་བཅོམ་ལྡན་འདས་ཐུབ་པའི་དབང་པོ་ལྷ་སོ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་རྒྱུད་སོགས་ལས་རྒྱ་ཆེར་གསུངས་ཤིང་། གྲུབ་པའི་སློབ་དཔོན་ཨ་བྷཱ་ཡ་སོགས་ཀྱིས་བཀྲལ་བའི་སྤྱི་བཀའ་དང་ཟུར་བཀའི་རྒྱུན་གཞན་ཡང་མཆིས་པ་ལས། འདིར་ནི་ཁ་འབར་མ་དབུགས་དབྱུང་བའི་གཟུངས་ཀྱི་རྗེས་སུ་འབྲང་ཏེ། གྲུབ་ཆེན་མི་ཏྲ་ཛོ་ཀིས་ལེགས་པར་བཀྲལ་བ་ལྟར་བསྒྲུབ་པ་ལ། སྤྱིར་ཆགས་བྲལ་གྱི་རྣམ་པའམ། འཁོར་ལོས་སྒྱུར་བ་དང་། །བཅོམ་ལྡན་འདས་མ་སོགས་གང་ལྟར་སྣང་ཡང་དཀྱིལ་འཁོར་གྱི་གཙོ་བོ་ནི་སྟོན་པ་ཉིད་ལས་གཞན་དུ་མ་མཆིས་ཤིང་། ཁྱད་པར་ཆགས་བྲལ་གྱི་རྣམ་པར་བརྟན་པའི་དཀྱིལ་འཁོར་གྱི་འཁོར་ལོ་འདི་ལྟ་བུ་བསྒོམ་པ་དང་། གཟུངས་རིང་ཐུང་རྣམས་ལན་གཅིག་བཟླས་པས་ཀྱང་ཚེ་རིང་བ་དང་། ནད་དང་བྲལ་བ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་དང་། ལས་ཀྱི་སྒྲིབ་པ་རྣམ་པར་བྱང་བ་དང་། མྱུར་དུ་བྱང་ཆུབ་ཆེན་པོར་ལུང་སྟོན་པར་འགྱུར་བས་མཚོན་ཕན་ཡོན་བསམ་གྱིས་མི་ཁྱབ་པར་བཤད་པ་ལ་དད་པ་རྩེ་གཅིག་པའི་ཡིད་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཕྱིར་མཎྜལ་ཕུལ། ༨༽ ཨ་ར་པ་ཙ་ལྷ་ལྔ་ལ། དེ་ནས་འཇམ་དཔལ་ཨ་ར་པ་ཙ་ན་དཀར་པོ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། སློབ་དཔོན་འཕགས་པ་ལྷས། མཐོང་དང་མ་མཐོང་ཡོན་ཏན་ནི། །ཀུན་གྱི་རྩ་བ་ཤེས་རབ་སྟེ། ཞེས་གསུངས་པ་ལྟར་མངོན་སུམ་ཚད་མའི་ཡུལ་དུ་གྱུར་པ་མཐོང་ཆོས་ཏེ་ཚེ་འདི་དང་། རྗེས་དཔག་དང་ལུང་ཚད་མའི་ཡུལ་དུ་འགྱུར་བ་མ་མཐོང་བ་སྟེ་ཚེ་ཕྱི་མ་ཕན་ཆད་ཀྱི་བསྔགས་འོས་ཡོན་ཏན་མཐའ་དག་གི་གཞིའམ་རྩ་བ་ལྟ་བུར་གྱུར་པ་ནི་རྣམ་པར་དཔྱོད་པའི་མཚན་ཉིད་ཅན་གྱི་ཤེས་རབ་ཉིད་ཡིན་པར་མ་ཟད། བྱང་ཆུབ་བསྒྲུབ་པ་རྣམས་ཀྱི་ཐར་པའི་གེགས་སུ་གྱུར་པ་བདག་འཛིན་རྩད་ནས་གཅོད་པ་ལ་བདག་མེད་རྟོག་པའི་ཤེས་རབ་ཁྱད་པར་ཅན་འཁོར་དང་བཅས་པ་བསྐྱེད་དགོས། དེ་ཡང་ཕ་རོལ་ཏུ་ཕྱིན་པ་ལས་བརྒྱུད་ནས་སྐྱེད་པའི་ཐབས་ཙམ་ལས་མ་གསུངས་ཤིང་། རྡོ་རྗེ་ཐེག་པ་ལས་དངོས་སུ་བསྐྱེད་པའི་ཐབས་མང་དུ་གསུངས་པ་ལས་ཀྱང་། རྒྱུད་སྡེ་འོག་མ་རྣམས་ནས་གཟུངས་ཀྱི་སྒོ་བསྒྲུབ་པ་ཉིད་གཙོ་བོར་གསུངས་ལ། དེའང་འཕགས་པ་འཇམ་དཔལ་ལ་བརྟེན་པ་ཉིད་མཆོག་ཏུ་བསྔགས་པས་ན། འདིར་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོ་འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལ་བརྟེན་ནས། དཀྱིལ་འཁོར་གྱི་སློབ་དཔོན་ཆེན་པོ་མི་ཏྲ་ཛོ་ཀིས་ལེགས་པར་བཀྲལ་བའི་བཀའ་སྲོལ་ལས་འབྱུང་བ་ལྟར་བསྒྲུབ་པ་ལ། ༩༽ །ཐུགས་རྗེ་ཆེན་པོ་ལྷ་བཅུ་གསུམ་མར། དེ་ལ་འདིར་ཐུགས་རྗེ་ཆེན་པོ་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འཕགས་མཆོག་ཕྱག་ན་པདྨོ་འདི་ཉིད་བྱ་རྒྱུད་ཀྱི་དབང་དུ་བྱས་ན། པདྨའི་རིགས་ཀྱི་བདག་པོའི་ཕྱོགས་སུ་གཏོགས་ཤིང་། སྤྱིར་སྲས་བཅས་རྒྱལ་བ་ཡོངས་ཀྱི་སྙིང་རྗེ་ཆེན་པོའི་ཡེ་ཤེས་གཟུགས་ཀྱི་རྣམ་པར་ཤར་བས་རིས་མེད་པའི་ཡིད་ཅན་ཀུན་ལ་ཐུགས་རྗེའི་འཇུག་པས་ལྷག་པར་ཁྱབ་པའི་ཕྱིར་བསྒྲུབ་ཐག་ཉེ་ཞིང་། ཁྱད་པར་བོད་ཁམས་ཀྱི་ལྗོངས་འདི་འཕགས་མཆོག་ཉིད་ཀྱི་གདུལ་ཞིང་དུ་གྱུར་པས། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོར་བསྟན་ནས་རྒྱལ་བསྟན་རིན་པོ་ཆེའི་སྲོལ་བཏོད་པ་ནས་བཟུང་། མཁས་པ་དང་། གྲུབ་པ་དང་། ཆོས་སྐྱོང་བའི་རྒྱལ་པོ་སོགས་ཀྱི་ཚུལ་བཟུང་། བསྟན་འགྲོར་ཕན་བདེའི་དགའ་སྟོན་ཅིག་ཅར་དུ་སྩལ་བས་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེ་བས། རྒྱུད་དང་། སྒྲུབ་ཐབས་དང་། མན་ངག་གི་རིམ་པའང་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལས། དེ་ལན་རྗེ་བཙུན་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལས་བྱུང་བ་ལྟར་བསྒྲུབ་པ་ལ། ༡༠༽ །དོན་ཞགས་ལྷ་ལྔ་ལ། དེ་ནས་བྱ་རྒྱུད་པདྨའི་རིགས་ཀྱི་བདག་པོ་སྤྱན་རས་གཟིགས་དོན་ཡོད་ཞགས་པ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། སྤྱིར་དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོའི་རྗེས་སུ་འབྲང་ཏེ། གྲུབ་པའི་སློབ་དཔོན་ཨ་ར་པ་ཏིས་ལེགས་པར་བཀྲལ་བའི་དོན་ཞགས་ལྷ་མང་གི་དབང་དང་། ལྷ་ལྔའི་རྗེས་གནང་མན་ངག་དང་བཅས་པ་སོགས་སྙིང་རྗེ་ཆེན་པོ་བ་རི་ལོ་ཙཱ་ནས་བརྒྱུད་པ་དང་། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པ་སོགས་དེང་སང་གི་བར་དུའང་རྒྱུན་མ་ཉམས་པར་བཞུགས་ལ། འདི་ཉིད་ཀྱི་དབང་བླངས་ཏེ་དམ་ཚིག་ལ་གནས་པས་ཆོ་ག་ཚུལ་བཞིན་བསྒྲུབ་པའི་གང་ཟག་དེ། འཕགས་པ་སྤྱན་རས་གཟིགས་ཉིད་ཀྱིས་ཀྱང་མཆོད་ཅིང་བཀུར་བའི་གནས་སུ་གསུངས་ཏེ། དོན་ཞགས་ཆོ་ག་ཞིབ་མོ་ལས། བདག་ནི་སེམས་ཅན་དེ་ལ་དེ་བཞིན་གཤེགས་པ་ཡིན་པར་ཡང་འཛིན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཡིན་པས་སྤྱི་བོས་བཀུར་བར་བགྱིའོ། །རིགས་སྔགས་འཆང་ཟུངས་ཤིག་དང་། མཆོག་ཇི་ལྟར་འདོད་པ་དང་། ཇི་ལྟར་ཡིད་ལ་རེ་བ་དང་། བསམ་པ་ཐམས་ཅད་རྗེས་སུ་བཟུང་ཞིང་སྦྱིན་པར་བྱའོ། །ཞེས་པ་ལ་སོགས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་ཏེ། ཐ་ན་འདིའི་བྲིས་འབུར་གྱི་སྐུ་མཐོང་བ་དང་། རིག་སྔགས་བཟླ་བ་པོའི་རླུང་གི་རྫི་ཕོག་པའི་སྲོག་ཆགས་ཚུན་ཆད་ཀྱང་ངན་སོང་དུ་མི་འགྲོ་བར་གསུངས་པས་མཚོན་བྱིན་རླབས་དང་ཐུགས་རྗེའི་གཏེར་དུ་གྱུར་པ་འདི་ཉིད་ཀྱི་སྒོ་ནས་སློབ་མ་རྗེས་སུ་བཟུང་བའི་རིམ་པ། རྗེ་བཙུན་ཕྱག་ན་པདྨོའི་སྒྱུ་འཕྲུལ་རྒྱལ་སྲས་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༡༽ སེངྒེ་སྒྲ་ལྷ་ལྔ་ལ། དེ་ནས་འཇིག་རྟེན་དབང་ཕྱུག་སེངྒེ་སྒྲ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་བྱ་རྒྱུད་པདྨའི་རིགས་ཀྱི་འཁོར་ལོས་སྒྱུར་བ་དང་རྗེས་སུ་འབྲེལ་ཞིང་། །སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་ཁྱད་པར་ཅན་གྱི་མཐུས་མཚན་འཛིན་པའམ། གཟུངས་བཟླས་པ་ཙམ་གྱིས་ཀྱང་ཀླུ་དང་ས་བདག་གཙོ་བོར་གྱུར་པའི་འབྱུང་པོའི་གནོད་པ་ཐམས་ཅད་ཞི་བ་དང་། སྡིག་སྒྲིབ་ཐམས་ཅད་བྱང་བ་དང་། མྱོང་བར་ངེས་པའི་ལས་ཀྱི་རྣམ་སྨིན་ཀྱང་གྲོལ་བར་འགྱུར་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པར་བཤད་ལ། འཕགས་པས་རྗེས་བཟུང་བཙུན་པ་ཟླ་བའི་ཞབས་སོགས་ལས་བརྒྱུད་པའི་སྒྲུབ་ཐབས་དང་། གདོན་སྒྲོལ་སོགས་མན་ངག་གི་རིམ་པའང་ད་ལྟའི་བར་དུ་བཞུགས་པ་ལས། འདིར་སྙིང་རྗེའི་གཏེར་ཆེན་རྗེ་བཙུན་སྤྱན་རས་གཟིགས་དངོས་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༢༽ རྟ་མགྲིན་ལྷ་བཅུ་བདུན་ལ། དེ་ནས་བཅོམ་ལྡན་དཔལ་རྟ་མགྲིན་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་ཞི་བས་མི་འདུལ་བའི་གདུལ་བྱ་གདུག་ཅིང་གཏུམ་པ་རྣམས་ཀྱི་ཆེད་དུ་ཁྲོ་བོའི་རྣམ་པར་བཞེངས་པས་བྱ་རྒྱུད་ཀྱི་དབང་དུ་བྱས་ནས་པདྨའི་རིགས་ཀྱི་ཁྲོ་བོར་གཏོགས་ཤིང་། གཞན་ཡང་རྒྱུད་སྡེ་བཞི་ལས་རིགས་ཐ་དད་པའི་ལྷ་དང་སྔགས་ཀྱི་རྣམ་གྲངས་ཇི་སྙེད་ཅིག་གསུངས་ལ། སྤྱིར་སྡེ་བརྒྱད་ཀྱི་གནོད་པ་མཐའ་དག་དང་། ཁྱད་པར་རྒྱལ་བཙན་འབྱུང་པོའི་འཚེ་བ་འཇོམས་པ་དང་། དབང་དང་དྲག་པོའི་ལས་རབ་འབྱམས་ལ་མཆོག་ཏུ་བསྔགས་པ་ལས། འདིར་པདྨ་ཅོད་པན་གྱི་རྒྱུད་ལ་བརྟེན་ནས། གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་བཛྲས་ལེགས་པར་བཀྲལ་ཞིང་། སྙིང་རྗེའི་དབང་ཕྱུག་མི་ཏྲ་ཛོ་ཀིས་ཐུགས་ཉམས་སུ་བཞེས་པའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༣༽ མི་གཡོ་བ་ལྷ་བཅུ་གཅིག་ལ། དེ་ནས་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་ཁྲོ་བོ་བཅོམ་ལྡན་འདས་མི་གཡོ་བ་ལྷ་བཅུ་གཅིག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞལ་བཞུགས་པའི་དུས་དགེ་སློང་བསམ་གཏན་པ་ཞིག་ལ་བདུད་ཀྱི་འཚེ་བ་བྱུང་བའི་ཚེ། བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་རྡོ་རྗེ་གཏུམ་པོའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ། བདུད་འཁོར་བཅས་ཚར་བཅད་ཅིང་ཞབས་འོག་ཏུ་མནན་པས་ན། དེ་བཞིན་གཤེགས་པའི་ཐུགས་ལས་སྤྲུལ་པའི་ཁྲོ་བོ། བདུད་དང་བདུད་ཀྱི་རིས་ཀྱི་བར་ཆད་ཐམས་ཅད་བཟློག་པ་ལ་མཆོག་ཏུ་བསྔགས་པས། ཇོ་བོ་བཀའ་གདམ་པ་རྣམས་ཀྱིས་ཀྱང་ཐུགས་དམ་ལྷ་བཞིའི་ཡ་གྱལ་དུ་མཛད་ཅིང་། སྒྲུབ་ཐབས་དང་མན་ངག་གི་བཀའ་སྲོལ་ཀྱང་མང་དུ་མཆིས་པ་ལས། འདིར་དཀྱིལ་འཁོར་རྒྱ་མཚོའི་རྡོ་རྗེའི་སློབ་དཔོན་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༤༽ རྣམ་འཇོམས་ལྷ་ཉེར་གསུམ་ལ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ལྷ་ཉེར་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་འདི་ཉིད་ཀྱི་རྒྱུད་ལས། རྒྱུད་དོ་ཅོག་གི་རྩ་བ་སྟེ། ཞེས་སྤྱིར་རྒྱུད་སྡེ་བཞི་ཐམས་ཅད་ཀྱི་འཕྲོ་གཞི་དང་། ཁྱད་པར་བྱ་རྒྱུད་རྡོ་རྗེའི་རིགས་མཐའ་དག་གི་ཁྱབ་བྱེད་དུ་གསུངས་ཀྱང་། གཙོ་བོར་རྡོ་རྗེའི་རིགས་ཀྱི་ཁྲོ་བོར་གཏོགས་ལ། དོན་དུ་དཔལ་གསང་བའི་བདག་པོ་ཉིད་རིགས་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བ་སོགས་ལས་ཀྱི་ནུས་པ་འབྱིན་པའི་ལྷར་ཤར་བ་ཡིན་པས་ཐུགས་རྗེ་དང་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེས་ཆེ་བའི་ཕྱིར་སྔགས་རྒྱུད་ཀྱི་རྣམ་གྲངས་དུ་མ་དང་། གྲུབ་པའི་སློབ་དཔོན་ལས་ཀྱི་རྡོ་རྗེ་དང་། ས་བ་རི་པ་དང་། མ་ཎི་ཀ་བཛྲ་སོགས་ཀྱིས་བཀྲལ་བའི་དབང་དང་སྒྲུབ་ཐབས་ལས་ཚོགས་ཀྱི་རིམ་པ་བཅས་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལས། འདིར་རྗེ་བཙུན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༥༽ ཕྱག་རྡོར་མདོ་ལུགས་ལ། དེ་རྣམས་ཀྱིས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་གྲུབ་ཆེན་མི་ཏྲ་ཛོ་ཀི་ནས་བརྒྱུད་པའི་ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་ལས། རྒྱུད་སྡེ་བཞིའི་དང་པོ་བྱ་བའི་རྒྱུད་ཀྱི་དཀྱིལ་འཁོར་ཆེན་པོ་བཅོ་ལྔར་དབང་བསྐུར་བའི་རིམ་པ་རྣམས་ལེགས་པར་གྲུབ་པ་ལགས། ཅེས་པ་ལྟ་བུའི་འགྲེས་སྦྱར་ཏེ། དེ་ནས་རྒྱུད་སྡེ་གཉིས་པ་སྤྱོད་པའི་རྒྱུད་ཀྱི་དཀྱིལ་འཁོར་རྣམས་སུ་དབང་བསྐུར་བ་ཡིན་ཏེ། དེ་ལ་རྒྱུད་འདིའི་མཚན་ཉིད་ནི། འཛུམ་ཞིང་དགོད་པའི་བདེ་བ་ལམ་དུ་བྱས་ཏེ་ཡིད་མཚན་རྟོག་ལས་སྐྱོབ་པར་བྱེད་པའི་ཐབས་འཁོར་དང་བཅས་པའོ། །སྒྲ་དོན་ནི། ཨུ་བྷ་ཡ་ཏནྟྲ་ཞེས་པའི་སྒྲ་ལས་དྲངས་ན། གཉིས་ཀའི་རྒྱུད་དམ། སྤྱོད་པའི་རྒྱུད་ཅེས་བྱ་སྟེ། ཕྱི་ལུས་ངག་གི་བྱ་བ་དང་། ནང་ཏིང་ངེ་འཛིན་ཆ་མཉམ་དུ་སྤྱོད་པས་གཉིས་ཀ་གཞི་མཐུན་པའི་ཕྱིར་དེ་སྐད་དོ། །དབྱེ་ན། སྐུའི་རྒྱུད་དེ་བཞིན་གཤེགས་པའི་རིགས་དང་། གསུང་གི་རྒྱུད་པདྨའི་རིགས་དང་། ཐུགས་ཀྱི་རྒྱུད་རྡོ་རྗེའི་རིགས་ཏེ་གསུམ་མོ། །དེ་གསུམ་ཀའི་ལམ་གྱི་རིམ་པའང་སྤྱོད་པ་གསུམ་གྱིས་བསྡུས་ཏེ། འཇུག་པའི་སྤྱོད་པ་ནི། ཕྱི་ལྟར་འཇུག་པ་ཆུ་ཅོད་པན་རྡོ་རྗེ་དྲིལ་བུ་མིང་དང་བཅས་པའི་དབང་གིས་སྨིན་ཅིང་དམ་ཚིག་ལ་གནས་པ་དང་། ནང་ལྟར་འཇུག་པ་མཚན་བཅས་ལྷ་ཡི་རྣལ་འབྱོར་དང་། མཚན་མེད་འཇུག་གནས་ལྡང་གསུམ་གྱིས་ཁྱད་པར་དུ་བྱས་པའི་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །སྦྱོར་བའི་སྤྱོད་པ་ནི། ཕྱི་ནང་གི་བཟླས་བརྗོད་ལ་བརྟེན་ནས་ཞི་ལྷག་གི་ཏིང་ངེ་འཛིན་བསྒོམ་པའོ། །གྲུབ་པའི་སྤྱོད་པ་ནི། རྫས་སྔགས་དང་བསམ་གཏན་ལ་བརྟེན་ནས། །རིག་པ་འཛིན་པ་དང་། རྫུ་འཕྲུལ་དང་། མངོན་ཤེས་སོགས་བསྒྲུབས་ནས། རྟེན་དེ་ཉིད་ཀྱིས་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བའོ། །དེ་ལས་འདིར་ཐུགས་རྗེའི་རིགས་ཀྱི་ཁྲོ་བོ་དཔལ་ཕྱག་ན་རྡོ་རྗེའི་སྐོར་ལས། ཐོག་མར་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ཀྱིས་གོས་སྔོན་ཅན་གྱི་གཟུངས་མདོ་ལ་བརྟེན་ནས་ལེགས་པར་བཀྲལ་བའི་ཕྱག་ན་རྡོ་རྗེ་མདོ་ལུགས་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་བསྒྲུབ་པ་ལ། ༡༦༽ ཕྱག་རྡོར་འགྲོ་བཟང་ལུགས་ལ། དེ་ནས་ཕྱག་ན་རྡོ་རྗེ་འགྲོ་བཟང་ལུགས་ལྷ་དྲུག་བཅུ་རྩ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། ཕྱག་རྡོར་ལ་ཆེ་བ་དགུའམ་དྲུག་ཏུ་གྲགས་པའི་ནང་ཚན། འདི་ནི་འགྲོ་བཟང་ཆོས་སྐྱོང་གི་ཆེ་བ་ཞེས་བྱ་སྟེ། འདིའི་ཆོས་སྐྱོང་གི་ཚུལ་དུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་སྐོར། མཐའ་ཡས་པ་འབྱུང་བས་སོ། །དེ་ལ་སྤྱིར་གྲུབ་པའི་སློབ་དཔོན་འགྲོ་བཟང་སྙིང་པོའི་ཞབས་ཀྱིས་གོས་སྔོན་ཅན་གྱི་གཟུངས་དང་རྟོག་པ་སོགས་ལ་བརྟེན་ནས་བཀྲལ་བའི་ཟུར་བཀའི་དབང་རྗེས་གནང་མན་ངག་དང་བཅས་པའང་དེང་སང་གི་བར་མ་ནུབ་པར་ཡོད་མོད། འདིར་ནི་མཁས་ཤིང་དངོས་གྲུབ་མཆོག་བརྙེས་གྲུབ་ཆེན་མི་ཏྲ་ཛོ་ཀི་ནས་བརྒྱུད་པའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༧༽ ཕྱག་རྡོར་བདུད་རྩི་ཐིག་པ་ལ། དེ་ནས་ཕྱག་ན་རྡོ་རྗེ་བདུད་རྩི་ཐིག་པ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་གོས་སྔོན་ཅན་ཁྲོས་པའི་ཚུལ་གྱིས་ཞལ་གསུམ་ཕྱག་དྲུག་པའི་རྣམ་པར་བསྟན་ནས། གནོད་སྦྱིན་གཏུམ་པོ་དང་། ཀླུ་གཉན་ས་བདག་མ་རུང་པ་རྣམས་འདུལ་བར་ཆེད་དུ་བསྔགས་པ་སྟེ། དེ་ལྟ་བུའི་དབང་བསྐུར་གྲུབ་ཆེན་མི་ཏྲའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༨༽ ཕྱག་རྡོར་གོས་སྔོན་ཅན་མདོར་བསྡུས་ལ། དེ་ལ་འདིར་ཕྱག་ན་རྡོ་རྗེ་མདོར་བསྡུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། སྤྱིར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ངོ་བོའི་ཆ་ནས་ཆོས་ཀྱི་སྐུ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཡང་། རྣམ་པ་གཟུགས་སྐུ་ཞལ་ཕྱག་གི་ཚུལ་དུ་བཞེངས་པ་ནི་དཔལ་གསང་བའི་བདག་པོ་འདི་ཉིད་ཡིན་ལ། ཁྱད་པར་དུ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་ཕྱིར། ལོག་འདྲེན་འབྱུང་པོའི་ཚོགས་མ་རུང་པ་རྣམས་འདུལ་བ་ལ་ཡེ་ཤེས་ཀྱི་ཁྲོ་བོ་གཞན་ལས་ཀྱང་ཆེས་ཁྱད་པར་འཕགས་པས། རྒྱུད་སྡེ་བཞི་ཀ་ལས་ལྷ་དང་། སྔགས་དང་། སྒྲུབ་པའི་ཐབས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། གངས་ཅན་གྱི་ལྗོངས་འདིར་གཙོ་བོར་དཔལ་ཕྱག་ན་རྡོ་རྗེ་ལ་ཆེ་བ་དགུ་ཞེས་ཡོངས་སུ་གྲགས་ཏེ། ཕྱག་རྡོར་མདོ་ལུགས་མཛེ་གསོས་ཀྱི་ཆེ་བ། གོས་སྔོན་ཅན་ཆོས་སྐྱོང་གི་ཆེ་བ། འབྱུང་པོ་འདུལ་བྱེད་མི་དམིགས་ཀྱི་ཆེ་བ། རྡོ་རྗེ་བདེ་ཁྲོས་ཀླུ་འདུལ་གྱི་ཆེ་བ། འཁོར་ལོ་ཆེན་པོ་དབང་གི་ཆེ་བ། རྡོ་རྗེ་བེ་ཅོན་རྒྱུད་ཀྱི་ཆེ་བ། ཨུ་ཙཱཪྻ་དྲག་སྔགས་ཀྱི་ཆེ་བ། གཏུམ་པོ་ཁྱུང་གི་ཆེ་བ། རྡོ་རྗེ་མེ་ལྕེ་སྡེ་བརྒྱད་གནད་ལ་དབབ་པའི་ཆེ་བ་རྣམས་ལས། འདིར་གོས་སྔོན་ཅན་གཙོ་རྐྱང་ཕྱག་མཚན་གྱིས་བསྐོར་བའི་དཀྱིལ་འཁོར་དུ་སྤྱོད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ་དཀྱིལ་འཁོར་རྒྱ་མཚོའི་ཤིང་རྟ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༩༽ ཕྱག་རྡོར་མཆོད་རྟེན་སྔོན་པོ་ཅན་ལྷ་ལྔ་ལ། དེ་ནས་དཔལ་གསང་བའི་བདག་པོ་མཆོད་རྟེན་སྔོན་པོ་ཅན་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་ལྷའི་ངོ་བོ་གོས་སྔོན་ཅན་དུ་གནས་ཀྱང་། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལས་སྤྲུལ་པ་མཚོན་པའི་ཕྱིར་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པའི་མཆོད་རྟེན་གྱི་དབུས་སུ་བཞུགས་པས་ཐ་སྙད་དུ་དེ་ལྟར་གྲགས་ལ། ཡེ་ཤེས་གཅིག་ཉིད་རྣམ་པ་ཐམས་ཅད་པར་ཤར་བའི་ཕྱིར་དེ་བཞིན་གཤེགས་པ་རིགས་བཞི་དང་བཅས་པའི་དཀྱིལ་འཁོར་དུ། སློབ་མ་སྨིན་བྱེད་ཀྱི་ཆོ་ག་གྲུབ་པའི་དབང་ཕྱུག་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༢༠༽ ཕྱག་རྡོར་ལྕགས་སྦུབས་མ་ལ། དེ་ནས་ཕྱག་ན་རྡོ་རྗེ་ལྕགས་སྦུབས་མ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དཔལ་གསང་བའི་བདག་པོ་འདི་ཉིད་དོན་དམ་པར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོར་མངོན་པར་བྱང་ཆུབ་པའི་གོ་འཕང་བརྙེས་སུ་ཟིན་ཀྱང་། གནས་སྐབས་གདུལ་བྱ་རྣམས་དྲང་བའི་སླད་དུ་རྒྱལ་བའི་སྲས་ཀྱི་ཐུ་བོའི་ཚུལ་གྱིས་དེ་བཞིན་གཤེགས་པ་མཐའ་དག་གི་སྐུ་གསུང་ཐུགས་ཀྱི་གསང་བ་འཛིན་པ་དང་། གདུལ་བྱ་གདུག་ཅིང་གཏུམ་པོ་རྣམས་ཀྱི་ཆེད་དུ་དྲག་པོའི་སྐུར་བཞེངས་ཏེ་རྡོ་རྗེའི་ལྷ་དང་སྔགས་ཀྱི་རིག་པ་ཡིད་ལ་དྲན་པས་ཀྱང་གཟའ་ཀླུ་འབྱུང་པོའི་འཚེ་བ་མིང་གི་ལྷག་མར་མཛད་པ་ཇི་སྙེད་ཅིག་གསུངས་པ་ལས། འདིར་ཁམས་གསུམ་གྱི་དྲེགས་པ་ཅན་ཐམས་ཅད་ཀྱི་གཉེན་པོར་བཞེངས་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཏུམ་པོའི་སྨིན་བྱེད་ཀྱི་རིམ་པ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༢༡༽ གཏུམ་པོ་ཁྱུང་ཤམ་ཅན་ལ། དེ་ནས་དཔལ་གསང་བདག་རྡོ་རྗེ་གཏུམ་པོ་ཁྱུང་ཤམ་ཅན་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་ཆེ་བ་དགུའི་ནང་ཚན་གཏུམ་པོ་ཁྱུང་གི་ཆེ་བ་ཞེས་གྲགས་ཤིང་། དཔལ་གསང་བ་མངོན་བསྟན་གྱི་རྒྱུད་ལ་བརྟེན་ནས། གྲུབ་པའི་སློབ་དཔོན་ལས་ཀྱི་རྡོ་རྗེས་ལེགས་པར་བཀྲལ་བའི་ཕྱི་སྒྲུབ་ལྷ་ལྔ། ནང་སྒྲུབ་ལྷ་བཅུ་གསུམ་མ། གསང་སྒྲུབ་ལྷ་ཉེར་གཅིག་མ་རྣམས་དང་། དཀྱིལ་འཁོར་དང་མ་འབྲེལ་བ་གཙོ་རྐྱང་གི་སྒྲུབ་ཐབས་སོགས་དབང་རྗེས་གནང་མན་ངག་དང་བཅས་པ་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལས། འདིར་མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེའི་སློབ་དཔོན་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༢༢༽ རྡོ་རྗེ་ཁྱུང་དགུ་ལ། དེ་ནས་རྡོ་རྗེ་ཁྱུང་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་བཅོམ་ལྡན་འདས་རྡོ་རྗེ་ནམ་མཁའ་ལྡིང་འདི་ནི་དཔལ་གསང་བའི་བདག་པོ་ཉིད། ཤིན་ཏུ་གདུག་ཅིང་གཏུམ་པའི་ཀླུ་གཉན་ས་བདག་གི་གཉེན་པོར་ཆེད་དུ་བཞེངས་པ་སྟེ། །འདི་ལ་དཔལ་དུས་ཀྱི་འཁོར་ལོ་དང་། བདེ་མཆོག་མངོན་བརྗོད་འབུམ་པ་དང་། གཞན་ཡང་རྒྱུད་སྡེ་འགའ་ཞིག་ལས་གསུངས་པའི་རྗེས་གནང་དང་མན་ངག་སོགས་ཀྱི་རྒྱུན་མ་ཉམས་པ་ཡོད་པ་ལས། འདིར་གྲུབ་པའི་སློབ་དཔོན་མི་ཏྲ་ཛོ་ཀིས་སྤྱོད་རྒྱུད་དང་མཐུན་པར་བཀྲལ་བའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ཞེས་དང་། མཐར། དེ་རྣམས་ཀྱི་སྒོ་ནས་མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེའི་སློབ་དཔོན་རྒྱུད་སྡེ་རྒྱ་མཚོའི་ཤིང་རྟ་ཆེན་པོ་རྗེ་བཙུན་མི་ཏྲ་ཛོ་ཀིས་ལེགས་པར་བཀྲལ་བའི་ལྷག་པའི་ལྷ་རབ་འབྱམས་ཀྱི་དབང་བསྐུར་བ་ལས། སྤྱོད་པའི་རྒྱུད་དང་རྗེས་སུ་འབྲེལ་བའི་དཀྱིལ་འཁོར་ཆེན་པོ་རྣམས་སུ་དབང་བསྐུར་བའི་རིམ་པ་རྣམས་ལེགས་པར་ཕུལ་གྲུབ་པ་ལགས། ཅེས་སྦྱར། ༢༣༽ མི་འཁྲུགས་པ་ལྷ་བཅུ་གསུམ་མར། དེ་ནས་རྒྱུད་སྡེ་གསུམ་པ་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་སུ་དབང་བསྐུར་བ་ཡིན་ཏེ། དེ་ལ་རྒྱུད་འདི་ཡི་ངོ་བོ་ནི། ལག་བཅང་གི་བདེ་བ་ལམ་དུ་བྱས་ཏེ་ཡིད་མཚན་རྟོག་ལས་སྐྱོབ་པར་བྱེད་པའི་ཐབས་འཁོར་དང་བཅས་པའོ། །སྒྲ་དོན་ནི། ཡོ་ག་ཏནྟྲ་ཞེས་པའི་སྒྲ་ལས་དྲངས་ནས། རྣལ་འབྱོར་གྱི་རྒྱུད་དེ། ཐབས་དང་ཤེས་རབ་ཟུང་དུ་སྦྱོར་བའི་ནང་གི་རྣལ་འབྱོར་ལ་གཙོ་བོར་གཞོལ་བའི་ཕྱིར་དེ་སྐད་དོ། །དབྱེ་ན། རྩ་བའི་རྒྱུད་དཔལ་དེ་ཉིད་འདུས་པ། བཤད་པའི་རྒྱུད་རྡོ་རྗེ་རྩེ་མོ། ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོ། །འཕྲོས་པའི་རྒྱུད་ངན་སོང་སྦྱོང་བ་སོགས་མང་དུ་བཞུགས་ཤིང་། ལམ་གྱི་རིམ་པའང་། སློབ་མའི་དབང་ལྔ་དང་། སློབ་དཔོན་གྱིས་དབང་དྲུག་སྟེ་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་དུ་བསྒྲུབ་པའི་དབང་འཁོར་དང་བཅས་པ་བླངས་པས་རྒྱུད་སྨིན་ཅིང་། རིགས་ལྔ་སྤྱི་དང་སོ་སོས་བསྡུས་པའི་དམ་ཚིག་ལ་ཚུལ་བཞིན་དུ་གནས་པས། དང་པོའི་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག །ལས་རྒྱལ་མཆོག་སྟེ་ཏིང་ངེ་འཛིན་གསུམ་ལ། རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། ཐམས་ཅད་རྣལ་འབྱོར་ཏེ་རྣལ་འབྱོར་བཞི་དང་། བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་དང་། མཆོད་པ་དང་། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ཏེ་ཆོ་འཕྲུལ་རྣམ་པ་བཞིས་ཁ་བསྐང་སྟེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པ་ཟུང་དུ་འབྲེལ་བར་ཉམས་སུ་བླངས་ནས། བཟླས་བརྗོད་དང་ཏིང་ངེ་འཛིན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་དང་། ཕྱག་རྒྱའི་ཡེ་ཤེས་ལ་བསླབ་པས་རིམ་གྱིས་མཆོག་གི་དངོས་གྲུབ་འགྲུབ་པར་བྱེད་པའོ། །དེ་ལས་འདིར་ཐོག་མར་ཆ་མཐུན་གྱི་རྒྱུད་དམ། འཕྲོས་པའི་རྒྱུད་དུ་གཏོགས་པ་རྡོ་རྗེ་མི་འཁྲུགས་པ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཡིན་ཏེ། དེ་ཡང་སངས་རྒྱས་ཐམས་ཅད་མཉམ་པ་གསུམ་གྱི་སྒོ་ནས་སྤངས་རྟོགས་དང་ཕྲིན་ལས་ཁྱད་པར་མེད་ཀྱང་། སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དབང་གིས་ལས་ཀྱི་སྒྲིབ་པ་སྦྱོང་བ་ལ་མཆོག་ཏུ་བསྔགས་པ་ནི་བཅོམ་ལྡན་འདས་མི་འཁྲུགས་པ་འདི་ཉིད་དེ། མཚན་ལན་ཅིག་ཙམ་ཐོས་པ་དང་། གཟུངས་སྔགས་བྲིས་པ་མཐོང་བ་ཙམ་གྱིས་ཀྱང་ངན་སོང་དུ་སྐྱེ་བའི་ལས་ཀྱི་སྒྲིབ་པ་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ལྷག་མེད་དུ་ཞི་བར་གསུངས་ན། དཀྱིལ་འཁོར་ཆེན་པོར་ཞུགས་ཏེ་ལྷ་དང་སྐལ་པ་མཉམ་ཞིང་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པའི་བྱིན་རླབས་རྒྱུད་ལ་འཇུག་ཅིང་བརྟན་པར་བྱས་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཞི་ཞིང་། མཆོག་ཐུན་གྱི་དངོས་གྲུབ་མཐའ་དག་འཐོབ་པར་འགྱུར་བ་ནི་ལྟ་སྨོས་ཀྱང་ཅི་དགོས་པས། དེ་ལྟ་བུའི་བྱིན་རླབས་དང་ཐུགས་རྗེ་རྨད་དུ་བྱུང་བའི་ལྷག་པའི་ལྷ་འདི་ཉིད་ཀྱི་སྒོ་ནས་སྨིན་བྱེད་ཀྱི་རིམ་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡབ་སྲས་སོགས་ནས་བརྒྱུད་པའི་མི་འཁྲུགས་པ་ལྷ་དགུ་དང་། ལྷ་བཅུ་གསུམ་མ་གཉིས་ཀྱི་དབང་བཀའི་རྒྱུན་ཡང་མ་ནུབ་པར་ཡོད་མོད། འདིར་ནི་གྲུབ་ཆེན་རྣལ་འབྱོར་གྱི་དབང་པོ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༢༤༽ གཙུག་དགུ་ལ། དེ་ནས་ཤཱཀྱ་སེངྒེ་གཙུག་གཏོར་དགུ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་འཕྲོས་པའི་རྒྱུད་ཀྱི་ཁོངས་སུ་གཏོགས་པ་ངན་སོང་སྦྱོང་རྒྱུད་དང་། སྒོས་རྒྱུད་པཎྜི་ཏ་སྨྲྀ་ཏིས་བསྒྱུར་བ་ལས་ཀྱང་གསལ་བར་གསུངས་ཤིང་། ངན་སོང་དུ་སྐྱེ་བའི་ལས་ཀྱི་སྒྲིབ་པ་སྦྱོང་བ་ལ་མཆོག་ཏུ་བསྔགས་པས། སྒོས་བཀའི་དབང་བསྐུར་བའི་རྒྱུན་ཡང་དེང་སང་གི་བར་མ་ཉམས་པར་བཞུགས་མོད། འདིར་ནི་རྡོ་རྗེ་ཐེག་པའི་ཤིང་རྟ་ཆེན་པོ་རྗེ་བཙུན་མི་ཏྲའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༢༥༽ ཀུན་རིག་རྩ་བའི་དཀྱིལ་འཁོར་ལ། དེ་ནས་ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ལ་བཅོམ་ལྡན་འདས་ཐམས་ཅད་རིག་པ་འདི་ནི་རྩ་རྒྱུད་དེ་ཉིད་འདུས་པའི་དུམ་བུ་དང་པོ་ངན་འགྲོ་དགུག་ཅིང་སྡིག་པ་བྲལ་བ་ལས་འཕྲོས་པའི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་བརྟག་པ་དང་པོའི་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་པས་ན། འཕགས་པའི་ཡུལ་དུ་རྣལ་འབྱོར་རྒྱུད་ཀྱི་ཤིང་རྟ་ཆེན་པོ་སློབ་དཔོན་ཀུན་དགའ་སྙིང་པོས་ལེགས་པར་བཀྲལ་ཞིང་། བོད་ཡུལ་འདིར་བཀའ་སྲོལ་མི་འདྲ་བ་དུ་མ་བྱུང་བའི་རྒྱུན་དེང་སོང་གི་བར་དུ་ལྷག་པར་འཕེལ་བ་ལས། ལྷ་སྔགས་ཀྱི་མཚན་ཐོས་པ་ཙམ་གྱིས་ཀྱང་ངན་སོང་དུ་སྐྱེ་བའི་ལས་ཀྱི་སྒྲིབ་པ་སྦྱོང་བ་སོགས་བྱིན་རླབས་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པར་བཞུགས་པ་འདི་ཉིད་ཀྱི་སྒོ་ནས། སློབ་མ་སྨིན་བྱེད་ཀྱི་རིམ་པ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༢༦༽ ཚེ་དཔག་མེད་གསུང་གི་དཀྱིལ་འཁོར་ལ། དེ་ནས་ཚེ་དཔག་མེད་གསུང་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་ངན་སོང་སྦྱོང་བའི་རྒྱུད་ཀྱི་བརྟག་པ་ཕྱི་མ་ལས་གསུངས་ཤིང་། ཇོ་བོ་རྗེ་ནས་གོ་མི་བསྒོམ་ཆེན་སོགས་ལ་བརྒྱུད་ནས་རྩ་སྣུར་འཛིམ་གསུམ་གྱིས་དར་རྒྱས་སུ་མཛད་པའི་ཟུར་བཀའི་རྒྱུན་ཡང་མ་ནུབ་པར་མཆིས་མོད། འདིར་ནི་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༢༧༽ ཕྱག་ན་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་ལ། དེ་ལ་འདིར་དཔལ་ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་སྦྱོང་རྒྱུད་བརྟག་པ་ཕྱི་མ་ལས་དཔལ་གསང་བའི་བདག་པོ་ཉིད་སེམས་ཅན་ཐམས་ཅད་ཀྱི་ཚེ་དཔག་ཏུ་མེད་པས་ཁྱབ་པར་འབྱུང་བའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཚེ་དང་། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པར་འཕེལ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་ཐུགས་ཀ་ནས་ཕྱུང་མ་ཐག་ཏུ་ངན་སོང་གི་སྡུག་བསྔལ་ཐམས་ཅད་ཞི་ཞིང་། རྣམ་པར་གྲོལ་བའི་གོ་འཕང་ལ་བཀོད་པ་སོགས་སྔོན་བྱུང་གི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པའི་ཚུལ་དང་། ལྷ་དང་། སྔགས་དང་། དབང་བསྐུར་བ་དང་། དངོས་གྲུབ་ཀྱི་ཡེ་ཤེས་ལ་བསླབ་པའི་ཚུལ་སོགས་རྒྱ་ཆེར་གསུངས་པ་ལྟར། གྲུབ་པའི་སློབ་དཔོན་ཀུན་དགའ་སྙིང་པོ་སོགས་ཀྱིས་བཀྲལ་བའི་ཟུར་བཀའི་དབང་རྒྱུན་རྣམ་པར་དག་པ་དང་། ལམ་འདི་ལ་བརྟེན་ནས་རང་གཞན་གྱི་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་གྲོལ་བ་དང་། ཚེ་དང་བསོད་ནམས་ཀྱི་དགེ་མཚན་རྒྱས་པ་སོགས་བྱིན་རླབས་མངོན་སུམ་དུ་འབྱུང་བའི་གཏམ་རྒྱུད་ངོ་མཚར་བའང་མཆིས་པ་ལས། འདིར་སྔགས་གཞུང་རྒྱ་མཚོའི་ཤིང་རྟ་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༢༨༽ བདེ་བ་ཆེན་པོའི་དཀྱིལ་འཁོར་ལ། དེ་ནས་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ལྷ་བརྒྱ་དང་ལྔ་བཅུ་རྩ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་སྦྱོང་རྒྱུད་བརྟག་པ་ཕྱི་མ་ལས། བདེ་བས་བདེ་བ་བསྐྱེད་ནས་ནི། །དཀྱིལ་འཁོར་བཟང་པོའི་དབུས་སུ་ནི། །ཀུན་ཏུ་བཟང་ངམ་བདེ་བ་ཆེ། །བདག་ཉིད་ཀྱིས་ནི་བསྒོམ་ནས་ཀྱང་། །སྙིང་གར་ཧཱུྃ་ཞེས་བསམ་བྱས་ན། །རྡོ་རྗེ་སེམས་དཔའ་མཉམ་པར་འགྱུར། །དཔལ་ལྡན་ལས་རྣམས་ཀུན་བྱེད་ཅིང་། །ཀུན་ཏུ་བཟང་པོར་བདག་ཉིད་འགྱུར། ཞེས་སོགས་མཆོག་ཐུན་གྱི་དངོས་གྲུབ་རབ་འབྱམས་རྒྱ་ཆེར་བསྒྲུབ་པ་ལ་གཅིག་ཏུ་བསྔགས་པའི་ཡོན་ཏན་རིགས་ཀྱི་འཁོར་ལོས་སྒྱུར་བ་དང་རྗེས་སུ་འབྲེལ་བར་སློབ་མ་སྨིན་བྱེད་ཀྱི་ཆོ་ག་གྲུབ་ཆེན་མི་ཏྲའི་བཀའ་སྲོལ་ལྟར་བགྱི་བ་ལ། ༢༩༽ མེ་ལྟར་འབར་བ་ལ། དེ་ནས་མེ་ལྟར་འབར་བ་ཕྲིན་ལས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཡང་སྦྱོང་རྒྱུད་བརྟག་པ་ཕྱི་མ་ལས། དཔལ་གསང་བའི་བདག་པོ་ཉིད་རྡོ་རྗེ་སེམས་དཔའ་རྣམ་པར་བཞེངས་ཏེ་གཉིས་སུ་མེད་པར་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་ཏེ། རྡོ་རྗེ་སེམས་དཔའི་ཁྲོ་བོ་མེ་ཡི་རྡོ་རྗེ་ཉི་མ་ཞེས་བྱ་བའི་སྙིང་པོ་འདི་ཐུགས་ཀ་ནས་ཕྱུང་བར་བཤད་ལ། དྲག་ཤུལ་གྱི་ལས་གཙོ་བོར་གྱུར་པའི་རྣམ་བཞིའི་ཕྲིན་ལས་བསྒྲུབ་པ་ལ་མཆོག་ཏུ་བསྔགས་པའི་སྨིན་བྱེད་ཀྱི་ཆོ་ག་གྲུབ་ཆེན་མི་ཏྲའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༣༠༽ ཕྱོགས་སྐྱོང་རྒྱལ་ཆེན་ལ། དེ་ནས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱོགས་སྐྱོང་རྒྱལ་ཆེན་གྱིས་བསྐོར་བ་ལྷ་ཉེར་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་ཀྱང་སྦྱོང་རྒྱུད་བརྟག་པ་ཕྱི་མར། བཅོམ་ལྡན་འདས་གསང་བའི་བདག་པོ་ཉིད་ལ་འཇིག་རྟེན་སྐྱོང་བ་ཆེན་པོ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བའི་སླད་དུ་རང་རང་གི་སྙིང་པོ་ཕུལ་བ་ན་གསང་བདག་གིས་ཀྱང་བྱིན་གྱིས་བརླབས་ཤིང་། སོ་སོའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་སོགས་བཤད་པ་དང་། ཇི་སྐད་བཤད་པ་བཞིན་དབང་བསྐུར་བ་ཐོབ་པ་དེ་ལ། འཇིག་རྟེན་སྐྱོང་བ་རྣམས་ཕྱི་བཞིན་དུ་རྗེས་སུ་འབྲངས་ཏེ། ཡོངས་སུ་སྲུང་བ་དང་། བསྐྱབ་པ་དང་། སྦ་བ་དང་། ལས་ཐམས་ཅད་བསྒྲུབ་པར་བཤད་པས་མཚོན། ཕན་ཡོན་ཁྱད་པར་ཅན་དང་ལྡན་པའི་སྒོ་ནས་སློབ་མ་གཞུག་པའི་ཆོ་ག་གྲུབ་ཆེན་མི་ཏྲའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༣༡༽ གཟའ་སྐར་གྱི་དཀྱིལ་འཁོར་ལ། དེ་ནས་བཅོམ་ལྡན་འདས་དཔལ་གསང་བའི་བདག་པོ་གཟའ་དང་རྒྱུ་སྐར་གྱིས་བསྐོར་བའི་ལྷ་བཞི་བཅུ་རྩ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཡང་རྒྱུད་སྔ་མ་དེ་ཉིད་ལས་བཤད་ཅིང་། གཟའ་དང་རྒྱུ་སྐར་གྱི་གནོད་པ་ཐམས་ཅད་ཞི་ཞིང་སྲུང་བ་དང་། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་སོགས་ལ་ཆེད་དུ་བསྔགས་པ་སྟེ། དེ་ལྟ་བུའི་སྒོ་ནས་སློབ་མ་སྨིན་བྱེད་ཀྱི་ཆོ་ག་གྲུབ་ཆེན་མི་ཏྲའི་བཞེད་སྲོལ་ལྟར་བསྒྲུབ་པ་ལ། ༣༢༽ ཀླུ་བརྒྱད་ལ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཀླུ་བརྒྱད་ཀྱིས་བསྐོར་བ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་ཀྱང་སྦྱོང་རྒྱུད་བརྟག་པ་ཕྱི་མ་ལས་གསུངས་ཤིང་། དབང་བསྐུར་ཐོབ་པ་ཙམ་གྱིས་ཀྱང་ཀླུ་རྣམས་ཀྱིས་མངོན་པར་བསྲུང་ཞིང་། སྟོབས་དང་། བརྩོན་འགྲུས་བསྐྱེད་པ་དང་། དུག་ཞི་བ་དང་། དུས་དུས་སུ་ཆར་འབེབས་པ་དང་། ཕས་རྒོལ་གྱི་འཇིགས་པ་མཐའ་དག་ལས་སྐྱོབ་པ་སོགས་ཡོན་ཏན་མཐའ་ཀླས་པར་བསྔགས་པས་ན། འདིར་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་སློབ་མ་འཇུག་ཅིང་དབང་བསྐུར་བ་བསྒྲུབ་པ་ལ། ཞེས་དང་། མཐར། དེ་ལྟར་ན་ཤཱཀྱ་ཐུབ་པ་སྐུའི་དཀྱིལ་འཁོར་གཙུག་ཏོར་དགུ་པ་ནས་བཟུང་སྟེ། འདི་ཡན་ཆད་ཀྱི་དཀྱིལ་འཁོར་དགུ་ལས། ཕྱོགས་སྐྱོང་དང་རྒྱལ་ཆེན་གྱི་དཀྱིལ་འཁོར་སོ་སོ་ཕྱེ་ཞིང་། འཇིགས་བྱེད་དགུ་དང་། ལྷ་ཆེན་བརྒྱད་ཀྱི་དཀྱིལ་འཁོར་གཉིས་བསྣན་པས་ངན་སོང་སྦྱོང་རྒྱུད་ལས་གསུངས་པའི་དཀྱིལ་འཁོར་བཅུ་གཉིས་ཞེས་ཡོངས་སུ་གྲགས་པ་སྟེ། དེ་ལས་ད་ལན་འདིར་འཇིགས་བྱེད་དང་། ལྷ་ཆེན་མ་གཏོགས་པའི་དཀྱིལ་འཁོར་ཆེན་པོ་རྣམས་སུ་དབང་བསྐུར་བ་སྦྱོང་རྒྱུད་རང་ལུགས་ཀྱི་ཆོ་གའི་སྒོ་ནས་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་སྙིང་རྗེ་ཆེན་པོ་དཔལ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་ལེགས་པར་ཕུལ་གྲུབ་པ་ལགས། ༣༣༽ རྡོར་དབྱིངས་ལྷ་ང་གསུམ་ལ། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་དབྱིངས་ལྷ་ལྔ་བཅུ་རྩ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་རྣལ་འབྱོར་གྱི་རྒྱུད་སྡེ་ཐམས་ཅད་ཀྱི་གཞིའམ་རྩ་བ་ལྟ་བུ་དཔལ་དེ་ཉིད་འདུས་པ་ལས་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་པས་ན། འཕགས་པའི་ཡུལ་དུ་རྒྱལ་པོ་རབ་གསལ་ཟླ་བ་ལ་ཐོག་མར་བཀའ་བབས་པ། སླད་ནས་ཡོ་གའི་སྲོལ་འབྱེད་ཆེན་པོ་སློབ་དཔོན་ཀུན་དགའ་སྙིང་པོ་དང་། ཤཱཀྱ་བཤེས་གཉེན་སོགས་ཀྱིས་རྒྱ་ཆེར་བཀྲལ་ཞིང་། གངས་ཅན་གྱི་ལྗོངས་འདིར་ལོ་ཙཱ་བ་རིན་ཆེན་བཟང་པོ་ཡབ་སྲས་དང་། རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་ཞལ་སློབ་བརྒྱུད་འཛིན་དང་བཅས་པས་དར་རྒྱས་སུ་མཛད་པ་སོགས་ལུགས་སྲོལ་མང་དུ་མཆིས་པ་ལས། ད་ལན་སྙིང་རྗེའི་དབང་ཕྱུག་ཕྱག་ན་པདྨོའི་ཡེ་ཤེས་ཀྱི་སྣང་བརྙན་རྗེ་བཙུན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༣༤༽ ཁམས་གསུམ་རྣམ་རྒྱལ་ལ། དེ་ནས་ཁྲོ་བོ་ཆེན་པོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལྷ་ལྔ་བཅུ་རྩ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་ཆ་མཐུན་ནམ་འཕྲོས་པའི་རྒྱུད་དུ་གཏོགས་ཤིང་། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཉིད་གདུག་པ་ཅན་རྣམས་འདུལ་བའི་ཕྱིར་རྡོ་རྗེ་རིགས་ཀྱི་ཁྲོ་བོ་ཧཱུྃ་མཛད་ཀྱི་སྐུར་བཞེངས་པ་སྟེ། ཟུར་བཀའི་དབང་རྒྱུན་རྣམ་པར་དག་པའང་དེང་སང་གི་བར་དུ་མཆིས་པ་ལས། འདིར་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༣༥༽ འགྲོ་འདུལ་ལ། དེ་ནས་བཅོམ་ལྡན་འདས་འགྲོ་འདུལ་ལྷ་ལྔ་བཅུ་རྩ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་རྩ་བའི་རྒྱུད་ཀྱི་དུམ་བུ་བཞི་པ་ལས་གསུངས་ལ། མ་རིག་པའི་མུན་པ་སེལ་བའི་ཐབས་མཁས་དང་། ཀུན་ལ་བྱམས་པས་ཐར་པའི་ལམ་དུ་གྲོལ་བའི་ཤེས་རབ་ཀྱི་རྒྱུད་ལས་བྱུང་བ་རྡོ་རྗེ་རིན་ཆེན་ལས་སྐྱེས་པའི་ཕྱིར་རིན་པོ་ཆེའི་རིགས་སུ་གཏོགས་ཤིང་། གདུལ་བྱ་སེར་སྣའི་དབང་གིས་འདོད་ཅིང་བརྐམ་པ་རྣམས་གཙོ་བོར་གྱུར་པའི་དོན་མཛད་པས་ན། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་མཐུ་དང་ལྡན་པར་བསྒྲུབ་པའི་སྨིན་བྱེད་ཀྱི་ཆོ་གའི་རིམ་པ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བགྱི་བ་ལ། ༣༦༽ དོན་གྲུབ་པ། དེ་ལ་འདིར་བཅོམ་ལྡན་འདས་དོན་ཐམས་ཅད་ཡོངས་སུ་གྲུབ་པ་ལྷ་ལྔ་བཅུ་རྩ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། སྤྱིར་བཤད་པའི་རྒྱུད་རྡོ་རྗེ་རྩེ་མོ་ལས། རིགས་ནི་རྣམ་པ་དུ་ཡིན་བརྗོད། །རིགས་ནི་རྣམ་པ་བརྒྱར་གསུངས་ཏེ། །མདོ་རུ་བསྡུ་ན་རྣམ་པ་ལྔ། །སངས་རྒྱས་རྡོ་རྗེ་རིན་ཆེན་དང་། །ཆོས་དང་ལས་དང་རྣམ་ལྔའོ། །ཞེས་གསུངས་པ་ལྟར། རྩ་བའི་རིགས་ཆེན་ལྔ་ལས་རིགས་ཆུང་ལྔ་ལྔ་དང་། དེ་རེ་རེ་ལའང་སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་དབྱེ་བས་རིགས་རྣམ་པ་བརྒྱར་བཞག་པའང་རྩ་བའི་རིགས་ལྔར་འདུས་ཤིང་། དེ་ཡང་ལས་རིགས་རིན་པོ་ཆེའི་ནང་དུ་བསྡུས་ནས་དུམ་བུ་བཞིས་རིགས་བཞིར་བསྟན་པས་ནི། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་མཛད་པ་དང་བཅས་པ་སྟེ་བཞི། ཕྱག་རྒྱ་བཞི། སྤང་བྱ་བཞི། འབྲས་བུ་ཡེ་ཤེས་བཞིར་གྲངས་ངེས་པའི་ཕྱིར་ཏེ། སྐུ་དེ་བཞིན་གཤེགས་པའི་རིགས། གསུང་པདྨའི་རིགས། ཐུགས་རྡོ་རྗེའི་རིགས། མཛད་པ་ནོར་བུའི་རིགས་སུ་རྣམ་པར་བཞག་པ་ལས། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ལས་བྱུང་བས་པདྨའི་རིགས་སུ་གཏོགས་པ་སྟེ། །དེ་ལྟ་བུའི་སྒོ་ནས་སློབ་མ་སྨིན་བྱེད་ཀྱི་ཆོ་ག་གྲུབ་པའི་དབང་ཕྱུག་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལས་བྱུང་བ་ལྟར་བསྒྲུབ་པ་ལ། ༣༧༽ དཔལ་མཆོག་དང་པོ་ལ། དེ་ནས་བཅོམ་ལྡན་འདས་དཔལ་མཆོག་དང་པོ་ལྷ་ལྔ་བཅུ་རྩ་བདུན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ལ་ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོ་ལས་གསུངས་པའི་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་བཅུ་དང་། འཇིག་རྟེན་པའི་དཀྱིལ་འཁོར་བཞི་སྟེ་དཀྱིལ་འཁོར་བཅུ་བཞིར་དབང་བསྐུར་བའི་རྒྱུན་དེང་སང་བར་དུ་མ་ཉམས་པར་བཞུགས་པ་ལས། འདིར་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྙིང་རྗེ་ཆེན་པོ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༣༨༽ །འཇམ་དཔལ་གསང་ལྡན་ལ། དེ་ནས་འཇམ་དཔལ་གསང་ལྡན་ལྷ་ལྔ་བཅུ་རྩ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་རྗེ་བཙུན་འཇམ་པའི་དབྱངས་འདི་ཉིད། ངེས་པའི་དོན་དུ་གཟོད་མ་ནས་མངོན་པར་བྱང་ཆུབ་པའི་ཡེ་ཤེས་ཆེན་པོ་བརྙེས་ཤིང་། རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡབ། དཀྱིལ་འཁོར་གྱི་འཁོར་ལོ་རྒྱ་མཚོའི་དབང་ཕྱུག །སྲས་བཅས་རྣམ་འདྲེན་ཡོངས་ཀྱི་མཁྱེན་རབ་གཅིག་ཏུ་བསྡུས་པའི་བདག་ཉིད་ཡེ་ཤེས་མཁའ་ཁྱབ་ཀྱི་སྐུ་མངོན་དུ་མཛད་ཀྱང་། གདུལ་བྱ་རྣམས་དྲང་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཁྱུ་མཆོག་ཏུ་སྟོན་ཅིང་། གཞན་ཡང་མཚན་དང་སྐུ་ཡི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པར་སྣང་བར་མཛད་པས་ན། རྒྱུད་དང་། སྒྲུབ་ཐབས་ཀྱི་རིམ་པའང་མཐའ་ཀླས་ཤིང་། འགའ་ཞིག་ཏུ་དཀྱིལ་འཁོར་གྱི་གཙོ་བོར་སྒྲུབ་པ་དང་། ལ་ལར་སེམས་དཔའ་ཆེན་པོའི་ཚུལ་དུ་སྒྲུབ་པ་སོགས་ཇི་སྙེད་མཆིས་པ་ལས། འདིར་ནི་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ་དཀྱིལ་འཁོར་གྱི་གཙོ་བོའི་ཚུལ་དུ་སྒྲུབ་པ་སྟེ། དེ་ལའང་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ནས་བརྒྱུད་ཅིང་། བླ་མ་རྔོག་པ་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་པའི་དཀྱིལ་འཁོར་བདུན་གྱི་ནང་ཚན་ལས་བྱུང་བའི་དབང་བཀའ་ཟུར་པའང་མཆིས་མོད། །ད་ལན་འཕགས་མཆོག་སྙིང་རྗེ་ཆེན་པོའི་རྣམ་འཕྲུལ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༣༩༽ ཆོས་དབྱིང་གསང་དབང་ལ། དེ་ནས་འཇམ་དཔལ་ཆོས་དབྱིངས་གསུང་གི་དབང་ཕྱུག་ནམ་མཁའ་ལྟར་དྲི་མ་མེད་པ་ལྷ་བརྒྱ་དང་བཅུ་དགུའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཡིན་ཏེ། འདི་ཉིད་གང་ལ་བརྟེན་པའི་རྒྱུད་ནི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱུད་ཀྱི་རྒྱལ་པོ་ཉིད་ཡིན་ལ། དེ་ལའང་རྡོ་རྗེའི་ཚིག་གཅིག་ཉིད་མཐའ་དྲུག་དང་ཚུལ་བཞིས་རྒྱས་བཏབ་པས། གྲུབ་པའི་སློབ་དཔོན་རྣམས་ཀྱིས་འགྲེལ་ཚུལ་མི་འདྲ་བའི་དབང་གིས། རྒྱུད་སྡེ་བཞི་སོ་སོའི་བབས་དང་མཐུན་པར་བཀྲལ་བ་ཇི་སྙེད་ཅིག་མཆིས་པ་ལས། འདིར་སློབ་དཔོན་ཆེན་པོ་འཇམ་དཔལ་གྲགས་པས་རྣལ་འབྱོར་གྱི་རྒྱུད་ཇི་ལྟ་བར་བཀྲལ་བའི་ཟུར་བཀའི་དབང་རྒྱུན་རྣམ་པར་དག་པའང་མཆིས་པ་དང་རྗེས་སུ་མཐུན་པར། གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་བཞིན་བསྒྲུབ་པ་ལ། ༤༠༽ ཙནྡྲ་གོ་མིའི་ལུགས་ཀྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་ལ། དེ་ནས་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ལས་གསུངས་པའི། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལྷ་མང་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གདུལ་བྱའི་སྐལ་བ་དང་རྗེས་སུ་མཐུན་པར་ཆོས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་གསང་སྔགས་རྡོ་རྗེ་ཐེག་པ་ཡིན་ལ། དེ་ལའང་རྒྱུད་སྡེ་ཐམས་ཅད་ཀྱི་རབ་དང་། མཆོག་དང་། ཕུལ་དང་། སྙིང་པོར་གྱུར་པ་ནི་མཚན་ཡང་དག་པར་བརྗོད་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཡིན་པའི་ཕྱིར། མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེའི་སློབ་དཔོན་རྣམས་ཀྱིས་འགྲེལ་ཚུལ་མི་འདྲ་བ་དུ་མ་ཞིག་གི་སྒོ་ནས་གཏན་ལ་ཕབས་པར་མཛད་པ་ལས། འདིར་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུའི་ཡེ་ཤེས་ཀྱི་སྐུས་མངོན་སུམ་དུ་རྗེས་སུ་བཟུང་ཞིང་། དུས་རྟག་པར་དགེ་བའི་བཤེས་སུ་མཛད་པ། རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིའི་བཞེད་སྲོལ་གྱི་རྗེས་སུ་འབྲངས་ཏེ། གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༤༡༽ མཚན་བརྗོད་ལྷ་ཉེར་ལྔ་ལ། དེ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལྷ་ཉེར་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་ཀྱང་བརྟེན་གཞིའི་རྒྱུད་སྔ་མ་དེ་ལ་བརྟེན་ནས་གདམས་ངག་གི་ལུགས་སུ་བཀྲལ་བ་སྟེ། འཕགས་མཆོག་སྙིང་རྗེའི་གཏེར་ཆེན་གྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་གྲུབ་པའི་དབང་ཕྱུག་མི་ཏྲ་ཛོ་ཀིའི་ཐུགས་དམ་ལྟར་བསྒྲུབ་པ་ལ། ༤༢༽ ཡུམ་ཆེན་མོ་ལ། དེ་ནས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལྷ་བདུན་ཅུ་རྩ་གཅིག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། མགོན་པོ་བྱམས་པས། ཉན་ཐོས་ཞི་བ་འཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་འཁྲིད་མཛད་གང་ཡིན་དང་། །འགྲོ་ལ་ཕན་པར་མཛད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་བསྒྲུབ་མཛད་པ་གང་། །གང་དང་ཡང་དག་ལྡན་པ་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །ཅེས་གསུངས་པ་ལྟར། དུས་གསུམ་དུ་གཤེགས་ཤིང་བཞུགས་ལ་འབྱོན་པར་འགྱུར་པའི་འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས། དོན་དམ་ཆོས་ཀྱི་སྐུ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད། ཀུན་རྫོབ་གཟུགས་སྐུ་ཞལ་ཕྱག་གི་ཚུལ་དུ་སྟོན་པ་ནི་ཡུམ་ཆེན་མོ་འདི་ཉིད་ཡིན་ལ། སྒྲུབ་ཐབས་ཀྱི་རིམ་པའང་དཀྱིལ་འཁོར་གྱི་གཙོ་མོའི་ཚུལ་དུ་བཞེངས་པ་དང་། འཁོར་གྱི་རྣམ་པར་སྟོན་པ་སོགས་ཐ་དད་པ་ལས། ད་ལན་འདིར་དཀྱིལ་འཁོར་གྱི་གཙོ་མོའི་ཚུལ་དུ་བཞེངས་པ་དང་རྗེས་སུ་འབྲེལ་བར་གྲུབ་པའི་དབང་ཕྱུག་ཆེན་པོ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༤༣༽ སྐུ་གདུང་བསྟན་པ་ལ། དེ་ནས་སྐུ་གདུང་བསྟན་པ་དམ་པ་རིགས་བརྒྱ་ལྷ་གཅིག་གིས་ལྷག་པའི་བརྒྱ་ཕྲག་གི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཡིན་ཏེ། འདི་ཉིད་རྣལ་འབྱོར་གྱི་རྒྱུད་ལས་བཤད་པའི་དེ་བཞིན་གཤེགས་པ་དང་། །བྱང་ཆུབ་སེམས་དཔའི་རིགས་ཀྱི་བྱེ་བྲག་རྣམས་འདུས་ཤིང་། ཉན་ཐོས་དང་འཇིག་རྟེན་སྐྱོང་བའི་ཚོགས་བཅས་བསྐོར་བའི་རྣམ་སྣང་གི་དཀྱིལ་འཁོར་ཆེན་པོ་སྟེ། དེ་ལྟ་བུའི་སྒོ་ནས་སློབ་མ་འཇུག་ཅིང་སྨིན་པའི་ཆོ་ག་རྗེ་བཙུན་སྤྱན་རས་གཟིགས་དངོས་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༤༤༽ ཡི་གེ་བརྒྱ་པ་ལྷ་བཅུ་བདུན་ལ། དེ་ལ་འདིར་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་རྒྱུ་ཚོགས་གཉིས་ཡོངས་སུ་རྫོགས་པ། ལམ་སྒྲིབ་གཉིས་མཐའ་དག་སྤངས་བ། འབྲས་བུ་རྣམ་གྲོལ་གྱི་ཡོན་ཏན་དང་ཕྲིན་ལས་མཐར་ཕྱིན་པ་ལ་རྣམ་དབྱེར་མ་མཆིས་ཀྱང་། ཐུགས་བསྐྱེད་དང་སྨོན་ལམ་ཁྱད་པར་བའི་བྱེ་བྲག་ལས། ལྷག་པའི་ལྷ་འདི་ཉིད་ཀྱི་མཚན་ལན་ཅིག་ཙམ་ཐོས་པས་ཀྱང་བསྐལ་པ་དཔག་ཏུ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་སྤྱི་དང་། ཁྱད་པར་རྡོ་རྗེ་ཐེག་པའི་དམ་ཚིག་ཉམས་ཆགས་ཐམས་ཅད་ཞི་བ་དང་། ཡི་གེ་བརྒྱ་པ་ཉིན་རེ་བཞིན་བརྒྱ་རྩ་བརྒྱད་རེ་བཟླས་ན་རྩ་བའི་ལྟུང་བའང་ལྷག་མེད་དུ་བྱང་ཞིང་། ཉི་ཤུ་རྩ་གཅིག་རེ་བཟླས་པས་ཀྱང་ལྟུང་བ་བྱིན་གྱིས་བརླབས་པས་གོང་དུ་འཕེལ་མི་ནུས་པ་སོགས་སྡིག་ལྟུང་སྦྱོང་བ་ལ་མཆོག་ཏུ་བསྔགས་པས་ན་རིག་པ་འཛིན་པའི་སྡེ་སྣོད་ཀྱི་སྒོར་ཞུགས་སོ་ཅོག་ཐམས་ཅད་ཀྱིས་ཐུན་མོང་མ་ཡིན་པའི་ཡི་དམ་གྱི་ལྷར་བཟུང་བར་འོས་པར་མ་ཟད། བསམ་ཡས་གྲངས་མེད་པའི་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་ཆེན་དང་། པདྨ་དང་། ལས་ཀྱི་རིགས་ཐམས་ཅད་རིགས་བརྒྱ་དང་། དེ་ཡང་རིགས་ལྔ་དང་། དེ་ཉིད་ཀྱང་གསང་ཆེན་རིགས་གཅིག་རྡོ་རྗེ་སེམས་དཔའ་འདི་ཁོ་ན་ལ་འདུ་བས་ན་ལྷ་དང་། སྔགས་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བྱེད་གྱུར་པས། ལྷ་གཅིག་བསྒོམ་པས་ལྷ་ཐམས་ཅད་བསྒོམ་པར་འགྱུར་པ་དང་། སྔགས་གཅིག་བཟླས་པས་སྔགས་ཐམས་ཅད་བཟླས་པར་འགྱུར་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པའི་ཕྱིར་ཕྱི་ནང་གི་རྒྱུད་སྡེ་རྣམས་ལས་སྒྲུབ་པའི་ཐབས་ཚུལ་མང་དུ་གསུངས་པ་རྣམས་མདོར་བསྡུ་ན། རྣལ་འབྱོར་གྱི་རྒྱུད་ནས་འབྱུང་བའི་རྡོར་སེམས་ཡབ་རྐྱང་དང་། བླ་མེད་ལས་གསུངས་པའི་ཡབ་ཡུམ་ཁ་སྦྱོར་གྱི་སྐུ་ཅན་གཉིས་སུ་འདུས་པ་ལས། འདིར་སྔ་མ་ལྟར་སྒྲུབ་པ་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་བརྩེ་བ་ཆེན་པོ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་བཞིན་སློབ་མ་རྣམས་འཇུག་ཅིང་སྨིན་པའི་ཆོ་གས་རྗེས་སུ་བཟུང་བ་ལ། ཞེས་དང་། མཐར། དེ་ལྟར་ན་འཕགས་པ་སྤྱན་རས་དབང་ཕྱུག་གི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཏུ་དབང་བསྐུར་བ་བརྙེས་ཤིང་། རྡོ་རྗེ་ཐེག་པ་མཐའ་དག་གི་ཤིང་རྟ་གཅིག་པུ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལས་བྱུང་བའི་ལྷག་པའི་ལྷ་རབ་འབྱམས་ཀྱི་དབང་བསྐུར་བ་ལས། རྒྱུད་སྡེ་གསུམ་པ་རྣལ་འབྱོར་གྱི་རྒྱུད་དང་རྗེས་སུ་འབྲེལ་བའི་དཀྱིལ་འཁོར་ཆེན་པོ་རྣམས་སུ་དབང་བསྐུར་བ་ལེགས་པར་ཕུལ་གྲུབ་པ་ལགས། ༤༥༽ གསང་འདུས་ཡེ་ཤེས་ཞབས་ལུགས་ལ། དེ་ལ་འདིར་རང་རེ་རྣམས་ཀྱིས་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། བསྟན་པའི་སྙིང་པོ་ཟབ་མོ་རྡོ་རྗེ་ཐེག་པ་དང་ཕ་རོལ་ཏུ་ཕྱིན་པའི་ལམ་ཉམས་སུ་བླང་དུ་ཡོད་པའི་སྐབས་འདིར་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་པའི་ཕྱིར་དམ་པའི་ཆོས་རྣམ་པར་དག་པ་ཞིག་ཅིས་ཀྱང་བྱ་དགོས་པ་ཡིན་ཏེ། སློབ་དཔོན་ཞི་བ་ལྷས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པས་དུས་སུ་གཉིད་མ་ལོག །ཞེས་གསུངས། དམ་པའི་ཆོས་ཉམས་སུ་བླངས་པ་ལའང་། ཐོག་མ་ཁོ་ནར་འདུལ་བ་མདོ་རྩ་བ་ལས། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། །ཞེས་གསུངས་པ་ལྟར་སྡུག་བསྔལ་དང་ཀུན་འབྱུང་གི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ཁམས་གསུམ་གྱི་འཁོར་བ་ལས་ངེས་པར་འབྱུང་བ་དང་། གང་དུ་ངེས་པར་འབྱིན་ན། མངོན་པ་མཛོད་ལས། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །ཞེས་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་མཐའ་དག་གཏན་ནས་བཅོམ་ཞིང་། གཞན་དོན་ལ་ཐུགས་གཅིག་ཏུ་བརྩེ་བ་རྫོགས་པའི་བྱང་ཆུབ་རིན་པོ་ཆེར་ངེས་པར་འབྱིན་པ་དང་། གང་གིས་ངེས་པར་འབྱིན་ན། ཚུལ་གནས་ཐོས་བསམ་བསྒོམ་པའི་ཤེས་རབ་ཀྱི་སྦྱོར་བས་ལམ་ལྔ་རིམ་གྱིས་རྫོགས་པ་ལ་བརྟེན་ནས། གང་ངེས་པར་འབྱིན་ན། ཐེག་པ་ཆེན་པོའི་སྐབས་འདིར། རང་གཅིག་པུ་ཙམ་མ་ཡིན་པར་མཐའ་ཡས་པའི་སེམས་ཅན་ལ་དམིགས་པ་སྔོན་དུ་འགྲོ་དགོས་ཏེ། དབུ་མ་འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་མཐའ་ཡས་པའི་ཡིད་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཁོ་ནར་ངེས་པའི་བློས་དྲངས་ཏེ་སྡུག་བསྔལ་ལས་སྒྲོལ་འདོད་ཀྱི་སྙིང་རྗེ་དང་། དོན་དམ་པར་འཁོར་འདས་ཐམས་ཅད་རང་བཞིན་མ་གྲུབ་པར་རྟོགས་པའི་ཤེས་རབ་དང་། ཀུན་རྫོབ་རྨི་ལམ་དང་སྒྱུ་མ་ལྟར་འཁྲུལ་པའི་ཡིད་ཅན་རྣམས་བྱང་ཆུབ་ཆེན་པོར་དབུགས་དབྱུང་བའི་ཕྱིར་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་བསླབ་པའི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལྟ་བུའི་བསམ་པ་ཁྱད་པར་ཅན་གྱིས་གོ་ཕྱེ་ནས། སྦྱོར་བ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ། རྒྱུ་མེད་རྐྱེན་མེད་ལས་མི་འབྱུང་བས། རྒྱུ་རྐྱེན་གཙོ་བོ་མདོ་སྔགས་ཀྱི་ལམ་སྤྱི་དང་། ལྷག་པར་དུས་མྱུར་བ་ཉིད་དུ་བྱང་ཆུབ་ཀྱི་གོ་འཕང་འཐོབ་པར་འདོད་པས་རྡོ་རྗེ་ཐེག་པའི་ལམ་ཟབ་མོ་ལ་ངེས་པར་བསླབ་དགོས་པ་ལགས། དེ་ལའང་འཇུག་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་ལས། འདིར་རྡོ་རྗེའི་སྔགས་རྒྱུད་མཐའ་དག་གི་ཤིང་རྟ་ཆེན་པོ། །གྲུབ་པའི་དབང་ཕྱུག་མི་ཏྲ་ཨཱ་ནནྡ་ཞེས་ཡོངས་སུ་གྲགས་པའི་ཞལ་སྔ་ནས་ཀྱི་རྡོ་རྗེའི་གསུང་ལས་བྱུང་བའི་དཀྱིལ་འཁོར་བརྒྱ་རྩ་བརྒྱད་ཀྱི་དབང་བསྐུར་བ་ལས། རྒྱུད་སྡེ་བཞི་པ་རྣལ་འབྱོར་བླ་མེད་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་སུ་དབང་བསྐུར་བ་ཡིན་ཏེ། དེ་ལ་རྒྱུད་འདིའི་ངོ་བོ་ནི། དབང་པོ་གཉིས་སྦྱོར་གྱི་བདེ་བ་ལམ་དུ་བྱས་ཏེ། ཡིད་མཚན་རྟོག་ལས་སྐྱོབ་པར་བྱེད་པའི་ཐབས་འཁོར་དང་བཅས་པའོ། །སྒྲ་དོན་ནི། །མ་ཧཱ་ཡོ་ག་ཞེས་པའི་སྒྲ་ལས་དྲངས་ན་རྣལ་འབྱོར་ཆེན་པོ་སྟེ། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ནང་གི་རྣལ་འབྱོར་གྱི་ཁྱད་པར་གོང་ན་མེད་པ་གཙོ་བོར་སྟོན་པའི་ཕྱིར་དེ་སྐད་དོ། །དབྱེ་ན། ཐབས་གཙོ་བོར་སྟོན་པ་ཕ་ཡི་རྒྱུད་དང་། ཤེས་རབ་གཙོ་བོར་སྟོན་པ་མ་ཡི་རྒྱུད་དང་། དེ་གཉིས་ཀའི་ཁྱབ་བྱེད་དུ་གྱུར་པ་ཟུང་འཇུག་གཙོ་བོར་སྟོན་པ་གཉིས་སུ་མེད་པའི་རྒྱུད་དེ་རྣམ་པ་གསུམ་དུ་ཡོད་ལ། ལམ་གྱི་རིམ་པའང་། རྒྱུ་སྨིན་བྱེད་དབང་བཞི་འཁོར་དང་བཅས་པས་རྒྱུད་སྨིན་པར་བྱས་ནས། ལམ་རིམ་པ་གཉིས་ལ་ཚུལ་བཞིན་དུ་བསླབ་ཅིང་། གྲོགས་དམ་ཚིག་དང་སྡོམ་པ་རྣམ་པར་དག་པས་སྤྱོད་པ་གསུམ་གྱི་ཉེ་རྒྱུས་མཚམས་སྦྱར་ཏེ་སློབ་པ་དང་མི་སློབ་པའི་ཟུང་འཇུག་ལ་སྦྱོར་བའོ། །དེ་ལྟར་རྒྱུད་སྡེ་རིན་པོ་ཆེ་རྣམ་པ་གསུམ་ལས། འདིར་སྐབས་སུ་བབས་པ་ཐོག་མར་ཕ་བརྒྱུད་ཀྱི་སྐོར་ཡིན་ཞིང་། དེ་ལའང་དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རིགས་རྒྱལ་རྡོ་རྗེ་ཅན་རྣམས་ཀྱི། །འཁོར་ལོས་སྒྱུར་བ་དྲུག་གི་རྒྱ། །ཞེས་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་ཆེན་དང་། པདྨ་དང་། ལས་ཀྱི་རིགས་ཐམས་ཅད་བསྡུས་པའི་ངོ་བོ་ཉིད་རྣམ་སྣང་། མི་བསྐྱོད་པ། རིན་འབྱུང་། འོད་དཔག་མེད། དོན་གྲུབ་དང་ལྔ། དེ་རྣམས་ཀྱི་ཁྱབ་བྱེད་རྡོ་རྗེ་འཆང་གི་རིགས་ཏེ་དྲུག་ཏུ་ཡོད་པ་ལས། འདིར་མི་བསྐྱོད་པའི་རིགས་ཀྱི་འཁོར་ལོས་སྒྱུར་བ་བཅོམ་ལྡན་འདས་དཔལ་གསང་བ་འདུས་པའི་སྐོར་ཡིན། དེ་ལའང་རྩ་བ་དང་བཤད་པའི་རྒྱུད་རྣམས་སྦྱར་ནས་མཐའ་དྲུག་དང་ཚུལ་བཞིས་གཏན་ལ་ཕབས་པ་ན་འགྲེལ་ཚུལ་ཅུང་ཟད་མི་འདྲ་བའི་དབང་གིས་རྒྱ་གར་འཕགས་པའི་ཡུལ་དུ་ལུགས་སྲོལ་མི་འདྲ་བ་ཉི་ཤུ་རྩ་བཞིར་ཡོད་པར་གྲགས་ལ། བོད་དུ་བསྒྱུར་བ་ལ་འཕགས་ལུགས་དང་། ཡེ་ཤེས་ཞབས་ལུགས་གཉིས་གྲགས་ཆེ་ཞིང་། །གཞན་ཡང་ཤནྟི་པ། རྡོ་རྗེ་བཞད་པ། པདྨ་བཛྲ། ཀུན་སྙིང་གི་ལུགས་རྣམས་ཀྱང་ཅུང་ཟད་དར་བ་ལས། འདིར་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་བཀྲལ་བའི་དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཡིན་ཏེ། དེ་ལ་གྲུབ་པའི་སློབ་དཔོན་འདི་ཉིད་བསླབ་པ་གསུམ་གྱི་ཡོན་ཏན་ཐམས་ཅད་རྫོགས། ཕ་རོལ་ཏུ་ཕྱིན་པ་དང་རྡོ་རྗེ་ཐེག་པའི་གཞུང་ལུགས་མཐའ་དག་མཁྱེན། ཁྱད་པར་དཀྱིལ་འཁོར་གྱི་གཙོ་བོ་རྗེ་བཙུན་འཇམ་པའི་རྡོ་རྗེ་དངོས་ཀྱིས་རྗེས་སུ་བཟུང་ཞིང་ཞལ་ལུང་གི་བདུད་རྩི་མཐའ་དག་སྩལ་བ་ལ་བརྟེན་ནས་བསྐྱེད་རིམ་འཇམ་པའི་རྡོ་རྗེ་གཙོ་བོར་གྱུར་པའི་ལྷ་བཅུ་དགུ་དང་། རྫོགས་རིམ་ཐིག་ལེ་བཞིའི་རྣལ་འབྱོར་དུ་བསྡུས་ནས་སྐལ་ལྡན་གྱི་སློབ་མ་མཐའ་ཡས་པ་སྨིན་གྲོལ་དུ་མཛད་པས། དཔལ་བདེ་བ་ཆེན་པོ་པདྨཱ་ཀ་ར་སོགས་མཐོང་བའི་ཆོས་ལ་ཡེ་ཤེས་མཆོག་བརྙེས་པ་བཞིས་མཚོན་གྲུབ་ཐོབ་རྒྱ་མཚོའི་འབྱུང་གནས་སུ་གྱུར་ཅིང་། དེ་ནས་རིམ་པར་མཁས་ཤིང་དངོས་གྲུབ་བརྙེས་པའི་བརྒྱུད་པ་བར་མ་ཆད་པར་བྱོན་པ་ལས། འདིར་འཇིག་རྟེན་དབང་ཕྱུག་སྙིང་རྗེ་ཆེན་པོའི་སྤྲུལ་པའི་སྐུ་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༤༦༽ མི་བསྐྱོད་པར། དེ་ནས་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ན་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ཀྱིས་བསྐྱེད་རིམ་མི་བསྐྱོད་རྡོ་རྗེ་གཙོ་བོར་གྱུར་པ་དང་། རྫོགས་རིམ་རིམ་པ་ལྔར་བསྡུས་ནས་ལེགས་པར་བཀྲལ་ཞིང་། འཕགས་བོད་དུ་མཁས་ཤིང་དངོས་གྲུབ་བརྙེས་པའི་བརྒྱུད་འཛིན་བསམ་གྱིས་མི་ཁྱབ་པ་དེང་སང་གི་བར་དུ་བྱོན་པ་ལས། ད་ལན་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༤༧༽ ཧཱུྃ་མཛད་ལྷ་བཅུ་དགུ་ལ། དེ་ནས་རྡོ་རྗེ་ཧཱུྃ་མཛད་ལྷ་བཅུ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་ཀྱང་དཔལ་གསང་བ་འདུས་པའི་རྒྱུད་ལས་བསྟན་ཅིང་། བགེགས་ཀྱི་སྦྱོར་བ་ཞི་བ་དང་། དངོས་གྲུབ་མྱུར་དུ་འབེབས་པ་ལ་ཁྱད་པར་དུ་གྱུར་པ་མི་བསྐྱོད་རིགས་ཀྱི་ཁྲོ་བོར་གཏོགས་པ་སྟེ། གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་སྨིན་བྱེད་ཀྱི་ཆོ་ག་བསྒྲུབ་པ་ལ། ༤༨༽ འཇམ་རྡོར་ཞེ་གསུམ་ལ། དེ་ནས་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལྷ་བཞི་བཅུ་རྩ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། །འདི་ནི་འཕགས་པ་འཇམ་དཔལ་གྱི་ཡེ་ཤེས་ཀྱི་སྐུས་མངོན་གསུམ་དུ་རྗེས་སུ་བཟུང་ཞིང་། ཆོས་ཐམས་ཅད་ལ་མ་རྨོངས་པའི་མཁྱེན་རབ་དང་སྐུ་ལུས་ཀྱི་བཀོད་པ་དུ་མར་སྟོན་པ་སོགས་གྲུབ་པའི་སྤྱོད་པ་ངོ་མཚར་བས་མཐའ་ཡས་པའི་གདུལ་བྱ་རྣམས་སྨིན་པར་མཛད་པ་སློབ་དཔོན་ཆེན་པོ་སྒེག་པའི་རྡོ་རྗེའམ། སྣ་ཚོགས་གཟུགས་ཅན་སོགས་མཚན་གྱི་ཁྱད་པར་དུ་མ་དང་ལྡན་པ་དེ་ཉིད་ཀྱིས་ཇི་ལྟར་བཀྲལ་བའི་བཀའ་སྲོལ་དང་རྗེས་སུ་མཐུན་པར། གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༤༩༽ དགྲ་ནག་ལྷ་བཅུ་གསུམ་ལ། དེ་ནས་བཅོམ་ལྡན་འདས་དཔལ་གཤིན་རྗེའི་གཤེད་དགྲ་ནག་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་ཕ་རྒྱུད་ལ་རིགས་དྲུག་ཏུ་དབྱེ་བའང་མདོར་བསྡུ་ན། ཟླ་གསང་ཐིག་ལེའི་རྒྱུད་ལས། འདོད་ཆགས་ཞེ་སྡང་གཏི་མུག་གིས། །རྒྱུད་ཀྱང་རྣམ་པ་གསུམ་དུ་འགྱུར། །ཞེས་གསུངས་པ་ལྟར། གདུལ་བྱ་འདོད་ཆགས་ཅན་རྗེས་སུ་བཟུང་བའི་ཆེད་དུ་གསུངས་པ་དཔལ་གསང་བ་འདུས་པ་དང་། ཞེ་སྡང་ཅན་རྗེས་སུ་བཟུང་བའི་ཆེད་དུ་གསུངས་པ་དཔལ་གཤིན་རྗེའི་གཤེད་ཀྱི་སྐོར་དང་། གཏི་མུག་ཅན་རྗེས་སུ་བཟུང་བའི་ཆེད་དུ་གསུངས་པ་དཔལ་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བའི་སྐོར་དང་གསུམ་ལས། འདིར་ཞེ་སྡང་ཐབས་རྒྱུད་གཤིན་རྗེ་གཤེད་ཀྱི་སྐོར་ཡིན། དེ་ལའང་གཙོ་བོར་དགྲ་གདོང་འཇིགས་གསུམ་ཞེས་ཡོངས་སུ་གྲགས་པ་ལས། འདིར་རྗེ་བཙུན་འཇམ་པའི་དབྱངས་ཉིད་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་ཆེད་དང་། འཇིག་རྟེན་པའི་གཤིན་རྗེ་དང་བདུད་ཚོགས་ཀྱི་དགྲ་བོར་སྐུ་མདོག་ཆར་སྤྲིན་ལྟར་གནག་པའི་ཁྲོ་བོའི་ཚུལ་དུ་བཞེངས་པ་བཅོམ་ལྡན་དགྲ་ནག་ལྷ་དགུ་དང་། ལྷ་བཅུ་གསུམ་སོགས་དཀྱིལ་འཁོར་གྱི་དབྱེ་བསྡུ་དང་། སྒྲུབ་པའི་ཐབས་ཚུལ་མང་དུ་མཆིས་ཤིང་། གངས་ཅན་འདིར་ཡང་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་དང་། ཞང་ལོ་ཤེས་རབ་བླ་མ་སོགས་ནས་བརྒྱུད་པ་དེང་སང་གི་བར་དུའང་བཀའ་མ་ནུབ་པར་བཞུགས་པ་ལས། འདིར་རྣལ་འབྱོར་གྱི་དབང་ཕྱུག་དཔལ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༥༠༽ གདོང་དྲུག་ལ། དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་གདོང་དྲུག་ལྷ་ཉེར་གཅིག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་སྲས་བཅས་རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་དཔལ་དཔའ་བོ་གདུལ་དཀའི་འགྲོ་བ་རྣམས་ཀྱི་ཆེད་དུ་ཤིན་ཏུ་ཁྲོས་པའི་སྐུར་བཞེངས་ཏེ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་གསུངས་ཤིང་། གྲུབ་པའི་སློབ་དཔོན་རྣམས་ཀྱིས་བཀྲལ་བའི་སྒྲུབ་ཐབས་དང་མན་ངག་གི་རིམ་པའང་ཇི་སྙེད་ཅིག་མཆིས་པ་ལས། འདིར་དཔལ་ཧེ་རུ་ཀས་བྱིན་གྱིས་བརླབས་ཤིང་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་གསུམ་དུ་མཛད་པ་རྗེ་བཙུན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༥༡༽ གཤེད་དམར་བཅུ་གསུམ་མ་ལ། དེ་ནས་བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེའི་གཤེད་དམར་པོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་གཤིན་རྗེའི་གཤེད་དམར་པོའི་རྒྱུད་ལེའུ་བཅུ་དགུ་པ་ལ་བརྟེན་ནས། འཇམ་དཔལ་ཁྲོ་བོའི་སྔགས་རིག་འཛིན་པ་ཐམས་ཅད་ཀྱི་ཁྱུ་མཆོག་གྲུབ་ཆེན་དཔལ་འཛིན་ཞབས་ཀྱིས་ལེགས་པར་བཀྲལ་བའི་རྗེས་སུ་འབྲངས་ཏེ་རྒྱལ་སྲས་ཆེན་པོ་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༥༢༽ འཇིགས་བྱེད་ལྷ་དགུ་ལ། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྟོག་པ་བདུན་པ་སོགས་ལ་བརྟེན་ནས། གྲུབ་པའི་འཁོར་ལོས་སྒྱུར་བ་ལ་ལི་ཏཱ་བཛྲ་སོགས་ཀྱིས་ལེགས་པར་བཀྲལ་ཞིང་། གངས་ཅན་གྱི་ལྗོངས་འདིར་རྭ་སྐྱོ་ཞང་གསུམ་དང་། །འགར་ལྡང་གཉོས་གསུམ་སོགས་ཀྱིས་རྒྱ་ཆེར་སྤེལ་བ་ལས། དེང་སང་གི་བར་དུ་སྨིན་གྲོལ་ཡན་ལག་དང་བཅས་པའི་མན་ངག་གི་རྒྱུན་བར་མ་ཆད་པ་བཞུགས་ཤིང་། ཁྱད་པར་འཇམ་དཔལ་ཁྲོ་བོ་དངོས་དང་རྣམ་དབྱེར་མ་མཆིས་པ་རཱ་ལོ་ཙཱ་བ་ཆེན་པོ་རྡོ་རྗེ་གྲགས་ཀྱི་བཀའ་སྲོལ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་དང་། ཐུན་མོང་དུ་ཞི་རྒྱས་དབང་དྲག་གྲུབ་པ་བརྒྱད་སོགས་ལས་རབ་འབྱམས་དང་། བྱེ་བྲག་དྲག་པོ་མངོན་སྤྱོད་ཀྱི་ཆོ་གས་མི་དང་མི་མ་ཡིན་པའི་འབྱུང་པོ་གདུག་པ་ཅན་རྣམས་ཚར་བཅད་ཅིང་སྤ་བཀང་བར་མཛད་པའི་སྔགས་རིག་འཛིན་པ་མཐའ་ཀླས་པ་ཞིག་བྱུང་བས་ན། ལྷག་པའི་ལྷ་གཞན་ལས་བྱིན་རླབས་ཆེས་རྨད་དུ་བྱུང་ཞིང་། མཚན་འཛིན་པ་ཙམ་ལའང་དངོས་གྲུབ་འབད་མེད་དུ་འབྱུང་བར་བཤད་པས་མཚོན་ཐུགས་རྗེ་དང་ཕྲིན་ལས་མཚུངས་པ་མ་མཆིས་པ་འདི་ཉིད་ཀྱི་སྒོ་ནས་སློབ་མ་རྗེས་སུ་བཟུང་བའི་རིམ་པ་གྲུབ་པའི་དཔའ་བོ་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༥༣༽ རྣམ་སྣང་སྲུང་བའི་འཇིགས་བྱེད་ལ། དེ་ནས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་གྲུབ་པའི་སློབ་དཔོན་ཆེན་པོ་བཻ་རོ་ཙ་ན་རཀྵི་ཏ་སྟེ་རྣམ་སྣང་སྲུང་བ་ཞེས་གྲགས་པ་དེ་ཉིད་ཀྱིས། ཆོ་གའི་ཡན་ལག་འགའ་ཞིག་ཤེས་རབ་ཀྱི་རྒྱུད་དང་མཐུན་པར་བཀྲལ་བའི་རྗེས་སུ་འབྲངས་ཏེ། སྔགས་རྒྱུད་རྒྱ་མཚོའི་ཤིང་རྟ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༥༤༽ འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ་ལྷ་དགུ་ལ། དེ་ལ་འདིར་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་གདོད་མའི་ཡེ་ཤེས་བཅོམ་ལྡན་འདས་འཇིགས་མཛད་ཆེན་པོས་སྤྲུལ་པའི་འཁོར་ཚོགས་དཔའ་བོ་དང་རྣལ་འབྱོར་མ་དང་། སངས་རྒྱས་དང་བྱང་སེམས་རྒྱ་མཚོའི་དབུས་སུ་རྩ་བའི་རྒྱུད་སྟོང་ཕྲག་བརྒྱ་པ་གསུངས་ཤིང་། སྟོན་པ་ཤཱཀྱའི་རྒྱལ་པོས་ཀྱང་གཤིན་རྗེའི་གཤེད་ཀྱི་སྐུར་བཞེངས་ནས་བདུད་བཏུལ་བའི་ཚེ་སླར་ཡང་རྩ་བའི་རྒྱུད་འདི་ཉིད་གསུངས་ཤིང་། དེ་ལྟ་བུའི་རྩ་བའི་རྒྱུད་དེ་ཡུམ་རྡོ་རྗེ་རོ་ལངས་མ་སོགས་ཀྱིས་བསྡུས་ཏེ་ཨོ་ཌཱི་ཡཱ་ནའི་ཆོས་ཀྱི་མཛོད་ཆེན་པོར་རྒྱས་བཏབ་སྟེ་བཞུགས་པ། སློབ་དཔོན་ཆེན་པོ་ལ་ལི་ཏཱ་བཛྲ་སྟེ་རོལ་པའི་རྡོ་རྗེ་ཞེས་གྲགས་པ་དེ་ཉིད་ཀྱིས་རྒྱལ་ཡུམ་རྡོ་རྗེ་རོ་ལངས་མ་ལས་དབང་བསྐུར་བ་གསན་ནས། དགྲ་གདོང་འཇིགས་གསུམ་གྱི་རྒྱུད་སྤྱན་དྲངས། །མངོན་སྤྱོད་ཀྱི་ལས་རབ་འབྱམས་ཀྱིས་སེམས་ཅན་གྱི་དོན་མཛད། མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བརྙེས། དེ་རྗེས་སློབ་དཔོན་སངས་རྒྱས་ཡེ་ཤེས་དང་། གྲུབ་ཆེན་དཔལ་འཛིན་སོགས་ཀྱིས་ཀྱང་དར་བར་མཛད། བོད་ཡུལ་དུའང་རྭ་སྐྱོ་ཞང་གསུམ་གྱིས་གཤེད་སྐོར་རྒྱ་མཚོ་ལྟ་བུ་བསྒྱུར་བཤད་བསྒོམ་བསྒྲུབ་ཀྱིས་གཏན་ལ་ཕབས་ཤིང་། བརྒྱུད་འཛིན་སློབ་ཚོགས་ཀྱང་དེང་སང་གི་བར་དུ་མཐུ་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཇི་སྙེད་ཅིག་བྱོན་པས་བྱིན་རླབས་ཀྱི་ཚན་ཁ་མཆོག་ཏུ་ཆེ་བའི་ལྷག་པའི་ལྷ་འདི་ཉིད་ལ་སྒྲུབ་པའི་ཐབས་ཚུལ་ཀྱང་། དཔའ་བོ་གཅིག་པ་དང་། ཞལ་ཕྱག་ཡོངས་རྫོགས་དང་། ལྷ་བརྒྱད། ལྷ་བཅུ་གསུམ། ལྷ་བཅུ་བདུན་སོགས་མང་དུ་མཆིས་པ་ལས། འདིར་འཇིགས་མཛད་དཔའ་གཅིག་གཤིན་རྗེ་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་སྒོ་ནས་སྨིན་བྱེད་ཀྱི་ཆོ་ག་གྲུབ་པའི་འཁོར་ལོས་སྒྱུར་བ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༥༥༽ ཕྱག་རྡོར་འཁོར་ཆེན་ལ། དེ་ནས་དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་བཅོམ་ལྡན་འདས་གསང་བའི་བདག་པོ་ལ་ཆེ་བ་དྲུག་གམ་དགུ་ཞེས་ཡོངས་སུ་གྲགས་པའི་ཡ་གྱལ་འཁོར་ལོ་ཆེན་པོ་དབང་གི་ཆེ་བ་ཞེས་གྲགས་པ་འདི་ཉིད་ལ། འཕགས་ཡུལ་དུ་གྲུབ་པའི་དབང་པོ་ས་པ་རི་བ་ཡབ་སྲས་ཀྱིས་ལེགས་པར་བཀྲལ་ཞིང་། གངས་ཅན་གྱི་ལྗོངས་འདིར་བླ་མ་དམར་ཆོས་ཀྱི་རྒྱལ་པོ་སོགས་ལ་བཀའ་བབས་པའི་རྒྱུན་དེང་སང་གི་བར་དུའང་མ་ནུབ་པར་མཆིས་པ་ལས། ད་ལན་གྲུབ་ཆེན་དེ་ཉིད་ཀྱི་བཞེད་སྲོལ་དང་མཐུན་པར་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྒྱལ་སྲས་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༥༦༽ ཀྱེ་རྡོར་ཕྱག་བཅུ་དྲུག་པར། དེ་ནས་བཅོམ་ལྡན་འདས་དཔལ་སྙིང་པོ་ཀྱཻ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་རྗེ་བཙུན་ས་སྐྱ་པ་ཡབ་སྲས་སོགས་ཀྱིས་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་དུ་བཞེད་ཅིང་། འགའ་ཞིག་གིས་ཟབ་པ་གཉིས་སུ་མེད་པའི་རྒྱུད་ཅེས་ཐ་སྙད་དུ་མཛད་ནའང་། སྤྱིར་བཏང་རྣལ་འབྱོར་མ་རྒྱུད་ཐམས་ཅད་ཀྱི་མཐར་ཐུག་པ་སྟེ། དེ་ཡང་ངེས་བརྗོད་བླ་མ་ལས། ཡང་ན་རྡོ་རྗེ་སེམས་དཔའ་སྟེ། རྣམ་སྣང་རྡོ་རྗེ་ཉི་མ་དང་། །པདྨ་གར་དབང་རྒྱལ་པོ་དང་། །དབང་ཕྱུག་རྟ་མཆོག་ཧེ་རུ་ཀ །ཞེས་མ་རྒྱུད་སྒོ་དྲུག་ཏུ་བཞེད་པ་ལས། འདི་ཧེ་རུ་ཀའི་རིགས་ཡིན་ཅིང་། དེ་ལའང་བདེ་མཆོག །ཀྱེ་རྡོར། སངས་རྒྱས་ཐོད་པ་མ་ཧཱ་མ་ཡ། ཨཱ་ར་ལི་སྟེ་ལྔ་ལས། བཅོམ་ལྡན་དགྱེས་པ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ནི། སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཧེ་རུ་ཀའི་སྐུར་བཞེངས་ནས་གསུངས་པ་རྣམས་བར་བར་དུ་ནུབ་ཀྱང་། འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཤྲཱི་ཧེ་རུ་ཀ་དགྱེས་པ་རྡོ་རྗེའི་སྐུར་བཞེངས་ནས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དང་། རྡོ་རྗེ་བདག་མེད་མ་ལ་སོགས་པའི་དཔའ་བོ་དང་རྣལ་འབྱོར་མའི་འཁོར་ཚོགས་རི་རབ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་གྱི་གྲངས་དང་མཉམ་པ་རྣམས་ལ་འབུམ་ཕྲག་ལྔའི་བདག་ཉིད་ཅན་གྱི་རྩ་བའི་རྒྱུད་ཆེན་པོ་གསུངས་ཤིང་། དེ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བགོ་སྐལ་དུ་གྱུར་ལ། དེ་ལས་བྱུང་བའི་བསྡུས་པའི་རྒྱུད་བརྟག་པ་གཉིས་པ་འདི་ལ་དཔལ་ཕྱག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་ཀྱང་དགོངས་འགྲེལ་གྱི་བསྟན་བཅོས་མཛད་པ་ནས་བཟུང་། འཕགས་པའི་ཡུལ་དུ་འགྲེལ་བྱེད་གྱི་སྲོལ་བཅུ་གཉིས་དང་། ལུགས་སྲོལ་ཡོངས་སུ་རྫོགས་པ་དྲུག་ཏུ་གྲགས་པ་ལས། གངས་ཅན་འདིར་ཡང་བཀའ་བབས་བཞི་གཙོ་བོར་གྱུར་པའི་ལུགས་སྲོལ་མང་དུ་བྱོན་ཅིང་། རྡོ་རྗེ་འཛིན་པ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་མར་འབྲོག་གཉིས་ཀྱི་བཀའ་དྲིན་ལས། ལམ་འདི་ལ་མཁས་ཤིང་དངོས་གྲུབ་བརྙེས་པ་ཇི་སྙེད་ཅིག་དེང་སང་གི་བར་དུ་བཞུགས་པ་དང་། རྒྱུད་སྡེ་གཞན་ལས་ཀྱང་བཤད་སྒྲུབ་ཀྱི་ཕྲིན་ལས་ཆེས་རྨད་དུ་བྱུང་བ་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པ་འདི་ལྟར་ལགས། དེ་ལས་ད་ལན་འདིར་ཤྲཱི་ཧེ་བཛྲ་དང་དབྱེར་མི་ཕྱེད་པ་གྲུབ་པའི་དབང་ཕྱུག་ཡོངས་ཀྱི་གཙུག་རྒྱན་མི་ཏྲ་ཛོ་ཀིའི་ཐུགས་དམ་ཀྱི་དཀྱིལ་འཁོར་བརྒྱ་དང་བརྒྱད་ཀྱི་ཡང་སྙིང་། རྩ་བ་མི་འགྱུར་བའི་དཀྱིལ་འཁོར་དགུ་ཡི་ནང་གསེས་ལས་ཇི་ལྟར་འབྱུང་བ་བཞིན་བསྒྲུབ་པ་ལ། ༥༧༽ ཀྱེ་རྡོར་ཕྱག་དྲུག་པ་ལ། དེ་ནས་དཔལ་ཀྱཻ་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་རྩ་བའི་རྒྱུད་བརྟག་པ་གཉིས་པ་ལས་དངོས་སུ་གསུངས་པའི་ཐུགས་གསུང་སྐུ་སྙིང་པོ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དང་བཞི་ལས། འདི་ནི་ཐུགས་ཀྱེ་རྡོ་རྗེ་སྟེ། སྒྲུབ་ཐབས་ཀྱི་རིམ་པའང་སློབ་དཔོན་ཆེན་པོ་ནག་པོ་དམ་ཚིག་རྡོ་རྗེ་དང་། པཎྜི་ཏ་ཨ་བྷཱ་ཡཱ་ཀ་ར་གུཔྟ་སོགས་ནས་བརྒྱུད་པ་ཟུར་བཀའ་དང་། སྤྱི་བཀའི་རྒྱུན་དེང་སང་གི་བར་དུའང་གནས་པ་ལས། འདིར་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༥༨༽ ཀྱེ་རྡོར་ཕྱག་བཞི་པ་ལ། དེ་ནས་ཀྱེ་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཡང་རྒྱུད་སྔ་མ་དེ་ཉིད་ལས་གསུངས་པའི་གསུང་ཀྱེ་རྡོ་རྗེ་སྟེ། སྒྲུབ་ཐབས་དང་དབང་བཀའི་རྒྱུན་གཞན་ཡང་མཆིས་མོད། འདིར་གྲུབ་ཆེན་སྦས་པའི་སངས་རྒྱས་སྤྱན་རས་གཟིགས་དངོས་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༥༩༽ ཀྱེ་རྡོར་ཕྱག་གཉིས་པ་ལ། དེ་ལ་འདིར་དཔལ་ཀྱེ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་རྒྱུད་ལས། ཧེ་ནི་སྙིང་རྗེ་ཆེན་པོ་སྟེ། །བཛྲའང་ཤེས་རབ་བརྗོད་པར་བྱ། ཞེས་གསུངས་པ་ལྟར། ཐབས་སྙིང་རྗེ་དང་བདེ་བ་ཆེན་པོ་དབྱེར་མི་ཕྱེད་པ་གང་ཞིག །ཤེས་རབ་སྟོང་པ་ཉིད་དང་ཟུང་དུ་འཇུག་པའི་ཡེ་ཤེས་ནི་ངེས་དོན་གྱི་ཧེ་བཛྲ་ཡིན་ལ། དེ་ཉིད་མཚོན་པར་བྱེད་པ་དྲང་དོན་བརྡ་ཡི་ཧེ་བཛྲ་ཉིད། རྣམ་པ་ལམ་དུ་བྱེད་པ་བསྐྱེད་རིམ་གྱི་སྒོ་ནས་བསྒྲུབ་པའི་ཚུལ་ལའང་། རྩ་རྒྱུད་བརྟག་པ་གཉིས་པ་ལས་ཧེ་རུ་ཀ་རིགས་བཞི་དང་། རྡོ་རྗེ་གུར་དང་སམྦུ་ཊ་ལས་ཀྱེ་རྡོར་རིགས་ལྔ་དང་། མཚོན་ཆ་ཅན་སོགས་ཀྱི་དཀྱིལ་འཁོར་མང་དུ་བཤད་པ་ལས། འདིར་རྩ་རྒྱུད་ཀྱི་དངོས་བསྟན་སྐུ་ཀྱཻ་རྡོ་རྗེ་སྟེ། སྒྲུབ་ཐབས་དང་དབང་བཀའི་རིམ་པ་གཞན་ཡང་མཆིས་མོད། ད་ལན་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཧེ་རུ་ཀ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༦༠༽ བདག་མེད་ལྷ་མོ་བཅོ་ལྔ་ལ། དེ་ལ་འདིར་བཅོམ་ལྡན་འདས་རྡོ་རྗེ་བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། སྤྱིར་དཔལ་ཀྱཻ་རྡོ་རྗེ་རྩ་བའི་རྒྱུད་ལས་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བསྒྲུབ་པའི་ལྷ་དང་། ཐུན་མོང་གི་ལས་རྒྱས་པའི་ལྷ་མང་དུ་གསུངས་པ་ལས། མཆོག་གི་དངོས་གྲུབ་བསྒྲུབ་པ་ལ་ཆེས་བསྔགས་པ་ནི། རྩ་རྒྱུད་ལས། བདག་མེད་རྣལ་འབྱོར་ལྡན་པའམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང་། །དངོས་གྲུབ་ཉེ་བར་མི་གནས་སོ། །ཞེས་གསུངས་པ་ལྟར། རྡོ་རྗེ་བདག་མེད་མའམ། དཔལ་ཀྱེ་རྡོ་རྗེ་ཞལ་ཕྱག་ཡོངས་རྫོགས་ཀྱི་རྣལ་འབྱོར་གང་ཡང་རུང་བ་ལ་བསྟེན་དགོས་པས་ན། གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་བིཪྺ་པའང་ལམ་འདི་ལ་བརྟེན་ནས་ས་དྲུག་གི་ཡེ་ཤེས་མངོན་དུ་གྱུར་པའི་ཚུལ་བསྟན་ཅིང་། གཞན་ཡང་རྡོ་རྗེ་བཙུན་མོའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ཞིང་། སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་བརྙེས་པའི་གྲུབ་ཆེན་མང་དུ་བྱོན་པས་ལམ་སྲོལ་ཀྱང་མི་འདྲ་བ་ཅི་རིགས་པར་བྱུང་བ་ལས། འདིར་འཕགས་མཆོག་འཇིག་རྟེན་མགོན་པོའི་སྤྲུལ་པའི་སྐུ་རྒྱལ་སྲས་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༦༡༽ སམྦུ་ཊའི་ཀྱེ་རྡོར་ལ། དེ་ནས་དཔལ་སམྦུ་ཊའི་རྒྱུད་ལས་གསུངས་པའི་ཀྱེ་རྡོ་རྗེ་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་སྟོང་པ་ཉིད་ཡང་དག་པར་སྦྱོར་བའི་ཟུང་འཇུག་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས་ཉིད་བསྒྲུབ་བྱར་བྱས་ཏེ་སྟོན་པའི་ཕྱིར། འབྲས་བུའི་མིང་ལམ་ལ་བཏགས་པ་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ནི། སྤྱིར་རྣལ་འབྱོར་མ་རྒྱུད་མཐའ་དག་གི་བཤད་པའི་རྒྱུད་དང་། ཁྱད་པར་དཔལ་དགེས་པ་རྡོ་རྗེའི་ཆ་མཐུན་གྱི་རྒྱུད་དུ་བཞག་པ་ཡིན་ལ། མཆོག་ཐུན་གྱི་དངོས་གྲུབ་བསྒྲུབ་པའི་ལྷག་པའི་ལྷ་ཡི་རྣལ་འབྱོར་ཀྱང་ཇི་སྙེད་ཅིག་གསུངས་པ་ལས་འདིར་སྙིང་པོ་ཀྱཻ་རྡོ་རྗེ་མཚོན་ཆ་ཅན་ཞེས་གྲགས་པའི་སྒོ་ནས་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་གྱི་རྗེས་སུ་འབྲངས་ཏེ་སློབ་མ་འཇུག་ཅིང་སྨིན་པའི་ཆོ་ག་བསྒྲུབ་པ་ལ། ༦༢༽ ཀྱེ་རྡོར་ཕྱག་དྲུག་པ་ལ། དེ་ནས་དཔལ་ཀྱེ་རྡོ་རྗེ་ཕྱག་དྲུག་པ་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་ཀུན་ཏུ་འཕོ་བའི་བག་ཆགས་རྒྱུ་དང་བཅས་པ་བཅོམ་པའི་བདེ་ཆེན་གྱི་ཡེ་ཤེས་དང་། ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟ་བ་མངོན་དུ་གྱུར་པའི་སྟོང་པ་ཉིད་ཟུང་དུ་འཇུག་པ་ངེས་དོན་གྱི་ཧེ་རུ་ཀ་དགྱེས་པ་རྡོ་རྗེ་ཉིད། གདུལ་བྱ་རྣམས་དྲང་བའི་སླད་དུ་གཟུགས་སྐུ་ཞལ་ཕྱག་གི་རྣམ་པར་བཞེངས་པ་ལའང་། སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་ཡེ་ཤེས་བཞི་མཚོན་པའི་སླད་དུ་རྡོ་རྗེ་བཞིའི་རྣམ་རོལ་ཏུ་བསྟན་པ་ལས། འདིར་དཔལ་སམྦུ་ཊའི་རྒྱུད་ཀྱི་དངོས་བསྟན་ཐུགས་ཀྱཻ་རྡོ་རྗེ་སྟེ། གྲུབ་པའི་དབང་ཕྱུག་ཆེན་པོ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་སྨིན་བྱེད་ཀྱི་ཆོ་ག་བསྒྲུབ་པ་ལ། ༦༣༽ ཀྱེ་རྡོར་ཞལ་གཅིག་ཕྱག་བཞི་པར། དེ་ནས་དཔལ་ཀྱེ་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པ་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་དབང་བ་ཡིན་ཏེ། འདི་ཡང་རྒྱུད་ཀྱི་རྒྱལ་པོ་སམྦུ་ཊ་ལས་གསུངས་ཤིང་། གསུང་རྡོ་རྗེ་རྣམ་པ་ཐམས་ཅད་པའི་ཡེ་ཤེས་མཚོན་པར་བྱེད་པས་ན་གསུང་ཀྱེ་རྡོ་རྗེ་སྟེ། གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་སློབ་མ་རྗེས་སུ་བཟུང་བའི་རིམ་པ་བསྒྲུབ་པ་ལ། ༦༤༽ ཀྱེ་རྡོར་ཞལ་གཅིག་ཕྱག་གཉིས་པར། དེ་ནས་དཔལ་ཀྱེ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འབྲས་རྒྱུད་ཀྱི་མཁའ་ཁྱབ་རྟག་པའི་ཡེ་ཤེས་ཀྱི་གཟུགས་བརྙན་མཚོན་པར་བྱེད་པས་ན་སྐུ་ཀྱཻ་རྡོ་རྗེ་སྟེ། འདིའི་སྒོ་ནས་སློབ་མ་སྨིན་བྱེད་ཀྱི་ཆོ་ག་དཔལ་ཧེ་རུ་ཀ་དངོས་རྗེ་བཙུན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༦༥ བདག་མེད་མ་ཉེར་གསུམ་ལ། དེ་ལ་འདིར་རྗེ་བཙུན་རྡོ་རྗེ་བདག་མེད་མ་ལྷ་ཉེར་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། འགྲོ་བ་བུད་མེད་འདུལ་གཟིགས་ནས། བདག་མེད་རྣལ་འབྱོར་མར་གྱུར་གང་། །ཕྱག་འཚལ་ཕ་རོལ་ཕྱིན་ཐུབ་པ། །སྒྱུ་མའི་ཕྱག་རྒྱར་ཕྱག་འཚལ་འདུད། །ཅེས་དོན་དམ་པར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད། རྣམ་པ་འདོད་ཆགས་ཆེན་པོའི་གཞན་དབང་དུ་གྱུར་པའི་འགྲོ་བ་བུད་མེད་ཀྱིས་འདུལ་བ་ལ་གཟིགས་ཏེ། བུད་མེད་སྒྱུ་མའི་ཚུལ་ཅན་བཅོམ་ལྡན་འདས་མ་རྡོ་རྗེ་བདག་མེད་མའི་སྐུར་བཞེངས་པས་བསྒྲུབ་སླ་ཞིང་བྱིན་རླབས་ཤིན་ཏུ་མྱུར་བ་ཡིན་ལ། འདིས་རྣལ་འབྱོར་མ་ཡི་རྒྱུད་སྡེ་རྣམས་ནས་སྒྲུབ་པའི་ཐབས་མི་འདྲ་བ་མང་དུ་འབྱུང་བ་ལས། ད་ལན་དཔལ་སམྦུ་ཊའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཇི་སྐད་གསུངས་པའི་རྗེས་སུ་འབྲངས་ཏེ་སྔགས་རྒྱུད་རྒྱ་མཚོའི་ཤིང་རྟ་གཅིག་པུ་གྲུབ་ཆེན་མི་ཏྲ་ཛོ་ཀིས་ལེགས་པར་བཀྲལ་བའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༦༦༽ རྡོ་རྗེ་གུར་ལས་གསུངས་པའི་རྡོ་རྗེ་མཁའ་འགྲོ་ལྷ་དགུ་ལ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། མཁའ་འགྲོ་བདེ་དང་རྒྱ་མཚོ་བདེ་དང་ནམ་མཁའ་དང་། །གསེར་གྱི་ཆར་པ་དང་ནི་དགའ་ཆེན་ཟ་ནུས་དང་། །བདེ་ཆེན་སྒེག་པ་དང་ནི་གསང་བ་ཡིད་བདེ་དང་། །རྒྱུད་སྡེ་རྣམས་ལ་ཕན་པ་རྡོ་རྗེ་མཁའ་འགྲོ་དང་། །སངས་རྒྱས་ཐམས་ཅད་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དང་། །འཁོར་ལོ་བདེ་མཆོག་གུར་དང་ཕུན་སུམ་ཚོགས་པ་རྣམས། །རྣལ་འབྱོར་མ་ཡི་རྒྱུད་ནི་དྲུག་ཏུ་གྲགས་པ་ཡིན། ཞེས་མ་རྒྱུད་ཀྱི་སྙིང་པོ་བཅུ་བཞིར་གྲགས་པའི་ཡ་གྱལ་རྡོ་རྗེ་གུར་གྱི་རྒྱུད་ནི་དཔལ་དགེས་པ་རྡོ་རྗེའི་བཤད་རྒྱུད་དུ་གཏོགས་པ་ཡིན་ལ། དེ་ལས་མཁའ་འགྲོ་ལྔའི་དཀྱིལ་འཁོར་ཉིད་གཙོ་བོར་བཤད་ཅིང་། དེ་ཡང་རིགས་བསྡུས་པ་དང་། རིགས་རྐྱང་སོ་སོར་ཕྱེ་བ་གཉིས་ལས། འདིར་རིགས་སོ་སོར་དབྱེ་བའི་ནང་ཚན། གཙོ་བོར་གདུལ་བྱ་ཞེ་སྡང་ཅན་རྗེས་སུ་བཟུང་བའི་ཆེད་དུ་གསུངས་པ་དཔལ་རྡོ་རྗེ་མཁའ་འགྲོ་སྟེ། འདིའི་སྒོ་ནས་སློབ་མ་འཇུག་ཅིང་སྨིན་པའི་ཆོ་ག་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༦༧༽ སངས་རྒྱས་མཁའ་འགྲོ་ལ། དེ་ནས་བཅོམ་ལྡན་འདས་སངས་རྒྱས་མཁའ་འགྲོ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་གཟོད་མ་ནས་སྤྲོས་པའི་མཚན་མས་མི་ཕྱེད་པ་རྡོ་རྗེ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཕན་ཚུན་ཁྱབ་པར་འབྲེལ་བ་སྙིང་རྗེ་ཆེན་པོ་ནི་གུར་གྱི་སྒྲས་སྨོས་པ་སྟེ། མདོར་ན་ཟུང་འཇུག་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས་གང་ཞིག་བརྗོད་བྱའི་གཙོ་བོར་གྱུར་པའི་རྒྱུད་སྡེ་ཆེན་པོ་དེ་ཉིད་ཀྱི་དངོས་བསྟན་མཁའ་འགྲོ་ལྔའི་དཀྱིལ་འཁོར་ལས། གཙོ་བོར་གདུལ་བྱ་གཏི་མུག་ཅན་རྗེས་སུ་བཟུང་བའི་ཆེད་དུ་གསུངས་པ་ནི་སངས་རྒྱས་མཁའ་འགྲོ་སྟེ། འདིའི་སྒོ་ནས་སློབ་མ་སྨིན་བྱེད་ཀྱི་ཆོ་ག་རྒྱལ་སྲས་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༦༨༽ རིན་ཆེན་མཁའ་འགྲོ་ལ། དེ་ནས་བཅོམ་ལྡན་འདས་རིན་ཆེན་མཁའ་འགྲོ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཡང་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། གཙོ་བོར་གདུལ་བྱ་ང་རྒྱལ་ཅན་རྗེས་སུ་བཟུང་བའི་ཆེད་དུ་གསུངས་པ་ལྟར། གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་བཞིན་བསྒྲུབ་པ་ལ། ༦༩༽ པདྨ་མཁའ་འགྲོ་ལ། དེ་ནས་བཅོམ་ལྡན་འདས་པདྨ་མཁའ་འགྲོ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་རྒྱུད་སྔ་མ་ཉིད་ལས་གཙོ་བོར་གདུལ་བྱ་འདོད་ཆགས་ཅན་རྗེས་སུ་བཟུང་བའི་སླད་དུ་གསུངས་པ་ལ་བརྟེན་ནས། དཔལ་ཧེ་རུ་ཀ་དངོས་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིས་ཇི་ལྟར་བཀྲལ་བའི་ཞལ་ལུང་དང་རྗེས་སུ་མཐུན་པར་བསྒྲུབ་པ་ལ། ༧༠ སྣ་ཚོགས་མཁའ་འགྲོ་ལ། དེ་ལ་འདིར་བཅོམ་ལྡན་འདས་སྣ་ཚོགས་མཁའ་འགྲོ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་རྣལ་འབྱོར་མ་རྒྱུད་མཐའ་དག་གི་སྙིང་པོར་གྱུར་པ་དཔལ་དགེས་པ་རྡོ་རྗེའི་ཐུན་མོང་མ་ཡིན་པའི་བཤད་རྒྱུད་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ཡི་དམ་ལྷའི་སྒྲུབ་ཐབས་མང་དུ་གསུངས་པ་ལས། གཙོ་བོར་མཆོག་གི་དངོས་གྲུབ་སྒྲུབ་པའི་དཀྱིལ་འཁོར་རྣམ་པ་ལྔ་ཡི་ཡ་གྱལ། གདུལ་བྱ་ཕྲག་དོག་ཅན་རྗེས་སུ་བཟུང་བའི་ཆེད་དུ་གསུངས་པ་ལ་བརྟེན་ནས། འཕགས་མཆོག་ཕྱག་ན་པདྨོའི་ཡེ་ཤེས་ཀྱི་རྣམ་རོལ་རྡོ་རྗེ་ཐེག་པའི་གཞུང་ལུགས་རབ་འབྱམས་ཀྱི་ཤིང་རྟ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༧༡༽ ཀུ་རུ་ཀུལླེ་ལྷ་བཅོ་ལྔ་ལ། དེ་ལ་འདིར་བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་ལྷ་བཅོ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། སྤྱིར་རྒྱུད་སྡེ་བཞི་ཀ་ནས་བཅོམ་ལྡན་འདས་མ་འདི་ཉིད་ཀྱི་ལྷ་སྔགས་སྒྲུབ་ཐབས་སོགས་མང་དུ་གསུངས་པ་ལས། འདིར་ནི་རྣལ་འབྱོར་མ་ཡི་རྒྱུད་ལ་སྒོ་དྲུག་ཏུ་དབྱེ་བའི་ནང་གསེས་པདྨ་གར་དབང་གི་རིགས་སུ་གཏོགས་པ་རྗེ་བཙུན་མ་ཀུ་རུ་ཀུལླེའི་རྟོག་པ་ལས་གཙོ་བོར་གསུངས་ཤིང་། དཔལ་ཀྱེ་རྡོ་རྗེའི་རྩ་བའི་རྒྱུད་བརྟག་པ་གཉིས་པར་ཡང་། ཧྲཱིཿལས་བྱུང་བའི་ལྷ་མོ་ནི། ཁ་དོག་དམར་ཞིང་ཕྱག་བཞི་པ། །མདའ་དང་གཞུ་ཡི་ལག་པ་མ། །ཨུཏྤལ་དང་ནི་ལྕགས་ཀྱུ་འཛིན། །འདི་ནི་བསྒོམ་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་པོ་དབང་དུ་བྱེད། །ཅེས་མཆོག་དང་ཐུན་མོང་གི་དངོས་གྲུབ་མཐའ་དག་དང་། ཁྱད་པར་རབ་འབྱམས་དབང་གི་ལས་ཐབས་རྣམས་བསྒྲུབ་པ་ལ་ཆེས་ཆེར་བསྔགས་ཤིང་། སྐུའི་སྣང་བརྙན་དྲན་པ་དང་། རིག་པའི་གསང་སྔགས་བཟླས་པ་ཙམ་གྱིས་ཀྱང་བརྟན་གཡོའི་ཕུན་ཚོགས་ཐམས་ཅད་ངང་གིས་འདུ་བས་ན་ལྷག་པའི་ལྷ་གཞན་ལས་ཀྱང་བྱིན་རླབས་དང་ཕྲིན་ལས་རྨད་དུ་བྱུང་བའི་ཕྱིར། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་དང་། རྒྱལ་པོ་ལྷན་སྐྱེས་རོལ་པ་དང་། དཔལ་ཌོམྦི་ཧེ་རུ་ཀ་སོགས་མཁས་ཤིང་དངོས་གྲུབ་བརྙེས་པ་རྣམས་ཀྱིས་བཀྲལ་བའི་སྨིན་གྲོལ་ཡན་ལག་དང་བཅས་པའི་བཀའ་སྲོལ་ཇི་སྙེད་ཅིག་དེང་སང་གི་བར་དུ་མཆིས་པ་ལས། འདིར་རྗེ་བཙུན་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་ཐུགས་དམ་ལྟར་བསྒྲུབ་པ་ལ། ༧༢༽ བདེ་མཆོག་ལུ་ཧི་པ་ལ། དེ་ནས་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་སྤྱིར་མ་རྒྱུད་ལ་སྒོ་དྲུག་ཏུ་དབྱེ་བའི་ཡ་གྱལ་ཧེ་རུ་ཀའི་རིགས་སུ་གཏོགས་ཤིང་། བྱེ་བྲག་ཏུ་དཔལ་འཁོར་ལོ་སྡོམ་པ་རྩ་བའི་རྒྱུད་ལས། ཇི་སྲིད་མདོ་བྱ་སྤྱོད་པ་དང་། །རྣལ་འབྱོར་གསང་མཐའི་དབྱེ་བ་ཡིས། །སེམས་ཅན་མོས་པ་སྣ་ཚོགས་པ། །དེ་དང་དེ་ལ་དགའ་བ་ཡིན། །ཅེས་རྒྱུད་སྡེ་དྲུག་ཏུ་རྣམ་པར་འཇོག་པ་ལས། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་རྣལ་འབྱོར་གོང་ན་མེད་པ་མཐའ་དག་གི་མཐར་ཐུག་པ་སྟོན་པའི་ཕྱིར་རྣལ་འབྱོར་གསང་མཐའི་རྒྱུད་ཅེས་ཀྱང་བྱ་ཞིང་། རྩ་བའི་རྒྱུད་མངོན་བརྗོད་འབུམ་པ་དང་། དེ་ལས་སྙིང་པོར་བསྡུས་པའི་རྒྱུད་ཆུང་ངུ་ལེའུ་ལྔ་བཅུ་རྩ་གཅིག་པ་དང་། བཤད་པའི་རྒྱུད་རྣམ་པ་ལྔ་སོགས་རྒྱུད་སྡེའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལ་བརྟེན་ནས། རྒྱ་གར་འཕགས་པའི་ཡུལ་དུ་གྲུབ་པའི་འཁོར་ལོས་སྒྱུར་བ་ལཱུ་ཧི་པ་དང་། རྡོ་རྗེ་དྲིལ་བུ་པ་དང་། ནག་པོ་སྤྱོད་པའི་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་བཀྲལ་བའི་ལམ་སྲོལ་མཐའ་ཡས་པ་དང་། ལམ་འདི་ལ་མཁས་ཤིང་དངོས་གྲུབ་བརྙེས་པ་གྲངས་ལས་འདས་པ་ཞིག་བྱོན་པས་ན་བྱིན་རླབས་ཅན་བདེ་མཆོག་འཁོར་ལོ་ཞེས་ཡོངས་སུ་གྲགས་ཤིང་། གངས་ཅན་གྱི་ལྗོངས་འདིར་ཡང་ལོ་ཆེན་རིན་ཆེན་བཟང་པོ། མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། མར་པ་དོ་པ་ཆོས་ཀྱི་དབང་ཕྱུག་སོགས་ལས་བརྒྱུད་པའི་བཀའ་སྲོལ་མང་དུ་མཆིས་པ་ལས། འདིར་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཧི་པའི་རྗེས་སུ་འབྲངས་ཏེ་དཔལ་ཧེ་རུ་ཀ་རྗེ་བཙུན་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༧༣༽ ཨ་བྷི་དྷ་ནའི་བདེ་མཆོག་ལ། དེ་ནས་ཨ་བྷི་དྷ་ནའི་རྒྱུད་ལས་གསུངས་པའི་དཔལ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་ཨ་བྷི་དྷ་ན་སྟེ་མངོན་པར་བརྗོད་པ་ཞེས་གྲགས་པའི་རྒྱུད་འདི་ནི་དཔལ་འཁོར་ལོ་སྡོམ་པའི་བཤད་རྒྱུད་མཐར་ཐུག་པ་ཡིན་ལ། དེ་ལས་མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པ་ལ་བསྔགས་པའི་ཡི་དམ་གྱི་ལྷ་ཇི་སྙེད་ཅིག་གསུངས་པ་ལས། འདིར་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྒྲུབ་པ་ལ་གཙོ་བོར་གསུངས་པའི་དཔལ་འཁོར་ལོ་བདེ་མཆོག་རྩ་བའི་དཀྱིལ་འཁོར་དུ། གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་སློབ་མ་སྨིན་བྱེད་ཀྱི་ཆོ་ག་བསྒྲུབ་པ་ལ། ༧༤༽ བདེ་མཆོག་སྔོན་པོ་ལ། དེ་ནས་དཔལ་འཁོར་ལོ་སྡོམ་པ་སྔོན་པོ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། ཇི་སྐད་དུ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་ཆོས་ཐམས་ཅད་ཀྱི་གནས་ལུགས་གཟུང་འཛིན་གཉིས་མེད་ཡེ་ཤེས་རྣམ་ཐར་སྒོ་གསུམ་གྱི་མཚན་ཉིད་ཅན་ངེས་དོན་གྱི་དཔལ་ཧེ་རུ་ཀ་ཉིད་མཚོན་པར་བྱེད་པ། དྲང་དོན་བརྡའི་ཧེ་རུ་ཀ་ལ་ཞལ་ཕྱག་དང་སྐུ་མདོག་སོགས་རྣམ་འགྱུར་མཐའ་ཡས་པར་སྟོན་པ་ལས། འདིར་ཆོས་ཉིད་འགྱུར་བ་མེད་པ་མཚོན་པའི་ཕྱིར་སྐུ་མདོག་སྔོ་བསང་ནམ་མཁའ་དྭང་བའི་མདོག་ལྟར་སྟོན་པ་སྟེ། འདིའི་སྒོ་ནས་སློབ་མ་འཇུག་ཅིང་སྨིན་པའི་ཆོ་ག་གྲུབ་ཆེན་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༧༥༽ བདེ་མཆོག་དཀར་པོ་ལྷ་ཉེར་ལྔ་ལ། དེ་ལ་འདིར་དཔལ་འཁོར་ལོ་བདེ་མཆོག་དཀར་པོ་ལྷ་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། ཇི་སྐད་དུ། ལྷན་སྐྱེས་ཐབས་ཀྱི་མཚན་ཉིད་ནི། །དཔལ་ལྡན་བདེ་མཆོག་ལས་གཞན་མེད། །ཅེས་གསུངས་པ་ལྟར། གསང་སྔགས་བླ་མེད་ཀྱི་བསྒྲུབ་བྱ་མཐར་ཐུག་པ་ནི་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁོ་ན་ཡིན་ལ། དེ་སྒྲུབ་བྱེད་ཀྱི་ཐབས་མཐའ་ཡས་པ་ལས་ཀྱང་སྙིང་པོར་གྱུར་པ་ནི་རྒྱུད་སྡེ་འདི་ཉིད་ལས་གཞན་དུ་མ་གསུངས་པའི་ ཆེས་ཟབ་པ་དང་། ཡུལ་ཉི་ཤུ་རྩ་བཞིར་སྤྲུལ་པའི་སྐུ་དཔའ་བོ་དང་རྣལ་འབྱོར་མའི་འཁོར་ལོ་དངོས་སུ་བཞུགས་ཤིང་། ཕོ་ཉ་གསུམ་བསྲེ་བའི་གནད་ཀྱིས་བསྒོམ་པས་སྒྲུབ་པ་པོའི་རྒྱུད་མྱུར་དུ་བྱིན་གྱིས་བརླབ་པར་འགྱུར་བས་ན། ལྷག་པའི་ལྷ་གཞན་ལས་ཀྱང་སྒྲུབ་ཐག་ཉེ་ཞིང་དངོས་གྲུབ་མྱུར་བའི་ཕྱིར་བྱིན་རླབས་ཅན་གྱི་བདེ་མཆོག་ཞེས་གྲགས་པ་ཙམ་དུ་མ་ཟད། འཕགས་བོད་དུ་བྱོན་པའི་གྲུབ་བརྙེས་ཕལ་མོ་ཆེ་ཐམས་ཅད་ཀྱང་ལམ་འདི་ལ་བརྟེན་ནས་བྱུང་བས་ན་མཚན་ཐོས་པའི་བསྐལ་པ་བཟང་པོའི་མཆོག་གཅིག་ཏུ་བསྔགས་ཏེ། བསྐལ་པ་གྲངས་མེད་བྱེ་བ་རུ། །མཚན་ཐོས་ཙམ་ཡང་རྙེད་དཀའ་བའི། །དཔལ་ལྡན་བདེ་མཆོག་ལས་གཞན་པའི། །མཆོག་ནི་སྲིད་པ་གསུམ་ན་མེད། །ཅེས་གསུངས་སོ། །དེ་ལས་བསྒྲུབ་བྱའི་ལྷ་སྔགས་ཀྱི་རྣམ་གྲངས་དང་། སྒྲུབ་བྱེད་ཐབས་ཀྱི་རིམ་པ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས་ཀྱང་། བདེ་བ་ཆེན་པོའི་ཡེ་ཤེས་ཁྱད་པར་ཅན་མཚོན་པར་བྱེད་པ་དཔལ་འཁོར་ལོ་སྡོམ་པ་དཀར་པོའི་སྒོ་ནས་སློབ་མ་སྨིན་བྱེད་ཀྱི་ཆོ་ག །ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་སུམ་དུ་མཛད་པ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༧༦༽ བདེ་མཆོག་ཡུམ་བཀའ་དམར་མོ་ལྷ་སོ་བདུན་མ་ལ། དེ་ནས་བདེ་མཆོག་ཡུམ་བཀའ་དམར་མོ་ལྷ་སོ་བདུན་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་འཁོར་ལོ་སྡོམ་པ་རྩ་བཤད་ཀྱི་རྒྱུད་རྣམས་ལས་གསལ་བར་བསྟན་ཅིང་། གྲུབ་པའི་སློབ་དཔོན་ཨ་བྷཱ་ཡ་ཀ་ར་སོགས་ཀྱིས་བཀྲལ་བའི་བཀའ་སྲོལ་མང་དུ་ཡོད་པ་ལས་འདིར་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཀྱི་རྣམ་རོལ་གྲུབ་པའི་དཔའ་བོ་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༧༧༽ བདེ་མཆོག་ལྷ་བཅུ་གསུམ་མ་ལ། དེ་ནས་དཔལ་འཁོར་ལོ་བདེ་མཆོག་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ལ་བདེ་མཆོག་རྩ་བཤད་ཀྱི་རྒྱུད་དང་། །དཔལ་སྡོམ་པ་འབྱུང་བ་སོགས་ལས་གསུངས་པའི་འཁོར་ལོ་སྡོམ་པ་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་དང་། བཟླས་པའི་ཁྱད་པར་སོགས་མང་དུ་བཤད་པ་ལ་བརྟེན་ནས་གྲུབ་པའི་དབང་པོ་ལྭ་བ་པ་དང་། མཻ་ཏྲི་པ་དང་། རཏྣ་རཀྵི་ཏ་སོགས་ཀྱིས་བཀྲལ་བའི་བཀའ་སྲོལ་ཇི་སྙེད་ཅིག་མཆིས་པ་ལས། འདིར་རྗེ་བཙུན་མཻ་ཏྲི་པའི་རྗེས་སུ་འབྲངས་ཏེ། རྒྱལ་སྲས་མི་ཏྲ་ཛོ་ཀིའི་བཞེད་སྲོལ་ལྟར་བསྒྲུབ་པ་ལ། ༧༨༽ བདེ་མཆོག་ལྷ་ལྔ་ལ། ༧༩༽ ཏཻ་ལོ་ལུགས་ཀྱི་བདེ་མཆོག་ལྷ་དགུ་ལ། དེ་ནས་དཔལ་འཁོར་ལོ་སྡོམ་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་ངེས་དོན་དུ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་ཀྱང་། གདུལ་བྱ་རྣམས་དྲང་བའི་སླད་དུ་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དངོས་ལས་ཆོས་གསན་ཞིང་། བཀའ་བཞི་བརྒྱུད་པའི་གདམ་པ་མཐའ་དག་གི་མཛོད་གཅིག་པུ་གྲུབ་བརྙེས་བྱེ་བའི་ཁྱུ་མཆོག་དཔལ་ཏེ་ལོ་པས་ཇི་ལྟར་བཀྲལ་བའི་གཞུང་དང་མཐུན་པར། རྒྱལ་བའི་མྱུ་གུ་མི་ཏྲ་ཛོ་ཀིའི་བཞེད་སྲོལ་ལྟར་བསྒྲུབ་པ་ལ། ༨༠༽ བདེ་མཆོག་ལྷ་བདུན་མ་ལ། དེ་ལ་འདིར་དཔལ་འཁོར་ལོ་བདེ་མཆོག་ལྷ་བདུན་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་རྒྱལ་བས་གསུངས་པའི་ཆོས་ཚུལ་མཐའ་དག་གི་སྙིང་པོར་གྱུར་པ་རྡོ་རྗེ་ཐེག་པ་བླ་མེད་ཀྱི་རྒྱུད་སྡེའི་མཐར་ཐུག་པ་ནི་རྣལ་འབྱོར་མའི་རྒྱུད་དང་། མ་རྒྱུད་དུང་ཕྱུར་ཕྲག་གཅིག་དང་། བྱེ་བ་ཕྲག་བརྒྱར་གསུངས་པ་རྣམས་ཀྱི་ནང་ནས་ཀྱང་ཆེས་ཆེར་ཟབ་པ་ནི་དཔལ་བདེ་མཆོག་འཁོར་ལོ་འདི་ཉིད་ཡིན་པའི་ཕྱིར། མཁས་ཤིང་དངོས་གྲུབ་བརྙེས་པའི་སློབ་དཔོན་རྣམས་ཀྱིས་ཀྱང་རྒྱུད་འགྲེལ་དང་། སྒྲུབ་ཐབས་དང་། མན་ངག་གི་བཀའ་སྲོལ་ཇི་སྙེད་ཅིག་མཛད་ཅིང་། དེ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་དང་། ཐུན་མོང་གི་དངོས་གྲུབ་གྲུབ་པ་ཆེན་པོ་བརྒྱད་དང་། ལས་ཆེན་བཅུ་གཉིས་སོགས་ཐོགས་མེད་དུ་འགྲུབ་པའི་གྲུབ་བརྙེས་མཐའ་ཡས་པ་ཞིག་བྱོན་པ་ལས། འདིར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཞབས་ཀྱི་ཆུ་སྐྱེས་ལ་མངོན་སུམ་དུ་རེག་ཅིང་དངོས་གྲུབ་མཆོག་གི་གོ་འཕང་ལ་དབུགས་དབྱུང་བ་ཐོབ་པའི་སློབ་དཔོན་ཆེན་པོ་གཉིས་མེད་རྡོ་རྗེའི་རྗེས་སུ་འབྲངས་ཏེ། དཔལ་ཧེ་རུ་ཀ་དངོས་རྗེ་བཙུན་མི་ཏྲ་ཛོ་ཀིའི་ཐུགས་དམ་ལྟར་བསྒྲུབ་པ་ལ། ༨༡༽ ཏཻ་ལོ་པའི་ལུགས་ཀྱི་ཕག་མོ་ལ། །དེ་ནས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ལ་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་ཡང་སྙིང་དཔལ་འཁོར་ལོ་སྡོམ་པ་རྩ་བཤད་ཀྱི་རྒྱུད་རྣམས་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ལྷག་པའི་ལྷའི་རྣལ་འབྱོར་མཐའ་ཡས་པ་ཞིག་གསུངས་པ་ལས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བསྒྲུབ་པའི་ཉེ་ལམ་མཆོག་ཏུ་གྱུར་པ་ནི་བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་ཉིད་ཡིན་ཏེ། ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས། དེ་ནས་རྣལ་འབྱོར་བཤད་བྱ་བ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པའོ། །ཕྱི་མ་ལས་ཀྱང་ཕྱི་མ་སྟེ། །མཁའ་འགྲོ་མ་ཡི་དྲྭ་བ་སྡོམ། །ཕག་མོ་ཡི་ནི་གཙོ་མོ་ཉིད། །རྣལ་འབྱོར་རྣམས་ཀྱིས་གྲུབ་སྟེར་བའོ། །རྣལ་འབྱོར་མ་ལུས་རྣམས་ཀྱིས་ཀྱང་། །སྙིང་པོའི་རྣལ་འབྱོར་བཏུས་པའོ། །ཞེས་རྒྱ་ཆེར་བསྔགས་པ་ལྟར། མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེའི་སློབ་དཔོན་རྣམས་ཀྱིས་བཀྲལ་བའི་སྒྲུབ་ཐབས་མན་ངག་དང་བཅས་པ་ཇི་སྙེད་ཅིག་དེང་སང་གི་བར་དུ་མཆིས་པ་ལས། འདིར་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཏཻ་ལོ་པའི་རྗེས་སུ་འབྲངས་ཏེ། འཕགས་མཆོག་ཕྱག་ན་པདྨོའི་རྣམ་འཕྲུལ་རྒྱལ་སྲས་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༨༢༽ ཞལ་གཉིས་མར། དེ་ནས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ཞལ་གཉིས་མ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། ཇི་སྐད་དུ། མཁའ་འགྲོ་མ་ནི་བྱེ་བ་ཕྲག །ཕག་མོ་ཡི་ནི་རིགས་ལས་བྱུང་། །ཞེས་གསུངས་པ་ལྟར། ཞིང་སྐྱེས། སྔགས་སྐྱེས། ལྷན་ཅིག་སྐྱེས་པའི་མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པ་ནི་ཡུལ་ཉི་ཤུ་རྩ་བཞིའི་མཁའ་འགྲོ་མར་འདུ་ཞིང་། དེ་ཡང་སྙིང་པོའི་རྣལ་འབྱོར་མ་བཞི། སྒོ་མཚམས་མ་བརྒྱད། རྡོ་རྗེ་ཕག་མོ་དང་བཅས་ལྷ་བཅུ་གསུམ་དང་། དེ་ཡང་སྙིང་པོའི་རྣལ་འབྱོར་མ་བཞི་དང་། དེ་ཉིད་ཀྱང་རྡོ་རྗེ་ཕག་མོ་ཁོ་ནར་འདུ་བས་ན་ཤིན་ཏུ་སྒྲུབ་ཐག་ཉེ་ཤིང་། བྱིན་རླབས་མྱུར་བའི་ཕྱིར་སྒྲུབ་ཐབས་དང་མན་ངག་གི་བཀའ་སྲོལ་ཀྱང་མཐའ་ཀླས་པ་ལས། འདིར་བསྟན་པ་འདི་ལ་རྡོ་རྗེ་ཐེག་པའི་ཉེ་ལམ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་བརྙེས་པ་ཐམས་ཅད་ཀྱི་སྤྱི་མེས་རྒྱལ་ཆེན་ཨིནྡྲ་བྷཱུ་ཏི་སོགས་ཀྱིས་རིམ་པར་བཀྲལ་བ་དང་རྗེས་སུ་མཐུན་པར། གྲུབ་བརྙེས་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༨༣༽ དོན་གྲུབ་མར། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་དོན་གྲུབ་མ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། ཇི་སྐད་དུ། ཝཱ་ཀའི་སྒྲ་ནི་ངག་ལས་འདས། །ར་ནི་དྲི་མ་རྣམ་པར་སྤངས། །ཧི་ནི་རྒྱུ་ནི་རྣམ་འཇིགས་པ། ཕག་མོའི་སྒྲར་ནི་རབ་ཏུ་གྲགས། །ཞེས་ཝཱ་ར་ཧིའི་སྒྲ་ལས་དྲངས་ན། །ཝཱ་ནི་ངག་གི་བརྗོད་པ་ལས་འདས་པའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད། ར་ནི་དྲི་མ་དང་བྲལ་བ་སྟེ་གཟུང་འཛིན་གྱི་མཚན་མ་མེད་པ། །ཧི་ནི་རྒྱུ་དང་བྲལ་བ་སྟེ་གཞི་འབྲས་དབྱེར་མེད་པའི་དེ་ཁོ་ན་ཉིད་སྨོན་པ་མེད་པ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་དབྱེར་མི་ཕྱེད་པའི་ཡེ་ཤེས་ནི་དོན་དམ་པའི་རྡོ་རྗེ་ཕག་མོ་ཡིན་ལ། དེ་ཉིད་མཚོན་པར་བྱེད་པ་ཀུན་རྫོབ་བརྡ་ཡི་རྡོ་རྗེ་ཕག་མོ་ལའང་། མཚན་དང་སྐུ་ཡི་རྣམ་འགྱུར་འདོད་དགུར་འཆར་བ་ལས་ལྷ་སྔགས་སྒྲུབ་ཐབས་ཀྱི་རྣམ་གྲངས་ཀྱང་དེ་སྙེད་ཅིག་འབྱུང་བའི་ཕྱིར། འདིར་ཕག་མོ་དམར་མོ་དོན་ཐམས་ཅད་ཡོངས་སུ་གྲུབ་པའི་སྒོ་ནས་སློབ་མ་རྣམས་འཇུག་ཅིང་སྨིན་པའི་ཆོ་ག་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༨༤༽ དབུ་བཅད་མར། དེ་ནས་རྡོ་རྗེ་ཕག་མོ་དབུ་བཅད་མ་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ལ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀུན་ཏུ་འགྲོ་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་དོན་དམ་ཆོས་སྐུའི་ཕག་མོ་ཉིད་རྣམ་པ་ལམ་བྱེད་ཀྱི་ཚུལ་གྱིས་བསྒྲུབ་པ་ལ། གཟུང་འཛིན་གྱི་སྣང་བ་དབྱིངས་སུ་ཐིམ་པའི་བརྡར་དབུ་བཅད་མའི་ཚུལ་དུ་བཞེངས་པ་སྟེ། འདི་ལ་དཔལ་བིཪྺ་པ་དང་། སློབ་དཔོན་ཆེན་པོ་སྟོང་ཉིད་ཏིང་འཛིན་ཡབ་སྲས་སོགས་ཀྱིས་བཀྲལ་བའི་སྒྲུབ་ཐབས་མན་ངག་དང་བཅས་པ་ཇི་སྙེད་ཅིག་མཆིས་པ་ལས། འདིར་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༨༥༽ ནཱ་རོ་མཁའ་སྤྱོད་ལ། དེ་ནས་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་སྤྱིར་དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་ཆོ་ག་དང་། ལས་ཚོགས་དང་། དངོས་གྲུབ་ཐམས་ཅད་གཙོ་བོར་རྡོ་རྗེ་རྣལ་འབྱོར་མའི་ཡེ་ཤེས་ལས་བྱུང་བའི་རིགས་སྔགས་ཀྱིས་སྒྲུབ་པ་ཁོ་ན་ཡིན་པས་ཧེ་རུ་ཀའི་རྣལ་འབྱོར་ལ་གནས་ཀྱང་། རྣལ་འབྱོར་མ་མཆོད་ཅིང་བསྟེན་དགོས་པ་དང་། དོན་དམ་པའི་འཁོར་ལོ་སྡོམ་པ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱང་རྣལ་འབྱོར་མའི་ཐབས་ལ་བརྟེན་ནས་བསྐྱེད་དགོས་པས་ན། ཇི་སྐད་དུ། འཁོར་ལོ་སྡོམ་པའི་འདྲེན་པ་མོ། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ཞེས་གསུངས། དེའི་ཕྱིར་སྒྲུབ་ཐབས་དང་མན་ངག་གི་རིམ་པའང་བསམ་གྱིས་མི་ཁྱབ་པར་བཞུགས་པ་ལས། གཙོ་བོར་གྱུར་པ་རྒྱལ་ཆེན་ཨིནྡྲ་བྷཱུ་ཏིས་བཀྲལ་བའི་ཕག་མོ་ཞལ་གཉིས་མ། གྲུབ་ཆེན་མཻ་ཏྲི་པས་བཀྲལ་བའི་རིག་པ་འཛིན་མ་རྩེན་མ། པཎ་གྲུབ་ནཱ་རོ་ཏཱ་པས་བཀྲལ་བའི་ནཱ་རོ་མཁའ་སྤྱོད་མ་སྟེ་གསུམ་ལ་མཁའ་སྤྱོད་སྐོར་གསུམ་དང་། བླ་མ་དཔྱལ་པ་རྣམས་ནས་བརྒྱུད་པའི་ཞལ་གཉིས་མ། དོན་གྲུབ་མ། དབུ་བཅད་མ་གསུམ་ལ་ཕག་མོ་སྐོར་གསུམ་ཞེས་གངས་ཅན་གྱི་ལྗོངས་འདིར་ཡོངས་སུ་གྲགས་པ་ལས། འདིར་དཔལ་ནཱ་ལེནྡྲའི་མཁས་པ་ཆེན་པོ་སྒོ་དྲུག་གི་ཡ་གྱལ། གྲུབ་པ་མཆོག་གི་ས་ལ་བཞུགས་པ་སློབ་དཔོན་ཆེན་པོ་ནཱ་རོ་པ་ཞེས་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་དེ་ཉིད་ཀྱིས་ལེགས་པར་བཀྲལ་བ་ལ། དཔལ་ཧེ་རུ་ཀ་མཻ་ཏྲ་ཛོ་ཀིའི་མན་ངག་གིས་རྣམ་པར་ཕྱེ་བའི་རྗེས་སུ་འབྲངས་ཏེ་བསྒྲུབ་པ་ལ། ༨༦༽ མཻ་ཏྲི་མཁའ་སྤྱོད་ལ། དེ་ནས་མཻ་ཏྲི་མཁའ་སྤྱོད་མ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་དཔལ་འཁོར་ལོ་སྡོམ་པའི་རྒྱུད་འབུམ་ཕྲག་གསུམ་པ་ལས་བྱུང་བའི་སྒྱུ་འཕྲུལ་ཆེན་མོ་རལ་པ་གྱེན་བརྫེས་ཀྱི་རྒྱུད་སྒྱུ་མ་ཆེན་མོར་གྲགས་པ་རིག་པ་འཛིན་མ་རྩེན་མའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ལ་བརྟེན་ནས་གྲུབ་ཆེན་མཻ་ཏྲི་པའི་ཞལ་སྔ་ནས་ལེགས་པར་བཀྲལ་བའི་རྗེས་སུ་འབྲངས་ཏེ། རྣལ་འབྱོར་གྱི་དབང་ཕྱུག་དཔལ་མི་ཏྲ་ཛོ་ཀིའི་མན་ངག་གིས་རྣམ་པར་ཕྱེ་བ་བཞིན་བསྒྲུབ་པ་ལ། ༨༧༽ ཕག་མོ་ཞལ་བཞི་ལྷ་སོ་བདུན་མར། དེ་ནས་ཕག་མོ་ཞལ་བཞི་མ་ལྷ་སོ་བདུན་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་ཆོས་སྐུ་རྒྱལ་ཡུམ་རྡོ་རྗེ་ཕག་མོ་ནི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཏེ། དེ་ཉིད་གདུལ་བྱ་ས་བཅུ་རྒྱུན་མཐའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་ངོར་དཔལ་ཧེ་རུ་ཀ་ཆེན་པོའི་རྡོ་རྗེ་བཙུན་མོའི་ཚུལ་དུ་སྣང་ཞིང་། དེ་ལས་སྤྲུལ་པའི་རྣམ་རོལ་ཡུལ་ཉི་ཤུ་རྩ་བཞིར་མཚན་སྐུ་ཡི་རྣམ་འགྱུར་ཅིར་ཡང་སྟོན་པ་ལས། འདིར་གཙོ་བོར་དཔལ་བདེ་མཆོག་འཁོར་ལོའི་ཡུམ་དུ་སྣང་བ་རྡོ་རྗེ་ཕག་མོ་ཉིད་རང་གི་སྤྲུལ་པའི་བཀོད་པ་དང་བཅས་པའི་དཀྱིལ་འཁོར་དུ་སློབ་མ་སྨིན་བྱེད་ཀྱི་ཆོ་ག་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༨༨༽ ཨཱ་ཕག་ནག་ལྷ་ལྔ་ལ། དེ་ནས་ཕག་མོ་ཁྲོས་མ་ནག་མོ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ལ་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་དམ་པ་རྒྱ་གར་ནས་བརྒྱུད་པའི་དབང་བྱིན་རླབས་མན་ངག་དང་བཅས་པ་དང་། པཎྜི་ཏ་ཤཱི་དྷཱ་ར་ནས་བརྒྱུད་པའི་སྒྲུབ་ཐབས་མན་ངག་གི་རིམ་པ་སོགས་མང་དུ་མཆིས་པ་ལས་འདིར་གྲུབ་ཆེན་རྒྱལ་བའི་སྲས་པོ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༨༩༽ དུས་འཁོར་ལ། དེ་ལ་འདིར་དཔལ་དུས་ཀྱི་འཁོར་ལོ་ལྷ་བརྒྱ་དང་ང་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གདུལ་བྱའི་བསྐལ་པ་དང་མཚམས་པར་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་ཀྱི་ནང་ནས་རབ་དང་། མཆོག་དང་། ཕུལ་དུ་གྱུར་པ་ནི་རྡོ་རྗེ་ཐེག་པ་བླ་མེད་ཁོ་ན་ཡིན་ལ། དེའི་མཐར་ཐུག་པ་ནི་སྤྱིར་བཏང་རྣལ་འབྱོར་མའི་རྒྱུད་དམ། བྱེ་བྲག་ཏུ་ཟུང་འཇུག་གཙོ་བོར་སྟོན་པའི་ཕྱིར་གཉིས་སུ་མེད་པའི་རྒྱུད་དུ་རྣམ་པར་འཇོག་པ་ལ་དཔལ་དུས་ཀྱི་འཁོར་ལོ་འདི་ཉིད་ཡིན་ཏེ། དེ་ཡང་། དུས་ནི་འགྱུར་མེད་བདེ་ཡེ་ཤེས། །འཁོར་ལོ་ཤེས་བྱའི་རྣམ་འགྲོ་དཔལ། །ཞེས་ཀཱ་ལ་ཙ་ཀྲའི་སྒྲ་ལས་དྲངས་ན་དུས་ཀྱི་འཁོར་ལོ་སྟེ། སྐད་ཅིག་མའི་ཆ་ཤས་བསགས་པའི་རང་གཟུགས་འགྱུར་བ་དང་བཅས་པའི་དུས་གང་ཞིག །མི་འགྱུར་བདེ་བ་ཆེན་པོའི་ཡེ་ཤེས་སྐད་ཅིག་གཅིག་གིས་དག་པར་བྱེད་པའི་ཕྱིར་ན་བདེ་བ་ཆེན་པོའི་ཡེ་ཤེས་ནི་དུས་དང་། ཤེས་བྱའི་རྣམ་པ་ཐམས་ཅད་པའི་རྗེས་སུ་ཁྱབ་པར་འཇུག་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ནི་འཁོར་ལོ་སྟེ། མཐར་ཐུག་གི་འབྲས་བུ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ནི་དུས་ཀྱི་འཁོར་ལོ་མཚན་ཉིད་པ་ཡིན་ལ། དེ་སྒྲུབ་པར་བྱེད་པའི་གཞུང་དང་ལམ་ལའང་སྒྲུབ་བྱའི་མིང་གིས་བཏགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་བདག་ཅག་གི་སྟོན་པ་བྱང་ཆུབ་སྙིང་པོར་གཤེགས་པའི་ཚུལ་བསྟན་ནས། གདུལ་བྱ་དབང་པོ་ཤིན་ཏུ་རྣོན་པོའི་རིགས་ཅན་ལ་དགོངས་ཏེ། ནག་པའི་ཉ་ལ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་བདེ་བ་ཆེན་པོའི་དཀྱིལ་འཁོར་རྣམ་པར་སྤྲུལ་ནས། སྟོན་པ་ཉིད་དཔལ་དུས་ཀྱི་འཁོར་ལོའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་པས་དཀྱིལ་འཁོར་ལ་བཀོད་པའི་འཁོར་རྣམས་དང་། ཞུ་བ་པོ་རྒྱལ་པོ་ཟླ་བ་བཟང་པོ་གཙོ་བོར་གྱུར་པའི་རྒྱལ་ཕྲན་དགུ་བཅུ་རྩ་དྲུག་སོགས་སྣོད་ལྡན་རྣམས་ལ་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས་ཤིང་། ཆོས་རྒྱལ་ཟླ་བ་བཟང་པོས་བཀའི་བསྡུ་བ་མཛད་དེ་དཔལ་ཤམྦྷ་ལར་གླེགས་བམ་དུ་བཀོད་ཅིང་བཤད། དེ་ནས་རིགས་ལྡན་གྱི་ཐོག་མ་འཇམ་དཔལ་གྲགས་པས་དྲང་སྲོང་ཉི་མའི་ཤིང་རྟ་སོགས་ཀྱི་ཆེད་དུ་བསྡུས་པའི་རྒྱུད་གཏན་ལ་ཕབས་ཤིང་། རང་གི་སྲས་པདྨ་དཀར་པོས་རྒྱ་ཆེར་འགྲེལ་པ་དྲི་མེད་འོད་ཀྱིས་ཤིན་ཏུ་གསལ་བར་མཛད་པ་ནས་བཟུང་ཕྱོགས་དེར་དར་ཞིང་རྒྱས་པ་ལས། སློབ་དཔོན་དུས་ཞབས་པ་ཆེན་པོ་དང་། ཙི་ལུ་པཎྜི་ཏ་སོགས་ཀྱིས་འཕགས་ཡུལ་དུ་སྤྱན་དྲངས་ཤིང་། གྲུབ་ཆེན་ནཱ་རོ་པ་དང་། པཎྜི་ཏ་ཨ་བྷཱ་ཡ་ཀ་ར་སོགས་མཁས་ཤིང་དངོས་གྲུབ་བརྙེས་པ་རྣམས་ཀྱིས་དར་རྒྱས་སུ་མཛད། བོད་འདིར་གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་ཐོག་མར་བསྒྱུར་བ་ནས་བཟུང་། རྭ་ཆོས་རབ་དང་། འབྲོ་ཤེས་རབ་གྲགས་གཙོ་བོར་གྱུར་པའི་སྒྱུར་བྱེད་ཀྱི་ལོ་ཙཱ་བ་ཉི་ཤུ་རྩ་ལྔས་གཏན་ལ་ཕབས། ཀུན་མཁྱེན་བུ་སྟོན་རིན་ཆེན་དང་། དོལ་པོ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཡབ་སྲས་བརྒྱུད་འཛིན་དང་བཅས་པའི་བཀའ་དྲིན་ལས། དེང་སང་གི་བར་དུ་དབང་། རྒྱུད་བཤད། མན་ངག་དང་བཅས་པ་དར་རྒྱས་སུ་བཞུགས་ཤིང་། ལམ་འདི་ལ་བརྟེན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་དབང་འབྱོར་པ་མང་དུ་བྱོན་པས་རྒྱུད་སྡེ་གཞན་ལས་ཀྱང་ཟབ་མོ་རྡོ་རྗེའི་རྣལ་འབྱོར་དང་། རྒྱ་ཆེ་བ་ཕྱི་ནང་གཞན་གསུམ་གྱི་དེ་ཁོ་ན་ཉིད་མཐའ་དག་གཏན་ལ་ཕབས་པས་ཁྱད་པར་དུ་འཕགས་པ་དེ་ཉིད་ཀྱི་སྒོ་ནས་རྡོ་རྗེའི་སློབ་མ་རྣམས་འཇུག་ཅིང་སྨིན་པ་ཆོ་ག་རྒྱལ་སྲས་པད་དཀར་འཛིན་པའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ། སྔགས་རྒྱུད་རྒྱ་མཚོའི་ཤིང་རྟ་ཆེན་པོ་གྲུབ་པའི་དབང་ཕྱུག་མི་ཏྲ་ཛོ་ཀིའི་ཐུགས་དམ་གྱི་དཀྱིལ་འཁོར་བརྒྱ་རྩ་བརྒྱད་ཀྱི་ཡ་གྱལ། རྩ་བ་མི་འགྱུར་བའི་དཀྱིལ་འཁོར་དགུའི་ནང་ཚན་ལྟར་བསྒྲུབ་པ་ལ། ༩༠༽ བདེ་མཆོག་འཁོར་ལོས་སྒྱུར་དྲུག་གི་རྡོར་སེམས་ལ། དེ་ལ་དཔལ་བདེ་མཆོག་འཁོར་ལོས་སྒྱུར་བ་དྲུག་གི་ནང་ཚན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ལས། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་དོན་དམ་པར་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་དང་། ཤིན་ཏུ་རྣམ་པར་དག་པའི་སྟོང་པ་ཉིད་ཟུང་དུ་འཇུག་པ་དཔལ་ཧེ་རུ་ཀ་གཅིག་པུའི་རང་བཞིན་ལས་མ་གཡོས་ཀྱང་། གདུལ་བྱ་རྣམས་གང་ལ་གང་འདུལ་གྱི་རོལ་མོས་རྗེས་སུ་བཟུང་བའི་སླད། ཞི་ཆགས་ཁྲོ་བོའི་རྣམ་འགྱུར་དང་བཀོད་པ་མཐའ་ཀླས་པར་སྟོན་པ་ལས། གང་འདིར་གདུལ་བྱ་དུག་གསུམ་ཆ་མཉམ་ཅན་གྱི་ཆེད་དུ་དྲུག་པའི་རིགས་ཀྱི་འཁོར་ལོས་སྒྱུར་བ་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་སྐུར་བཞེངས་པ་སྟེ། འདི་ཉིད་ཀྱི་སྒྲུབ་ཐབས་མངོན་བརྗོད་ཀྱི་རྒྱུད་ལས་ཇི་སྐད་གསུངས་པའི་རྗེས་སུ་འབྲངས་ཏེ། སློབ་དཔོན་ཨ་བྷཱ་ཡཱ་ཀ་ར་སོགས་ཀྱིས་བཀྲལ་བའི་རིགས་བསྡུས་དང་། རིགས་སོ་སོའི་རྣལ་འབྱོར་ཇི་སྙེད་ཅིག་གསུངས་པ་ལས། ད་ལན་འདིར་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་རྒྱལ་སྲས་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༩༡༽ རྣམ་སྣང་ལ། དེ་ནས་རྣམ་སྣང་ཧེ་རུ་ཀ་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་དཔལ་བདེ་མཆོག་གི་རྒྱུད་ལས། གཙོ་བོར་གདུལ་བྱ་གཏི་མུག་ཅན་རྗེས་སུ་བཟུང་བའི་ཆེད་དུ་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོས་སྒྱུར་བ་དཔལ་རྟག་པ་ཧེ་རུ་ཀའི་སྐུར་བཞེངས་པ་སྟེ། རྒྱལ་སྲས་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་སློབ་མ་སྨིན་བྱེད་ཀྱི་ཆོ་ག་བསྒྲུབ་པ་ལ། ༩༢༽ རིན་འབྱུང་ལ། དེ་ནས་རིན་འབྱུང་ཧེ་རུ་ཀ་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཡང་དཔལ་འཁོར་ལོ་སྡོམ་པའི་རྒྱུད་ལས། གཙོ་བོར་གདུལ་བྱ་སེར་སྣ་ཅན་རྗེས་སུ་བཟུང་བའི་ཆེད་དུ་རིན་ཆེན་རིགས་ཀྱི་འཁོར་ལོས་སྒྱུར་བ་ཧེ་རུ་ཀ་རྡོ་རྗེ་ཉི་མའི་སྐུར་བཞེངས་ཏེ་ལྷ་སྔགས་ལས་ཚོགས་དང་བཅས་པའི་རྣལ་འབྱོར་གསུངས་པ་ལ་བརྟེན་ནས། འཕགས་མཆོག་ཕྱག་ན་པདྨོའི་རྣལ་འཕྲུལ་གྲུབ་ཆེན་མི་ཏྲ་ཛོ་ཀིས་ཇི་ལྟར་བཀྲལ་བའི་ཞལ་ལུང་དང་རྗེས་སུ་མཐུན་པར་བསྒྲུབ་པ་ལ། ༩༣༽ སྣང་མཐའ་ལ། དེ་ནས་སྣང་མཐའ་ཧེ་རུ་ཀ་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་ཀྱང་རྒྱུད་སྔ་མ་དེ་ལས། །གཙོ་བོར་གདུལ་བྱ་འདོད་ཆགས་ཅན་རྗེས་སུ་བཟུང་བའི་ཆེད་དུ་པདྨའི་རིགས་ཀྱི་འཁོར་ལོས་སྒྱུར་བ་ཧེ་རུ་ཀ་པདྨ་གར་དབང་གི་སྐུར་བཞེངས་ཏེ། སྒྲུབ་ཐབས་མན་ངག་དང་བཅས་པ་གསུངས་པ་ལ་བརྟེན་ནས་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་མི་ཏྲ་ཛོ་ཀིས་ཇི་ལྟར་བཀྲལ་བ་བཞིན་བསྒྲུབ་པ་ལ། ༩༤༽ མི་བསྐྱོད་པར། དེ་ལ་བཅོམ་ལྡན་འདས་མི་བསྐྱོད་ཧེ་རུ་ཀ་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ངེས་བརྗོད་བླ་མ་ལས། ཡང་ན་རྡོ་རྗེ་སེམས་དཔའ་སྟེ། །རྣམ་སྣང་རྡོ་རྗེ་ཉི་མ་དང་། །པདྨ་གར་དབང་རྒྱལ་པོ་དང་། །དབང་ཕྱུག་རྟ་མཆོག་ཧེ་རུ་ཀ །ཞེས་རིགས་དྲུག་ཏུ་གསུངས་པ་ལས། གཙོ་བོར་གདུལ་བྱ་ཞེ་སྡང་ཅན་རྗེས་སུ་བཟུང་བའི་ཆེད་རྡོ་རྗེའི་རིགས་ཀྱི་འཁོར་ལོས་སྒྱུར་བ་མི་བསྐྱོད་ཧེ་རུ་ཀའི་སྒོ་ནས་སློབ་མ་སྨིན་བྱེད་ཀྱི་ཆོ་ག་གྲུབ་ཆེན་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༩༥༽ དོན་གྲུབ་ལ། དེ་ནས་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ཧེ་རུ་ཀ་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཡང་དཔལ་འཁོར་ལོ་སྡོམ་པའི་བཤད་རྒྱུད་ལས་གསུངས་ཤིང་། གཙོ་བོར་གདུལ་བྱ་ཕྲག་དོག་ཅན་རྗེས་སུ་བཟུང་བའི་ཆེད་ལས་ཀྱི་རིགས་ཀྱི་འཁོར་ལོས་སྒྱུར་བ་རྟ་མཆོག་ཧེ་རུ་ཀའི་སྐུར་བཞེངས་པ་སྟེ། སྒྲུབས་ཐབས་ཀྱི་རིམ་པའི་སྲོལ་གཞན་ཡང་མཆིས་མོད། འདིར་གྲུབ་པའི་དབང་ཕྱུག་ཆེན་པོ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༩༦༽ མ་ཧཱ་མཱ་ཡ་ལྷ་ལྔ་ལ། དེ་ནས་བཅོམ་ལྡན་འདས་དཔལ་མ་ཧཱ་མཱ་ཡཱ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་རྣལ་འབྱོར་མ་ཡི་རྒྱུད་ཀྱི་ཡ་གྱལ་ཧེ་རུ་ཀའི་རིགས་སུ་གཏོགས་ཤིང་། དེའི་ནང་ནས་ཀྱང་། ཇི་སྐད་དུ། རིག་པ་འཇིག་རྟེན་གསུམ་པོ་ན། །ཁྱོད་དང་མཉམ་པ་ང་ལས་མེད། །ཅེས་རིག་སྔགས་ཀྱི་ཡུམ་སངས་རྒྱས་མཁའ་འགྲོའི་རིགས་སྔགས་ཡིན་པར་བཤད་པ་དང་། རྡོ་རྗེ་གུར་ལས་མ་རྒྱུད་ཀྱི་གཙོ་བོར་བཅུ་བཞི་གསུངས་པའི་སྐབས་གསང་བ་ཡིད་བདེ་ཅེས་བཤད་ལ། རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་བསྡུས་པའི་རྒྱུད་ཆུང་ངུ་འདི་ནི། ལྷ་སྔགས་རྣལ་འབྱོར་གསུམ་ཀའི་སྒོ་ནས་ཟབ་ཅིང་འདྲིལ་ལ་ཁྱད་པར་དུ་འཕགས་པའི་ཕྱིར། རྗེ་བཙུན་མི་ལས་ཀྱང་། སྙིང་པོ་མ་ཧཱ་མཱ་ཡའི་རྒྱུད། །ཅེས་བསྔགས་པར་མཛད་པས་མཚོན་ནོ། །དེ་ལྟ་བུའི་རྒྱུད་འདི་འཕགས་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རི་པས་གདན་དྲངས་ཤིང་སྐལ་ལྡན་རྣམས་རྡོ་རྗེ་ཐེག་པའི་གསེང་ལམ་ལ་བཀོད། བོད་ཡུལ་འདིར་གཙོ་བོར་རྗེ་མར་པ་ལོ་ཙཱའི་བཀའ་དྲིན་ལས་བྱུང་ཞིང་། འདིའི་ཉེ་ལམ་རྣལ་འབྱོར་གསུམ་གྱི་གསང་བས་མཁའ་སྤྱོད་དུ་གཤེགས་པའང་མང་དུ་བྱོན་པས་ཐུགས་རྩིས་ཤིན་ཏུ་ཆེ་བར་མཛད་པ་སྟེ། དེ་ལའང་ལུགས་སྲོལ་མི་འདྲ་བ་འགའ་ཞིག་མཆིས་པ་ལས། འདིར་སྔགས་རྒྱུད་རྒྱ་མཚོའི་ཤིང་རྟ་དཔལ་ཧེ་རུ་ཀ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༩༧༽ མཱ་ཡ་འབྲིང་པོ་ལ། དེ་ནས་མ་ཧཱ་མཱ་ཡ་ཞལ་གཅིག་ཕྱག་གཉིས་པ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཡང་སྒྱུ་མ་ཆེན་མོའི་རྒྱུད་ཆུང་དེ་ཉིད་ལ་བརྟེན་ནས། རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིས་རྒྱུད་སྡེའི་དགོངས་པ་རང་དབང་དུ་བཀྲལ་བའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༩༨༽ ཀུ་ཀུ་རི་པའི་མ་ཧཱ་མཱ་ཡར། དེ་ལ་འདིར་གྲུབ་ཆེན་ཀུ་ཀུ་རི་པའི་ལུགས་ཀྱི་མ་ཧཱ་མཱ་ཡ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། གྲུབ་ཆེན་འདི་ཉིད་ནི་ཤར་ཕྱོགས་བྷངྒ་ལར་སྐུ་འཁྲུངས། ཐུན་མོང་གི་རིག་འཛིན་ཐོབ་ཅིང་། རྡོ་རྗེ་རྣལ་འབྱོར་མ་ཁྱི་མོའི་རྣམ་པར་སྣང་བས་ཉེ་རྒྱུའི་གྲོགས་མཛད་དེ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བརྙེས། ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ནས་སྒྱུ་མ་ཆེན་མོའི་རྒྱུད་ཆུང་སྤྱན་དྲངས་ཏེ་སློབ་དཔོན་ཆེན་པོ་པདྨ་བཛྲ་སོགས་སྨིན་གྲོལ་ལ་བཀོད་པ་ནས་བཟུང་། དེང་སང་གི་བར་དུའང་དབང་བསྐུར་གྱི་རྒྱུན་མ་ནུབ་པར་བཞུགས་པ་ལས། འདིར་ནི་གྲུབ་པའི་དབང་ཕྱུག་དེ་ཉིད་ཀྱི་བཀའ་སྲོལ་དང་མཐུན་པར་རྒྱལ་སྲས་སྙིང་རྗེའི་གཏེར་ཆེན་མི་ཏྲ་ཛོ་ཀིས་ལེགས་པར་ཕྱེ་བའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༩༩༽ ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོར། དེ་ནས་འཕགས་མཆོག་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། སྤྱིར་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོའི་རང་གཟུགས་སུ་གྱུར་པས་འགྲོ་དྲུག་སེམས་ཅན་ཀུན་ལ་ཐུགས་རྗེའི་འཇུག་པས་ལྷག་པར་བརྩེ་བ་དང་། ཁྱད་པར་གངས་ཅན་གྱི་ལྗོངས་འདི་འཕགས་པ་ཉིད་ཀྱི་གདུལ་ཞིང་དུ་ངེས་པའི་ཕྱིར་སྒྲུབ་ཐག་ཉེ་ཞིང་བྱིན་རླབས་མྱུར་བས་ན། རྒྱུད་དང་སྒྲུབ་ཐབས་མན་ངག་གི་རིམ་པའང་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་པ་ལས་ཀྱང་ཁྱད་པར་འཕགས་པ་ནི་བཅོམ་ལྡན་འདས་རྒྱལ་བ་རྒྱ་མཚོའི་སྐོར་འདི་ཡིན། འདི་ལའང་པདྨ་རྒྱལ་པོ་དང་། པདྨ་ཟབ་པའི་རྒྱུད་གཉིས་ལ་བརྟེན་ནས་གྲུབ་པའི་སློབ་དཔོན་མཚོ་སྐྱེས་ཞབས་ཀྱིས་བཀྲལ་བའི་སྒྲུབ་ཐབས་མན་ངག་དང་བཅས་པའི་བཀའ་སྲོལ་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པར་དེང་སང་གི་བར་དུ་བཞུགས་པས་མཚོན་རྡོ་རྗེ་ཐེག་པ་སྔ་ཕྱིའི་འགྱུར་གཉིས་ལས་སྨིན་གྲོལ་གྱི་བཀའ་མང་དུ་བཞུགས་པ་ལས། འདིར་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའི་སྐུ་རྒྱལ་སྲས་མི་ཏྲ་ཛོ་ཀིའི་ཐུགས་དམ་གྱི་དཀྱིལ་འཁོར་བརྒྱ་རྩ་བརྒྱད་ལས། རྩ་བ་མི་འགྱུར་བའི་དཀྱིལ་འཁོར་དགུའི་ཡ་གྱལ། རྗེ་བཙུན་རང་ཉིད་ཀྱི་ལྷག་པའི་ལྷ་ཐུན་མོང་མ་ཡིན་པ་རྒྱུད་པདྨ་གར་དབང་གི་རིགས་སུ་གཏོགས་པ་བཅོམ་ལྡན་འདས་ཕྱག་ན་པདྨོའི་སྒོ་ནས་སློབ་མ་རྣམས་འཇུག་ཅིང་སྨིན་པའི་ཆོ་ག་བསྒྲུབ་པ་ལ། ༡༠༠༽ རྟ་མགྲིན་པདྨ་གར་དབང་ལ། དེ་ནས་བཅོམ་ལྡན་འདས་དཔལ་རྟ་མགྲིན་པདྨ་གར་དབང་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། སྤྱིར་ཁྲོ་བོའི་རྒྱལ་པོ་འདི་ཉིད་ལ་རིགས་ཀྱི་དབྱེ་བ་མང་དུ་ཡོད་པ་ལས། གཙོ་བོར་རྟ་མཆོག་གི་རིགས་སུ་གཏོགས་པའི་རྟ་མགྲིན་ནག་པོ་དང་། པདྨ་གར་དབང་གི་རིགས་སུ་གཏོགས་པའི་རྟ་མགྲིན་དམར་པོ་གཉིས་ལས་འདིར་ཕྱི་མ་ཡིན། འདི་ལ་སྒྲུབ་ཐབས་དང་མན་ངག་གི་རིམ་པའང་གསར་རྙིང་བཀའ་གཏེར་གྱི་ལུགས་སྲོལ་ཐ་དད་པ་མང་དུ་མཆིས་པ་ལས། འདིར་སྤྱན་རས་གཟིགས་དངོས་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༠༡༽ གདན་བཞི་ཡབ་བཀའ་ལ། དེ་ནས་བཅོམ་ལྡན་འདས་དཔལ་རྣལ་འབྱོར་ནམ་མཁའ་ལྷ་མང་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་མ་རྒྱུད་སྒོ་དྲུག་ཏུ་དབྱེ་བའི་ཡ་གྱལ་རྣམ་སྣང་གི་རིགས་ཀྱི་གཙོ་བོ་རྡོ་རྗེ་གདན་བཞིའི་རྩ་བཤད་ཀྱི་རྒྱུད་རྣམས་ལ་བརྟེན་ནས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ནས་བརྒྱུད། སློབ་དཔོན་འཕགས་པ་ལྷ་སོགས་ཀྱིས་ལེགས་པར་བཀྲལ་བའི་དབང་བཤད་མན་ངག་དང་བཅས་པ་རྡོ་རྗེ་ཐེག་པའི་ཤིང་རྟ་ཆེན་པོ་མར་རྔོག་གཉིས་ཀྱི་བཀའ་དྲིན་ལས་གངས་ཅན་གྱི་ལྗོངས་འདིར་སྣང་བས་སྐལ་ལྡན་རྣམས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལ་སྦྱོར་བར་མཛད་པ་ལས། ད་ལན་གྲུབ་པའི་དབང་ཕྱུག་ཆེན་པོ་དཔལ་ཧེ་རུ་ཀ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༠༢༽ གདན་བཞི་ཡུམ་བཀའ་ལ། དེ་ནས་བཅོམ་ལྡན་མ་ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་རྡོ་རྗེ་གདན་བཞིའི་རྩ་བཤད་ཀྱི་རྒྱུད་རྣམས་ལས་དངོས་སུ་གསུངས། གྲུབ་པའི་སློབ་དཔོན་འཕགས་པ་ལྷ་ཡབ་སྲས་སོགས་ཀྱིས་ལེགས་པར་བཀྲལ། བྱིན་རླབས་དང་གཉེན་ཆ་ཤིན་ཏུ་ཆེ་བར་ཡོངས་སུ་གྲགས་པའི་དབང་བཀའ་ཟུར་པའང་མཆིས་མོད། ད་ལན་འདིར་རྗེ་བཙུན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༠༣༽ སངས་རྒྱས་ཐོད་པ་ལྷ་ཉེར་ལྔ་ལ། དེ་ནས་བཅོམ་ལྡན་འདས་སངས་རྒྱས་ཐོད་པ་ལྷ་ཉེར་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ལ་མ་རྒྱུད་ཧེ་རུ་ཀའི་རིགས་སུ་གཏོགས་པ། མཐར་ཐུག་གི་རྒྱུད་སྡེ་རྣམ་པ་ལྔའི་ཡ་གྱལ། བརྟུལ་ཞུགས་མཐར་ཐུགས་སངས་རྒྱས་ཐོད་པ། ཞེས་གྲགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལ་བརྟེན་ནས། འཕགས་ཡུལ་གྲུབ་རིགས་རྒྱ་མཚོའི་སྤྱི་མེས་དཔལ་ས་ར་ཧའི་ཞབས་ཀྱིས་ལེགས་པར་བཀྲལ་ཞིང་། གངས་ཅན་འདིར་ཡང་གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་སོགས་ཀྱིས་བསྒྱུར་བཤད་འཆད་ཉན་གྱིས་གཏན་ལ་ཕབས་པར་མཛད་པ་ལས། འདིར་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོའི་ཤིང་རྟ་དཔལ་ལྡན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༠༤༽ སངས་རྒྱས་ཐོད་པ་ལྷ་དགུ་མ་ལ། དེ་ནས་བཅོམ་ལྡན་འདས་སངས་རྒྱས་ཐོད་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། བུདྡྷ་ཀ་པཱ་ལ་ཞེས་པའི་སྒྲ་ལས་དྲངས་ན། མཐར་ཐུག་གི་སངས་རྒྱས་ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་པ་ལས་གཟུགས་སྐུ་བདེ་བ་ཆེན་པོ་ཁ་སྦྱོར་གྱི་རྣམ་པར་ཤར་བས་དེ་སྐད་ཅེས་བྱ་ལ། རྒྱུད་རྒྱལ་གྱིས་དངོས་བསྟན་ལས་ཀྱང་ལྷ་སྔགས་ཀྱི་རྣམ་གྲངས་མང་དུ་གསལ་བ་ལས། འདིར་གཙོ་བོར་གསུངས་པ་ལྷ་དགུའི་སྒོ་ནས་སློབ་མ་སྨིན་བྱེད་ཀྱི་ཆོ་ག་རྒྱལ་སྲས་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༠༥༽ རྡོ་རྗེ་སྒྲོལ་མ་ལ། དེ་ནས་བཅོམ་ལྡན་འདས་མ་རྡོ་རྗེ་སྒྲོལ་མ་ལྷ་བཅུ་གཅིག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་ཤིང་། པཎ་གྲུབ་སོ་སོས་བཀྲལ་བའི་ལམ་སྲོལ་ཀྱང་ཅི་རིགས་པར་མཆིས་པ་ལས། འདིར་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཞེད་གཞུང་ལྟར་བསྒྲུབ་པ་ལ། ༡༠༦༽ ཉི་སྦས་སྒྲོལ་མ་ཉེར་གཅིག་ལ། དེ་ནས་གྲུབ་ཆེན་ཉི་མ་སྦས་པའི་ལུགས་ཀྱི་རྗེ་བཙུན་སྒྲོལ་མ་ཉེར་གཅིག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ལ་རྗེ་བཙུན་མ་འདི་ཉིད་དོན་དམ་པར་གདོད་མ་ནས་རྒྱལ་བ་ཀུན་གྱི་ཡུམ་དུ་གྱུར་ཀྱང་། ཐུན་མོང་གདུལ་བྱ་རྣམས་དྲང་བའི་སླད་རྒྱལ་པོའི་བུ་མོ་ཡེ་ཤེས་ཟླ་མཛེས་སུ་གྱུར་ནས། དེ་བཞིན་གཤེགས་པ་རྔ་སྒྲའི་སྤྱན་སྔར་བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང་ལོ་བྱེ་བ་བརྒྱ་སྟོང་གི་བར་དུ་ཏིང་ངེ་འཛིན་བསྒོམ་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ། འགྲོ་བ་ཐམས་ཅད་ཡོངས་སུ་སྒྲོལ་བའི་ཏིང་ངེ་འཛིན་བསྒྲུབ་ནས། སྔ་དྲོ་རེར་ཡང་སེམས་ཅན་བྱེ་བ་བརྒྱ་སྟོང་རེ་འཁོར་བ་ལས་སྒྲོལ་བར་མཛད་པས་འཕགས་མ་སྒྲོལ་མ་ཞེས་མཚན་གྱི་སྣང་བས་སྲིད་གསུམ་དུ་ཁྱབ་པ་སོགས་ངོ་མཚར་བའི་རྣམ་པར་ཐར་པ་མཐའ་ཀླས་ཤིང་། བསྐལ་པ་འདི་ཉིད་ཀྱི་ཐོག་མར་རི་བོ་པོ་ཏཱ་ལར་འཕགས་མཆོག་ཕྱག་ན་པདྨོས་སྒྲོལ་མའི་སྔགས་རྒྱུད་འབུམ་ཕྲག་བརྒྱ་གསུངས་པས་མཚོན་རྒྱུད་དང་སྒྲུབ་ཐབས་དང་། དེ་ལ་བརྟེན་ནས་རིག་པ་འཛིན་པའི་ལུས་དང་། ཡེ་ཤེས་ཀྱི་སྐུ་གྲུབ་པ་སོགས་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་པས་ཐུགས་རྗེ་དང་ཕྲིན་ལས་རྨད་དུ་བྱུང་བ་མངོན་སུམ་ཚད་མས་གྲུབ་ལ། གངས་ཅན་འདིར་ཡང་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྟོག་པ་སོགས་བྱ་རྒྱུད་པདྨའི་རིགས་ཀྱི་ཡུམ་དུ་གཏོགས་པའི་རྒྱུད་སྡེ་དང་། བླ་མེད་མ་རྒྱུད་ཧེ་རུ་ཀའི་རིགས་སྒྲོལ་མ་མངོན་འབྱུང་དང་རྟ་མཆོག་གི་རིགས་སུ་གཏོགས་པ་ཕྱག་འཚལ་ཉེར་གཅིག་གི་རྒྱུད་སོགས་མང་དུ་བྱོན་པ་ལས། འདིར་གཞུང་ཕྱི་མ་ལ་བརྟེན་ནས། ཁ་ཆེའི་སློབ་དཔོན་ཉི་མ་སྦས་པ་ཞེས་སྐྱེ་བ་བདུན་དུ་སྒྲོལ་མའི་རྣལ་འབྱོར་བསྒྲུབས་པའི་མཐུས་རྗེ་བཙུན་མས་དུས་རྟག་ཏུ་ཞལ་གཟིགས་ཤིང་ཆོས་གསུངས་པ་དེ་ཉིད་ཀྱིས་ལེགས་པར་བཀྲལ་བའི་རྗེས་སུ་འབྲངས་ཏེ། དཔལ་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༠༧༽ མགོན་པོ་ཕྱག་བཞི་པར། དེ་ནས་མཐའ་བརྟེན་བསྟན་པ་སྲུང་བའི་རྡོ་རྗེའི་ཆོས་སྐྱོང་རྒྱ་མཚོའི་གཙོ་བོ་དཔལ་མ་ཧཱ་ཀཱ་ལ། ཕྱག་བཞི་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་རང་རེ་རྣམས་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་ནས་ཆོས་ཚུལ་བཞིན་བསྒྲུབ་པ་ལ་བར་ཆད་མི་འབྱུང་བའི་ཕྱིར་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་པ་ཁྱད་པར་ཅན་རེ་ཅི་ནས་ཀྱང་བསྟེན་དགོས། དེ་ལའང་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་གསུངས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་མགོན་པོའི་རིགས་མང་དུ་ཡོད་པ་ལས། འདིར་མགོན་པོ་ཕྱག་བཞི་པ་འདི་ཉིད་ནི། དོན་དམ་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་དང་གཉིས་སུ་མེད་པར་མངོན་པར་བྱང་ཆུབ་པའི་གོ་འཕང་བརྙེས་ཀྱང་། དྲང་བའི་དོན་དུ་སྲིད་པ་གསུམ་གྱི་ཁོངས་ན་ཆེ་བཙན་མཐུ་བོ་ཆེ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དྲག་པོ་དབང་ཕྱུག་ཆེན་པོའི་སྲས་ཀྱི་རྣམ་པར་སྤྲུལ་ནས་བདུད་དང་ལྷ་མིན་ཐམས་ཅད་ཚར་བཅད། སངས་རྒྱས་ཀྱི་བསྟན་པ་དེར་འཛིན་བཅས་སྲུང་ཞིང་བསྐྱང་བར་མཛད་པ་ལ་འགྲན་ཟླ་དང་བྲལ་བས་ན། རྒྱུད་སྡེ་ཆེན་པོ་རྣམས་ལས་ཀྱང་ལྷ་སྔགས་ཀྱི་རྣམ་གྲངས་ཇི་སྙེད་ཅིག་གསུངས་ཤིང་། ཁྱད་པར་དྲག་པོའི་བརྟག་པ་དང་། དངོས་གྲུབ་ཀུན་ལས་བཏུས་པའི་རྒྱུད་སོགས་ལས་ཕྱག་གཉིས་པ་ནས། ཕྱག་བཅུ་དྲུག་པའི་བར་གྱི་སྒྲུབ་ཐབས་དང་མན་ངག་མཐའ་ཡས་པ་བསྟན་པ་ལས། འཕགས་ཡུལ་དུ་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ཀྱིས་འདིའི་སྔགས་རིག་གྲུབ་ཅིང་ལམ་སྲོལ་ཕྱེ་བ་ནས་བཟུང་དར་ཞིང་རྒྱས་ལ། བོད་འདིར་དཔལ་ཆེན་རྒ་ལོ་ཙཱ་བ་ཡབ་སྲས་སོགས་ཀྱིས་སྤྱན་དྲངས་ཤིང་། སྒྲུབ་རྒྱུད་ཀྱི་བསྟན་སྲུང་རྣམས་ཀྱི་ནང་ནས་མཆོག་ཏུ་བསྔགས་པས་དབང་རྗེས་གནང་མན་ངག་དང་བཅས་པ་དེང་སང་གི་བར་དུའང་རྒྱུན་མ་ཆད་པར་མཆིས་པ་ལས། འདིར་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ། གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་མི་ཏྲ་ཛོ་ཀི་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཐུགས་ཉམས་སུ་བཞེས་པའི་དཀྱིལ་འཁོར་བརྒྱ་རྩ་བརྒྱད་ཀྱི་མཐའ་བརྟེན་ལས་ཇི་ལྟར་འབྱུང་བ་བཞིན་སློབ་མ་རྣམས་འཇུག་ཅིང་སྨིན་པའི་ཆོ་ག་བསྒྲུབ་པ་ལ། ༡༠༨༽ །མཁས་ཤིང་གྲུབ་པས་རབ་དབྱེ་བའི། །ཐུགས་རྗེ་ཆེན་པོའི་དགོངས་པའི་རྒྱན། །སླར་ཡང་མཛེས་པའི་རྒྱན་འདིས་ཀྱང་། །བློ་གསལ་རྣ་ལུང་མཛེས་གྱུར་ཅིག །ཅེས་པའང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེའི་སློབ་དཔོན་ཆེན་པོ་ངེས་དོན་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཞལ་སྔ་ནས། འདི་ཉིད་ཀྱི་དབང་བསྐུར་བ་གནང་བའི་ཚེ་བཀའི་ཅོད་པན་སྤྱི་བོར་སྩལ་པ་གཙུག་ཏུ་མཆོད་དེ། ཀུན་རྨོངས་ཀུན་ཏུ་རྒྱུ་བ་འཇམ་དབྱངས་མཁྱེན་བརྩེས་དཔལ་ས་ལ་སྤྱོད་པའི་འོག་མིན་ཐུབ་བསྟན་ཆོས་འཁོར་གླིང་དུ་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །། | ཨོཾ་སྭ་སྟི་སིདྡྷི་རསྟུ། སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །བླ་མ་འཇམ་དཔལ་གཞོན་ནུ་ཡིས། །སྒྲིབ་གསུམ་མུན་པ་ཀུན་བསལ་ནས། །བློ་གྲོས་སྣང་བ་རྒྱས་པར་མཛོད། །འདིར་གྲུབ་པའི་དབང་ཕྱུག་མི་ཏྲ་ཛོ་ཀི་ནས་ཉེ་བར་བརྒྱུད་པའི་དཀྱིལ་འཁོར་བརྒྱ་རྩ་བརྒྱད་ཀྱི་དབང་བསྐུར་བའི་སྐབས། ཐོག་མར་བྱ་རྒྱུད་དབྱངས་ཅན་མ་དཀར་མོ་ལྷ་བཅུ་གསུམ་གྱི་མཚམས་སྦྱོར་ཁྱད་པར་ནི། ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་གསལ་གདབ་པ་སྔོན་དུ་འགྲོ་བས། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། མཁས་ཤིང་དངོས་གྲུབ་མཆོག་བརྙེས་རྡོ་རྗེའི་སློབ་དཔོན་ཆེན་པོ་རྗེ་བཙུན་མི་ཏྲ་ཛོ་ཀི་ནས་ཉེ་བར་བརྒྱུད་པའི་ལྷག་པའི་ལྷ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ལས། ཐོག་མར་བྱ་བའི་རྒྱུད་ཀྱི་དཀྱིལ་འཁོར་རྣམས་སུ་དབང་བསྐུར་བའི་སྐབས་ཡིན་ཏེ། དེ་ཡང་མཚན་ཉིད་ནི། སྔགས་ཀྱི་ངོ་བོ་ཡིད་མཚན་རྟོག་ལས་སྐྱོབ་པར་བྱེད་པ་ཞེས་གསུངས་པས། །བལྟས་པའི་བདེ་བ་ལམ་དུ་བྱས་ནས་ཡིད་མཚན་མ་དང་རྣམ་པར་རྟོག་པ་ལས་བདེ་མྱུར་གྱིས་སྐྱོབ་པར་བྱེད་པའི་ཐབས་འཁོར་དང་བཅས་པའོ། །ངེས་ཚིག་གམ་སྒྲ་དོན་ནི། །ཐྲི་ཡ་ཏནྟྲ་ཞེས་པའི་སྒྲ་ལས་དྲངས་ན། ཕྱི་ལུས་ངག་གི་བྱ་བ་ཁྲུས་དང་གཙང་སྒྲ་གཙོ་བོར་སྟོན་པས་ན་དེ་སྐད་ཅེས་བྱའོ། །དབྱེ་ན། བྱ་བ་སྤྱིའི་རྒྱུད་དང་། སོ་སོའི་རྒྱུད་གཉིས་སུ་ཡོད་པ་ལས། དང་པོ་ནི། སྤྱོད་པ་བཞི་སྤྱིར་སྟོན་པ་དཔུང་བཟང་གི་རྒྱུད། ཁྱད་པར་འཇུག་པའི་སྤྱོད་པའི་སྐབས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་ག་སྟོན་པ་གསང་བ་སྤྱི་རྒྱུད། སྦྱོར་བའི་སྤྱོད་པ་གཙོ་བོར་སྟོན་པ་བསམ་གཏན་ཕྱི་མ། སྦྱོར་བ་དང་གྲུབ་པའི་སྤྱོད་པ་ཐུན་མོང་དུ་སྟོན་པ་ལེགས་པར་གྲུབ་པའི་རྒྱུད་དེ་སྤྱི་རྒྱུད་བཞིའོ། །གཉིས་པ་ལ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐུགས་སུ་ཆུད་པས་དེ་བཞིན་གཤེགས་པའི་རིགས། ཐུགས་རྗེ་ཆེན་པོས་འཁོར་བར་སེམས་ཅན་གྱིས་དོན་སྤྱོད་ཀྱང་འཁོར་བའི་ཉེས་པས་མ་གོས་པས་པདྨའི་རིགས། ལས་ཉོན་བདུད་བགེགས་ལ་སོགས་པས་མི་ཕྱེད་ཅིང་དེ་དག་གཞོམ་པར་ནུས་པ་རྡོ་རྗེ་དང་ཆོས་མཚུངས་པས་རྡོ་རྗེའི་རིགས་ཏེ་གཙོ་བོའི་རིགས་གསུམ་དང་། ནོར་གྱི་རྒྱུན་ཟད་མི་ཤེས་པར་འཇོ་བས་ནོར་བུའི་རིགས། བུ་ཚ་དང་ལོངས་སྤྱོད་སོགས་རྒྱས་པར་བྱེད་པ་རྒྱས་པའི་རིགས། དེ་རྣམས་སུ་མ་གཏོགས་པ་སངས་རྒྱས་ལ་དད་པའི་ལྷ་དང་ལྷ་མིན་ལ་སོགས་པ་འཇིག་རྟེན་པའི་རིགས་ཏེ་ཕལ་པའི་རིགས་གསུམ་དང་བཅས་རིགས་ཀྱི་སྒོ་དྲུག་དང་། དེ་རེ་རེ་ལའང་། གཙོ་བོའི་རིགས་རྣམས་ལ། རིགས་ཀྱི་གཙོ་བོ། བདག་པོ། ཡུམ། ཁྲོ་བོ་ཁྲོ་མོ། ཕོ་ཉ་ལ་སོགས་པར་དབྱེ་བས་མཚོན་ནང་གསེས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པར་བཞུགས་སོ། །དེ་ཐམས་ཅད་ཀྱི་རིམ་པ་ལའང་སྤྱོད་པའི་སྒོ་བཞིས་བསྡུས་ཏེ། འཇུག་པའི་སྤྱོད་པ་ནི། ཆུ་དང་ཅོད་པན་གཙོ་བོར་གྱུར་པའི་དབང་གིས་སྨིན་པར་བྱེད་པའོ། །སྦྱོར་བའི་སྤྱོད་པ་ནི། སོ་སོའི་རིགས་ཀྱི་ལྷ་ཉེ་བར་བསྙེན་པའོ། །སྒྲུབ་པའི་སྤྱོད་པ་ནི། གྲུབ་པའི་མཚན་མ་མཐོང་ནས་བཟླས་བརྗོད་དང་བཅས་པའི་བསམ་གཏན་ལ་བརྩོན་པའོ། །གྲུབ་པའི་སྤྱོད་པ་ནི། དེ་ལས་རིག་པ་འཛིན་པའི་རྟེན་ཐོབ་ནས། སྔགས་ཀྱི་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པས་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བར་བྱེད་པ་སྟེ། འོན་ཀྱང་སྐབས་འདིར་དེ་ལྟ་བུའི་ཆོས་སྐད་རྣམས་སྒྲ་ཇི་བཞིན་པར་མི་འབྱུང་བ་ནི། རྒྱུད་སྡེའི་དགོངས་པ་རང་དབང་དུ་འགྲེལ་ནུས་པའི་གྲུབ་པའི་སློབ་དཔོན་རྣམས་ཀྱིས་གདུལ་བྱའི་བྱེ་བྲག་འགའ་ཞིག་ལ་དགོངས་ཏེ། ངོ་བོ་བྱ་བའི་རྒྱུད་ལ། ཆོ་གའི་ཡན་ལག་ཕལ་ཆེར་བླ་མེད་དང་རྗེས་སུ་མཐུན་པར་བཀྲལ་བའི་དབང་གིས་སོ། །དེ་ལས་ཐོག་མར་བྱ་རྒྱུད་པདྨའི་རིགས་ཀྱི་ཡུམ་དུ་གཏོགས་པ་དབྱངས་ཅན་མ་དཀར་མོ་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འཕགས་མ་སྒྲ་དབྱངས་ལྷ་མོ་འདི་ཉིད་ནི་ངེས་པའི་དོན་དུ་འཕགས་བཞིའི་བསྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ངོ་བོར་བཞུགས་པ་ལས། རྣམ་འགྱུར་འཇིག་རྟེན་པ་དྲང་བའི་སླད་དུ་རིག་བྱེད་ཀྱི་གཏམ་རྒྱུད་ལྟར་ན། ལྷ་ཆེན་པོ་ཚངས་པའི་སྲས་མོར་འཁྲུངས་ཤིང་། དྲི་ཟ་ཏམྦུ་རའི་ཆུང་མའི་ཚུལ་འཛིན་པར་བཤད་པ་དང་། བྲམ་ཟེ་རྣམས་ཀྱིས་བྱེད་པ་པོ་ཉི་ཤུ་རྩ་བཞིར་འཇོག་པའི་ནང་ཚན་སྨྲ་བ་ངག་གི་བྱེད་པ་པོར་སྒྲོག་ལ། ཕྱི་ནང་ཐུན་མོང་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་གྱི་མཆེ་བའི་རྩེ་ལས་རྣམ་པར་སྤྲུལ་པ་དང་། ནང་པའི་སྔགས་རྒྱུད་རྣམས་ལས་འཕགས་པ་འཇམ་དཔལ་གྱི་ཡུམ་དུའང་བཤད་པ་སོགས། མདོར་ན་རང་གཞན་གྱི་གྲུབ་པའི་མཐའ་འཛིན་པ་ཐམས་ཅད་ཀྱིས་སྨྲ་བའི་མཐུ་དང་། བློ་གྲོས་ཀྱི་སྤོབ་པ་བསྐྱེད་པའི་ལྷག་པའི་ལྷ་རྣམས་ཀྱི་ནང་ནས་མཆོག་ཏུ་བསྔགས་པ་སྟེ། དེ་ལའང་བྲམ་ཟེ་ཕུར་བུ་དང་། སློབ་དཔོན་ཨ་བྷཱ་ཡཱ་ཀ་ར། །ཀྲྀཥྞཱ་དཱ་ས་དང་། ས་མནྟ་ཤྲཱི་སོགས་ནས་བརྒྱུད་པའི་བཀའ་སྲོལ་མང་དུ་ཡོད་པ་ལས། འདིར་གྲུབ་པའི་སློབ་དཔོན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། བདག་ཉིད་ཀྱིས་བགྱི་བར་འོས་པའི་ཆོས་རྣམས་སྔོན་དུ་སོང་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། | ||
༡༽ རི་ཁྲོད་ལོ་མ་གྱོན་མ་ལྷ་ལྔ་ལ། དབྱངས་ཅན་མའི་དབང་གྲུབ་འཕྲལ། དེས་དབྱངས་ཅན་མ་དཀར་མོ་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་གྲུབ་ནས། ཞེས་པ་ལྟ་བུས་མཚམས་སྦྱར་ཏེ། དེ་ནས་རི་ཁྲོད་ལོ་མ་གྱོན་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་རྒྱུད་སྡེའི་དབང་དུ་བྱས་ན་བྱ་རྒྱུད་པདྨའི་རིགས་ཀྱི་ཁྲོ་མོར་གཏོགས་ལ། མཚན་དང་སྔགས་རིག་འཛིན་པ་ཙམ་གྱིས་ཀྱང་ནད་རིམས་གཙོ་བོར་གྱུར་པའི་འཇིགས་པ་མཐའ་དག་གིས་མི་ཚུགས་ཤིང་། འབྱུང་པོའི་ཚོགས་རྣམས་བྲན་དང་མངག་གཞུག་ཏུ་འགྱུར་བར་བཤད་པས་མཚོན་ཕན་ཡོན་བསམ་གྱིས་མི་ཁྱབ་པའི་ཕྱིར། པཎྜིཏ་རྡོ་རྗེ་གདན་པ་དང་། གྲུབ་པའི་སློབ་དཔོན་ཨ་བྷཱ་ཡཱ་ཀ་ར་སོགས་ཀྱིས་བཀྲལ་བའི་རྗེས་གནང་དང་མན་ངག་གི་བཀའ་མང་དུ་ཡོད་པ་ལས། འདིར་འཕགས་མཆོག་ཕྱག་ན་པདྨོའི་རྣམ་འཕྲུལ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལས་འོངས་པའི་རི་ཁྲོད་ལོ་མ་གྱོན་མ་སེར་མོ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། སོགས་སྦྲེལ་ལོ། ༢༽ གདུགས་དཀར་ལྷ་ཉེར་དགུ་ལ། དེ་ནས་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙུག་གཏོར་གདུགས་དཀར་མོ་ཅན་ལྷ་ཉེར་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། བཅོམ་ལྡན་འདས་མ་འདི་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཙུག་གཏོར་ལས་འཁྲུངས་ཤིང་། གཟུངས་མདོ་ཆེ་ཆུང་སོགས་སྔགས་རྒྱུད་ཀྱི་རིམ་པ་མང་དུ་གསུངས་ལ། གཟུངས་འཆད་པ་དང་། འཛིན་པ་དང་། ཀློག་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཡི་གེར་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོའམ། མགུལ་དུ་བཏགས་པ་ཙམ་གྱིས་ཀྱང་ཕ་རོལ་གྱི་རྒོལ་བ་ངན་པའི་བྱད་སྟེམ་གཙོ་བོར་གྱུར་པའི་འཇིགས་པ་མཐའ་དག་ཞི་ཞིང་སྲུང་བ་དང་། སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་པ་དང་། ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་བ་སོགས་ཡོན་ཏན་གྱི་བསགས་པ་མཐའ་ཀླས་པས་ན། །གྲུབ་པའི་སློབ་དཔོན་ཙནྡྲ་གོ་མཱི་དང་། ཤུ་རངྒ་ཝརྨ་དང་། པདྨ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་སྒྲུབ་ཐབས་དང་མན་ངག་གི་རིམ་པ་ཇི་སྙེད་ཅིག་མཛད་ཅིང་། དེ་དག་ལས་བརྒྱུད་པའི་གཙུག་གཏོར་གདུགས་དཀར་ལྷ་བཅུ་བདུན་དང་། ཉེར་བདུན་དང་། ཞེ་གཉིས་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་སོགས་དེང་སོང་གི་བར་དུའང་བཀའ་ཡོད་ལ། ལྷད་མ་ཞུགས་པར་བཞུགས་པ་ལས། འདིར་ནི་གྲུབ་པའི་དབང་ཕྱུག་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༣༽ རྣམ་རྒྱལ་ལྷ་དགུ་ལ། དེ་ནས་གཙུག་ཏོར་རྣམ་རྒྱལ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་བྱ་རྒྱུད་གཤེགས་རིགས་ཀྱི་གཙུག་ཏོར་དུ་གཏོགས་པ། བདེ་བ་ཅན་གྱི་གཙུག་ཏོར་རྣམ་རྒྱལ་དང་། ངན་སོང་སྦྱོང་བའི་གཙུག་ཏོར་རྣམ་རྒྱལ་དང་། འཆི་བདག་དབྱུག་འཛིན་གྱི་གཙུག་ཏོར་རྣམ་རྒྱལ་ཞེས་གཟུངས་མདོ་གསུམ་ཡོད་པའི་ཐོག་མ་ལ་བརྟེན་ནས། རྨད་དུ་བྱུང་བའི་སློབ་དཔོན་ཙནྡྲ་གོ་མི་དང་། ཛཻ་ཏཱ་རི་སོགས་ཀྱིས་ལེགས་པར་བཀྲལ་བའི་གཞུང་མན་ངག་དང་བཅས་པའི་རྒྱུན་མ་ནུབ་པར་མཆིས་ཤིང་། ངོ་བོ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ཉིད། རྣམ་པ་བསྒྲུབ་སླ་བའི་ཕྱིར་ཤེས་རབ་ལྷ་མོའི་གཟུགས་སུ་སྟོན་པ་སྟེ། གནས་སྐབས་སུ་མངོན་མཐོའི་ཡོན་ཏན་ཐམས་ཅད་ཀྱི་གཞིའམ་རྩ་བར་གྱུར་པ་ཚེ་རིང་བ་དང་བསོད་ནམས་རྒྱས་པ་དང་། ཕུན་སུམ་ཚོགས་པའི་དཔལ་ཐམས་ཅད་ངང་གིས་འདུ་བ་དང་། གཞན་ཡང་མི་མཐུན་པའི་ཕྱོགས་མཐའ་དག་ཞི་ཞིང་། བསྐལ་པ་དུ་མར་བསགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བ་དང་། མཐར་ཐུག་བདེ་བ་ཅན་གྱི་ཞིང་ཁམས་སུ་དབུགས་འབྱིན་པར་འགྱུར་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ལྷག་པའི་ལྷ་འདི་ཉིད་ཀྱི་དབང་བསྐུར་བ་གྲུབ་ཆེན་མི་ཏྲའི་བཀའ་སྲོལ་ལས་འབྱུང་བ་ལྟར་བསྒྲུབ་པ་ལ། ༤༽ གྲྭ་ལྔ་ལྷ་བཅུ་བདུན་མ་ལ། དེ་ནས་བྱ་རྒྱུད་གཤེགས་རིགས་ཀྱི་ཡུམ་དུ་གཏོགས་པ། སོ་སོར་འབྲང་མ་དང་། སྟོང་ཆེན་རབ་འབྱམས་དང་། གསང་སྔགས་རྗེས་འཛིན་དང་། བསིལ་བའི་ཚལ་ཆེན་མོ་དང་། རྨ་བྱ་ཆེན་མོ་སྟེ་རིག་པའི་ལྷ་མོ་ལྔ་གཙོ་བོར་གྱུར་པའི་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་རྣམས་སོ་སོའི་གཟུངས་ལས་སྲུང་བ་དང་། ཞི་བ་དང་། རྒྱས་པ་དང་། དབང་དུ་བྱ་བ་དང་། དྲག་ཤུལ་གྱི་སྦྱོར་བ་ལ་སོགས་པ་དངོས་གྲུབ་རབ་འབྱམས་བསྒྲུབ་པའི་ལས་ཀྱི་ལྷར་ཆེད་དུ་བསྔགས་ཤིང་། ཁྱད་པར་སྲིད་སྤེལ་བ་དང་། གདོན་དང་། བགེགས་དང་། འབྱུང་པོའི་འཚེ་བ་དང་། སྦྱར་དུག་སོགས་ཞི་ཞིང་སྲུང་བ་དང་། ཡུལ་ཁམས་ཀུན་ཏུ་དགེ་ལེགས་ཀྱི་དུས་སྟོན་རྒྱས་པར་འགྱུར་བས་མཚོན་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་ལ། སྒྲུབ་ཐབས་ཀྱི་རིམ་པའང་། གྲུབ་པའི་སློབ་དཔོན་ཛཻ་ཏཱ་རི་དང་། པཎ་ཆེན་འཇིགས་མེད་འབྱུང་གནས་སོགས་ལས་བརྒྱུད་པའི་བཀའ་སྲོལ་མ་ནུབ་པར་མཆིས་པ་ལས། འདིར་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིའི་ལུགས་ལྟར་བསྒྲུབ་པ་ལ། ༥༽ འོད་ཟེར་ཅན་ལྷ་ཉེར་ལྔ་ལ། དེ་ནས་འོད་ཟེར་ཅན་མ་ལྷ་ཉེར་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འཕགས་མ་འདི་ཉིད་ཀྱི་རྟོག་པ་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་དུ་གཏོགས་པ་ལས་ཇི་སྐད་གསུངས་པ་ལྟར། མཚན་འཛིན་ཅིང་དྲན་པ་ཙམ་གྱིས་ཀྱང་བདུད་དང་། དགྲ་དང་། ཆོམ་རྐུན་གྱི་འཇིགས་པ་གཙོ་བོར་གྱུར་པས་མི་ཚུགས་པ་དང་། ཞི་ཞིང་ཕྱིར་བཟློག་པ་སོགས་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པས་མཚོན་ཡོན་ཏན་མཐའ་ཀླས་ཤིང་། སྒྲུབ་ཐབས་ཀྱང་། སློབ་དཔོན་ཨ་བྷཱ་ཡ་དང་། ཛཻ་ཏཱ་རི་སོགས་གྲུབ་པའི་སྐྱེས་བུ་རྣམས་ཀྱིས་བཀྲལ་བ་འགའ་ཞིག་མན་ངག་གི་རྒྱུན་དང་བཅས་ཏེ་གནས་པ་ལས། འདིར་དཔལ་ལྡན་མི་ཏྲའི་བཀའ་སྲོལ་ལས་བྱུང་བ་ལྟར་བསྒྲུབ་པ་ལ། ༦༽ ཛམྦྷ་ལ་ལྷ་བཅོ་བརྒྱད་ལ། དེ་ནས་འཕགས་པ་ཛམྦྷ་ལ་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དཔལ་གནོད་གནས་དབང་པོ་འདི་ཉིད་བྱ་རྒྱུད་ནོར་བུའི་རིགས་སུ་གཏོགས་པ་གནོད་སྦྱིན་གནོད་གནས་ཀྱི་རྟོག་པ་སོགས་རྒྱུད་སྡེ་གོང་འོག་ནས་མང་དུ་གསུངས་པ་ལས། འདིར་དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོ་འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས་གསུངས་ཤིང་། ལྷ་ཡི་ངོ་བོ་ནོར་ཅན་གྱི་རིགས་སུ་གནས་ལ། དོན་དམ་པར་རྒྱལ་བ་ཀུན་གྱི་ཡོན་ཏན་མཐའ་ཀླས་པའི་ངོ་བོར་རོ་གཅིག་ཀྱང་། རྣམ་པ་གནོད་སྦྱིན་ཕོ་མོ་བྱེ་བའི་སྡེ་དཔོན་དུ་བཞེངས་པས། དྲན་པ་ཙམ་གྱི་ནོར་དང་། འབྲུ་དང་། ཟས་གོས་ཀྱི་འབྱོར་པ་སོགས་འདོད་རྒུའི་ལོངས་སྤྱོད་ཟད་མི་ཤེས་པའི་ཆར་ཆེན་བོ་འབེབས་པས་གནས་སྐབས་སུ་དབུལ་བའི་སྡུག་བསྔལ་ཐམས་ཅད་བསལ་ཞིང་། མཐར་ཐུག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་བྱང་ཆུབ་མཆོག་གི་འབྱོར་པ་ལ་སྦྱོར་བ་སྟེ། སྒྲུབ་ཐབས་ཀྱི་བཀའ་སྲོལ་ཡང་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་སོགས་འགའ་ཞིག་མཆིས་པ་ལས། ད་ལན་རྗེ་བཙུན་མི་ཏྲའི་ཞབས་ཀྱི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༧༽ ཐུབ་པ་ལྷ་སོ་ལྔ་ལ། དེ་ནས་བཅོམ་ལྡན་འདས་ཐུབ་པའི་དབང་པོ་ལྷ་སོ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་རྒྱུད་སོགས་ལས་རྒྱ་ཆེར་གསུངས་ཤིང་། གྲུབ་པའི་སློབ་དཔོན་ཨ་བྷཱ་ཡ་སོགས་ཀྱིས་བཀྲལ་བའི་སྤྱི་བཀའ་དང་ཟུར་བཀའི་རྒྱུན་གཞན་ཡང་མཆིས་པ་ལས། འདིར་ནི་ཁ་འབར་མ་དབུགས་དབྱུང་བའི་གཟུངས་ཀྱི་རྗེས་སུ་འབྲང་ཏེ། གྲུབ་ཆེན་མི་ཏྲ་ཛོ་ཀིས་ལེགས་པར་བཀྲལ་བ་ལྟར་བསྒྲུབ་པ་ལ། སྤྱིར་ཆགས་བྲལ་གྱི་རྣམ་པའམ། འཁོར་ལོས་སྒྱུར་བ་དང་། །བཅོམ་ལྡན་འདས་མ་སོགས་གང་ལྟར་སྣང་ཡང་དཀྱིལ་འཁོར་གྱི་གཙོ་བོ་ནི་སྟོན་པ་ཉིད་ལས་གཞན་དུ་མ་མཆིས་ཤིང་། ཁྱད་པར་ཆགས་བྲལ་གྱི་རྣམ་པར་བརྟན་པའི་དཀྱིལ་འཁོར་གྱི་འཁོར་ལོ་འདི་ལྟ་བུ་བསྒོམ་པ་དང་། གཟུངས་རིང་ཐུང་རྣམས་ལན་གཅིག་བཟླས་པས་ཀྱང་ཚེ་རིང་བ་དང་། ནད་དང་བྲལ་བ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་དང་། ལས་ཀྱི་སྒྲིབ་པ་རྣམ་པར་བྱང་བ་དང་། མྱུར་དུ་བྱང་ཆུབ་ཆེན་པོར་ལུང་སྟོན་པར་འགྱུར་བས་མཚོན་ཕན་ཡོན་བསམ་གྱིས་མི་ཁྱབ་པར་བཤད་པ་ལ་དད་པ་རྩེ་གཅིག་པའི་ཡིད་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཕྱིར་མཎྜལ་ཕུལ། ༨༽ ཨ་ར་པ་ཙ་ལྷ་ལྔ་ལ། དེ་ནས་འཇམ་དཔལ་ཨ་ར་པ་ཙ་ན་དཀར་པོ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། སློབ་དཔོན་འཕགས་པ་ལྷས། མཐོང་དང་མ་མཐོང་ཡོན་ཏན་ནི། །ཀུན་གྱི་རྩ་བ་ཤེས་རབ་སྟེ། ཞེས་གསུངས་པ་ལྟར་མངོན་སུམ་ཚད་མའི་ཡུལ་དུ་གྱུར་པ་མཐོང་ཆོས་ཏེ་ཚེ་འདི་དང་། རྗེས་དཔག་དང་ལུང་ཚད་མའི་ཡུལ་དུ་འགྱུར་བ་མ་མཐོང་བ་སྟེ་ཚེ་ཕྱི་མ་ཕན་ཆད་ཀྱི་བསྔགས་འོས་ཡོན་ཏན་མཐའ་དག་གི་གཞིའམ་རྩ་བ་ལྟ་བུར་གྱུར་པ་ནི་རྣམ་པར་དཔྱོད་པའི་མཚན་ཉིད་ཅན་གྱི་ཤེས་རབ་ཉིད་ཡིན་པར་མ་ཟད། བྱང་ཆུབ་བསྒྲུབ་པ་རྣམས་ཀྱི་ཐར་པའི་གེགས་སུ་གྱུར་པ་བདག་འཛིན་རྩད་ནས་གཅོད་པ་ལ་བདག་མེད་རྟོག་པའི་ཤེས་རབ་ཁྱད་པར་ཅན་འཁོར་དང་བཅས་པ་བསྐྱེད་དགོས། དེ་ཡང་ཕ་རོལ་ཏུ་ཕྱིན་པ་ལས་བརྒྱུད་ནས་སྐྱེད་པའི་ཐབས་ཙམ་ལས་མ་གསུངས་ཤིང་། རྡོ་རྗེ་ཐེག་པ་ལས་དངོས་སུ་བསྐྱེད་པའི་ཐབས་མང་དུ་གསུངས་པ་ལས་ཀྱང་། རྒྱུད་སྡེ་འོག་མ་རྣམས་ནས་གཟུངས་ཀྱི་སྒོ་བསྒྲུབ་པ་ཉིད་གཙོ་བོར་གསུངས་ལ། དེའང་འཕགས་པ་འཇམ་དཔལ་ལ་བརྟེན་པ་ཉིད་མཆོག་ཏུ་བསྔགས་པས་ན། འདིར་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོ་འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལ་བརྟེན་ནས། དཀྱིལ་འཁོར་གྱི་སློབ་དཔོན་ཆེན་པོ་མི་ཏྲ་ཛོ་ཀིས་ལེགས་པར་བཀྲལ་བའི་བཀའ་སྲོལ་ལས་འབྱུང་བ་ལྟར་བསྒྲུབ་པ་ལ། ༩༽ །ཐུགས་རྗེ་ཆེན་པོ་ལྷ་བཅུ་གསུམ་མར། དེ་ལ་འདིར་ཐུགས་རྗེ་ཆེན་པོ་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འཕགས་མཆོག་ཕྱག་ན་པདྨོ་འདི་ཉིད་བྱ་རྒྱུད་ཀྱི་དབང་དུ་བྱས་ན། པདྨའི་རིགས་ཀྱི་བདག་པོའི་ཕྱོགས་སུ་གཏོགས་ཤིང་། སྤྱིར་སྲས་བཅས་རྒྱལ་བ་ཡོངས་ཀྱི་སྙིང་རྗེ་ཆེན་པོའི་ཡེ་ཤེས་གཟུགས་ཀྱི་རྣམ་པར་ཤར་བས་རིས་མེད་པའི་ཡིད་ཅན་ཀུན་ལ་ཐུགས་རྗེའི་འཇུག་པས་ལྷག་པར་ཁྱབ་པའི་ཕྱིར་བསྒྲུབ་ཐག་ཉེ་ཞིང་། ཁྱད་པར་བོད་ཁམས་ཀྱི་ལྗོངས་འདི་འཕགས་མཆོག་ཉིད་ཀྱི་གདུལ་ཞིང་དུ་གྱུར་པས། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོར་བསྟན་ནས་རྒྱལ་བསྟན་རིན་པོ་ཆེའི་སྲོལ་བཏོད་པ་ནས་བཟུང་། མཁས་པ་དང་། གྲུབ་པ་དང་། ཆོས་སྐྱོང་བའི་རྒྱལ་པོ་སོགས་ཀྱི་ཚུལ་བཟུང་། བསྟན་འགྲོར་ཕན་བདེའི་དགའ་སྟོན་ཅིག་ཅར་དུ་སྩལ་བས་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེ་བས། རྒྱུད་དང་། སྒྲུབ་ཐབས་དང་། མན་ངག་གི་རིམ་པའང་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལས། དེ་ལན་རྗེ་བཙུན་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལས་བྱུང་བ་ལྟར་བསྒྲུབ་པ་ལ། | |||
༡༠༽ །དོན་ཞགས་ལྷ་ལྔ་ལ། དེ་ནས་བྱ་རྒྱུད་པདྨའི་རིགས་ཀྱི་བདག་པོ་སྤྱན་རས་གཟིགས་དོན་ཡོད་ཞགས་པ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། སྤྱིར་དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོའི་རྗེས་སུ་འབྲང་ཏེ། གྲུབ་པའི་སློབ་དཔོན་ཨ་ར་པ་ཏིས་ལེགས་པར་བཀྲལ་བའི་དོན་ཞགས་ལྷ་མང་གི་དབང་དང་། ལྷ་ལྔའི་རྗེས་གནང་མན་ངག་དང་བཅས་པ་སོགས་སྙིང་རྗེ་ཆེན་པོ་བ་རི་ལོ་ཙཱ་ནས་བརྒྱུད་པ་དང་། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པ་སོགས་དེང་སང་གི་བར་དུའང་རྒྱུན་མ་ཉམས་པར་བཞུགས་ལ། འདི་ཉིད་ཀྱི་དབང་བླངས་ཏེ་དམ་ཚིག་ལ་གནས་པས་ཆོ་ག་ཚུལ་བཞིན་བསྒྲུབ་པའི་གང་ཟག་དེ། འཕགས་པ་སྤྱན་རས་གཟིགས་ཉིད་ཀྱིས་ཀྱང་མཆོད་ཅིང་བཀུར་བའི་གནས་སུ་གསུངས་ཏེ། དོན་ཞགས་ཆོ་ག་ཞིབ་མོ་ལས། བདག་ནི་སེམས་ཅན་དེ་ལ་དེ་བཞིན་གཤེགས་པ་ཡིན་པར་ཡང་འཛིན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཡིན་པས་སྤྱི་བོས་བཀུར་བར་བགྱིའོ། །རིགས་སྔགས་འཆང་ཟུངས་ཤིག་དང་། མཆོག་ཇི་ལྟར་འདོད་པ་དང་། ཇི་ལྟར་ཡིད་ལ་རེ་བ་དང་། བསམ་པ་ཐམས་ཅད་རྗེས་སུ་བཟུང་ཞིང་སྦྱིན་པར་བྱའོ། །ཞེས་པ་ལ་སོགས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་ཏེ། ཐ་ན་འདིའི་བྲིས་འབུར་གྱི་སྐུ་མཐོང་བ་དང་། རིག་སྔགས་བཟླ་བ་པོའི་རླུང་གི་རྫི་ཕོག་པའི་སྲོག་ཆགས་ཚུན་ཆད་ཀྱང་ངན་སོང་དུ་མི་འགྲོ་བར་གསུངས་པས་མཚོན་བྱིན་རླབས་དང་ཐུགས་རྗེའི་གཏེར་དུ་གྱུར་པ་འདི་ཉིད་ཀྱི་སྒོ་ནས་སློབ་མ་རྗེས་སུ་བཟུང་བའི་རིམ་པ། རྗེ་བཙུན་ཕྱག་ན་པདྨོའི་སྒྱུ་འཕྲུལ་རྒྱལ་སྲས་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༡༽ སེངྒེ་སྒྲ་ལྷ་ལྔ་ལ། དེ་ནས་འཇིག་རྟེན་དབང་ཕྱུག་སེངྒེ་སྒྲ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་བྱ་རྒྱུད་པདྨའི་རིགས་ཀྱི་འཁོར་ལོས་སྒྱུར་བ་དང་རྗེས་སུ་འབྲེལ་ཞིང་། །སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་ཁྱད་པར་ཅན་གྱི་མཐུས་མཚན་འཛིན་པའམ། གཟུངས་བཟླས་པ་ཙམ་གྱིས་ཀྱང་ཀླུ་དང་ས་བདག་གཙོ་བོར་གྱུར་པའི་འབྱུང་པོའི་གནོད་པ་ཐམས་ཅད་ཞི་བ་དང་། སྡིག་སྒྲིབ་ཐམས་ཅད་བྱང་བ་དང་། མྱོང་བར་ངེས་པའི་ལས་ཀྱི་རྣམ་སྨིན་ཀྱང་གྲོལ་བར་འགྱུར་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པར་བཤད་ལ། འཕགས་པས་རྗེས་བཟུང་བཙུན་པ་ཟླ་བའི་ཞབས་སོགས་ལས་བརྒྱུད་པའི་སྒྲུབ་ཐབས་དང་། གདོན་སྒྲོལ་སོགས་མན་ངག་གི་རིམ་པའང་ད་ལྟའི་བར་དུ་བཞུགས་པ་ལས། འདིར་སྙིང་རྗེའི་གཏེར་ཆེན་རྗེ་བཙུན་སྤྱན་རས་གཟིགས་དངོས་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༢༽ རྟ་མགྲིན་ལྷ་བཅུ་བདུན་ལ། དེ་ནས་བཅོམ་ལྡན་དཔལ་རྟ་མགྲིན་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་ཞི་བས་མི་འདུལ་བའི་གདུལ་བྱ་གདུག་ཅིང་གཏུམ་པ་རྣམས་ཀྱི་ཆེད་དུ་ཁྲོ་བོའི་རྣམ་པར་བཞེངས་པས་བྱ་རྒྱུད་ཀྱི་དབང་དུ་བྱས་ནས་པདྨའི་རིགས་ཀྱི་ཁྲོ་བོར་གཏོགས་ཤིང་། གཞན་ཡང་རྒྱུད་སྡེ་བཞི་ལས་རིགས་ཐ་དད་པའི་ལྷ་དང་སྔགས་ཀྱི་རྣམ་གྲངས་ཇི་སྙེད་ཅིག་གསུངས་ལ། སྤྱིར་སྡེ་བརྒྱད་ཀྱི་གནོད་པ་མཐའ་དག་དང་། ཁྱད་པར་རྒྱལ་བཙན་འབྱུང་པོའི་འཚེ་བ་འཇོམས་པ་དང་། དབང་དང་དྲག་པོའི་ལས་རབ་འབྱམས་ལ་མཆོག་ཏུ་བསྔགས་པ་ལས། འདིར་པདྨ་ཅོད་པན་གྱི་རྒྱུད་ལ་བརྟེན་ནས། གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་བཛྲས་ལེགས་པར་བཀྲལ་ཞིང་། སྙིང་རྗེའི་དབང་ཕྱུག་མི་ཏྲ་ཛོ་ཀིས་ཐུགས་ཉམས་སུ་བཞེས་པའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༣༽ མི་གཡོ་བ་ལྷ་བཅུ་གཅིག་ལ། དེ་ནས་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་ཁྲོ་བོ་བཅོམ་ལྡན་འདས་མི་གཡོ་བ་ལྷ་བཅུ་གཅིག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞལ་བཞུགས་པའི་དུས་དགེ་སློང་བསམ་གཏན་པ་ཞིག་ལ་བདུད་ཀྱི་འཚེ་བ་བྱུང་བའི་ཚེ། བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་རྡོ་རྗེ་གཏུམ་པོའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ། བདུད་འཁོར་བཅས་ཚར་བཅད་ཅིང་ཞབས་འོག་ཏུ་མནན་པས་ན། དེ་བཞིན་གཤེགས་པའི་ཐུགས་ལས་སྤྲུལ་པའི་ཁྲོ་བོ། བདུད་དང་བདུད་ཀྱི་རིས་ཀྱི་བར་ཆད་ཐམས་ཅད་བཟློག་པ་ལ་མཆོག་ཏུ་བསྔགས་པས། ཇོ་བོ་བཀའ་གདམ་པ་རྣམས་ཀྱིས་ཀྱང་ཐུགས་དམ་ལྷ་བཞིའི་ཡ་གྱལ་དུ་མཛད་ཅིང་། སྒྲུབ་ཐབས་དང་མན་ངག་གི་བཀའ་སྲོལ་ཀྱང་མང་དུ་མཆིས་པ་ལས། འདིར་དཀྱིལ་འཁོར་རྒྱ་མཚོའི་རྡོ་རྗེའི་སློབ་དཔོན་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༤༽ རྣམ་འཇོམས་ལྷ་ཉེར་གསུམ་ལ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ལྷ་ཉེར་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་འདི་ཉིད་ཀྱི་རྒྱུད་ལས། རྒྱུད་དོ་ཅོག་གི་རྩ་བ་སྟེ། ཞེས་སྤྱིར་རྒྱུད་སྡེ་བཞི་ཐམས་ཅད་ཀྱི་འཕྲོ་གཞི་དང་། ཁྱད་པར་བྱ་རྒྱུད་རྡོ་རྗེའི་རིགས་མཐའ་དག་གི་ཁྱབ་བྱེད་དུ་གསུངས་ཀྱང་། གཙོ་བོར་རྡོ་རྗེའི་རིགས་ཀྱི་ཁྲོ་བོར་གཏོགས་ལ། དོན་དུ་དཔལ་གསང་བའི་བདག་པོ་ཉིད་རིགས་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བ་སོགས་ལས་ཀྱི་ནུས་པ་འབྱིན་པའི་ལྷར་ཤར་བ་ཡིན་པས་ཐུགས་རྗེ་དང་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེས་ཆེ་བའི་ཕྱིར་སྔགས་རྒྱུད་ཀྱི་རྣམ་གྲངས་དུ་མ་དང་། གྲུབ་པའི་སློབ་དཔོན་ལས་ཀྱི་རྡོ་རྗེ་དང་། ས་བ་རི་པ་དང་། མ་ཎི་ཀ་བཛྲ་སོགས་ཀྱིས་བཀྲལ་བའི་དབང་དང་སྒྲུབ་ཐབས་ལས་ཚོགས་ཀྱི་རིམ་པ་བཅས་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལས། འདིར་རྗེ་བཙུན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༥༽ ཕྱག་རྡོར་མདོ་ལུགས་ལ། དེ་རྣམས་ཀྱིས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་གྲུབ་ཆེན་མི་ཏྲ་ཛོ་ཀི་ནས་བརྒྱུད་པའི་ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་ལས། རྒྱུད་སྡེ་བཞིའི་དང་པོ་བྱ་བའི་རྒྱུད་ཀྱི་དཀྱིལ་འཁོར་ཆེན་པོ་བཅོ་ལྔར་དབང་བསྐུར་བའི་རིམ་པ་རྣམས་ལེགས་པར་གྲུབ་པ་ལགས། ཅེས་པ་ལྟ་བུའི་འགྲེས་སྦྱར་ཏེ། དེ་ནས་རྒྱུད་སྡེ་གཉིས་པ་སྤྱོད་པའི་རྒྱུད་ཀྱི་དཀྱིལ་འཁོར་རྣམས་སུ་དབང་བསྐུར་བ་ཡིན་ཏེ། དེ་ལ་རྒྱུད་འདིའི་མཚན་ཉིད་ནི། འཛུམ་ཞིང་དགོད་པའི་བདེ་བ་ལམ་དུ་བྱས་ཏེ་ཡིད་མཚན་རྟོག་ལས་སྐྱོབ་པར་བྱེད་པའི་ཐབས་འཁོར་དང་བཅས་པའོ། །སྒྲ་དོན་ནི། ཨུ་བྷ་ཡ་ཏནྟྲ་ཞེས་པའི་སྒྲ་ལས་དྲངས་ན། གཉིས་ཀའི་རྒྱུད་དམ། སྤྱོད་པའི་རྒྱུད་ཅེས་བྱ་སྟེ། ཕྱི་ལུས་ངག་གི་བྱ་བ་དང་། ནང་ཏིང་ངེ་འཛིན་ཆ་མཉམ་དུ་སྤྱོད་པས་གཉིས་ཀ་གཞི་མཐུན་པའི་ཕྱིར་དེ་སྐད་དོ། །དབྱེ་ན། སྐུའི་རྒྱུད་དེ་བཞིན་གཤེགས་པའི་རིགས་དང་། གསུང་གི་རྒྱུད་པདྨའི་རིགས་དང་། ཐུགས་ཀྱི་རྒྱུད་རྡོ་རྗེའི་རིགས་ཏེ་གསུམ་མོ། །དེ་གསུམ་ཀའི་ལམ་གྱི་རིམ་པའང་སྤྱོད་པ་གསུམ་གྱིས་བསྡུས་ཏེ། འཇུག་པའི་སྤྱོད་པ་ནི། ཕྱི་ལྟར་འཇུག་པ་ཆུ་ཅོད་པན་རྡོ་རྗེ་དྲིལ་བུ་མིང་དང་བཅས་པའི་དབང་གིས་སྨིན་ཅིང་དམ་ཚིག་ལ་གནས་པ་དང་། ནང་ལྟར་འཇུག་པ་མཚན་བཅས་ལྷ་ཡི་རྣལ་འབྱོར་དང་། མཚན་མེད་འཇུག་གནས་ལྡང་གསུམ་གྱིས་ཁྱད་པར་དུ་བྱས་པའི་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །སྦྱོར་བའི་སྤྱོད་པ་ནི། ཕྱི་ནང་གི་བཟླས་བརྗོད་ལ་བརྟེན་ནས་ཞི་ལྷག་གི་ཏིང་ངེ་འཛིན་བསྒོམ་པའོ། །གྲུབ་པའི་སྤྱོད་པ་ནི། རྫས་སྔགས་དང་བསམ་གཏན་ལ་བརྟེན་ནས། །རིག་པ་འཛིན་པ་དང་། རྫུ་འཕྲུལ་དང་། མངོན་ཤེས་སོགས་བསྒྲུབས་ནས། རྟེན་དེ་ཉིད་ཀྱིས་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བའོ། །དེ་ལས་འདིར་ཐུགས་རྗེའི་རིགས་ཀྱི་ཁྲོ་བོ་དཔལ་ཕྱག་ན་རྡོ་རྗེའི་སྐོར་ལས། ཐོག་མར་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ཀྱིས་གོས་སྔོན་ཅན་གྱི་གཟུངས་མདོ་ལ་བརྟེན་ནས་ལེགས་པར་བཀྲལ་བའི་ཕྱག་ན་རྡོ་རྗེ་མདོ་ལུགས་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་བསྒྲུབ་པ་ལ། ༡༦༽ ཕྱག་རྡོར་འགྲོ་བཟང་ལུགས་ལ། དེ་ནས་ཕྱག་ན་རྡོ་རྗེ་འགྲོ་བཟང་ལུགས་ལྷ་དྲུག་བཅུ་རྩ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། ཕྱག་རྡོར་ལ་ཆེ་བ་དགུའམ་དྲུག་ཏུ་གྲགས་པའི་ནང་ཚན། འདི་ནི་འགྲོ་བཟང་ཆོས་སྐྱོང་གི་ཆེ་བ་ཞེས་བྱ་སྟེ། འདིའི་ཆོས་སྐྱོང་གི་ཚུལ་དུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་སྐོར། མཐའ་ཡས་པ་འབྱུང་བས་སོ། །དེ་ལ་སྤྱིར་གྲུབ་པའི་སློབ་དཔོན་འགྲོ་བཟང་སྙིང་པོའི་ཞབས་ཀྱིས་གོས་སྔོན་ཅན་གྱི་གཟུངས་དང་རྟོག་པ་སོགས་ལ་བརྟེན་ནས་བཀྲལ་བའི་ཟུར་བཀའི་དབང་རྗེས་གནང་མན་ངག་དང་བཅས་པའང་དེང་སང་གི་བར་མ་ནུབ་པར་ཡོད་མོད། འདིར་ནི་མཁས་ཤིང་དངོས་གྲུབ་མཆོག་བརྙེས་གྲུབ་ཆེན་མི་ཏྲ་ཛོ་ཀི་ནས་བརྒྱུད་པའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༧༽ ཕྱག་རྡོར་བདུད་རྩི་ཐིག་པ་ལ། དེ་ནས་ཕྱག་ན་རྡོ་རྗེ་བདུད་རྩི་ཐིག་པ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་གོས་སྔོན་ཅན་ཁྲོས་པའི་ཚུལ་གྱིས་ཞལ་གསུམ་ཕྱག་དྲུག་པའི་རྣམ་པར་བསྟན་ནས། གནོད་སྦྱིན་གཏུམ་པོ་དང་། ཀླུ་གཉན་ས་བདག་མ་རུང་པ་རྣམས་འདུལ་བར་ཆེད་དུ་བསྔགས་པ་སྟེ། དེ་ལྟ་བུའི་དབང་བསྐུར་གྲུབ་ཆེན་མི་ཏྲའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༨༽ ཕྱག་རྡོར་གོས་སྔོན་ཅན་མདོར་བསྡུས་ལ། དེ་ལ་འདིར་ཕྱག་ན་རྡོ་རྗེ་མདོར་བསྡུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། སྤྱིར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ངོ་བོའི་ཆ་ནས་ཆོས་ཀྱི་སྐུ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཡང་། རྣམ་པ་གཟུགས་སྐུ་ཞལ་ཕྱག་གི་ཚུལ་དུ་བཞེངས་པ་ནི་དཔལ་གསང་བའི་བདག་པོ་འདི་ཉིད་ཡིན་ལ། ཁྱད་པར་དུ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་ཕྱིར། ལོག་འདྲེན་འབྱུང་པོའི་ཚོགས་མ་རུང་པ་རྣམས་འདུལ་བ་ལ་ཡེ་ཤེས་ཀྱི་ཁྲོ་བོ་གཞན་ལས་ཀྱང་ཆེས་ཁྱད་པར་འཕགས་པས། རྒྱུད་སྡེ་བཞི་ཀ་ལས་ལྷ་དང་། སྔགས་དང་། སྒྲུབ་པའི་ཐབས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། གངས་ཅན་གྱི་ལྗོངས་འདིར་གཙོ་བོར་དཔལ་ཕྱག་ན་རྡོ་རྗེ་ལ་ཆེ་བ་དགུ་ཞེས་ཡོངས་སུ་གྲགས་ཏེ། ཕྱག་རྡོར་མདོ་ལུགས་མཛེ་གསོས་ཀྱི་ཆེ་བ། གོས་སྔོན་ཅན་ཆོས་སྐྱོང་གི་ཆེ་བ། འབྱུང་པོ་འདུལ་བྱེད་མི་དམིགས་ཀྱི་ཆེ་བ། རྡོ་རྗེ་བདེ་ཁྲོས་ཀླུ་འདུལ་གྱི་ཆེ་བ། འཁོར་ལོ་ཆེན་པོ་དབང་གི་ཆེ་བ། རྡོ་རྗེ་བེ་ཅོན་རྒྱུད་ཀྱི་ཆེ་བ། ཨུ་ཙཱཪྻ་དྲག་སྔགས་ཀྱི་ཆེ་བ། གཏུམ་པོ་ཁྱུང་གི་ཆེ་བ། རྡོ་རྗེ་མེ་ལྕེ་སྡེ་བརྒྱད་གནད་ལ་དབབ་པའི་ཆེ་བ་རྣམས་ལས། འདིར་གོས་སྔོན་ཅན་གཙོ་རྐྱང་ཕྱག་མཚན་གྱིས་བསྐོར་བའི་དཀྱིལ་འཁོར་དུ་སྤྱོད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ་དཀྱིལ་འཁོར་རྒྱ་མཚོའི་ཤིང་རྟ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༩༽ ཕྱག་རྡོར་མཆོད་རྟེན་སྔོན་པོ་ཅན་ལྷ་ལྔ་ལ། དེ་ནས་དཔལ་གསང་བའི་བདག་པོ་མཆོད་རྟེན་སྔོན་པོ་ཅན་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་ལྷའི་ངོ་བོ་གོས་སྔོན་ཅན་དུ་གནས་ཀྱང་། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལས་སྤྲུལ་པ་མཚོན་པའི་ཕྱིར་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པའི་མཆོད་རྟེན་གྱི་དབུས་སུ་བཞུགས་པས་ཐ་སྙད་དུ་དེ་ལྟར་གྲགས་ལ། ཡེ་ཤེས་གཅིག་ཉིད་རྣམ་པ་ཐམས་ཅད་པར་ཤར་བའི་ཕྱིར་དེ་བཞིན་གཤེགས་པ་རིགས་བཞི་དང་བཅས་པའི་དཀྱིལ་འཁོར་དུ། སློབ་མ་སྨིན་བྱེད་ཀྱི་ཆོ་ག་གྲུབ་པའི་དབང་ཕྱུག་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། | |||
༢༠༽ ཕྱག་རྡོར་ལྕགས་སྦུབས་མ་ལ། དེ་ནས་ཕྱག་ན་རྡོ་རྗེ་ལྕགས་སྦུབས་མ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དཔལ་གསང་བའི་བདག་པོ་འདི་ཉིད་དོན་དམ་པར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོར་མངོན་པར་བྱང་ཆུབ་པའི་གོ་འཕང་བརྙེས་སུ་ཟིན་ཀྱང་། གནས་སྐབས་གདུལ་བྱ་རྣམས་དྲང་བའི་སླད་དུ་རྒྱལ་བའི་སྲས་ཀྱི་ཐུ་བོའི་ཚུལ་གྱིས་དེ་བཞིན་གཤེགས་པ་མཐའ་དག་གི་སྐུ་གསུང་ཐུགས་ཀྱི་གསང་བ་འཛིན་པ་དང་། གདུལ་བྱ་གདུག་ཅིང་གཏུམ་པོ་རྣམས་ཀྱི་ཆེད་དུ་དྲག་པོའི་སྐུར་བཞེངས་ཏེ་རྡོ་རྗེའི་ལྷ་དང་སྔགས་ཀྱི་རིག་པ་ཡིད་ལ་དྲན་པས་ཀྱང་གཟའ་ཀླུ་འབྱུང་པོའི་འཚེ་བ་མིང་གི་ལྷག་མར་མཛད་པ་ཇི་སྙེད་ཅིག་གསུངས་པ་ལས། འདིར་ཁམས་གསུམ་གྱི་དྲེགས་པ་ཅན་ཐམས་ཅད་ཀྱི་གཉེན་པོར་བཞེངས་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཏུམ་པོའི་སྨིན་བྱེད་ཀྱི་རིམ་པ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༢༡༽ གཏུམ་པོ་ཁྱུང་ཤམ་ཅན་ལ། དེ་ནས་དཔལ་གསང་བདག་རྡོ་རྗེ་གཏུམ་པོ་ཁྱུང་ཤམ་ཅན་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་ཆེ་བ་དགུའི་ནང་ཚན་གཏུམ་པོ་ཁྱུང་གི་ཆེ་བ་ཞེས་གྲགས་ཤིང་། དཔལ་གསང་བ་མངོན་བསྟན་གྱི་རྒྱུད་ལ་བརྟེན་ནས། གྲུབ་པའི་སློབ་དཔོན་ལས་ཀྱི་རྡོ་རྗེས་ལེགས་པར་བཀྲལ་བའི་ཕྱི་སྒྲུབ་ལྷ་ལྔ། ནང་སྒྲུབ་ལྷ་བཅུ་གསུམ་མ། གསང་སྒྲུབ་ལྷ་ཉེར་གཅིག་མ་རྣམས་དང་། དཀྱིལ་འཁོར་དང་མ་འབྲེལ་བ་གཙོ་རྐྱང་གི་སྒྲུབ་ཐབས་སོགས་དབང་རྗེས་གནང་མན་ངག་དང་བཅས་པ་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལས། འདིར་མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེའི་སློབ་དཔོན་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༢༢༽ རྡོ་རྗེ་ཁྱུང་དགུ་ལ། དེ་ནས་རྡོ་རྗེ་ཁྱུང་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་བཅོམ་ལྡན་འདས་རྡོ་རྗེ་ནམ་མཁའ་ལྡིང་འདི་ནི་དཔལ་གསང་བའི་བདག་པོ་ཉིད། ཤིན་ཏུ་གདུག་ཅིང་གཏུམ་པའི་ཀླུ་གཉན་ས་བདག་གི་གཉེན་པོར་ཆེད་དུ་བཞེངས་པ་སྟེ། །འདི་ལ་དཔལ་དུས་ཀྱི་འཁོར་ལོ་དང་། བདེ་མཆོག་མངོན་བརྗོད་འབུམ་པ་དང་། གཞན་ཡང་རྒྱུད་སྡེ་འགའ་ཞིག་ལས་གསུངས་པའི་རྗེས་གནང་དང་མན་ངག་སོགས་ཀྱི་རྒྱུན་མ་ཉམས་པ་ཡོད་པ་ལས། འདིར་གྲུབ་པའི་སློབ་དཔོན་མི་ཏྲ་ཛོ་ཀིས་སྤྱོད་རྒྱུད་དང་མཐུན་པར་བཀྲལ་བའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ཞེས་དང་། མཐར། དེ་རྣམས་ཀྱི་སྒོ་ནས་མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེའི་སློབ་དཔོན་རྒྱུད་སྡེ་རྒྱ་མཚོའི་ཤིང་རྟ་ཆེན་པོ་རྗེ་བཙུན་མི་ཏྲ་ཛོ་ཀིས་ལེགས་པར་བཀྲལ་བའི་ལྷག་པའི་ལྷ་རབ་འབྱམས་ཀྱི་དབང་བསྐུར་བ་ལས། སྤྱོད་པའི་རྒྱུད་དང་རྗེས་སུ་འབྲེལ་བའི་དཀྱིལ་འཁོར་ཆེན་པོ་རྣམས་སུ་དབང་བསྐུར་བའི་རིམ་པ་རྣམས་ལེགས་པར་ཕུལ་གྲུབ་པ་ལགས། ཅེས་སྦྱར། ༢༣༽ མི་འཁྲུགས་པ་ལྷ་བཅུ་གསུམ་མར། དེ་ནས་རྒྱུད་སྡེ་གསུམ་པ་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་སུ་དབང་བསྐུར་བ་ཡིན་ཏེ། དེ་ལ་རྒྱུད་འདི་ཡི་ངོ་བོ་ནི། ལག་བཅང་གི་བདེ་བ་ལམ་དུ་བྱས་ཏེ་ཡིད་མཚན་རྟོག་ལས་སྐྱོབ་པར་བྱེད་པའི་ཐབས་འཁོར་དང་བཅས་པའོ། །སྒྲ་དོན་ནི། ཡོ་ག་ཏནྟྲ་ཞེས་པའི་སྒྲ་ལས་དྲངས་ནས། རྣལ་འབྱོར་གྱི་རྒྱུད་དེ། ཐབས་དང་ཤེས་རབ་ཟུང་དུ་སྦྱོར་བའི་ནང་གི་རྣལ་འབྱོར་ལ་གཙོ་བོར་གཞོལ་བའི་ཕྱིར་དེ་སྐད་དོ། །དབྱེ་ན། རྩ་བའི་རྒྱུད་དཔལ་དེ་ཉིད་འདུས་པ། བཤད་པའི་རྒྱུད་རྡོ་རྗེ་རྩེ་མོ། ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོ། །འཕྲོས་པའི་རྒྱུད་ངན་སོང་སྦྱོང་བ་སོགས་མང་དུ་བཞུགས་ཤིང་། ལམ་གྱི་རིམ་པའང་། སློབ་མའི་དབང་ལྔ་དང་། སློབ་དཔོན་གྱིས་དབང་དྲུག་སྟེ་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་དུ་བསྒྲུབ་པའི་དབང་འཁོར་དང་བཅས་པ་བླངས་པས་རྒྱུད་སྨིན་ཅིང་། རིགས་ལྔ་སྤྱི་དང་སོ་སོས་བསྡུས་པའི་དམ་ཚིག་ལ་ཚུལ་བཞིན་དུ་གནས་པས། དང་པོའི་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག །ལས་རྒྱལ་མཆོག་སྟེ་ཏིང་ངེ་འཛིན་གསུམ་ལ། རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། ཐམས་ཅད་རྣལ་འབྱོར་ཏེ་རྣལ་འབྱོར་བཞི་དང་། བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་དང་། མཆོད་པ་དང་། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ཏེ་ཆོ་འཕྲུལ་རྣམ་པ་བཞིས་ཁ་བསྐང་སྟེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པ་ཟུང་དུ་འབྲེལ་བར་ཉམས་སུ་བླངས་ནས། བཟླས་བརྗོད་དང་ཏིང་ངེ་འཛིན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་དང་། ཕྱག་རྒྱའི་ཡེ་ཤེས་ལ་བསླབ་པས་རིམ་གྱིས་མཆོག་གི་དངོས་གྲུབ་འགྲུབ་པར་བྱེད་པའོ། །དེ་ལས་འདིར་ཐོག་མར་ཆ་མཐུན་གྱི་རྒྱུད་དམ། འཕྲོས་པའི་རྒྱུད་དུ་གཏོགས་པ་རྡོ་རྗེ་མི་འཁྲུགས་པ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཡིན་ཏེ། དེ་ཡང་སངས་རྒྱས་ཐམས་ཅད་མཉམ་པ་གསུམ་གྱི་སྒོ་ནས་སྤངས་རྟོགས་དང་ཕྲིན་ལས་ཁྱད་པར་མེད་ཀྱང་། སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དབང་གིས་ལས་ཀྱི་སྒྲིབ་པ་སྦྱོང་བ་ལ་མཆོག་ཏུ་བསྔགས་པ་ནི་བཅོམ་ལྡན་འདས་མི་འཁྲུགས་པ་འདི་ཉིད་དེ། མཚན་ལན་ཅིག་ཙམ་ཐོས་པ་དང་། གཟུངས་སྔགས་བྲིས་པ་མཐོང་བ་ཙམ་གྱིས་ཀྱང་ངན་སོང་དུ་སྐྱེ་བའི་ལས་ཀྱི་སྒྲིབ་པ་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ལྷག་མེད་དུ་ཞི་བར་གསུངས་ན། དཀྱིལ་འཁོར་ཆེན་པོར་ཞུགས་ཏེ་ལྷ་དང་སྐལ་པ་མཉམ་ཞིང་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པའི་བྱིན་རླབས་རྒྱུད་ལ་འཇུག་ཅིང་བརྟན་པར་བྱས་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཞི་ཞིང་། མཆོག་ཐུན་གྱི་དངོས་གྲུབ་མཐའ་དག་འཐོབ་པར་འགྱུར་བ་ནི་ལྟ་སྨོས་ཀྱང་ཅི་དགོས་པས། དེ་ལྟ་བུའི་བྱིན་རླབས་དང་ཐུགས་རྗེ་རྨད་དུ་བྱུང་བའི་ལྷག་པའི་ལྷ་འདི་ཉིད་ཀྱི་སྒོ་ནས་སྨིན་བྱེད་ཀྱི་རིམ་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡབ་སྲས་སོགས་ནས་བརྒྱུད་པའི་མི་འཁྲུགས་པ་ལྷ་དགུ་དང་། ལྷ་བཅུ་གསུམ་མ་གཉིས་ཀྱི་དབང་བཀའི་རྒྱུན་ཡང་མ་ནུབ་པར་ཡོད་མོད། འདིར་ནི་གྲུབ་ཆེན་རྣལ་འབྱོར་གྱི་དབང་པོ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༢༤༽ གཙུག་དགུ་ལ། དེ་ནས་ཤཱཀྱ་སེངྒེ་གཙུག་གཏོར་དགུ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་འཕྲོས་པའི་རྒྱུད་ཀྱི་ཁོངས་སུ་གཏོགས་པ་ངན་སོང་སྦྱོང་རྒྱུད་དང་། སྒོས་རྒྱུད་པཎྜི་ཏ་སྨྲྀ་ཏིས་བསྒྱུར་བ་ལས་ཀྱང་གསལ་བར་གསུངས་ཤིང་། ངན་སོང་དུ་སྐྱེ་བའི་ལས་ཀྱི་སྒྲིབ་པ་སྦྱོང་བ་ལ་མཆོག་ཏུ་བསྔགས་པས། སྒོས་བཀའི་དབང་བསྐུར་བའི་རྒྱུན་ཡང་དེང་སང་གི་བར་མ་ཉམས་པར་བཞུགས་མོད། འདིར་ནི་རྡོ་རྗེ་ཐེག་པའི་ཤིང་རྟ་ཆེན་པོ་རྗེ་བཙུན་མི་ཏྲའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༢༥༽ ཀུན་རིག་རྩ་བའི་དཀྱིལ་འཁོར་ལ། དེ་ནས་ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ལ་བཅོམ་ལྡན་འདས་ཐམས་ཅད་རིག་པ་འདི་ནི་རྩ་རྒྱུད་དེ་ཉིད་འདུས་པའི་དུམ་བུ་དང་པོ་ངན་འགྲོ་དགུག་ཅིང་སྡིག་པ་བྲལ་བ་ལས་འཕྲོས་པའི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་བརྟག་པ་དང་པོའི་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་པས་ན། འཕགས་པའི་ཡུལ་དུ་རྣལ་འབྱོར་རྒྱུད་ཀྱི་ཤིང་རྟ་ཆེན་པོ་སློབ་དཔོན་ཀུན་དགའ་སྙིང་པོས་ལེགས་པར་བཀྲལ་ཞིང་། བོད་ཡུལ་འདིར་བཀའ་སྲོལ་མི་འདྲ་བ་དུ་མ་བྱུང་བའི་རྒྱུན་དེང་སོང་གི་བར་དུ་ལྷག་པར་འཕེལ་བ་ལས། ལྷ་སྔགས་ཀྱི་མཚན་ཐོས་པ་ཙམ་གྱིས་ཀྱང་ངན་སོང་དུ་སྐྱེ་བའི་ལས་ཀྱི་སྒྲིབ་པ་སྦྱོང་བ་སོགས་བྱིན་རླབས་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པར་བཞུགས་པ་འདི་ཉིད་ཀྱི་སྒོ་ནས། སློབ་མ་སྨིན་བྱེད་ཀྱི་རིམ་པ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༢༦༽ ཚེ་དཔག་མེད་གསུང་གི་དཀྱིལ་འཁོར་ལ། དེ་ནས་ཚེ་དཔག་མེད་གསུང་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་ངན་སོང་སྦྱོང་བའི་རྒྱུད་ཀྱི་བརྟག་པ་ཕྱི་མ་ལས་གསུངས་ཤིང་། ཇོ་བོ་རྗེ་ནས་གོ་མི་བསྒོམ་ཆེན་སོགས་ལ་བརྒྱུད་ནས་རྩ་སྣུར་འཛིམ་གསུམ་གྱིས་དར་རྒྱས་སུ་མཛད་པའི་ཟུར་བཀའི་རྒྱུན་ཡང་མ་ནུབ་པར་མཆིས་མོད། འདིར་ནི་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༢༧༽ ཕྱག་ན་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་ལ། དེ་ལ་འདིར་དཔལ་ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་སྦྱོང་རྒྱུད་བརྟག་པ་ཕྱི་མ་ལས་དཔལ་གསང་བའི་བདག་པོ་ཉིད་སེམས་ཅན་ཐམས་ཅད་ཀྱི་ཚེ་དཔག་ཏུ་མེད་པས་ཁྱབ་པར་འབྱུང་བའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཚེ་དང་། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པར་འཕེལ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་ཐུགས་ཀ་ནས་ཕྱུང་མ་ཐག་ཏུ་ངན་སོང་གི་སྡུག་བསྔལ་ཐམས་ཅད་ཞི་ཞིང་། རྣམ་པར་གྲོལ་བའི་གོ་འཕང་ལ་བཀོད་པ་སོགས་སྔོན་བྱུང་གི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པའི་ཚུལ་དང་། ལྷ་དང་། སྔགས་དང་། དབང་བསྐུར་བ་དང་། དངོས་གྲུབ་ཀྱི་ཡེ་ཤེས་ལ་བསླབ་པའི་ཚུལ་སོགས་རྒྱ་ཆེར་གསུངས་པ་ལྟར། གྲུབ་པའི་སློབ་དཔོན་ཀུན་དགའ་སྙིང་པོ་སོགས་ཀྱིས་བཀྲལ་བའི་ཟུར་བཀའི་དབང་རྒྱུན་རྣམ་པར་དག་པ་དང་། ལམ་འདི་ལ་བརྟེན་ནས་རང་གཞན་གྱི་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་གྲོལ་བ་དང་། ཚེ་དང་བསོད་ནམས་ཀྱི་དགེ་མཚན་རྒྱས་པ་སོགས་བྱིན་རླབས་མངོན་སུམ་དུ་འབྱུང་བའི་གཏམ་རྒྱུད་ངོ་མཚར་བའང་མཆིས་པ་ལས། འདིར་སྔགས་གཞུང་རྒྱ་མཚོའི་ཤིང་རྟ་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༢༨༽ བདེ་བ་ཆེན་པོའི་དཀྱིལ་འཁོར་ལ། དེ་ནས་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ལྷ་བརྒྱ་དང་ལྔ་བཅུ་རྩ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་སྦྱོང་རྒྱུད་བརྟག་པ་ཕྱི་མ་ལས། བདེ་བས་བདེ་བ་བསྐྱེད་ནས་ནི། །དཀྱིལ་འཁོར་བཟང་པོའི་དབུས་སུ་ནི། །ཀུན་ཏུ་བཟང་ངམ་བདེ་བ་ཆེ། །བདག་ཉིད་ཀྱིས་ནི་བསྒོམ་ནས་ཀྱང་། །སྙིང་གར་ཧཱུྃ་ཞེས་བསམ་བྱས་ན། །རྡོ་རྗེ་སེམས་དཔའ་མཉམ་པར་འགྱུར། །དཔལ་ལྡན་ལས་རྣམས་ཀུན་བྱེད་ཅིང་། །ཀུན་ཏུ་བཟང་པོར་བདག་ཉིད་འགྱུར། ཞེས་སོགས་མཆོག་ཐུན་གྱི་དངོས་གྲུབ་རབ་འབྱམས་རྒྱ་ཆེར་བསྒྲུབ་པ་ལ་གཅིག་ཏུ་བསྔགས་པའི་ཡོན་ཏན་རིགས་ཀྱི་འཁོར་ལོས་སྒྱུར་བ་དང་རྗེས་སུ་འབྲེལ་བར་སློབ་མ་སྨིན་བྱེད་ཀྱི་ཆོ་ག་གྲུབ་ཆེན་མི་ཏྲའི་བཀའ་སྲོལ་ལྟར་བགྱི་བ་ལ། ༢༩༽ མེ་ལྟར་འབར་བ་ལ། དེ་ནས་མེ་ལྟར་འབར་བ་ཕྲིན་ལས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཡང་སྦྱོང་རྒྱུད་བརྟག་པ་ཕྱི་མ་ལས། དཔལ་གསང་བའི་བདག་པོ་ཉིད་རྡོ་རྗེ་སེམས་དཔའ་རྣམ་པར་བཞེངས་ཏེ་གཉིས་སུ་མེད་པར་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་ཏེ། རྡོ་རྗེ་སེམས་དཔའི་ཁྲོ་བོ་མེ་ཡི་རྡོ་རྗེ་ཉི་མ་ཞེས་བྱ་བའི་སྙིང་པོ་འདི་ཐུགས་ཀ་ནས་ཕྱུང་བར་བཤད་ལ། དྲག་ཤུལ་གྱི་ལས་གཙོ་བོར་གྱུར་པའི་རྣམ་བཞིའི་ཕྲིན་ལས་བསྒྲུབ་པ་ལ་མཆོག་ཏུ་བསྔགས་པའི་སྨིན་བྱེད་ཀྱི་ཆོ་ག་གྲུབ་ཆེན་མི་ཏྲའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། | |||
༣༠༽ ཕྱོགས་སྐྱོང་རྒྱལ་ཆེན་ལ། དེ་ནས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱོགས་སྐྱོང་རྒྱལ་ཆེན་གྱིས་བསྐོར་བ་ལྷ་ཉེར་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་ཀྱང་སྦྱོང་རྒྱུད་བརྟག་པ་ཕྱི་མར། བཅོམ་ལྡན་འདས་གསང་བའི་བདག་པོ་ཉིད་ལ་འཇིག་རྟེན་སྐྱོང་བ་ཆེན་པོ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བའི་སླད་དུ་རང་རང་གི་སྙིང་པོ་ཕུལ་བ་ན་གསང་བདག་གིས་ཀྱང་བྱིན་གྱིས་བརླབས་ཤིང་། སོ་སོའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་སོགས་བཤད་པ་དང་། ཇི་སྐད་བཤད་པ་བཞིན་དབང་བསྐུར་བ་ཐོབ་པ་དེ་ལ། འཇིག་རྟེན་སྐྱོང་བ་རྣམས་ཕྱི་བཞིན་དུ་རྗེས་སུ་འབྲངས་ཏེ། ཡོངས་སུ་སྲུང་བ་དང་། བསྐྱབ་པ་དང་། སྦ་བ་དང་། ལས་ཐམས་ཅད་བསྒྲུབ་པར་བཤད་པས་མཚོན། ཕན་ཡོན་ཁྱད་པར་ཅན་དང་ལྡན་པའི་སྒོ་ནས་སློབ་མ་གཞུག་པའི་ཆོ་ག་གྲུབ་ཆེན་མི་ཏྲའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༣༡༽ གཟའ་སྐར་གྱི་དཀྱིལ་འཁོར་ལ། དེ་ནས་བཅོམ་ལྡན་འདས་དཔལ་གསང་བའི་བདག་པོ་གཟའ་དང་རྒྱུ་སྐར་གྱིས་བསྐོར་བའི་ལྷ་བཞི་བཅུ་རྩ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཡང་རྒྱུད་སྔ་མ་དེ་ཉིད་ལས་བཤད་ཅིང་། གཟའ་དང་རྒྱུ་སྐར་གྱི་གནོད་པ་ཐམས་ཅད་ཞི་ཞིང་སྲུང་བ་དང་། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་སོགས་ལ་ཆེད་དུ་བསྔགས་པ་སྟེ། དེ་ལྟ་བུའི་སྒོ་ནས་སློབ་མ་སྨིན་བྱེད་ཀྱི་ཆོ་ག་གྲུབ་ཆེན་མི་ཏྲའི་བཞེད་སྲོལ་ལྟར་བསྒྲུབ་པ་ལ། ༣༢༽ ཀླུ་བརྒྱད་ལ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཀླུ་བརྒྱད་ཀྱིས་བསྐོར་བ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་ཀྱང་སྦྱོང་རྒྱུད་བརྟག་པ་ཕྱི་མ་ལས་གསུངས་ཤིང་། དབང་བསྐུར་ཐོབ་པ་ཙམ་གྱིས་ཀྱང་ཀླུ་རྣམས་ཀྱིས་མངོན་པར་བསྲུང་ཞིང་། སྟོབས་དང་། བརྩོན་འགྲུས་བསྐྱེད་པ་དང་། དུག་ཞི་བ་དང་། དུས་དུས་སུ་ཆར་འབེབས་པ་དང་། ཕས་རྒོལ་གྱི་འཇིགས་པ་མཐའ་དག་ལས་སྐྱོབ་པ་སོགས་ཡོན་ཏན་མཐའ་ཀླས་པར་བསྔགས་པས་ན། འདིར་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་སློབ་མ་འཇུག་ཅིང་དབང་བསྐུར་བ་བསྒྲུབ་པ་ལ། ཞེས་དང་། མཐར། དེ་ལྟར་ན་ཤཱཀྱ་ཐུབ་པ་སྐུའི་དཀྱིལ་འཁོར་གཙུག་ཏོར་དགུ་པ་ནས་བཟུང་སྟེ། འདི་ཡན་ཆད་ཀྱི་དཀྱིལ་འཁོར་དགུ་ལས། ཕྱོགས་སྐྱོང་དང་རྒྱལ་ཆེན་གྱི་དཀྱིལ་འཁོར་སོ་སོ་ཕྱེ་ཞིང་། འཇིགས་བྱེད་དགུ་དང་། ལྷ་ཆེན་བརྒྱད་ཀྱི་དཀྱིལ་འཁོར་གཉིས་བསྣན་པས་ངན་སོང་སྦྱོང་རྒྱུད་ལས་གསུངས་པའི་དཀྱིལ་འཁོར་བཅུ་གཉིས་ཞེས་ཡོངས་སུ་གྲགས་པ་སྟེ། དེ་ལས་ད་ལན་འདིར་འཇིགས་བྱེད་དང་། ལྷ་ཆེན་མ་གཏོགས་པའི་དཀྱིལ་འཁོར་ཆེན་པོ་རྣམས་སུ་དབང་བསྐུར་བ་སྦྱོང་རྒྱུད་རང་ལུགས་ཀྱི་ཆོ་གའི་སྒོ་ནས་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་སྙིང་རྗེ་ཆེན་པོ་དཔལ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་ལེགས་པར་ཕུལ་གྲུབ་པ་ལགས། ༣༣༽ རྡོར་དབྱིངས་ལྷ་ང་གསུམ་ལ། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་དབྱིངས་ལྷ་ལྔ་བཅུ་རྩ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་རྣལ་འབྱོར་གྱི་རྒྱུད་སྡེ་ཐམས་ཅད་ཀྱི་གཞིའམ་རྩ་བ་ལྟ་བུ་དཔལ་དེ་ཉིད་འདུས་པ་ལས་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་པས་ན། འཕགས་པའི་ཡུལ་དུ་རྒྱལ་པོ་རབ་གསལ་ཟླ་བ་ལ་ཐོག་མར་བཀའ་བབས་པ། སླད་ནས་ཡོ་གའི་སྲོལ་འབྱེད་ཆེན་པོ་སློབ་དཔོན་ཀུན་དགའ་སྙིང་པོ་དང་། ཤཱཀྱ་བཤེས་གཉེན་སོགས་ཀྱིས་རྒྱ་ཆེར་བཀྲལ་ཞིང་། གངས་ཅན་གྱི་ལྗོངས་འདིར་ལོ་ཙཱ་བ་རིན་ཆེན་བཟང་པོ་ཡབ་སྲས་དང་། རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་ཞལ་སློབ་བརྒྱུད་འཛིན་དང་བཅས་པས་དར་རྒྱས་སུ་མཛད་པ་སོགས་ལུགས་སྲོལ་མང་དུ་མཆིས་པ་ལས། ད་ལན་སྙིང་རྗེའི་དབང་ཕྱུག་ཕྱག་ན་པདྨོའི་ཡེ་ཤེས་ཀྱི་སྣང་བརྙན་རྗེ་བཙུན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༣༤༽ ཁམས་གསུམ་རྣམ་རྒྱལ་ལ། དེ་ནས་ཁྲོ་བོ་ཆེན་པོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལྷ་ལྔ་བཅུ་རྩ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་ཆ་མཐུན་ནམ་འཕྲོས་པའི་རྒྱུད་དུ་གཏོགས་ཤིང་། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཉིད་གདུག་པ་ཅན་རྣམས་འདུལ་བའི་ཕྱིར་རྡོ་རྗེ་རིགས་ཀྱི་ཁྲོ་བོ་ཧཱུྃ་མཛད་ཀྱི་སྐུར་བཞེངས་པ་སྟེ། ཟུར་བཀའི་དབང་རྒྱུན་རྣམ་པར་དག་པའང་དེང་སང་གི་བར་དུ་མཆིས་པ་ལས། འདིར་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༣༥༽ འགྲོ་འདུལ་ལ། དེ་ནས་བཅོམ་ལྡན་འདས་འགྲོ་འདུལ་ལྷ་ལྔ་བཅུ་རྩ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་རྩ་བའི་རྒྱུད་ཀྱི་དུམ་བུ་བཞི་པ་ལས་གསུངས་ལ། མ་རིག་པའི་མུན་པ་སེལ་བའི་ཐབས་མཁས་དང་། ཀུན་ལ་བྱམས་པས་ཐར་པའི་ལམ་དུ་གྲོལ་བའི་ཤེས་རབ་ཀྱི་རྒྱུད་ལས་བྱུང་བ་རྡོ་རྗེ་རིན་ཆེན་ལས་སྐྱེས་པའི་ཕྱིར་རིན་པོ་ཆེའི་རིགས་སུ་གཏོགས་ཤིང་། གདུལ་བྱ་སེར་སྣའི་དབང་གིས་འདོད་ཅིང་བརྐམ་པ་རྣམས་གཙོ་བོར་གྱུར་པའི་དོན་མཛད་པས་ན། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་མཐུ་དང་ལྡན་པར་བསྒྲུབ་པའི་སྨིན་བྱེད་ཀྱི་ཆོ་གའི་རིམ་པ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བགྱི་བ་ལ། ༣༦༽ དོན་གྲུབ་པ། དེ་ལ་འདིར་བཅོམ་ལྡན་འདས་དོན་ཐམས་ཅད་ཡོངས་སུ་གྲུབ་པ་ལྷ་ལྔ་བཅུ་རྩ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། སྤྱིར་བཤད་པའི་རྒྱུད་རྡོ་རྗེ་རྩེ་མོ་ལས། རིགས་ནི་རྣམ་པ་དུ་ཡིན་བརྗོད། །རིགས་ནི་རྣམ་པ་བརྒྱར་གསུངས་ཏེ། །མདོ་རུ་བསྡུ་ན་རྣམ་པ་ལྔ། །སངས་རྒྱས་རྡོ་རྗེ་རིན་ཆེན་དང་། །ཆོས་དང་ལས་དང་རྣམ་ལྔའོ། །ཞེས་གསུངས་པ་ལྟར། རྩ་བའི་རིགས་ཆེན་ལྔ་ལས་རིགས་ཆུང་ལྔ་ལྔ་དང་། དེ་རེ་རེ་ལའང་སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་དབྱེ་བས་རིགས་རྣམ་པ་བརྒྱར་བཞག་པའང་རྩ་བའི་རིགས་ལྔར་འདུས་ཤིང་། དེ་ཡང་ལས་རིགས་རིན་པོ་ཆེའི་ནང་དུ་བསྡུས་ནས་དུམ་བུ་བཞིས་རིགས་བཞིར་བསྟན་པས་ནི། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་མཛད་པ་དང་བཅས་པ་སྟེ་བཞི། ཕྱག་རྒྱ་བཞི། སྤང་བྱ་བཞི། འབྲས་བུ་ཡེ་ཤེས་བཞིར་གྲངས་ངེས་པའི་ཕྱིར་ཏེ། སྐུ་དེ་བཞིན་གཤེགས་པའི་རིགས། གསུང་པདྨའི་རིགས། ཐུགས་རྡོ་རྗེའི་རིགས། མཛད་པ་ནོར་བུའི་རིགས་སུ་རྣམ་པར་བཞག་པ་ལས། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ལས་བྱུང་བས་པདྨའི་རིགས་སུ་གཏོགས་པ་སྟེ། །དེ་ལྟ་བུའི་སྒོ་ནས་སློབ་མ་སྨིན་བྱེད་ཀྱི་ཆོ་ག་གྲུབ་པའི་དབང་ཕྱུག་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལས་བྱུང་བ་ལྟར་བསྒྲུབ་པ་ལ། ༣༧༽ དཔལ་མཆོག་དང་པོ་ལ། དེ་ནས་བཅོམ་ལྡན་འདས་དཔལ་མཆོག་དང་པོ་ལྷ་ལྔ་བཅུ་རྩ་བདུན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ལ་ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོ་ལས་གསུངས་པའི་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་བཅུ་དང་། འཇིག་རྟེན་པའི་དཀྱིལ་འཁོར་བཞི་སྟེ་དཀྱིལ་འཁོར་བཅུ་བཞིར་དབང་བསྐུར་བའི་རྒྱུན་དེང་སང་བར་དུ་མ་ཉམས་པར་བཞུགས་པ་ལས། འདིར་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྙིང་རྗེ་ཆེན་པོ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༣༨༽ །འཇམ་དཔལ་གསང་ལྡན་ལ། དེ་ནས་འཇམ་དཔལ་གསང་ལྡན་ལྷ་ལྔ་བཅུ་རྩ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་རྗེ་བཙུན་འཇམ་པའི་དབྱངས་འདི་ཉིད། ངེས་པའི་དོན་དུ་གཟོད་མ་ནས་མངོན་པར་བྱང་ཆུབ་པའི་ཡེ་ཤེས་ཆེན་པོ་བརྙེས་ཤིང་། རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡབ། དཀྱིལ་འཁོར་གྱི་འཁོར་ལོ་རྒྱ་མཚོའི་དབང་ཕྱུག །སྲས་བཅས་རྣམ་འདྲེན་ཡོངས་ཀྱི་མཁྱེན་རབ་གཅིག་ཏུ་བསྡུས་པའི་བདག་ཉིད་ཡེ་ཤེས་མཁའ་ཁྱབ་ཀྱི་སྐུ་མངོན་དུ་མཛད་ཀྱང་། གདུལ་བྱ་རྣམས་དྲང་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཁྱུ་མཆོག་ཏུ་སྟོན་ཅིང་། གཞན་ཡང་མཚན་དང་སྐུ་ཡི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པར་སྣང་བར་མཛད་པས་ན། རྒྱུད་དང་། སྒྲུབ་ཐབས་ཀྱི་རིམ་པའང་མཐའ་ཀླས་ཤིང་། འགའ་ཞིག་ཏུ་དཀྱིལ་འཁོར་གྱི་གཙོ་བོར་སྒྲུབ་པ་དང་། ལ་ལར་སེམས་དཔའ་ཆེན་པོའི་ཚུལ་དུ་སྒྲུབ་པ་སོགས་ཇི་སྙེད་མཆིས་པ་ལས། འདིར་ནི་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ་དཀྱིལ་འཁོར་གྱི་གཙོ་བོའི་ཚུལ་དུ་སྒྲུབ་པ་སྟེ། དེ་ལའང་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ནས་བརྒྱུད་ཅིང་། བླ་མ་རྔོག་པ་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་པའི་དཀྱིལ་འཁོར་བདུན་གྱི་ནང་ཚན་ལས་བྱུང་བའི་དབང་བཀའ་ཟུར་པའང་མཆིས་མོད། །ད་ལན་འཕགས་མཆོག་སྙིང་རྗེ་ཆེན་པོའི་རྣམ་འཕྲུལ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༣༩༽ ཆོས་དབྱིང་གསང་དབང་ལ། དེ་ནས་འཇམ་དཔལ་ཆོས་དབྱིངས་གསུང་གི་དབང་ཕྱུག་ནམ་མཁའ་ལྟར་དྲི་མ་མེད་པ་ལྷ་བརྒྱ་དང་བཅུ་དགུའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཡིན་ཏེ། འདི་ཉིད་གང་ལ་བརྟེན་པའི་རྒྱུད་ནི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱུད་ཀྱི་རྒྱལ་པོ་ཉིད་ཡིན་ལ། དེ་ལའང་རྡོ་རྗེའི་ཚིག་གཅིག་ཉིད་མཐའ་དྲུག་དང་ཚུལ་བཞིས་རྒྱས་བཏབ་པས། གྲུབ་པའི་སློབ་དཔོན་རྣམས་ཀྱིས་འགྲེལ་ཚུལ་མི་འདྲ་བའི་དབང་གིས། རྒྱུད་སྡེ་བཞི་སོ་སོའི་བབས་དང་མཐུན་པར་བཀྲལ་བ་ཇི་སྙེད་ཅིག་མཆིས་པ་ལས། འདིར་སློབ་དཔོན་ཆེན་པོ་འཇམ་དཔལ་གྲགས་པས་རྣལ་འབྱོར་གྱི་རྒྱུད་ཇི་ལྟ་བར་བཀྲལ་བའི་ཟུར་བཀའི་དབང་རྒྱུན་རྣམ་པར་དག་པའང་མཆིས་པ་དང་རྗེས་སུ་མཐུན་པར། གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་བཞིན་བསྒྲུབ་པ་ལ། | |||
༤༠༽ ཙནྡྲ་གོ་མིའི་ལུགས་ཀྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་ལ། དེ་ནས་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ལས་གསུངས་པའི། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལྷ་མང་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གདུལ་བྱའི་སྐལ་བ་དང་རྗེས་སུ་མཐུན་པར་ཆོས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་གསང་སྔགས་རྡོ་རྗེ་ཐེག་པ་ཡིན་ལ། དེ་ལའང་རྒྱུད་སྡེ་ཐམས་ཅད་ཀྱི་རབ་དང་། མཆོག་དང་། ཕུལ་དང་། སྙིང་པོར་གྱུར་པ་ནི་མཚན་ཡང་དག་པར་བརྗོད་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཡིན་པའི་ཕྱིར། མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེའི་སློབ་དཔོན་རྣམས་ཀྱིས་འགྲེལ་ཚུལ་མི་འདྲ་བ་དུ་མ་ཞིག་གི་སྒོ་ནས་གཏན་ལ་ཕབས་པར་མཛད་པ་ལས། འདིར་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུའི་ཡེ་ཤེས་ཀྱི་སྐུས་མངོན་སུམ་དུ་རྗེས་སུ་བཟུང་ཞིང་། དུས་རྟག་པར་དགེ་བའི་བཤེས་སུ་མཛད་པ། རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིའི་བཞེད་སྲོལ་གྱི་རྗེས་སུ་འབྲངས་ཏེ། གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༤༡༽ མཚན་བརྗོད་ལྷ་ཉེར་ལྔ་ལ། དེ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལྷ་ཉེར་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་ཀྱང་བརྟེན་གཞིའི་རྒྱུད་སྔ་མ་དེ་ལ་བརྟེན་ནས་གདམས་ངག་གི་ལུགས་སུ་བཀྲལ་བ་སྟེ། འཕགས་མཆོག་སྙིང་རྗེའི་གཏེར་ཆེན་གྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་གྲུབ་པའི་དབང་ཕྱུག་མི་ཏྲ་ཛོ་ཀིའི་ཐུགས་དམ་ལྟར་བསྒྲུབ་པ་ལ། ༤༢༽ ཡུམ་ཆེན་མོ་ལ། དེ་ནས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལྷ་བདུན་ཅུ་རྩ་གཅིག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། མགོན་པོ་བྱམས་པས། ཉན་ཐོས་ཞི་བ་འཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་འཁྲིད་མཛད་གང་ཡིན་དང་། །འགྲོ་ལ་ཕན་པར་མཛད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་བསྒྲུབ་མཛད་པ་གང་། །གང་དང་ཡང་དག་ལྡན་པ་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །ཅེས་གསུངས་པ་ལྟར། དུས་གསུམ་དུ་གཤེགས་ཤིང་བཞུགས་ལ་འབྱོན་པར་འགྱུར་པའི་འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས། དོན་དམ་ཆོས་ཀྱི་སྐུ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད། ཀུན་རྫོབ་གཟུགས་སྐུ་ཞལ་ཕྱག་གི་ཚུལ་དུ་སྟོན་པ་ནི་ཡུམ་ཆེན་མོ་འདི་ཉིད་ཡིན་ལ། སྒྲུབ་ཐབས་ཀྱི་རིམ་པའང་དཀྱིལ་འཁོར་གྱི་གཙོ་མོའི་ཚུལ་དུ་བཞེངས་པ་དང་། འཁོར་གྱི་རྣམ་པར་སྟོན་པ་སོགས་ཐ་དད་པ་ལས། ད་ལན་འདིར་དཀྱིལ་འཁོར་གྱི་གཙོ་མོའི་ཚུལ་དུ་བཞེངས་པ་དང་རྗེས་སུ་འབྲེལ་བར་གྲུབ་པའི་དབང་ཕྱུག་ཆེན་པོ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༤༣༽ སྐུ་གདུང་བསྟན་པ་ལ། དེ་ནས་སྐུ་གདུང་བསྟན་པ་དམ་པ་རིགས་བརྒྱ་ལྷ་གཅིག་གིས་ལྷག་པའི་བརྒྱ་ཕྲག་གི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཡིན་ཏེ། འདི་ཉིད་རྣལ་འབྱོར་གྱི་རྒྱུད་ལས་བཤད་པའི་དེ་བཞིན་གཤེགས་པ་དང་། །བྱང་ཆུབ་སེམས་དཔའི་རིགས་ཀྱི་བྱེ་བྲག་རྣམས་འདུས་ཤིང་། ཉན་ཐོས་དང་འཇིག་རྟེན་སྐྱོང་བའི་ཚོགས་བཅས་བསྐོར་བའི་རྣམ་སྣང་གི་དཀྱིལ་འཁོར་ཆེན་པོ་སྟེ། དེ་ལྟ་བུའི་སྒོ་ནས་སློབ་མ་འཇུག་ཅིང་སྨིན་པའི་ཆོ་ག་རྗེ་བཙུན་སྤྱན་རས་གཟིགས་དངོས་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༤༤༽ ཡི་གེ་བརྒྱ་པ་ལྷ་བཅུ་བདུན་ལ། དེ་ལ་འདིར་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་རྒྱུ་ཚོགས་གཉིས་ཡོངས་སུ་རྫོགས་པ། ལམ་སྒྲིབ་གཉིས་མཐའ་དག་སྤངས་བ། འབྲས་བུ་རྣམ་གྲོལ་གྱི་ཡོན་ཏན་དང་ཕྲིན་ལས་མཐར་ཕྱིན་པ་ལ་རྣམ་དབྱེར་མ་མཆིས་ཀྱང་། ཐུགས་བསྐྱེད་དང་སྨོན་ལམ་ཁྱད་པར་བའི་བྱེ་བྲག་ལས། ལྷག་པའི་ལྷ་འདི་ཉིད་ཀྱི་མཚན་ལན་ཅིག་ཙམ་ཐོས་པས་ཀྱང་བསྐལ་པ་དཔག་ཏུ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་སྤྱི་དང་། ཁྱད་པར་རྡོ་རྗེ་ཐེག་པའི་དམ་ཚིག་ཉམས་ཆགས་ཐམས་ཅད་ཞི་བ་དང་། ཡི་གེ་བརྒྱ་པ་ཉིན་རེ་བཞིན་བརྒྱ་རྩ་བརྒྱད་རེ་བཟླས་ན་རྩ་བའི་ལྟུང་བའང་ལྷག་མེད་དུ་བྱང་ཞིང་། ཉི་ཤུ་རྩ་གཅིག་རེ་བཟླས་པས་ཀྱང་ལྟུང་བ་བྱིན་གྱིས་བརླབས་པས་གོང་དུ་འཕེལ་མི་ནུས་པ་སོགས་སྡིག་ལྟུང་སྦྱོང་བ་ལ་མཆོག་ཏུ་བསྔགས་པས་ན་རིག་པ་འཛིན་པའི་སྡེ་སྣོད་ཀྱི་སྒོར་ཞུགས་སོ་ཅོག་ཐམས་ཅད་ཀྱིས་ཐུན་མོང་མ་ཡིན་པའི་ཡི་དམ་གྱི་ལྷར་བཟུང་བར་འོས་པར་མ་ཟད། བསམ་ཡས་གྲངས་མེད་པའི་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་ཆེན་དང་། པདྨ་དང་། ལས་ཀྱི་རིགས་ཐམས་ཅད་རིགས་བརྒྱ་དང་། དེ་ཡང་རིགས་ལྔ་དང་། དེ་ཉིད་ཀྱང་གསང་ཆེན་རིགས་གཅིག་རྡོ་རྗེ་སེམས་དཔའ་འདི་ཁོ་ན་ལ་འདུ་བས་ན་ལྷ་དང་། སྔགས་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བྱེད་གྱུར་པས། ལྷ་གཅིག་བསྒོམ་པས་ལྷ་ཐམས་ཅད་བསྒོམ་པར་འགྱུར་པ་དང་། སྔགས་གཅིག་བཟླས་པས་སྔགས་ཐམས་ཅད་བཟླས་པར་འགྱུར་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པའི་ཕྱིར་ཕྱི་ནང་གི་རྒྱུད་སྡེ་རྣམས་ལས་སྒྲུབ་པའི་ཐབས་ཚུལ་མང་དུ་གསུངས་པ་རྣམས་མདོར་བསྡུ་ན། རྣལ་འབྱོར་གྱི་རྒྱུད་ནས་འབྱུང་བའི་རྡོར་སེམས་ཡབ་རྐྱང་དང་། བླ་མེད་ལས་གསུངས་པའི་ཡབ་ཡུམ་ཁ་སྦྱོར་གྱི་སྐུ་ཅན་གཉིས་སུ་འདུས་པ་ལས། འདིར་སྔ་མ་ལྟར་སྒྲུབ་པ་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་བརྩེ་བ་ཆེན་པོ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་བཞིན་སློབ་མ་རྣམས་འཇུག་ཅིང་སྨིན་པའི་ཆོ་གས་རྗེས་སུ་བཟུང་བ་ལ། ཞེས་དང་། མཐར། དེ་ལྟར་ན་འཕགས་པ་སྤྱན་རས་དབང་ཕྱུག་གི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཏུ་དབང་བསྐུར་བ་བརྙེས་ཤིང་། རྡོ་རྗེ་ཐེག་པ་མཐའ་དག་གི་ཤིང་རྟ་གཅིག་པུ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལས་བྱུང་བའི་ལྷག་པའི་ལྷ་རབ་འབྱམས་ཀྱི་དབང་བསྐུར་བ་ལས། རྒྱུད་སྡེ་གསུམ་པ་རྣལ་འབྱོར་གྱི་རྒྱུད་དང་རྗེས་སུ་འབྲེལ་བའི་དཀྱིལ་འཁོར་ཆེན་པོ་རྣམས་སུ་དབང་བསྐུར་བ་ལེགས་པར་ཕུལ་གྲུབ་པ་ལགས། ༤༥༽ གསང་འདུས་ཡེ་ཤེས་ཞབས་ལུགས་ལ། དེ་ལ་འདིར་རང་རེ་རྣམས་ཀྱིས་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། བསྟན་པའི་སྙིང་པོ་ཟབ་མོ་རྡོ་རྗེ་ཐེག་པ་དང་ཕ་རོལ་ཏུ་ཕྱིན་པའི་ལམ་ཉམས་སུ་བླང་དུ་ཡོད་པའི་སྐབས་འདིར་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་པའི་ཕྱིར་དམ་པའི་ཆོས་རྣམ་པར་དག་པ་ཞིག་ཅིས་ཀྱང་བྱ་དགོས་པ་ཡིན་ཏེ། སློབ་དཔོན་ཞི་བ་ལྷས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པས་དུས་སུ་གཉིད་མ་ལོག །ཞེས་གསུངས། དམ་པའི་ཆོས་ཉམས་སུ་བླངས་པ་ལའང་། ཐོག་མ་ཁོ་ནར་འདུལ་བ་མདོ་རྩ་བ་ལས། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། །ཞེས་གསུངས་པ་ལྟར་སྡུག་བསྔལ་དང་ཀུན་འབྱུང་གི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ཁམས་གསུམ་གྱི་འཁོར་བ་ལས་ངེས་པར་འབྱུང་བ་དང་། གང་དུ་ངེས་པར་འབྱིན་ན། མངོན་པ་མཛོད་ལས། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །ཞེས་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་མཐའ་དག་གཏན་ནས་བཅོམ་ཞིང་། གཞན་དོན་ལ་ཐུགས་གཅིག་ཏུ་བརྩེ་བ་རྫོགས་པའི་བྱང་ཆུབ་རིན་པོ་ཆེར་ངེས་པར་འབྱིན་པ་དང་། གང་གིས་ངེས་པར་འབྱིན་ན། ཚུལ་གནས་ཐོས་བསམ་བསྒོམ་པའི་ཤེས་རབ་ཀྱི་སྦྱོར་བས་ལམ་ལྔ་རིམ་གྱིས་རྫོགས་པ་ལ་བརྟེན་ནས། གང་ངེས་པར་འབྱིན་ན། ཐེག་པ་ཆེན་པོའི་སྐབས་འདིར། རང་གཅིག་པུ་ཙམ་མ་ཡིན་པར་མཐའ་ཡས་པའི་སེམས་ཅན་ལ་དམིགས་པ་སྔོན་དུ་འགྲོ་དགོས་ཏེ། དབུ་མ་འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་མཐའ་ཡས་པའི་ཡིད་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཁོ་ནར་ངེས་པའི་བློས་དྲངས་ཏེ་སྡུག་བསྔལ་ལས་སྒྲོལ་འདོད་ཀྱི་སྙིང་རྗེ་དང་། དོན་དམ་པར་འཁོར་འདས་ཐམས་ཅད་རང་བཞིན་མ་གྲུབ་པར་རྟོགས་པའི་ཤེས་རབ་དང་། ཀུན་རྫོབ་རྨི་ལམ་དང་སྒྱུ་མ་ལྟར་འཁྲུལ་པའི་ཡིད་ཅན་རྣམས་བྱང་ཆུབ་ཆེན་པོར་དབུགས་དབྱུང་བའི་ཕྱིར་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་བསླབ་པའི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལྟ་བུའི་བསམ་པ་ཁྱད་པར་ཅན་གྱིས་གོ་ཕྱེ་ནས། སྦྱོར་བ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ། རྒྱུ་མེད་རྐྱེན་མེད་ལས་མི་འབྱུང་བས། རྒྱུ་རྐྱེན་གཙོ་བོ་མདོ་སྔགས་ཀྱི་ལམ་སྤྱི་དང་། ལྷག་པར་དུས་མྱུར་བ་ཉིད་དུ་བྱང་ཆུབ་ཀྱི་གོ་འཕང་འཐོབ་པར་འདོད་པས་རྡོ་རྗེ་ཐེག་པའི་ལམ་ཟབ་མོ་ལ་ངེས་པར་བསླབ་དགོས་པ་ལགས། དེ་ལའང་འཇུག་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་ལས། འདིར་རྡོ་རྗེའི་སྔགས་རྒྱུད་མཐའ་དག་གི་ཤིང་རྟ་ཆེན་པོ། །གྲུབ་པའི་དབང་ཕྱུག་མི་ཏྲ་ཨཱ་ནནྡ་ཞེས་ཡོངས་སུ་གྲགས་པའི་ཞལ་སྔ་ནས་ཀྱི་རྡོ་རྗེའི་གསུང་ལས་བྱུང་བའི་དཀྱིལ་འཁོར་བརྒྱ་རྩ་བརྒྱད་ཀྱི་དབང་བསྐུར་བ་ལས། རྒྱུད་སྡེ་བཞི་པ་རྣལ་འབྱོར་བླ་མེད་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་སུ་དབང་བསྐུར་བ་ཡིན་ཏེ། དེ་ལ་རྒྱུད་འདིའི་ངོ་བོ་ནི། དབང་པོ་གཉིས་སྦྱོར་གྱི་བདེ་བ་ལམ་དུ་བྱས་ཏེ། ཡིད་མཚན་རྟོག་ལས་སྐྱོབ་པར་བྱེད་པའི་ཐབས་འཁོར་དང་བཅས་པའོ། །སྒྲ་དོན་ནི། །མ་ཧཱ་ཡོ་ག་ཞེས་པའི་སྒྲ་ལས་དྲངས་ན་རྣལ་འབྱོར་ཆེན་པོ་སྟེ། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ནང་གི་རྣལ་འབྱོར་གྱི་ཁྱད་པར་གོང་ན་མེད་པ་གཙོ་བོར་སྟོན་པའི་ཕྱིར་དེ་སྐད་དོ། །དབྱེ་ན། ཐབས་གཙོ་བོར་སྟོན་པ་ཕ་ཡི་རྒྱུད་དང་། ཤེས་རབ་གཙོ་བོར་སྟོན་པ་མ་ཡི་རྒྱུད་དང་། དེ་གཉིས་ཀའི་ཁྱབ་བྱེད་དུ་གྱུར་པ་ཟུང་འཇུག་གཙོ་བོར་སྟོན་པ་གཉིས་སུ་མེད་པའི་རྒྱུད་དེ་རྣམ་པ་གསུམ་དུ་ཡོད་ལ། ལམ་གྱི་རིམ་པའང་། རྒྱུ་སྨིན་བྱེད་དབང་བཞི་འཁོར་དང་བཅས་པས་རྒྱུད་སྨིན་པར་བྱས་ནས། ལམ་རིམ་པ་གཉིས་ལ་ཚུལ་བཞིན་དུ་བསླབ་ཅིང་། གྲོགས་དམ་ཚིག་དང་སྡོམ་པ་རྣམ་པར་དག་པས་སྤྱོད་པ་གསུམ་གྱི་ཉེ་རྒྱུས་མཚམས་སྦྱར་ཏེ་སློབ་པ་དང་མི་སློབ་པའི་ཟུང་འཇུག་ལ་སྦྱོར་བའོ། །དེ་ལྟར་རྒྱུད་སྡེ་རིན་པོ་ཆེ་རྣམ་པ་གསུམ་ལས། འདིར་སྐབས་སུ་བབས་པ་ཐོག་མར་ཕ་བརྒྱུད་ཀྱི་སྐོར་ཡིན་ཞིང་། དེ་ལའང་དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རིགས་རྒྱལ་རྡོ་རྗེ་ཅན་རྣམས་ཀྱི། །འཁོར་ལོས་སྒྱུར་བ་དྲུག་གི་རྒྱ། །ཞེས་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་ཆེན་དང་། པདྨ་དང་། ལས་ཀྱི་རིགས་ཐམས་ཅད་བསྡུས་པའི་ངོ་བོ་ཉིད་རྣམ་སྣང་། མི་བསྐྱོད་པ། རིན་འབྱུང་། འོད་དཔག་མེད། དོན་གྲུབ་དང་ལྔ། དེ་རྣམས་ཀྱི་ཁྱབ་བྱེད་རྡོ་རྗེ་འཆང་གི་རིགས་ཏེ་དྲུག་ཏུ་ཡོད་པ་ལས། འདིར་མི་བསྐྱོད་པའི་རིགས་ཀྱི་འཁོར་ལོས་སྒྱུར་བ་བཅོམ་ལྡན་འདས་དཔལ་གསང་བ་འདུས་པའི་སྐོར་ཡིན། དེ་ལའང་རྩ་བ་དང་བཤད་པའི་རྒྱུད་རྣམས་སྦྱར་ནས་མཐའ་དྲུག་དང་ཚུལ་བཞིས་གཏན་ལ་ཕབས་པ་ན་འགྲེལ་ཚུལ་ཅུང་ཟད་མི་འདྲ་བའི་དབང་གིས་རྒྱ་གར་འཕགས་པའི་ཡུལ་དུ་ལུགས་སྲོལ་མི་འདྲ་བ་ཉི་ཤུ་རྩ་བཞིར་ཡོད་པར་གྲགས་ལ། བོད་དུ་བསྒྱུར་བ་ལ་འཕགས་ལུགས་དང་། ཡེ་ཤེས་ཞབས་ལུགས་གཉིས་གྲགས་ཆེ་ཞིང་། །གཞན་ཡང་ཤནྟི་པ། རྡོ་རྗེ་བཞད་པ། པདྨ་བཛྲ། ཀུན་སྙིང་གི་ལུགས་རྣམས་ཀྱང་ཅུང་ཟད་དར་བ་ལས། འདིར་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་བཀྲལ་བའི་དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཡིན་ཏེ། དེ་ལ་གྲུབ་པའི་སློབ་དཔོན་འདི་ཉིད་བསླབ་པ་གསུམ་གྱི་ཡོན་ཏན་ཐམས་ཅད་རྫོགས། ཕ་རོལ་ཏུ་ཕྱིན་པ་དང་རྡོ་རྗེ་ཐེག་པའི་གཞུང་ལུགས་མཐའ་དག་མཁྱེན། ཁྱད་པར་དཀྱིལ་འཁོར་གྱི་གཙོ་བོ་རྗེ་བཙུན་འཇམ་པའི་རྡོ་རྗེ་དངོས་ཀྱིས་རྗེས་སུ་བཟུང་ཞིང་ཞལ་ལུང་གི་བདུད་རྩི་མཐའ་དག་སྩལ་བ་ལ་བརྟེན་ནས་བསྐྱེད་རིམ་འཇམ་པའི་རྡོ་རྗེ་གཙོ་བོར་གྱུར་པའི་ལྷ་བཅུ་དགུ་དང་། རྫོགས་རིམ་ཐིག་ལེ་བཞིའི་རྣལ་འབྱོར་དུ་བསྡུས་ནས་སྐལ་ལྡན་གྱི་སློབ་མ་མཐའ་ཡས་པ་སྨིན་གྲོལ་དུ་མཛད་པས། དཔལ་བདེ་བ་ཆེན་པོ་པདྨཱ་ཀ་ར་སོགས་མཐོང་བའི་ཆོས་ལ་ཡེ་ཤེས་མཆོག་བརྙེས་པ་བཞིས་མཚོན་གྲུབ་ཐོབ་རྒྱ་མཚོའི་འབྱུང་གནས་སུ་གྱུར་ཅིང་། དེ་ནས་རིམ་པར་མཁས་ཤིང་དངོས་གྲུབ་བརྙེས་པའི་བརྒྱུད་པ་བར་མ་ཆད་པར་བྱོན་པ་ལས། འདིར་འཇིག་རྟེན་དབང་ཕྱུག་སྙིང་རྗེ་ཆེན་པོའི་སྤྲུལ་པའི་སྐུ་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༤༦༽ མི་བསྐྱོད་པར། དེ་ནས་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ན་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ཀྱིས་བསྐྱེད་རིམ་མི་བསྐྱོད་རྡོ་རྗེ་གཙོ་བོར་གྱུར་པ་དང་། རྫོགས་རིམ་རིམ་པ་ལྔར་བསྡུས་ནས་ལེགས་པར་བཀྲལ་ཞིང་། འཕགས་བོད་དུ་མཁས་ཤིང་དངོས་གྲུབ་བརྙེས་པའི་བརྒྱུད་འཛིན་བསམ་གྱིས་མི་ཁྱབ་པ་དེང་སང་གི་བར་དུ་བྱོན་པ་ལས། ད་ལན་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༤༧༽ ཧཱུྃ་མཛད་ལྷ་བཅུ་དགུ་ལ། དེ་ནས་རྡོ་རྗེ་ཧཱུྃ་མཛད་ལྷ་བཅུ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་ཀྱང་དཔལ་གསང་བ་འདུས་པའི་རྒྱུད་ལས་བསྟན་ཅིང་། བགེགས་ཀྱི་སྦྱོར་བ་ཞི་བ་དང་། དངོས་གྲུབ་མྱུར་དུ་འབེབས་པ་ལ་ཁྱད་པར་དུ་གྱུར་པ་མི་བསྐྱོད་རིགས་ཀྱི་ཁྲོ་བོར་གཏོགས་པ་སྟེ། གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་སྨིན་བྱེད་ཀྱི་ཆོ་ག་བསྒྲུབ་པ་ལ། ༤༨༽ འཇམ་རྡོར་ཞེ་གསུམ་ལ། དེ་ནས་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལྷ་བཞི་བཅུ་རྩ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། །འདི་ནི་འཕགས་པ་འཇམ་དཔལ་གྱི་ཡེ་ཤེས་ཀྱི་སྐུས་མངོན་གསུམ་དུ་རྗེས་སུ་བཟུང་ཞིང་། ཆོས་ཐམས་ཅད་ལ་མ་རྨོངས་པའི་མཁྱེན་རབ་དང་སྐུ་ལུས་ཀྱི་བཀོད་པ་དུ་མར་སྟོན་པ་སོགས་གྲུབ་པའི་སྤྱོད་པ་ངོ་མཚར་བས་མཐའ་ཡས་པའི་གདུལ་བྱ་རྣམས་སྨིན་པར་མཛད་པ་སློབ་དཔོན་ཆེན་པོ་སྒེག་པའི་རྡོ་རྗེའམ། སྣ་ཚོགས་གཟུགས་ཅན་སོགས་མཚན་གྱི་ཁྱད་པར་དུ་མ་དང་ལྡན་པ་དེ་ཉིད་ཀྱིས་ཇི་ལྟར་བཀྲལ་བའི་བཀའ་སྲོལ་དང་རྗེས་སུ་མཐུན་པར། གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༤༩༽ དགྲ་ནག་ལྷ་བཅུ་གསུམ་ལ། དེ་ནས་བཅོམ་ལྡན་འདས་དཔལ་གཤིན་རྗེའི་གཤེད་དགྲ་ནག་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་ཕ་རྒྱུད་ལ་རིགས་དྲུག་ཏུ་དབྱེ་བའང་མདོར་བསྡུ་ན། ཟླ་གསང་ཐིག་ལེའི་རྒྱུད་ལས། འདོད་ཆགས་ཞེ་སྡང་གཏི་མུག་གིས། །རྒྱུད་ཀྱང་རྣམ་པ་གསུམ་དུ་འགྱུར། །ཞེས་གསུངས་པ་ལྟར། གདུལ་བྱ་འདོད་ཆགས་ཅན་རྗེས་སུ་བཟུང་བའི་ཆེད་དུ་གསུངས་པ་དཔལ་གསང་བ་འདུས་པ་དང་། ཞེ་སྡང་ཅན་རྗེས་སུ་བཟུང་བའི་ཆེད་དུ་གསུངས་པ་དཔལ་གཤིན་རྗེའི་གཤེད་ཀྱི་སྐོར་དང་། གཏི་མུག་ཅན་རྗེས་སུ་བཟུང་བའི་ཆེད་དུ་གསུངས་པ་དཔལ་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བའི་སྐོར་དང་གསུམ་ལས། འདིར་ཞེ་སྡང་ཐབས་རྒྱུད་གཤིན་རྗེ་གཤེད་ཀྱི་སྐོར་ཡིན། དེ་ལའང་གཙོ་བོར་དགྲ་གདོང་འཇིགས་གསུམ་ཞེས་ཡོངས་སུ་གྲགས་པ་ལས། འདིར་རྗེ་བཙུན་འཇམ་པའི་དབྱངས་ཉིད་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་ཆེད་དང་། འཇིག་རྟེན་པའི་གཤིན་རྗེ་དང་བདུད་ཚོགས་ཀྱི་དགྲ་བོར་སྐུ་མདོག་ཆར་སྤྲིན་ལྟར་གནག་པའི་ཁྲོ་བོའི་ཚུལ་དུ་བཞེངས་པ་བཅོམ་ལྡན་དགྲ་ནག་ལྷ་དགུ་དང་། ལྷ་བཅུ་གསུམ་སོགས་དཀྱིལ་འཁོར་གྱི་དབྱེ་བསྡུ་དང་། སྒྲུབ་པའི་ཐབས་ཚུལ་མང་དུ་མཆིས་ཤིང་། གངས་ཅན་འདིར་ཡང་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་དང་། ཞང་ལོ་ཤེས་རབ་བླ་མ་སོགས་ནས་བརྒྱུད་པ་དེང་སང་གི་བར་དུའང་བཀའ་མ་ནུབ་པར་བཞུགས་པ་ལས། འདིར་རྣལ་འབྱོར་གྱི་དབང་ཕྱུག་དཔལ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། | |||
༥༠༽ གདོང་དྲུག་ལ། དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་གདོང་དྲུག་ལྷ་ཉེར་གཅིག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་སྲས་བཅས་རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་དཔལ་དཔའ་བོ་གདུལ་དཀའི་འགྲོ་བ་རྣམས་ཀྱི་ཆེད་དུ་ཤིན་ཏུ་ཁྲོས་པའི་སྐུར་བཞེངས་ཏེ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་གསུངས་ཤིང་། གྲུབ་པའི་སློབ་དཔོན་རྣམས་ཀྱིས་བཀྲལ་བའི་སྒྲུབ་ཐབས་དང་མན་ངག་གི་རིམ་པའང་ཇི་སྙེད་ཅིག་མཆིས་པ་ལས། འདིར་དཔལ་ཧེ་རུ་ཀས་བྱིན་གྱིས་བརླབས་ཤིང་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་གསུམ་དུ་མཛད་པ་རྗེ་བཙུན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༥༡༽ གཤེད་དམར་བཅུ་གསུམ་མ་ལ། དེ་ནས་བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེའི་གཤེད་དམར་པོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་གཤིན་རྗེའི་གཤེད་དམར་པོའི་རྒྱུད་ལེའུ་བཅུ་དགུ་པ་ལ་བརྟེན་ནས། འཇམ་དཔལ་ཁྲོ་བོའི་སྔགས་རིག་འཛིན་པ་ཐམས་ཅད་ཀྱི་ཁྱུ་མཆོག་གྲུབ་ཆེན་དཔལ་འཛིན་ཞབས་ཀྱིས་ལེགས་པར་བཀྲལ་བའི་རྗེས་སུ་འབྲངས་ཏེ་རྒྱལ་སྲས་ཆེན་པོ་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༥༢༽ འཇིགས་བྱེད་ལྷ་དགུ་ལ། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྟོག་པ་བདུན་པ་སོགས་ལ་བརྟེན་ནས། གྲུབ་པའི་འཁོར་ལོས་སྒྱུར་བ་ལ་ལི་ཏཱ་བཛྲ་སོགས་ཀྱིས་ལེགས་པར་བཀྲལ་ཞིང་། གངས་ཅན་གྱི་ལྗོངས་འདིར་རྭ་སྐྱོ་ཞང་གསུམ་དང་། །འགར་ལྡང་གཉོས་གསུམ་སོགས་ཀྱིས་རྒྱ་ཆེར་སྤེལ་བ་ལས། དེང་སང་གི་བར་དུ་སྨིན་གྲོལ་ཡན་ལག་དང་བཅས་པའི་མན་ངག་གི་རྒྱུན་བར་མ་ཆད་པ་བཞུགས་ཤིང་། ཁྱད་པར་འཇམ་དཔལ་ཁྲོ་བོ་དངོས་དང་རྣམ་དབྱེར་མ་མཆིས་པ་རཱ་ལོ་ཙཱ་བ་ཆེན་པོ་རྡོ་རྗེ་གྲགས་ཀྱི་བཀའ་སྲོལ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་དང་། ཐུན་མོང་དུ་ཞི་རྒྱས་དབང་དྲག་གྲུབ་པ་བརྒྱད་སོགས་ལས་རབ་འབྱམས་དང་། བྱེ་བྲག་དྲག་པོ་མངོན་སྤྱོད་ཀྱི་ཆོ་གས་མི་དང་མི་མ་ཡིན་པའི་འབྱུང་པོ་གདུག་པ་ཅན་རྣམས་ཚར་བཅད་ཅིང་སྤ་བཀང་བར་མཛད་པའི་སྔགས་རིག་འཛིན་པ་མཐའ་ཀླས་པ་ཞིག་བྱུང་བས་ན། ལྷག་པའི་ལྷ་གཞན་ལས་བྱིན་རླབས་ཆེས་རྨད་དུ་བྱུང་ཞིང་། མཚན་འཛིན་པ་ཙམ་ལའང་དངོས་གྲུབ་འབད་མེད་དུ་འབྱུང་བར་བཤད་པས་མཚོན་ཐུགས་རྗེ་དང་ཕྲིན་ལས་མཚུངས་པ་མ་མཆིས་པ་འདི་ཉིད་ཀྱི་སྒོ་ནས་སློབ་མ་རྗེས་སུ་བཟུང་བའི་རིམ་པ་གྲུབ་པའི་དཔའ་བོ་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༥༣༽ རྣམ་སྣང་སྲུང་བའི་འཇིགས་བྱེད་ལ། དེ་ནས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་གྲུབ་པའི་སློབ་དཔོན་ཆེན་པོ་བཻ་རོ་ཙ་ན་རཀྵི་ཏ་སྟེ་རྣམ་སྣང་སྲུང་བ་ཞེས་གྲགས་པ་དེ་ཉིད་ཀྱིས། ཆོ་གའི་ཡན་ལག་འགའ་ཞིག་ཤེས་རབ་ཀྱི་རྒྱུད་དང་མཐུན་པར་བཀྲལ་བའི་རྗེས་སུ་འབྲངས་ཏེ། སྔགས་རྒྱུད་རྒྱ་མཚོའི་ཤིང་རྟ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༥༤༽ འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ་ལྷ་དགུ་ལ། དེ་ལ་འདིར་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་གདོད་མའི་ཡེ་ཤེས་བཅོམ་ལྡན་འདས་འཇིགས་མཛད་ཆེན་པོས་སྤྲུལ་པའི་འཁོར་ཚོགས་དཔའ་བོ་དང་རྣལ་འབྱོར་མ་དང་། སངས་རྒྱས་དང་བྱང་སེམས་རྒྱ་མཚོའི་དབུས་སུ་རྩ་བའི་རྒྱུད་སྟོང་ཕྲག་བརྒྱ་པ་གསུངས་ཤིང་། སྟོན་པ་ཤཱཀྱའི་རྒྱལ་པོས་ཀྱང་གཤིན་རྗེའི་གཤེད་ཀྱི་སྐུར་བཞེངས་ནས་བདུད་བཏུལ་བའི་ཚེ་སླར་ཡང་རྩ་བའི་རྒྱུད་འདི་ཉིད་གསུངས་ཤིང་། དེ་ལྟ་བུའི་རྩ་བའི་རྒྱུད་དེ་ཡུམ་རྡོ་རྗེ་རོ་ལངས་མ་སོགས་ཀྱིས་བསྡུས་ཏེ་ཨོ་ཌཱི་ཡཱ་ནའི་ཆོས་ཀྱི་མཛོད་ཆེན་པོར་རྒྱས་བཏབ་སྟེ་བཞུགས་པ། སློབ་དཔོན་ཆེན་པོ་ལ་ལི་ཏཱ་བཛྲ་སྟེ་རོལ་པའི་རྡོ་རྗེ་ཞེས་གྲགས་པ་དེ་ཉིད་ཀྱིས་རྒྱལ་ཡུམ་རྡོ་རྗེ་རོ་ལངས་མ་ལས་དབང་བསྐུར་བ་གསན་ནས། དགྲ་གདོང་འཇིགས་གསུམ་གྱི་རྒྱུད་སྤྱན་དྲངས། །མངོན་སྤྱོད་ཀྱི་ལས་རབ་འབྱམས་ཀྱིས་སེམས་ཅན་གྱི་དོན་མཛད། མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བརྙེས། དེ་རྗེས་སློབ་དཔོན་སངས་རྒྱས་ཡེ་ཤེས་དང་། གྲུབ་ཆེན་དཔལ་འཛིན་སོགས་ཀྱིས་ཀྱང་དར་བར་མཛད། བོད་ཡུལ་དུའང་རྭ་སྐྱོ་ཞང་གསུམ་གྱིས་གཤེད་སྐོར་རྒྱ་མཚོ་ལྟ་བུ་བསྒྱུར་བཤད་བསྒོམ་བསྒྲུབ་ཀྱིས་གཏན་ལ་ཕབས་ཤིང་། བརྒྱུད་འཛིན་སློབ་ཚོགས་ཀྱང་དེང་སང་གི་བར་དུ་མཐུ་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཇི་སྙེད་ཅིག་བྱོན་པས་བྱིན་རླབས་ཀྱི་ཚན་ཁ་མཆོག་ཏུ་ཆེ་བའི་ལྷག་པའི་ལྷ་འདི་ཉིད་ལ་སྒྲུབ་པའི་ཐབས་ཚུལ་ཀྱང་། དཔའ་བོ་གཅིག་པ་དང་། ཞལ་ཕྱག་ཡོངས་རྫོགས་དང་། ལྷ་བརྒྱད། ལྷ་བཅུ་གསུམ། ལྷ་བཅུ་བདུན་སོགས་མང་དུ་མཆིས་པ་ལས། འདིར་འཇིགས་མཛད་དཔའ་གཅིག་གཤིན་རྗེ་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་སྒོ་ནས་སྨིན་བྱེད་ཀྱི་ཆོ་ག་གྲུབ་པའི་འཁོར་ལོས་སྒྱུར་བ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༥༥༽ ཕྱག་རྡོར་འཁོར་ཆེན་ལ། དེ་ནས་དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་བཅོམ་ལྡན་འདས་གསང་བའི་བདག་པོ་ལ་ཆེ་བ་དྲུག་གམ་དགུ་ཞེས་ཡོངས་སུ་གྲགས་པའི་ཡ་གྱལ་འཁོར་ལོ་ཆེན་པོ་དབང་གི་ཆེ་བ་ཞེས་གྲགས་པ་འདི་ཉིད་ལ། འཕགས་ཡུལ་དུ་གྲུབ་པའི་དབང་པོ་ས་པ་རི་བ་ཡབ་སྲས་ཀྱིས་ལེགས་པར་བཀྲལ་ཞིང་། གངས་ཅན་གྱི་ལྗོངས་འདིར་བླ་མ་དམར་ཆོས་ཀྱི་རྒྱལ་པོ་སོགས་ལ་བཀའ་བབས་པའི་རྒྱུན་དེང་སང་གི་བར་དུའང་མ་ནུབ་པར་མཆིས་པ་ལས། ད་ལན་གྲུབ་ཆེན་དེ་ཉིད་ཀྱི་བཞེད་སྲོལ་དང་མཐུན་པར་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྒྱལ་སྲས་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༥༦༽ ཀྱེ་རྡོར་ཕྱག་བཅུ་དྲུག་པར། དེ་ནས་བཅོམ་ལྡན་འདས་དཔལ་སྙིང་པོ་ཀྱཻ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་རྗེ་བཙུན་ས་སྐྱ་པ་ཡབ་སྲས་སོགས་ཀྱིས་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་དུ་བཞེད་ཅིང་། འགའ་ཞིག་གིས་ཟབ་པ་གཉིས་སུ་མེད་པའི་རྒྱུད་ཅེས་ཐ་སྙད་དུ་མཛད་ནའང་། སྤྱིར་བཏང་རྣལ་འབྱོར་མ་རྒྱུད་ཐམས་ཅད་ཀྱི་མཐར་ཐུག་པ་སྟེ། དེ་ཡང་ངེས་བརྗོད་བླ་མ་ལས། ཡང་ན་རྡོ་རྗེ་སེམས་དཔའ་སྟེ། རྣམ་སྣང་རྡོ་རྗེ་ཉི་མ་དང་། །པདྨ་གར་དབང་རྒྱལ་པོ་དང་། །དབང་ཕྱུག་རྟ་མཆོག་ཧེ་རུ་ཀ །ཞེས་མ་རྒྱུད་སྒོ་དྲུག་ཏུ་བཞེད་པ་ལས། འདི་ཧེ་རུ་ཀའི་རིགས་ཡིན་ཅིང་། དེ་ལའང་བདེ་མཆོག །ཀྱེ་རྡོར། སངས་རྒྱས་ཐོད་པ་མ་ཧཱ་མ་ཡ། ཨཱ་ར་ལི་སྟེ་ལྔ་ལས། བཅོམ་ལྡན་དགྱེས་པ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ནི། སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཧེ་རུ་ཀའི་སྐུར་བཞེངས་ནས་གསུངས་པ་རྣམས་བར་བར་དུ་ནུབ་ཀྱང་། འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཤྲཱི་ཧེ་རུ་ཀ་དགྱེས་པ་རྡོ་རྗེའི་སྐུར་བཞེངས་ནས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དང་། རྡོ་རྗེ་བདག་མེད་མ་ལ་སོགས་པའི་དཔའ་བོ་དང་རྣལ་འབྱོར་མའི་འཁོར་ཚོགས་རི་རབ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་གྱི་གྲངས་དང་མཉམ་པ་རྣམས་ལ་འབུམ་ཕྲག་ལྔའི་བདག་ཉིད་ཅན་གྱི་རྩ་བའི་རྒྱུད་ཆེན་པོ་གསུངས་ཤིང་། དེ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བགོ་སྐལ་དུ་གྱུར་ལ། དེ་ལས་བྱུང་བའི་བསྡུས་པའི་རྒྱུད་བརྟག་པ་གཉིས་པ་འདི་ལ་དཔལ་ཕྱག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་ཀྱང་དགོངས་འགྲེལ་གྱི་བསྟན་བཅོས་མཛད་པ་ནས་བཟུང་། འཕགས་པའི་ཡུལ་དུ་འགྲེལ་བྱེད་གྱི་སྲོལ་བཅུ་གཉིས་དང་། ལུགས་སྲོལ་ཡོངས་སུ་རྫོགས་པ་དྲུག་ཏུ་གྲགས་པ་ལས། གངས་ཅན་འདིར་ཡང་བཀའ་བབས་བཞི་གཙོ་བོར་གྱུར་པའི་ལུགས་སྲོལ་མང་དུ་བྱོན་ཅིང་། རྡོ་རྗེ་འཛིན་པ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་མར་འབྲོག་གཉིས་ཀྱི་བཀའ་དྲིན་ལས། ལམ་འདི་ལ་མཁས་ཤིང་དངོས་གྲུབ་བརྙེས་པ་ཇི་སྙེད་ཅིག་དེང་སང་གི་བར་དུ་བཞུགས་པ་དང་། རྒྱུད་སྡེ་གཞན་ལས་ཀྱང་བཤད་སྒྲུབ་ཀྱི་ཕྲིན་ལས་ཆེས་རྨད་དུ་བྱུང་བ་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པ་འདི་ལྟར་ལགས། དེ་ལས་ད་ལན་འདིར་ཤྲཱི་ཧེ་བཛྲ་དང་དབྱེར་མི་ཕྱེད་པ་གྲུབ་པའི་དབང་ཕྱུག་ཡོངས་ཀྱི་གཙུག་རྒྱན་མི་ཏྲ་ཛོ་ཀིའི་ཐུགས་དམ་ཀྱི་དཀྱིལ་འཁོར་བརྒྱ་དང་བརྒྱད་ཀྱི་ཡང་སྙིང་། རྩ་བ་མི་འགྱུར་བའི་དཀྱིལ་འཁོར་དགུ་ཡི་ནང་གསེས་ལས་ཇི་ལྟར་འབྱུང་བ་བཞིན་བསྒྲུབ་པ་ལ། ༥༧༽ ཀྱེ་རྡོར་ཕྱག་དྲུག་པ་ལ། དེ་ནས་དཔལ་ཀྱཻ་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་རྩ་བའི་རྒྱུད་བརྟག་པ་གཉིས་པ་ལས་དངོས་སུ་གསུངས་པའི་ཐུགས་གསུང་སྐུ་སྙིང་པོ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དང་བཞི་ལས། འདི་ནི་ཐུགས་ཀྱེ་རྡོ་རྗེ་སྟེ། སྒྲུབ་ཐབས་ཀྱི་རིམ་པའང་སློབ་དཔོན་ཆེན་པོ་ནག་པོ་དམ་ཚིག་རྡོ་རྗེ་དང་། པཎྜི་ཏ་ཨ་བྷཱ་ཡཱ་ཀ་ར་གུཔྟ་སོགས་ནས་བརྒྱུད་པ་ཟུར་བཀའ་དང་། སྤྱི་བཀའི་རྒྱུན་དེང་སང་གི་བར་དུའང་གནས་པ་ལས། འདིར་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༥༨༽ ཀྱེ་རྡོར་ཕྱག་བཞི་པ་ལ། དེ་ནས་ཀྱེ་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཡང་རྒྱུད་སྔ་མ་དེ་ཉིད་ལས་གསུངས་པའི་གསུང་ཀྱེ་རྡོ་རྗེ་སྟེ། སྒྲུབ་ཐབས་དང་དབང་བཀའི་རྒྱུན་གཞན་ཡང་མཆིས་མོད། འདིར་གྲུབ་ཆེན་སྦས་པའི་སངས་རྒྱས་སྤྱན་རས་གཟིགས་དངོས་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༥༩༽ ཀྱེ་རྡོར་ཕྱག་གཉིས་པ་ལ། དེ་ལ་འདིར་དཔལ་ཀྱེ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་རྒྱུད་ལས། ཧེ་ནི་སྙིང་རྗེ་ཆེན་པོ་སྟེ། །བཛྲའང་ཤེས་རབ་བརྗོད་པར་བྱ། ཞེས་གསུངས་པ་ལྟར། ཐབས་སྙིང་རྗེ་དང་བདེ་བ་ཆེན་པོ་དབྱེར་མི་ཕྱེད་པ་གང་ཞིག །ཤེས་རབ་སྟོང་པ་ཉིད་དང་ཟུང་དུ་འཇུག་པའི་ཡེ་ཤེས་ནི་ངེས་དོན་གྱི་ཧེ་བཛྲ་ཡིན་ལ། དེ་ཉིད་མཚོན་པར་བྱེད་པ་དྲང་དོན་བརྡ་ཡི་ཧེ་བཛྲ་ཉིད། རྣམ་པ་ལམ་དུ་བྱེད་པ་བསྐྱེད་རིམ་གྱི་སྒོ་ནས་བསྒྲུབ་པའི་ཚུལ་ལའང་། རྩ་རྒྱུད་བརྟག་པ་གཉིས་པ་ལས་ཧེ་རུ་ཀ་རིགས་བཞི་དང་། རྡོ་རྗེ་གུར་དང་སམྦུ་ཊ་ལས་ཀྱེ་རྡོར་རིགས་ལྔ་དང་། མཚོན་ཆ་ཅན་སོགས་ཀྱི་དཀྱིལ་འཁོར་མང་དུ་བཤད་པ་ལས། འདིར་རྩ་རྒྱུད་ཀྱི་དངོས་བསྟན་སྐུ་ཀྱཻ་རྡོ་རྗེ་སྟེ། སྒྲུབ་ཐབས་དང་དབང་བཀའི་རིམ་པ་གཞན་ཡང་མཆིས་མོད། ད་ལན་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཧེ་རུ་ཀ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། | |||
༦༠༽ བདག་མེད་ལྷ་མོ་བཅོ་ལྔ་ལ། དེ་ལ་འདིར་བཅོམ་ལྡན་འདས་རྡོ་རྗེ་བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། སྤྱིར་དཔལ་ཀྱཻ་རྡོ་རྗེ་རྩ་བའི་རྒྱུད་ལས་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བསྒྲུབ་པའི་ལྷ་དང་། ཐུན་མོང་གི་ལས་རྒྱས་པའི་ལྷ་མང་དུ་གསུངས་པ་ལས། མཆོག་གི་དངོས་གྲུབ་བསྒྲུབ་པ་ལ་ཆེས་བསྔགས་པ་ནི། རྩ་རྒྱུད་ལས། བདག་མེད་རྣལ་འབྱོར་ལྡན་པའམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང་། །དངོས་གྲུབ་ཉེ་བར་མི་གནས་སོ། །ཞེས་གསུངས་པ་ལྟར། རྡོ་རྗེ་བདག་མེད་མའམ། དཔལ་ཀྱེ་རྡོ་རྗེ་ཞལ་ཕྱག་ཡོངས་རྫོགས་ཀྱི་རྣལ་འབྱོར་གང་ཡང་རུང་བ་ལ་བསྟེན་དགོས་པས་ན། གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་བིཪྺ་པའང་ལམ་འདི་ལ་བརྟེན་ནས་ས་དྲུག་གི་ཡེ་ཤེས་མངོན་དུ་གྱུར་པའི་ཚུལ་བསྟན་ཅིང་། གཞན་ཡང་རྡོ་རྗེ་བཙུན་མོའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ཞིང་། སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་བརྙེས་པའི་གྲུབ་ཆེན་མང་དུ་བྱོན་པས་ལམ་སྲོལ་ཀྱང་མི་འདྲ་བ་ཅི་རིགས་པར་བྱུང་བ་ལས། འདིར་འཕགས་མཆོག་འཇིག་རྟེན་མགོན་པོའི་སྤྲུལ་པའི་སྐུ་རྒྱལ་སྲས་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༦༡༽ སམྦུ་ཊའི་ཀྱེ་རྡོར་ལ། དེ་ནས་དཔལ་སམྦུ་ཊའི་རྒྱུད་ལས་གསུངས་པའི་ཀྱེ་རྡོ་རྗེ་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་སྟོང་པ་ཉིད་ཡང་དག་པར་སྦྱོར་བའི་ཟུང་འཇུག་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས་ཉིད་བསྒྲུབ་བྱར་བྱས་ཏེ་སྟོན་པའི་ཕྱིར། འབྲས་བུའི་མིང་ལམ་ལ་བཏགས་པ་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ནི། སྤྱིར་རྣལ་འབྱོར་མ་རྒྱུད་མཐའ་དག་གི་བཤད་པའི་རྒྱུད་དང་། ཁྱད་པར་དཔལ་དགེས་པ་རྡོ་རྗེའི་ཆ་མཐུན་གྱི་རྒྱུད་དུ་བཞག་པ་ཡིན་ལ། མཆོག་ཐུན་གྱི་དངོས་གྲུབ་བསྒྲུབ་པའི་ལྷག་པའི་ལྷ་ཡི་རྣལ་འབྱོར་ཀྱང་ཇི་སྙེད་ཅིག་གསུངས་པ་ལས་འདིར་སྙིང་པོ་ཀྱཻ་རྡོ་རྗེ་མཚོན་ཆ་ཅན་ཞེས་གྲགས་པའི་སྒོ་ནས་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་གྱི་རྗེས་སུ་འབྲངས་ཏེ་སློབ་མ་འཇུག་ཅིང་སྨིན་པའི་ཆོ་ག་བསྒྲུབ་པ་ལ། ༦༢༽ ཀྱེ་རྡོར་ཕྱག་དྲུག་པ་ལ། དེ་ནས་དཔལ་ཀྱེ་རྡོ་རྗེ་ཕྱག་དྲུག་པ་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་ཀུན་ཏུ་འཕོ་བའི་བག་ཆགས་རྒྱུ་དང་བཅས་པ་བཅོམ་པའི་བདེ་ཆེན་གྱི་ཡེ་ཤེས་དང་། ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟ་བ་མངོན་དུ་གྱུར་པའི་སྟོང་པ་ཉིད་ཟུང་དུ་འཇུག་པ་ངེས་དོན་གྱི་ཧེ་རུ་ཀ་དགྱེས་པ་རྡོ་རྗེ་ཉིད། གདུལ་བྱ་རྣམས་དྲང་བའི་སླད་དུ་གཟུགས་སྐུ་ཞལ་ཕྱག་གི་རྣམ་པར་བཞེངས་པ་ལའང་། སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་ཡེ་ཤེས་བཞི་མཚོན་པའི་སླད་དུ་རྡོ་རྗེ་བཞིའི་རྣམ་རོལ་ཏུ་བསྟན་པ་ལས། འདིར་དཔལ་སམྦུ་ཊའི་རྒྱུད་ཀྱི་དངོས་བསྟན་ཐུགས་ཀྱཻ་རྡོ་རྗེ་སྟེ། གྲུབ་པའི་དབང་ཕྱུག་ཆེན་པོ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་སྨིན་བྱེད་ཀྱི་ཆོ་ག་བསྒྲུབ་པ་ལ། ༦༣༽ ཀྱེ་རྡོར་ཞལ་གཅིག་ཕྱག་བཞི་པར། དེ་ནས་དཔལ་ཀྱེ་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པ་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་དབང་བ་ཡིན་ཏེ། འདི་ཡང་རྒྱུད་ཀྱི་རྒྱལ་པོ་སམྦུ་ཊ་ལས་གསུངས་ཤིང་། གསུང་རྡོ་རྗེ་རྣམ་པ་ཐམས་ཅད་པའི་ཡེ་ཤེས་མཚོན་པར་བྱེད་པས་ན་གསུང་ཀྱེ་རྡོ་རྗེ་སྟེ། གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་སློབ་མ་རྗེས་སུ་བཟུང་བའི་རིམ་པ་བསྒྲུབ་པ་ལ། ༦༤༽ ཀྱེ་རྡོར་ཞལ་གཅིག་ཕྱག་གཉིས་པར། དེ་ནས་དཔལ་ཀྱེ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འབྲས་རྒྱུད་ཀྱི་མཁའ་ཁྱབ་རྟག་པའི་ཡེ་ཤེས་ཀྱི་གཟུགས་བརྙན་མཚོན་པར་བྱེད་པས་ན་སྐུ་ཀྱཻ་རྡོ་རྗེ་སྟེ། འདིའི་སྒོ་ནས་སློབ་མ་སྨིན་བྱེད་ཀྱི་ཆོ་ག་དཔལ་ཧེ་རུ་ཀ་དངོས་རྗེ་བཙུན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༦༥ བདག་མེད་མ་ཉེར་གསུམ་ལ། དེ་ལ་འདིར་རྗེ་བཙུན་རྡོ་རྗེ་བདག་མེད་མ་ལྷ་ཉེར་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། འགྲོ་བ་བུད་མེད་འདུལ་གཟིགས་ནས། བདག་མེད་རྣལ་འབྱོར་མར་གྱུར་གང་། །ཕྱག་འཚལ་ཕ་རོལ་ཕྱིན་ཐུབ་པ། །སྒྱུ་མའི་ཕྱག་རྒྱར་ཕྱག་འཚལ་འདུད། །ཅེས་དོན་དམ་པར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད། རྣམ་པ་འདོད་ཆགས་ཆེན་པོའི་གཞན་དབང་དུ་གྱུར་པའི་འགྲོ་བ་བུད་མེད་ཀྱིས་འདུལ་བ་ལ་གཟིགས་ཏེ། བུད་མེད་སྒྱུ་མའི་ཚུལ་ཅན་བཅོམ་ལྡན་འདས་མ་རྡོ་རྗེ་བདག་མེད་མའི་སྐུར་བཞེངས་པས་བསྒྲུབ་སླ་ཞིང་བྱིན་རླབས་ཤིན་ཏུ་མྱུར་བ་ཡིན་ལ། འདིས་རྣལ་འབྱོར་མ་ཡི་རྒྱུད་སྡེ་རྣམས་ནས་སྒྲུབ་པའི་ཐབས་མི་འདྲ་བ་མང་དུ་འབྱུང་བ་ལས། ད་ལན་དཔལ་སམྦུ་ཊའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཇི་སྐད་གསུངས་པའི་རྗེས་སུ་འབྲངས་ཏེ་སྔགས་རྒྱུད་རྒྱ་མཚོའི་ཤིང་རྟ་གཅིག་པུ་གྲུབ་ཆེན་མི་ཏྲ་ཛོ་ཀིས་ལེགས་པར་བཀྲལ་བའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༦༦༽ རྡོ་རྗེ་གུར་ལས་གསུངས་པའི་རྡོ་རྗེ་མཁའ་འགྲོ་ལྷ་དགུ་ལ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། མཁའ་འགྲོ་བདེ་དང་རྒྱ་མཚོ་བདེ་དང་ནམ་མཁའ་དང་། །གསེར་གྱི་ཆར་པ་དང་ནི་དགའ་ཆེན་ཟ་ནུས་དང་། །བདེ་ཆེན་སྒེག་པ་དང་ནི་གསང་བ་ཡིད་བདེ་དང་། །རྒྱུད་སྡེ་རྣམས་ལ་ཕན་པ་རྡོ་རྗེ་མཁའ་འགྲོ་དང་། །སངས་རྒྱས་ཐམས་ཅད་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དང་། །འཁོར་ལོ་བདེ་མཆོག་གུར་དང་ཕུན་སུམ་ཚོགས་པ་རྣམས། །རྣལ་འབྱོར་མ་ཡི་རྒྱུད་ནི་དྲུག་ཏུ་གྲགས་པ་ཡིན། ཞེས་མ་རྒྱུད་ཀྱི་སྙིང་པོ་བཅུ་བཞིར་གྲགས་པའི་ཡ་གྱལ་རྡོ་རྗེ་གུར་གྱི་རྒྱུད་ནི་དཔལ་དགེས་པ་རྡོ་རྗེའི་བཤད་རྒྱུད་དུ་གཏོགས་པ་ཡིན་ལ། དེ་ལས་མཁའ་འགྲོ་ལྔའི་དཀྱིལ་འཁོར་ཉིད་གཙོ་བོར་བཤད་ཅིང་། དེ་ཡང་རིགས་བསྡུས་པ་དང་། རིགས་རྐྱང་སོ་སོར་ཕྱེ་བ་གཉིས་ལས། འདིར་རིགས་སོ་སོར་དབྱེ་བའི་ནང་ཚན། གཙོ་བོར་གདུལ་བྱ་ཞེ་སྡང་ཅན་རྗེས་སུ་བཟུང་བའི་ཆེད་དུ་གསུངས་པ་དཔལ་རྡོ་རྗེ་མཁའ་འགྲོ་སྟེ། འདིའི་སྒོ་ནས་སློབ་མ་འཇུག་ཅིང་སྨིན་པའི་ཆོ་ག་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༦༧༽ སངས་རྒྱས་མཁའ་འགྲོ་ལ། དེ་ནས་བཅོམ་ལྡན་འདས་སངས་རྒྱས་མཁའ་འགྲོ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་གཟོད་མ་ནས་སྤྲོས་པའི་མཚན་མས་མི་ཕྱེད་པ་རྡོ་རྗེ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཕན་ཚུན་ཁྱབ་པར་འབྲེལ་བ་སྙིང་རྗེ་ཆེན་པོ་ནི་གུར་གྱི་སྒྲས་སྨོས་པ་སྟེ། མདོར་ན་ཟུང་འཇུག་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས་གང་ཞིག་བརྗོད་བྱའི་གཙོ་བོར་གྱུར་པའི་རྒྱུད་སྡེ་ཆེན་པོ་དེ་ཉིད་ཀྱི་དངོས་བསྟན་མཁའ་འགྲོ་ལྔའི་དཀྱིལ་འཁོར་ལས། གཙོ་བོར་གདུལ་བྱ་གཏི་མུག་ཅན་རྗེས་སུ་བཟུང་བའི་ཆེད་དུ་གསུངས་པ་ནི་སངས་རྒྱས་མཁའ་འགྲོ་སྟེ། འདིའི་སྒོ་ནས་སློབ་མ་སྨིན་བྱེད་ཀྱི་ཆོ་ག་རྒྱལ་སྲས་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༦༨༽ རིན་ཆེན་མཁའ་འགྲོ་ལ། དེ་ནས་བཅོམ་ལྡན་འདས་རིན་ཆེན་མཁའ་འགྲོ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཡང་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། གཙོ་བོར་གདུལ་བྱ་ང་རྒྱལ་ཅན་རྗེས་སུ་བཟུང་བའི་ཆེད་དུ་གསུངས་པ་ལྟར། གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་བཞིན་བསྒྲུབ་པ་ལ། ༦༩༽ པདྨ་མཁའ་འགྲོ་ལ། དེ་ནས་བཅོམ་ལྡན་འདས་པདྨ་མཁའ་འགྲོ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་རྒྱུད་སྔ་མ་ཉིད་ལས་གཙོ་བོར་གདུལ་བྱ་འདོད་ཆགས་ཅན་རྗེས་སུ་བཟུང་བའི་སླད་དུ་གསུངས་པ་ལ་བརྟེན་ནས། དཔལ་ཧེ་རུ་ཀ་དངོས་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིས་ཇི་ལྟར་བཀྲལ་བའི་ཞལ་ལུང་དང་རྗེས་སུ་མཐུན་པར་བསྒྲུབ་པ་ལ། | |||
༧༠ སྣ་ཚོགས་མཁའ་འགྲོ་ལ། དེ་ལ་འདིར་བཅོམ་ལྡན་འདས་སྣ་ཚོགས་མཁའ་འགྲོ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་རྣལ་འབྱོར་མ་རྒྱུད་མཐའ་དག་གི་སྙིང་པོར་གྱུར་པ་དཔལ་དགེས་པ་རྡོ་རྗེའི་ཐུན་མོང་མ་ཡིན་པའི་བཤད་རྒྱུད་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ཡི་དམ་ལྷའི་སྒྲུབ་ཐབས་མང་དུ་གསུངས་པ་ལས། གཙོ་བོར་མཆོག་གི་དངོས་གྲུབ་སྒྲུབ་པའི་དཀྱིལ་འཁོར་རྣམ་པ་ལྔ་ཡི་ཡ་གྱལ། གདུལ་བྱ་ཕྲག་དོག་ཅན་རྗེས་སུ་བཟུང་བའི་ཆེད་དུ་གསུངས་པ་ལ་བརྟེན་ནས། འཕགས་མཆོག་ཕྱག་ན་པདྨོའི་ཡེ་ཤེས་ཀྱི་རྣམ་རོལ་རྡོ་རྗེ་ཐེག་པའི་གཞུང་ལུགས་རབ་འབྱམས་ཀྱི་ཤིང་རྟ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༧༡༽ ཀུ་རུ་ཀུལླེ་ལྷ་བཅོ་ལྔ་ལ། དེ་ལ་འདིར་བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་ལྷ་བཅོ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། སྤྱིར་རྒྱུད་སྡེ་བཞི་ཀ་ནས་བཅོམ་ལྡན་འདས་མ་འདི་ཉིད་ཀྱི་ལྷ་སྔགས་སྒྲུབ་ཐབས་སོགས་མང་དུ་གསུངས་པ་ལས། འདིར་ནི་རྣལ་འབྱོར་མ་ཡི་རྒྱུད་ལ་སྒོ་དྲུག་ཏུ་དབྱེ་བའི་ནང་གསེས་པདྨ་གར་དབང་གི་རིགས་སུ་གཏོགས་པ་རྗེ་བཙུན་མ་ཀུ་རུ་ཀུལླེའི་རྟོག་པ་ལས་གཙོ་བོར་གསུངས་ཤིང་། དཔལ་ཀྱེ་རྡོ་རྗེའི་རྩ་བའི་རྒྱུད་བརྟག་པ་གཉིས་པར་ཡང་། ཧྲཱིཿལས་བྱུང་བའི་ལྷ་མོ་ནི། ཁ་དོག་དམར་ཞིང་ཕྱག་བཞི་པ། །མདའ་དང་གཞུ་ཡི་ལག་པ་མ། །ཨུཏྤལ་དང་ནི་ལྕགས་ཀྱུ་འཛིན། །འདི་ནི་བསྒོམ་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་པོ་དབང་དུ་བྱེད། །ཅེས་མཆོག་དང་ཐུན་མོང་གི་དངོས་གྲུབ་མཐའ་དག་དང་། ཁྱད་པར་རབ་འབྱམས་དབང་གི་ལས་ཐབས་རྣམས་བསྒྲུབ་པ་ལ་ཆེས་ཆེར་བསྔགས་ཤིང་། སྐུའི་སྣང་བརྙན་དྲན་པ་དང་། རིག་པའི་གསང་སྔགས་བཟླས་པ་ཙམ་གྱིས་ཀྱང་བརྟན་གཡོའི་ཕུན་ཚོགས་ཐམས་ཅད་ངང་གིས་འདུ་བས་ན་ལྷག་པའི་ལྷ་གཞན་ལས་ཀྱང་བྱིན་རླབས་དང་ཕྲིན་ལས་རྨད་དུ་བྱུང་བའི་ཕྱིར། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་དང་། རྒྱལ་པོ་ལྷན་སྐྱེས་རོལ་པ་དང་། དཔལ་ཌོམྦི་ཧེ་རུ་ཀ་སོགས་མཁས་ཤིང་དངོས་གྲུབ་བརྙེས་པ་རྣམས་ཀྱིས་བཀྲལ་བའི་སྨིན་གྲོལ་ཡན་ལག་དང་བཅས་པའི་བཀའ་སྲོལ་ཇི་སྙེད་ཅིག་དེང་སང་གི་བར་དུ་མཆིས་པ་ལས། འདིར་རྗེ་བཙུན་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་ཐུགས་དམ་ལྟར་བསྒྲུབ་པ་ལ། ༧༢༽ བདེ་མཆོག་ལུ་ཧི་པ་ལ། དེ་ནས་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་སྤྱིར་མ་རྒྱུད་ལ་སྒོ་དྲུག་ཏུ་དབྱེ་བའི་ཡ་གྱལ་ཧེ་རུ་ཀའི་རིགས་སུ་གཏོགས་ཤིང་། བྱེ་བྲག་ཏུ་དཔལ་འཁོར་ལོ་སྡོམ་པ་རྩ་བའི་རྒྱུད་ལས། ཇི་སྲིད་མདོ་བྱ་སྤྱོད་པ་དང་། །རྣལ་འབྱོར་གསང་མཐའི་དབྱེ་བ་ཡིས། །སེམས་ཅན་མོས་པ་སྣ་ཚོགས་པ། །དེ་དང་དེ་ལ་དགའ་བ་ཡིན། །ཅེས་རྒྱུད་སྡེ་དྲུག་ཏུ་རྣམ་པར་འཇོག་པ་ལས། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་རྣལ་འབྱོར་གོང་ན་མེད་པ་མཐའ་དག་གི་མཐར་ཐུག་པ་སྟོན་པའི་ཕྱིར་རྣལ་འབྱོར་གསང་མཐའི་རྒྱུད་ཅེས་ཀྱང་བྱ་ཞིང་། རྩ་བའི་རྒྱུད་མངོན་བརྗོད་འབུམ་པ་དང་། དེ་ལས་སྙིང་པོར་བསྡུས་པའི་རྒྱུད་ཆུང་ངུ་ལེའུ་ལྔ་བཅུ་རྩ་གཅིག་པ་དང་། བཤད་པའི་རྒྱུད་རྣམ་པ་ལྔ་སོགས་རྒྱུད་སྡེའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལ་བརྟེན་ནས། རྒྱ་གར་འཕགས་པའི་ཡུལ་དུ་གྲུབ་པའི་འཁོར་ལོས་སྒྱུར་བ་ལཱུ་ཧི་པ་དང་། རྡོ་རྗེ་དྲིལ་བུ་པ་དང་། ནག་པོ་སྤྱོད་པའི་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་བཀྲལ་བའི་ལམ་སྲོལ་མཐའ་ཡས་པ་དང་། ལམ་འདི་ལ་མཁས་ཤིང་དངོས་གྲུབ་བརྙེས་པ་གྲངས་ལས་འདས་པ་ཞིག་བྱོན་པས་ན་བྱིན་རླབས་ཅན་བདེ་མཆོག་འཁོར་ལོ་ཞེས་ཡོངས་སུ་གྲགས་ཤིང་། གངས་ཅན་གྱི་ལྗོངས་འདིར་ཡང་ལོ་ཆེན་རིན་ཆེན་བཟང་པོ། མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། མར་པ་དོ་པ་ཆོས་ཀྱི་དབང་ཕྱུག་སོགས་ལས་བརྒྱུད་པའི་བཀའ་སྲོལ་མང་དུ་མཆིས་པ་ལས། འདིར་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཧི་པའི་རྗེས་སུ་འབྲངས་ཏེ་དཔལ་ཧེ་རུ་ཀ་རྗེ་བཙུན་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༧༣༽ ཨ་བྷི་དྷ་ནའི་བདེ་མཆོག་ལ། དེ་ནས་ཨ་བྷི་དྷ་ནའི་རྒྱུད་ལས་གསུངས་པའི་དཔལ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་ཨ་བྷི་དྷ་ན་སྟེ་མངོན་པར་བརྗོད་པ་ཞེས་གྲགས་པའི་རྒྱུད་འདི་ནི་དཔལ་འཁོར་ལོ་སྡོམ་པའི་བཤད་རྒྱུད་མཐར་ཐུག་པ་ཡིན་ལ། དེ་ལས་མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པ་ལ་བསྔགས་པའི་ཡི་དམ་གྱི་ལྷ་ཇི་སྙེད་ཅིག་གསུངས་པ་ལས། འདིར་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྒྲུབ་པ་ལ་གཙོ་བོར་གསུངས་པའི་དཔལ་འཁོར་ལོ་བདེ་མཆོག་རྩ་བའི་དཀྱིལ་འཁོར་དུ། གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་སློབ་མ་སྨིན་བྱེད་ཀྱི་ཆོ་ག་བསྒྲུབ་པ་ལ། ༧༤༽ བདེ་མཆོག་སྔོན་པོ་ལ། དེ་ནས་དཔལ་འཁོར་ལོ་སྡོམ་པ་སྔོན་པོ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། ཇི་སྐད་དུ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་ཆོས་ཐམས་ཅད་ཀྱི་གནས་ལུགས་གཟུང་འཛིན་གཉིས་མེད་ཡེ་ཤེས་རྣམ་ཐར་སྒོ་གསུམ་གྱི་མཚན་ཉིད་ཅན་ངེས་དོན་གྱི་དཔལ་ཧེ་རུ་ཀ་ཉིད་མཚོན་པར་བྱེད་པ། དྲང་དོན་བརྡའི་ཧེ་རུ་ཀ་ལ་ཞལ་ཕྱག་དང་སྐུ་མདོག་སོགས་རྣམ་འགྱུར་མཐའ་ཡས་པར་སྟོན་པ་ལས། འདིར་ཆོས་ཉིད་འགྱུར་བ་མེད་པ་མཚོན་པའི་ཕྱིར་སྐུ་མདོག་སྔོ་བསང་ནམ་མཁའ་དྭང་བའི་མདོག་ལྟར་སྟོན་པ་སྟེ། འདིའི་སྒོ་ནས་སློབ་མ་འཇུག་ཅིང་སྨིན་པའི་ཆོ་ག་གྲུབ་ཆེན་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༧༥༽ བདེ་མཆོག་དཀར་པོ་ལྷ་ཉེར་ལྔ་ལ། དེ་ལ་འདིར་དཔལ་འཁོར་ལོ་བདེ་མཆོག་དཀར་པོ་ལྷ་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། ཇི་སྐད་དུ། ལྷན་སྐྱེས་ཐབས་ཀྱི་མཚན་ཉིད་ནི། །དཔལ་ལྡན་བདེ་མཆོག་ལས་གཞན་མེད། །ཅེས་གསུངས་པ་ལྟར། གསང་སྔགས་བླ་མེད་ཀྱི་བསྒྲུབ་བྱ་མཐར་ཐུག་པ་ནི་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁོ་ན་ཡིན་ལ། དེ་སྒྲུབ་བྱེད་ཀྱི་ཐབས་མཐའ་ཡས་པ་ལས་ཀྱང་སྙིང་པོར་གྱུར་པ་ནི་རྒྱུད་སྡེ་འདི་ཉིད་ལས་གཞན་དུ་མ་གསུངས་པའི་ ཆེས་ཟབ་པ་དང་། ཡུལ་ཉི་ཤུ་རྩ་བཞིར་སྤྲུལ་པའི་སྐུ་དཔའ་བོ་དང་རྣལ་འབྱོར་མའི་འཁོར་ལོ་དངོས་སུ་བཞུགས་ཤིང་། ཕོ་ཉ་གསུམ་བསྲེ་བའི་གནད་ཀྱིས་བསྒོམ་པས་སྒྲུབ་པ་པོའི་རྒྱུད་མྱུར་དུ་བྱིན་གྱིས་བརླབ་པར་འགྱུར་བས་ན། ལྷག་པའི་ལྷ་གཞན་ལས་ཀྱང་སྒྲུབ་ཐག་ཉེ་ཞིང་དངོས་གྲུབ་མྱུར་བའི་ཕྱིར་བྱིན་རླབས་ཅན་གྱི་བདེ་མཆོག་ཞེས་གྲགས་པ་ཙམ་དུ་མ་ཟད། འཕགས་བོད་དུ་བྱོན་པའི་གྲུབ་བརྙེས་ཕལ་མོ་ཆེ་ཐམས་ཅད་ཀྱང་ལམ་འདི་ལ་བརྟེན་ནས་བྱུང་བས་ན་མཚན་ཐོས་པའི་བསྐལ་པ་བཟང་པོའི་མཆོག་གཅིག་ཏུ་བསྔགས་ཏེ། བསྐལ་པ་གྲངས་མེད་བྱེ་བ་རུ། །མཚན་ཐོས་ཙམ་ཡང་རྙེད་དཀའ་བའི། །དཔལ་ལྡན་བདེ་མཆོག་ལས་གཞན་པའི། །མཆོག་ནི་སྲིད་པ་གསུམ་ན་མེད། །ཅེས་གསུངས་སོ། །དེ་ལས་བསྒྲུབ་བྱའི་ལྷ་སྔགས་ཀྱི་རྣམ་གྲངས་དང་། སྒྲུབ་བྱེད་ཐབས་ཀྱི་རིམ་པ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས་ཀྱང་། བདེ་བ་ཆེན་པོའི་ཡེ་ཤེས་ཁྱད་པར་ཅན་མཚོན་པར་བྱེད་པ་དཔལ་འཁོར་ལོ་སྡོམ་པ་དཀར་པོའི་སྒོ་ནས་སློབ་མ་སྨིན་བྱེད་ཀྱི་ཆོ་ག །ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་སུམ་དུ་མཛད་པ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༧༦༽ བདེ་མཆོག་ཡུམ་བཀའ་དམར་མོ་ལྷ་སོ་བདུན་མ་ལ། དེ་ནས་བདེ་མཆོག་ཡུམ་བཀའ་དམར་མོ་ལྷ་སོ་བདུན་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་འཁོར་ལོ་སྡོམ་པ་རྩ་བཤད་ཀྱི་རྒྱུད་རྣམས་ལས་གསལ་བར་བསྟན་ཅིང་། གྲུབ་པའི་སློབ་དཔོན་ཨ་བྷཱ་ཡ་ཀ་ར་སོགས་ཀྱིས་བཀྲལ་བའི་བཀའ་སྲོལ་མང་དུ་ཡོད་པ་ལས་འདིར་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཀྱི་རྣམ་རོལ་གྲུབ་པའི་དཔའ་བོ་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༧༧༽ བདེ་མཆོག་ལྷ་བཅུ་གསུམ་མ་ལ། དེ་ནས་དཔལ་འཁོར་ལོ་བདེ་མཆོག་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ལ་བདེ་མཆོག་རྩ་བཤད་ཀྱི་རྒྱུད་དང་། །དཔལ་སྡོམ་པ་འབྱུང་བ་སོགས་ལས་གསུངས་པའི་འཁོར་ལོ་སྡོམ་པ་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་དང་། བཟླས་པའི་ཁྱད་པར་སོགས་མང་དུ་བཤད་པ་ལ་བརྟེན་ནས་གྲུབ་པའི་དབང་པོ་ལྭ་བ་པ་དང་། མཻ་ཏྲི་པ་དང་། རཏྣ་རཀྵི་ཏ་སོགས་ཀྱིས་བཀྲལ་བའི་བཀའ་སྲོལ་ཇི་སྙེད་ཅིག་མཆིས་པ་ལས། འདིར་རྗེ་བཙུན་མཻ་ཏྲི་པའི་རྗེས་སུ་འབྲངས་ཏེ། རྒྱལ་སྲས་མི་ཏྲ་ཛོ་ཀིའི་བཞེད་སྲོལ་ལྟར་བསྒྲུབ་པ་ལ། ༧༨༽ བདེ་མཆོག་ལྷ་ལྔ་ལ། ༧༩༽ ཏཻ་ལོ་ལུགས་ཀྱི་བདེ་མཆོག་ལྷ་དགུ་ལ། དེ་ནས་དཔལ་འཁོར་ལོ་སྡོམ་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་ངེས་དོན་དུ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་ཀྱང་། གདུལ་བྱ་རྣམས་དྲང་བའི་སླད་དུ་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དངོས་ལས་ཆོས་གསན་ཞིང་། བཀའ་བཞི་བརྒྱུད་པའི་གདམ་པ་མཐའ་དག་གི་མཛོད་གཅིག་པུ་གྲུབ་བརྙེས་བྱེ་བའི་ཁྱུ་མཆོག་དཔལ་ཏེ་ལོ་པས་ཇི་ལྟར་བཀྲལ་བའི་གཞུང་དང་མཐུན་པར། རྒྱལ་བའི་མྱུ་གུ་མི་ཏྲ་ཛོ་ཀིའི་བཞེད་སྲོལ་ལྟར་བསྒྲུབ་པ་ལ། | |||
༨༠༽ བདེ་མཆོག་ལྷ་བདུན་མ་ལ། དེ་ལ་འདིར་དཔལ་འཁོར་ལོ་བདེ་མཆོག་ལྷ་བདུན་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་རྒྱལ་བས་གསུངས་པའི་ཆོས་ཚུལ་མཐའ་དག་གི་སྙིང་པོར་གྱུར་པ་རྡོ་རྗེ་ཐེག་པ་བླ་མེད་ཀྱི་རྒྱུད་སྡེའི་མཐར་ཐུག་པ་ནི་རྣལ་འབྱོར་མའི་རྒྱུད་དང་། མ་རྒྱུད་དུང་ཕྱུར་ཕྲག་གཅིག་དང་། བྱེ་བ་ཕྲག་བརྒྱར་གསུངས་པ་རྣམས་ཀྱི་ནང་ནས་ཀྱང་ཆེས་ཆེར་ཟབ་པ་ནི་དཔལ་བདེ་མཆོག་འཁོར་ལོ་འདི་ཉིད་ཡིན་པའི་ཕྱིར། མཁས་ཤིང་དངོས་གྲུབ་བརྙེས་པའི་སློབ་དཔོན་རྣམས་ཀྱིས་ཀྱང་རྒྱུད་འགྲེལ་དང་། སྒྲུབ་ཐབས་དང་། མན་ངག་གི་བཀའ་སྲོལ་ཇི་སྙེད་ཅིག་མཛད་ཅིང་། དེ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་དང་། ཐུན་མོང་གི་དངོས་གྲུབ་གྲུབ་པ་ཆེན་པོ་བརྒྱད་དང་། ལས་ཆེན་བཅུ་གཉིས་སོགས་ཐོགས་མེད་དུ་འགྲུབ་པའི་གྲུབ་བརྙེས་མཐའ་ཡས་པ་ཞིག་བྱོན་པ་ལས། འདིར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཞབས་ཀྱི་ཆུ་སྐྱེས་ལ་མངོན་སུམ་དུ་རེག་ཅིང་དངོས་གྲུབ་མཆོག་གི་གོ་འཕང་ལ་དབུགས་དབྱུང་བ་ཐོབ་པའི་སློབ་དཔོན་ཆེན་པོ་གཉིས་མེད་རྡོ་རྗེའི་རྗེས་སུ་འབྲངས་ཏེ། དཔལ་ཧེ་རུ་ཀ་དངོས་རྗེ་བཙུན་མི་ཏྲ་ཛོ་ཀིའི་ཐུགས་དམ་ལྟར་བསྒྲུབ་པ་ལ། ༨༡༽ ཏཻ་ལོ་པའི་ལུགས་ཀྱི་ཕག་མོ་ལ། །དེ་ནས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ལ་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་ཡང་སྙིང་དཔལ་འཁོར་ལོ་སྡོམ་པ་རྩ་བཤད་ཀྱི་རྒྱུད་རྣམས་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ལྷག་པའི་ལྷའི་རྣལ་འབྱོར་མཐའ་ཡས་པ་ཞིག་གསུངས་པ་ལས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བསྒྲུབ་པའི་ཉེ་ལམ་མཆོག་ཏུ་གྱུར་པ་ནི་བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་ཉིད་ཡིན་ཏེ། ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས། དེ་ནས་རྣལ་འབྱོར་བཤད་བྱ་བ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པའོ། །ཕྱི་མ་ལས་ཀྱང་ཕྱི་མ་སྟེ། །མཁའ་འགྲོ་མ་ཡི་དྲྭ་བ་སྡོམ། །ཕག་མོ་ཡི་ནི་གཙོ་མོ་ཉིད། །རྣལ་འབྱོར་རྣམས་ཀྱིས་གྲུབ་སྟེར་བའོ། །རྣལ་འབྱོར་མ་ལུས་རྣམས་ཀྱིས་ཀྱང་། །སྙིང་པོའི་རྣལ་འབྱོར་བཏུས་པའོ། །ཞེས་རྒྱ་ཆེར་བསྔགས་པ་ལྟར། མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེའི་སློབ་དཔོན་རྣམས་ཀྱིས་བཀྲལ་བའི་སྒྲུབ་ཐབས་མན་ངག་དང་བཅས་པ་ཇི་སྙེད་ཅིག་དེང་སང་གི་བར་དུ་མཆིས་པ་ལས། འདིར་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཏཻ་ལོ་པའི་རྗེས་སུ་འབྲངས་ཏེ། འཕགས་མཆོག་ཕྱག་ན་པདྨོའི་རྣམ་འཕྲུལ་རྒྱལ་སྲས་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༨༢༽ ཞལ་གཉིས་མར། དེ་ནས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ཞལ་གཉིས་མ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། ཇི་སྐད་དུ། མཁའ་འགྲོ་མ་ནི་བྱེ་བ་ཕྲག །ཕག་མོ་ཡི་ནི་རིགས་ལས་བྱུང་། །ཞེས་གསུངས་པ་ལྟར། ཞིང་སྐྱེས། སྔགས་སྐྱེས། ལྷན་ཅིག་སྐྱེས་པའི་མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པ་ནི་ཡུལ་ཉི་ཤུ་རྩ་བཞིའི་མཁའ་འགྲོ་མར་འདུ་ཞིང་། དེ་ཡང་སྙིང་པོའི་རྣལ་འབྱོར་མ་བཞི། སྒོ་མཚམས་མ་བརྒྱད། རྡོ་རྗེ་ཕག་མོ་དང་བཅས་ལྷ་བཅུ་གསུམ་དང་། དེ་ཡང་སྙིང་པོའི་རྣལ་འབྱོར་མ་བཞི་དང་། དེ་ཉིད་ཀྱང་རྡོ་རྗེ་ཕག་མོ་ཁོ་ནར་འདུ་བས་ན་ཤིན་ཏུ་སྒྲུབ་ཐག་ཉེ་ཤིང་། བྱིན་རླབས་མྱུར་བའི་ཕྱིར་སྒྲུབ་ཐབས་དང་མན་ངག་གི་བཀའ་སྲོལ་ཀྱང་མཐའ་ཀླས་པ་ལས། འདིར་བསྟན་པ་འདི་ལ་རྡོ་རྗེ་ཐེག་པའི་ཉེ་ལམ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་བརྙེས་པ་ཐམས་ཅད་ཀྱི་སྤྱི་མེས་རྒྱལ་ཆེན་ཨིནྡྲ་བྷཱུ་ཏི་སོགས་ཀྱིས་རིམ་པར་བཀྲལ་བ་དང་རྗེས་སུ་མཐུན་པར། གྲུབ་བརྙེས་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༨༣༽ དོན་གྲུབ་མར། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་དོན་གྲུབ་མ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། ཇི་སྐད་དུ། ཝཱ་ཀའི་སྒྲ་ནི་ངག་ལས་འདས། །ར་ནི་དྲི་མ་རྣམ་པར་སྤངས། །ཧི་ནི་རྒྱུ་ནི་རྣམ་འཇིགས་པ། ཕག་མོའི་སྒྲར་ནི་རབ་ཏུ་གྲགས། །ཞེས་ཝཱ་ར་ཧིའི་སྒྲ་ལས་དྲངས་ན། །ཝཱ་ནི་ངག་གི་བརྗོད་པ་ལས་འདས་པའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད། ར་ནི་དྲི་མ་དང་བྲལ་བ་སྟེ་གཟུང་འཛིན་གྱི་མཚན་མ་མེད་པ། །ཧི་ནི་རྒྱུ་དང་བྲལ་བ་སྟེ་གཞི་འབྲས་དབྱེར་མེད་པའི་དེ་ཁོ་ན་ཉིད་སྨོན་པ་མེད་པ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་དབྱེར་མི་ཕྱེད་པའི་ཡེ་ཤེས་ནི་དོན་དམ་པའི་རྡོ་རྗེ་ཕག་མོ་ཡིན་ལ། དེ་ཉིད་མཚོན་པར་བྱེད་པ་ཀུན་རྫོབ་བརྡ་ཡི་རྡོ་རྗེ་ཕག་མོ་ལའང་། མཚན་དང་སྐུ་ཡི་རྣམ་འགྱུར་འདོད་དགུར་འཆར་བ་ལས་ལྷ་སྔགས་སྒྲུབ་ཐབས་ཀྱི་རྣམ་གྲངས་ཀྱང་དེ་སྙེད་ཅིག་འབྱུང་བའི་ཕྱིར། འདིར་ཕག་མོ་དམར་མོ་དོན་ཐམས་ཅད་ཡོངས་སུ་གྲུབ་པའི་སྒོ་ནས་སློབ་མ་རྣམས་འཇུག་ཅིང་སྨིན་པའི་ཆོ་ག་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༨༤༽ དབུ་བཅད་མར། དེ་ནས་རྡོ་རྗེ་ཕག་མོ་དབུ་བཅད་མ་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ལ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀུན་ཏུ་འགྲོ་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་དོན་དམ་ཆོས་སྐུའི་ཕག་མོ་ཉིད་རྣམ་པ་ལམ་བྱེད་ཀྱི་ཚུལ་གྱིས་བསྒྲུབ་པ་ལ། གཟུང་འཛིན་གྱི་སྣང་བ་དབྱིངས་སུ་ཐིམ་པའི་བརྡར་དབུ་བཅད་མའི་ཚུལ་དུ་བཞེངས་པ་སྟེ། འདི་ལ་དཔལ་བིཪྺ་པ་དང་། སློབ་དཔོན་ཆེན་པོ་སྟོང་ཉིད་ཏིང་འཛིན་ཡབ་སྲས་སོགས་ཀྱིས་བཀྲལ་བའི་སྒྲུབ་ཐབས་མན་ངག་དང་བཅས་པ་ཇི་སྙེད་ཅིག་མཆིས་པ་ལས། འདིར་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༨༥༽ ནཱ་རོ་མཁའ་སྤྱོད་ལ། དེ་ནས་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་སྤྱིར་དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་ཆོ་ག་དང་། ལས་ཚོགས་དང་། དངོས་གྲུབ་ཐམས་ཅད་གཙོ་བོར་རྡོ་རྗེ་རྣལ་འབྱོར་མའི་ཡེ་ཤེས་ལས་བྱུང་བའི་རིགས་སྔགས་ཀྱིས་སྒྲུབ་པ་ཁོ་ན་ཡིན་པས་ཧེ་རུ་ཀའི་རྣལ་འབྱོར་ལ་གནས་ཀྱང་། རྣལ་འབྱོར་མ་མཆོད་ཅིང་བསྟེན་དགོས་པ་དང་། དོན་དམ་པའི་འཁོར་ལོ་སྡོམ་པ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱང་རྣལ་འབྱོར་མའི་ཐབས་ལ་བརྟེན་ནས་བསྐྱེད་དགོས་པས་ན། ཇི་སྐད་དུ། འཁོར་ལོ་སྡོམ་པའི་འདྲེན་པ་མོ། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ཞེས་གསུངས། དེའི་ཕྱིར་སྒྲུབ་ཐབས་དང་མན་ངག་གི་རིམ་པའང་བསམ་གྱིས་མི་ཁྱབ་པར་བཞུགས་པ་ལས། གཙོ་བོར་གྱུར་པ་རྒྱལ་ཆེན་ཨིནྡྲ་བྷཱུ་ཏིས་བཀྲལ་བའི་ཕག་མོ་ཞལ་གཉིས་མ། གྲུབ་ཆེན་མཻ་ཏྲི་པས་བཀྲལ་བའི་རིག་པ་འཛིན་མ་རྩེན་མ། པཎ་གྲུབ་ནཱ་རོ་ཏཱ་པས་བཀྲལ་བའི་ནཱ་རོ་མཁའ་སྤྱོད་མ་སྟེ་གསུམ་ལ་མཁའ་སྤྱོད་སྐོར་གསུམ་དང་། བླ་མ་དཔྱལ་པ་རྣམས་ནས་བརྒྱུད་པའི་ཞལ་གཉིས་མ། དོན་གྲུབ་མ། དབུ་བཅད་མ་གསུམ་ལ་ཕག་མོ་སྐོར་གསུམ་ཞེས་གངས་ཅན་གྱི་ལྗོངས་འདིར་ཡོངས་སུ་གྲགས་པ་ལས། འདིར་དཔལ་ནཱ་ལེནྡྲའི་མཁས་པ་ཆེན་པོ་སྒོ་དྲུག་གི་ཡ་གྱལ། གྲུབ་པ་མཆོག་གི་ས་ལ་བཞུགས་པ་སློབ་དཔོན་ཆེན་པོ་ནཱ་རོ་པ་ཞེས་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་དེ་ཉིད་ཀྱིས་ལེགས་པར་བཀྲལ་བ་ལ། དཔལ་ཧེ་རུ་ཀ་མཻ་ཏྲ་ཛོ་ཀིའི་མན་ངག་གིས་རྣམ་པར་ཕྱེ་བའི་རྗེས་སུ་འབྲངས་ཏེ་བསྒྲུབ་པ་ལ། ༨༦༽ མཻ་ཏྲི་མཁའ་སྤྱོད་ལ། དེ་ནས་མཻ་ཏྲི་མཁའ་སྤྱོད་མ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་དཔལ་འཁོར་ལོ་སྡོམ་པའི་རྒྱུད་འབུམ་ཕྲག་གསུམ་པ་ལས་བྱུང་བའི་སྒྱུ་འཕྲུལ་ཆེན་མོ་རལ་པ་གྱེན་བརྫེས་ཀྱི་རྒྱུད་སྒྱུ་མ་ཆེན་མོར་གྲགས་པ་རིག་པ་འཛིན་མ་རྩེན་མའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ལ་བརྟེན་ནས་གྲུབ་ཆེན་མཻ་ཏྲི་པའི་ཞལ་སྔ་ནས་ལེགས་པར་བཀྲལ་བའི་རྗེས་སུ་འབྲངས་ཏེ། རྣལ་འབྱོར་གྱི་དབང་ཕྱུག་དཔལ་མི་ཏྲ་ཛོ་ཀིའི་མན་ངག་གིས་རྣམ་པར་ཕྱེ་བ་བཞིན་བསྒྲུབ་པ་ལ། ༨༧༽ ཕག་མོ་ཞལ་བཞི་ལྷ་སོ་བདུན་མར། དེ་ནས་ཕག་མོ་ཞལ་བཞི་མ་ལྷ་སོ་བདུན་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་ཆོས་སྐུ་རྒྱལ་ཡུམ་རྡོ་རྗེ་ཕག་མོ་ནི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཏེ། དེ་ཉིད་གདུལ་བྱ་ས་བཅུ་རྒྱུན་མཐའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་ངོར་དཔལ་ཧེ་རུ་ཀ་ཆེན་པོའི་རྡོ་རྗེ་བཙུན་མོའི་ཚུལ་དུ་སྣང་ཞིང་། དེ་ལས་སྤྲུལ་པའི་རྣམ་རོལ་ཡུལ་ཉི་ཤུ་རྩ་བཞིར་མཚན་སྐུ་ཡི་རྣམ་འགྱུར་ཅིར་ཡང་སྟོན་པ་ལས། འདིར་གཙོ་བོར་དཔལ་བདེ་མཆོག་འཁོར་ལོའི་ཡུམ་དུ་སྣང་བ་རྡོ་རྗེ་ཕག་མོ་ཉིད་རང་གི་སྤྲུལ་པའི་བཀོད་པ་དང་བཅས་པའི་དཀྱིལ་འཁོར་དུ་སློབ་མ་སྨིན་བྱེད་ཀྱི་ཆོ་ག་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༨༨༽ ཨཱ་ཕག་ནག་ལྷ་ལྔ་ལ། དེ་ནས་ཕག་མོ་ཁྲོས་མ་ནག་མོ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ལ་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་དམ་པ་རྒྱ་གར་ནས་བརྒྱུད་པའི་དབང་བྱིན་རླབས་མན་ངག་དང་བཅས་པ་དང་། པཎྜི་ཏ་ཤཱི་དྷཱ་ར་ནས་བརྒྱུད་པའི་སྒྲུབ་ཐབས་མན་ངག་གི་རིམ་པ་སོགས་མང་དུ་མཆིས་པ་ལས་འདིར་གྲུབ་ཆེན་རྒྱལ་བའི་སྲས་པོ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༨༩༽ དུས་འཁོར་ལ། དེ་ལ་འདིར་དཔལ་དུས་ཀྱི་འཁོར་ལོ་ལྷ་བརྒྱ་དང་ང་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གདུལ་བྱའི་བསྐལ་པ་དང་མཚམས་པར་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་ཀྱི་ནང་ནས་རབ་དང་། མཆོག་དང་། ཕུལ་དུ་གྱུར་པ་ནི་རྡོ་རྗེ་ཐེག་པ་བླ་མེད་ཁོ་ན་ཡིན་ལ། དེའི་མཐར་ཐུག་པ་ནི་སྤྱིར་བཏང་རྣལ་འབྱོར་མའི་རྒྱུད་དམ། བྱེ་བྲག་ཏུ་ཟུང་འཇུག་གཙོ་བོར་སྟོན་པའི་ཕྱིར་གཉིས་སུ་མེད་པའི་རྒྱུད་དུ་རྣམ་པར་འཇོག་པ་ལ་དཔལ་དུས་ཀྱི་འཁོར་ལོ་འདི་ཉིད་ཡིན་ཏེ། དེ་ཡང་། དུས་ནི་འགྱུར་མེད་བདེ་ཡེ་ཤེས། །འཁོར་ལོ་ཤེས་བྱའི་རྣམ་འགྲོ་དཔལ། །ཞེས་ཀཱ་ལ་ཙ་ཀྲའི་སྒྲ་ལས་དྲངས་ན་དུས་ཀྱི་འཁོར་ལོ་སྟེ། སྐད་ཅིག་མའི་ཆ་ཤས་བསགས་པའི་རང་གཟུགས་འགྱུར་བ་དང་བཅས་པའི་དུས་གང་ཞིག །མི་འགྱུར་བདེ་བ་ཆེན་པོའི་ཡེ་ཤེས་སྐད་ཅིག་གཅིག་གིས་དག་པར་བྱེད་པའི་ཕྱིར་ན་བདེ་བ་ཆེན་པོའི་ཡེ་ཤེས་ནི་དུས་དང་། ཤེས་བྱའི་རྣམ་པ་ཐམས་ཅད་པའི་རྗེས་སུ་ཁྱབ་པར་འཇུག་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ནི་འཁོར་ལོ་སྟེ། མཐར་ཐུག་གི་འབྲས་བུ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ནི་དུས་ཀྱི་འཁོར་ལོ་མཚན་ཉིད་པ་ཡིན་ལ། དེ་སྒྲུབ་པར་བྱེད་པའི་གཞུང་དང་ལམ་ལའང་སྒྲུབ་བྱའི་མིང་གིས་བཏགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་བདག་ཅག་གི་སྟོན་པ་བྱང་ཆུབ་སྙིང་པོར་གཤེགས་པའི་ཚུལ་བསྟན་ནས། གདུལ་བྱ་དབང་པོ་ཤིན་ཏུ་རྣོན་པོའི་རིགས་ཅན་ལ་དགོངས་ཏེ། ནག་པའི་ཉ་ལ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་བདེ་བ་ཆེན་པོའི་དཀྱིལ་འཁོར་རྣམ་པར་སྤྲུལ་ནས། སྟོན་པ་ཉིད་དཔལ་དུས་ཀྱི་འཁོར་ལོའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་པས་དཀྱིལ་འཁོར་ལ་བཀོད་པའི་འཁོར་རྣམས་དང་། ཞུ་བ་པོ་རྒྱལ་པོ་ཟླ་བ་བཟང་པོ་གཙོ་བོར་གྱུར་པའི་རྒྱལ་ཕྲན་དགུ་བཅུ་རྩ་དྲུག་སོགས་སྣོད་ལྡན་རྣམས་ལ་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས་ཤིང་། ཆོས་རྒྱལ་ཟླ་བ་བཟང་པོས་བཀའི་བསྡུ་བ་མཛད་དེ་དཔལ་ཤམྦྷ་ལར་གླེགས་བམ་དུ་བཀོད་ཅིང་བཤད། དེ་ནས་རིགས་ལྡན་གྱི་ཐོག་མ་འཇམ་དཔལ་གྲགས་པས་དྲང་སྲོང་ཉི་མའི་ཤིང་རྟ་སོགས་ཀྱི་ཆེད་དུ་བསྡུས་པའི་རྒྱུད་གཏན་ལ་ཕབས་ཤིང་། རང་གི་སྲས་པདྨ་དཀར་པོས་རྒྱ་ཆེར་འགྲེལ་པ་དྲི་མེད་འོད་ཀྱིས་ཤིན་ཏུ་གསལ་བར་མཛད་པ་ནས་བཟུང་ཕྱོགས་དེར་དར་ཞིང་རྒྱས་པ་ལས། སློབ་དཔོན་དུས་ཞབས་པ་ཆེན་པོ་དང་། ཙི་ལུ་པཎྜི་ཏ་སོགས་ཀྱིས་འཕགས་ཡུལ་དུ་སྤྱན་དྲངས་ཤིང་། གྲུབ་ཆེན་ནཱ་རོ་པ་དང་། པཎྜི་ཏ་ཨ་བྷཱ་ཡ་ཀ་ར་སོགས་མཁས་ཤིང་དངོས་གྲུབ་བརྙེས་པ་རྣམས་ཀྱིས་དར་རྒྱས་སུ་མཛད། བོད་འདིར་གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་ཐོག་མར་བསྒྱུར་བ་ནས་བཟུང་། རྭ་ཆོས་རབ་དང་། འབྲོ་ཤེས་རབ་གྲགས་གཙོ་བོར་གྱུར་པའི་སྒྱུར་བྱེད་ཀྱི་ལོ་ཙཱ་བ་ཉི་ཤུ་རྩ་ལྔས་གཏན་ལ་ཕབས། ཀུན་མཁྱེན་བུ་སྟོན་རིན་ཆེན་དང་། དོལ་པོ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཡབ་སྲས་བརྒྱུད་འཛིན་དང་བཅས་པའི་བཀའ་དྲིན་ལས། དེང་སང་གི་བར་དུ་དབང་། རྒྱུད་བཤད། མན་ངག་དང་བཅས་པ་དར་རྒྱས་སུ་བཞུགས་ཤིང་། ལམ་འདི་ལ་བརྟེན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་དབང་འབྱོར་པ་མང་དུ་བྱོན་པས་རྒྱུད་སྡེ་གཞན་ལས་ཀྱང་ཟབ་མོ་རྡོ་རྗེའི་རྣལ་འབྱོར་དང་། རྒྱ་ཆེ་བ་ཕྱི་ནང་གཞན་གསུམ་གྱི་དེ་ཁོ་ན་ཉིད་མཐའ་དག་གཏན་ལ་ཕབས་པས་ཁྱད་པར་དུ་འཕགས་པ་དེ་ཉིད་ཀྱི་སྒོ་ནས་རྡོ་རྗེའི་སློབ་མ་རྣམས་འཇུག་ཅིང་སྨིན་པ་ཆོ་ག་རྒྱལ་སྲས་པད་དཀར་འཛིན་པའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ། སྔགས་རྒྱུད་རྒྱ་མཚོའི་ཤིང་རྟ་ཆེན་པོ་གྲུབ་པའི་དབང་ཕྱུག་མི་ཏྲ་ཛོ་ཀིའི་ཐུགས་དམ་གྱི་དཀྱིལ་འཁོར་བརྒྱ་རྩ་བརྒྱད་ཀྱི་ཡ་གྱལ། རྩ་བ་མི་འགྱུར་བའི་དཀྱིལ་འཁོར་དགུའི་ནང་ཚན་ལྟར་བསྒྲུབ་པ་ལ། | |||
༩༠༽ བདེ་མཆོག་འཁོར་ལོས་སྒྱུར་དྲུག་གི་རྡོར་སེམས་ལ། དེ་ལ་དཔལ་བདེ་མཆོག་འཁོར་ལོས་སྒྱུར་བ་དྲུག་གི་ནང་ཚན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ལས། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་དོན་དམ་པར་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་དང་། ཤིན་ཏུ་རྣམ་པར་དག་པའི་སྟོང་པ་ཉིད་ཟུང་དུ་འཇུག་པ་དཔལ་ཧེ་རུ་ཀ་གཅིག་པུའི་རང་བཞིན་ལས་མ་གཡོས་ཀྱང་། གདུལ་བྱ་རྣམས་གང་ལ་གང་འདུལ་གྱི་རོལ་མོས་རྗེས་སུ་བཟུང་བའི་སླད། ཞི་ཆགས་ཁྲོ་བོའི་རྣམ་འགྱུར་དང་བཀོད་པ་མཐའ་ཀླས་པར་སྟོན་པ་ལས། གང་འདིར་གདུལ་བྱ་དུག་གསུམ་ཆ་མཉམ་ཅན་གྱི་ཆེད་དུ་དྲུག་པའི་རིགས་ཀྱི་འཁོར་ལོས་སྒྱུར་བ་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་སྐུར་བཞེངས་པ་སྟེ། འདི་ཉིད་ཀྱི་སྒྲུབ་ཐབས་མངོན་བརྗོད་ཀྱི་རྒྱུད་ལས་ཇི་སྐད་གསུངས་པའི་རྗེས་སུ་འབྲངས་ཏེ། སློབ་དཔོན་ཨ་བྷཱ་ཡཱ་ཀ་ར་སོགས་ཀྱིས་བཀྲལ་བའི་རིགས་བསྡུས་དང་། རིགས་སོ་སོའི་རྣལ་འབྱོར་ཇི་སྙེད་ཅིག་གསུངས་པ་ལས། ད་ལན་འདིར་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་རྒྱལ་སྲས་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༩༡༽ རྣམ་སྣང་ལ། དེ་ནས་རྣམ་སྣང་ཧེ་རུ་ཀ་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་དཔལ་བདེ་མཆོག་གི་རྒྱུད་ལས། གཙོ་བོར་གདུལ་བྱ་གཏི་མུག་ཅན་རྗེས་སུ་བཟུང་བའི་ཆེད་དུ་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོས་སྒྱུར་བ་དཔལ་རྟག་པ་ཧེ་རུ་ཀའི་སྐུར་བཞེངས་པ་སྟེ། རྒྱལ་སྲས་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་སློབ་མ་སྨིན་བྱེད་ཀྱི་ཆོ་ག་བསྒྲུབ་པ་ལ། ༩༢༽ རིན་འབྱུང་ལ། དེ་ནས་རིན་འབྱུང་ཧེ་རུ་ཀ་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཡང་དཔལ་འཁོར་ལོ་སྡོམ་པའི་རྒྱུད་ལས། གཙོ་བོར་གདུལ་བྱ་སེར་སྣ་ཅན་རྗེས་སུ་བཟུང་བའི་ཆེད་དུ་རིན་ཆེན་རིགས་ཀྱི་འཁོར་ལོས་སྒྱུར་བ་ཧེ་རུ་ཀ་རྡོ་རྗེ་ཉི་མའི་སྐུར་བཞེངས་ཏེ་ལྷ་སྔགས་ལས་ཚོགས་དང་བཅས་པའི་རྣལ་འབྱོར་གསུངས་པ་ལ་བརྟེན་ནས། འཕགས་མཆོག་ཕྱག་ན་པདྨོའི་རྣལ་འཕྲུལ་གྲུབ་ཆེན་མི་ཏྲ་ཛོ་ཀིས་ཇི་ལྟར་བཀྲལ་བའི་ཞལ་ལུང་དང་རྗེས་སུ་མཐུན་པར་བསྒྲུབ་པ་ལ། ༩༣༽ སྣང་མཐའ་ལ། དེ་ནས་སྣང་མཐའ་ཧེ་རུ་ཀ་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཉིད་ཀྱང་རྒྱུད་སྔ་མ་དེ་ལས། །གཙོ་བོར་གདུལ་བྱ་འདོད་ཆགས་ཅན་རྗེས་སུ་བཟུང་བའི་ཆེད་དུ་པདྨའི་རིགས་ཀྱི་འཁོར་ལོས་སྒྱུར་བ་ཧེ་རུ་ཀ་པདྨ་གར་དབང་གི་སྐུར་བཞེངས་ཏེ། སྒྲུབ་ཐབས་མན་ངག་དང་བཅས་པ་གསུངས་པ་ལ་བརྟེན་ནས་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་མི་ཏྲ་ཛོ་ཀིས་ཇི་ལྟར་བཀྲལ་བ་བཞིན་བསྒྲུབ་པ་ལ། ༩༤༽ མི་བསྐྱོད་པར། དེ་ལ་བཅོམ་ལྡན་འདས་མི་བསྐྱོད་ཧེ་རུ་ཀ་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ངེས་བརྗོད་བླ་མ་ལས། ཡང་ན་རྡོ་རྗེ་སེམས་དཔའ་སྟེ། །རྣམ་སྣང་རྡོ་རྗེ་ཉི་མ་དང་། །པདྨ་གར་དབང་རྒྱལ་པོ་དང་། །དབང་ཕྱུག་རྟ་མཆོག་ཧེ་རུ་ཀ །ཞེས་རིགས་དྲུག་ཏུ་གསུངས་པ་ལས། གཙོ་བོར་གདུལ་བྱ་ཞེ་སྡང་ཅན་རྗེས་སུ་བཟུང་བའི་ཆེད་རྡོ་རྗེའི་རིགས་ཀྱི་འཁོར་ལོས་སྒྱུར་བ་མི་བསྐྱོད་ཧེ་རུ་ཀའི་སྒོ་ནས་སློབ་མ་སྨིན་བྱེད་ཀྱི་ཆོ་ག་གྲུབ་ཆེན་མི་ཏྲ་ཛོ་ཀིའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༩༥༽ དོན་གྲུབ་ལ། དེ་ནས་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ཧེ་རུ་ཀ་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཡང་དཔལ་འཁོར་ལོ་སྡོམ་པའི་བཤད་རྒྱུད་ལས་གསུངས་ཤིང་། གཙོ་བོར་གདུལ་བྱ་ཕྲག་དོག་ཅན་རྗེས་སུ་བཟུང་བའི་ཆེད་ལས་ཀྱི་རིགས་ཀྱི་འཁོར་ལོས་སྒྱུར་བ་རྟ་མཆོག་ཧེ་རུ་ཀའི་སྐུར་བཞེངས་པ་སྟེ། སྒྲུབས་ཐབས་ཀྱི་རིམ་པའི་སྲོལ་གཞན་ཡང་མཆིས་མོད། འདིར་གྲུབ་པའི་དབང་ཕྱུག་ཆེན་པོ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༩༦༽ མ་ཧཱ་མཱ་ཡ་ལྷ་ལྔ་ལ། དེ་ནས་བཅོམ་ལྡན་འདས་དཔལ་མ་ཧཱ་མཱ་ཡཱ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་རྣལ་འབྱོར་མ་ཡི་རྒྱུད་ཀྱི་ཡ་གྱལ་ཧེ་རུ་ཀའི་རིགས་སུ་གཏོགས་ཤིང་། དེའི་ནང་ནས་ཀྱང་། ཇི་སྐད་དུ། རིག་པ་འཇིག་རྟེན་གསུམ་པོ་ན། །ཁྱོད་དང་མཉམ་པ་ང་ལས་མེད། །ཅེས་རིག་སྔགས་ཀྱི་ཡུམ་སངས་རྒྱས་མཁའ་འགྲོའི་རིགས་སྔགས་ཡིན་པར་བཤད་པ་དང་། རྡོ་རྗེ་གུར་ལས་མ་རྒྱུད་ཀྱི་གཙོ་བོར་བཅུ་བཞི་གསུངས་པའི་སྐབས་གསང་བ་ཡིད་བདེ་ཅེས་བཤད་ལ། རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་བསྡུས་པའི་རྒྱུད་ཆུང་ངུ་འདི་ནི། ལྷ་སྔགས་རྣལ་འབྱོར་གསུམ་ཀའི་སྒོ་ནས་ཟབ་ཅིང་འདྲིལ་ལ་ཁྱད་པར་དུ་འཕགས་པའི་ཕྱིར། རྗེ་བཙུན་མི་ལས་ཀྱང་། སྙིང་པོ་མ་ཧཱ་མཱ་ཡའི་རྒྱུད། །ཅེས་བསྔགས་པར་མཛད་པས་མཚོན་ནོ། །དེ་ལྟ་བུའི་རྒྱུད་འདི་འཕགས་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རི་པས་གདན་དྲངས་ཤིང་སྐལ་ལྡན་རྣམས་རྡོ་རྗེ་ཐེག་པའི་གསེང་ལམ་ལ་བཀོད། བོད་ཡུལ་འདིར་གཙོ་བོར་རྗེ་མར་པ་ལོ་ཙཱའི་བཀའ་དྲིན་ལས་བྱུང་ཞིང་། འདིའི་ཉེ་ལམ་རྣལ་འབྱོར་གསུམ་གྱི་གསང་བས་མཁའ་སྤྱོད་དུ་གཤེགས་པའང་མང་དུ་བྱོན་པས་ཐུགས་རྩིས་ཤིན་ཏུ་ཆེ་བར་མཛད་པ་སྟེ། དེ་ལའང་ལུགས་སྲོལ་མི་འདྲ་བ་འགའ་ཞིག་མཆིས་པ་ལས། འདིར་སྔགས་རྒྱུད་རྒྱ་མཚོའི་ཤིང་རྟ་དཔལ་ཧེ་རུ་ཀ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༩༧༽ མཱ་ཡ་འབྲིང་པོ་ལ། དེ་ནས་མ་ཧཱ་མཱ་ཡ་ཞལ་གཅིག་ཕྱག་གཉིས་པ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ཡང་སྒྱུ་མ་ཆེན་མོའི་རྒྱུད་ཆུང་དེ་ཉིད་ལ་བརྟེན་ནས། རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིས་རྒྱུད་སྡེའི་དགོངས་པ་རང་དབང་དུ་བཀྲལ་བའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༩༨༽ ཀུ་ཀུ་རི་པའི་མ་ཧཱ་མཱ་ཡར། དེ་ལ་འདིར་གྲུབ་ཆེན་ཀུ་ཀུ་རི་པའི་ལུགས་ཀྱི་མ་ཧཱ་མཱ་ཡ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། གྲུབ་ཆེན་འདི་ཉིད་ནི་ཤར་ཕྱོགས་བྷངྒ་ལར་སྐུ་འཁྲུངས། ཐུན་མོང་གི་རིག་འཛིན་ཐོབ་ཅིང་། རྡོ་རྗེ་རྣལ་འབྱོར་མ་ཁྱི་མོའི་རྣམ་པར་སྣང་བས་ཉེ་རྒྱུའི་གྲོགས་མཛད་དེ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བརྙེས། ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ནས་སྒྱུ་མ་ཆེན་མོའི་རྒྱུད་ཆུང་སྤྱན་དྲངས་ཏེ་སློབ་དཔོན་ཆེན་པོ་པདྨ་བཛྲ་སོགས་སྨིན་གྲོལ་ལ་བཀོད་པ་ནས་བཟུང་། དེང་སང་གི་བར་དུའང་དབང་བསྐུར་གྱི་རྒྱུན་མ་ནུབ་པར་བཞུགས་པ་ལས། འདིར་ནི་གྲུབ་པའི་དབང་ཕྱུག་དེ་ཉིད་ཀྱི་བཀའ་སྲོལ་དང་མཐུན་པར་རྒྱལ་སྲས་སྙིང་རྗེའི་གཏེར་ཆེན་མི་ཏྲ་ཛོ་ཀིས་ལེགས་པར་ཕྱེ་བའི་ཞལ་ལུང་ལྟར་བསྒྲུབ་པ་ལ། ༩༩༽ ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོར། དེ་ནས་འཕགས་མཆོག་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། སྤྱིར་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོའི་རང་གཟུགས་སུ་གྱུར་པས་འགྲོ་དྲུག་སེམས་ཅན་ཀུན་ལ་ཐུགས་རྗེའི་འཇུག་པས་ལྷག་པར་བརྩེ་བ་དང་། ཁྱད་པར་གངས་ཅན་གྱི་ལྗོངས་འདི་འཕགས་པ་ཉིད་ཀྱི་གདུལ་ཞིང་དུ་ངེས་པའི་ཕྱིར་སྒྲུབ་ཐག་ཉེ་ཞིང་བྱིན་རླབས་མྱུར་བས་ན། རྒྱུད་དང་སྒྲུབ་ཐབས་མན་ངག་གི་རིམ་པའང་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་པ་ལས་ཀྱང་ཁྱད་པར་འཕགས་པ་ནི་བཅོམ་ལྡན་འདས་རྒྱལ་བ་རྒྱ་མཚོའི་སྐོར་འདི་ཡིན། འདི་ལའང་པདྨ་རྒྱལ་པོ་དང་། པདྨ་ཟབ་པའི་རྒྱུད་གཉིས་ལ་བརྟེན་ནས་གྲུབ་པའི་སློབ་དཔོན་མཚོ་སྐྱེས་ཞབས་ཀྱིས་བཀྲལ་བའི་སྒྲུབ་ཐབས་མན་ངག་དང་བཅས་པའི་བཀའ་སྲོལ་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པར་དེང་སང་གི་བར་དུ་བཞུགས་པས་མཚོན་རྡོ་རྗེ་ཐེག་པ་སྔ་ཕྱིའི་འགྱུར་གཉིས་ལས་སྨིན་གྲོལ་གྱི་བཀའ་མང་དུ་བཞུགས་པ་ལས། འདིར་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའི་སྐུ་རྒྱལ་སྲས་མི་ཏྲ་ཛོ་ཀིའི་ཐུགས་དམ་གྱི་དཀྱིལ་འཁོར་བརྒྱ་རྩ་བརྒྱད་ལས། རྩ་བ་མི་འགྱུར་བའི་དཀྱིལ་འཁོར་དགུའི་ཡ་གྱལ། རྗེ་བཙུན་རང་ཉིད་ཀྱི་ལྷག་པའི་ལྷ་ཐུན་མོང་མ་ཡིན་པ་རྒྱུད་པདྨ་གར་དབང་གི་རིགས་སུ་གཏོགས་པ་བཅོམ་ལྡན་འདས་ཕྱག་ན་པདྨོའི་སྒོ་ནས་སློབ་མ་རྣམས་འཇུག་ཅིང་སྨིན་པའི་ཆོ་ག་བསྒྲུབ་པ་ལ། | |||
༡༠༠༽ རྟ་མགྲིན་པདྨ་གར་དབང་ལ། དེ་ནས་བཅོམ་ལྡན་འདས་དཔལ་རྟ་མགྲིན་པདྨ་གར་དབང་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། སྤྱིར་ཁྲོ་བོའི་རྒྱལ་པོ་འདི་ཉིད་ལ་རིགས་ཀྱི་དབྱེ་བ་མང་དུ་ཡོད་པ་ལས། གཙོ་བོར་རྟ་མཆོག་གི་རིགས་སུ་གཏོགས་པའི་རྟ་མགྲིན་ནག་པོ་དང་། པདྨ་གར་དབང་གི་རིགས་སུ་གཏོགས་པའི་རྟ་མགྲིན་དམར་པོ་གཉིས་ལས་འདིར་ཕྱི་མ་ཡིན། འདི་ལ་སྒྲུབ་ཐབས་དང་མན་ངག་གི་རིམ་པའང་གསར་རྙིང་བཀའ་གཏེར་གྱི་ལུགས་སྲོལ་ཐ་དད་པ་མང་དུ་མཆིས་པ་ལས། འདིར་སྤྱན་རས་གཟིགས་དངོས་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༠༡༽ གདན་བཞི་ཡབ་བཀའ་ལ། དེ་ནས་བཅོམ་ལྡན་འདས་དཔལ་རྣལ་འབྱོར་ནམ་མཁའ་ལྷ་མང་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་མ་རྒྱུད་སྒོ་དྲུག་ཏུ་དབྱེ་བའི་ཡ་གྱལ་རྣམ་སྣང་གི་རིགས་ཀྱི་གཙོ་བོ་རྡོ་རྗེ་གདན་བཞིའི་རྩ་བཤད་ཀྱི་རྒྱུད་རྣམས་ལ་བརྟེན་ནས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ནས་བརྒྱུད། སློབ་དཔོན་འཕགས་པ་ལྷ་སོགས་ཀྱིས་ལེགས་པར་བཀྲལ་བའི་དབང་བཤད་མན་ངག་དང་བཅས་པ་རྡོ་རྗེ་ཐེག་པའི་ཤིང་རྟ་ཆེན་པོ་མར་རྔོག་གཉིས་ཀྱི་བཀའ་དྲིན་ལས་གངས་ཅན་གྱི་ལྗོངས་འདིར་སྣང་བས་སྐལ་ལྡན་རྣམས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལ་སྦྱོར་བར་མཛད་པ་ལས། ད་ལན་གྲུབ་པའི་དབང་ཕྱུག་ཆེན་པོ་དཔལ་ཧེ་རུ་ཀ་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༠༢༽ གདན་བཞི་ཡུམ་བཀའ་ལ། དེ་ནས་བཅོམ་ལྡན་མ་ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་རྡོ་རྗེ་གདན་བཞིའི་རྩ་བཤད་ཀྱི་རྒྱུད་རྣམས་ལས་དངོས་སུ་གསུངས། གྲུབ་པའི་སློབ་དཔོན་འཕགས་པ་ལྷ་ཡབ་སྲས་སོགས་ཀྱིས་ལེགས་པར་བཀྲལ། བྱིན་རླབས་དང་གཉེན་ཆ་ཤིན་ཏུ་ཆེ་བར་ཡོངས་སུ་གྲགས་པའི་དབང་བཀའ་ཟུར་པའང་མཆིས་མོད། ད་ལན་འདིར་རྗེ་བཙུན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༠༣༽ སངས་རྒྱས་ཐོད་པ་ལྷ་ཉེར་ལྔ་ལ། དེ་ནས་བཅོམ་ལྡན་འདས་སངས་རྒྱས་ཐོད་པ་ལྷ་ཉེར་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ལ་མ་རྒྱུད་ཧེ་རུ་ཀའི་རིགས་སུ་གཏོགས་པ། མཐར་ཐུག་གི་རྒྱུད་སྡེ་རྣམ་པ་ལྔའི་ཡ་གྱལ། བརྟུལ་ཞུགས་མཐར་ཐུགས་སངས་རྒྱས་ཐོད་པ། ཞེས་གྲགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལ་བརྟེན་ནས། འཕགས་ཡུལ་གྲུབ་རིགས་རྒྱ་མཚོའི་སྤྱི་མེས་དཔལ་ས་ར་ཧའི་ཞབས་ཀྱིས་ལེགས་པར་བཀྲལ་ཞིང་། གངས་ཅན་འདིར་ཡང་གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་སོགས་ཀྱིས་བསྒྱུར་བཤད་འཆད་ཉན་གྱིས་གཏན་ལ་ཕབས་པར་མཛད་པ་ལས། འདིར་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོའི་ཤིང་རྟ་དཔལ་ལྡན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༠༤༽ སངས་རྒྱས་ཐོད་པ་ལྷ་དགུ་མ་ལ། དེ་ནས་བཅོམ་ལྡན་འདས་སངས་རྒྱས་ཐོད་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། བུདྡྷ་ཀ་པཱ་ལ་ཞེས་པའི་སྒྲ་ལས་དྲངས་ན། མཐར་ཐུག་གི་སངས་རྒྱས་ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་པ་ལས་གཟུགས་སྐུ་བདེ་བ་ཆེན་པོ་ཁ་སྦྱོར་གྱི་རྣམ་པར་ཤར་བས་དེ་སྐད་ཅེས་བྱ་ལ། རྒྱུད་རྒྱལ་གྱིས་དངོས་བསྟན་ལས་ཀྱང་ལྷ་སྔགས་ཀྱི་རྣམ་གྲངས་མང་དུ་གསལ་བ་ལས། འདིར་གཙོ་བོར་གསུངས་པ་ལྷ་དགུའི་སྒོ་ནས་སློབ་མ་སྨིན་བྱེད་ཀྱི་ཆོ་ག་རྒྱལ་སྲས་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༠༥༽ རྡོ་རྗེ་སྒྲོལ་མ་ལ། དེ་ནས་བཅོམ་ལྡན་འདས་མ་རྡོ་རྗེ་སྒྲོལ་མ་ལྷ་བཅུ་གཅིག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། འདི་ནི་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་ཤིང་། པཎ་གྲུབ་སོ་སོས་བཀྲལ་བའི་ལམ་སྲོལ་ཀྱང་ཅི་རིགས་པར་མཆིས་པ་ལས། འདིར་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཞེད་གཞུང་ལྟར་བསྒྲུབ་པ་ལ། ༡༠༦༽ ཉི་སྦས་སྒྲོལ་མ་ཉེར་གཅིག་ལ། དེ་ནས་གྲུབ་ཆེན་ཉི་མ་སྦས་པའི་ལུགས་ཀྱི་རྗེ་བཙུན་སྒྲོལ་མ་ཉེར་གཅིག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ལ་རྗེ་བཙུན་མ་འདི་ཉིད་དོན་དམ་པར་གདོད་མ་ནས་རྒྱལ་བ་ཀུན་གྱི་ཡུམ་དུ་གྱུར་ཀྱང་། ཐུན་མོང་གདུལ་བྱ་རྣམས་དྲང་བའི་སླད་རྒྱལ་པོའི་བུ་མོ་ཡེ་ཤེས་ཟླ་མཛེས་སུ་གྱུར་ནས། དེ་བཞིན་གཤེགས་པ་རྔ་སྒྲའི་སྤྱན་སྔར་བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང་ལོ་བྱེ་བ་བརྒྱ་སྟོང་གི་བར་དུ་ཏིང་ངེ་འཛིན་བསྒོམ་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ། འགྲོ་བ་ཐམས་ཅད་ཡོངས་སུ་སྒྲོལ་བའི་ཏིང་ངེ་འཛིན་བསྒྲུབ་ནས། སྔ་དྲོ་རེར་ཡང་སེམས་ཅན་བྱེ་བ་བརྒྱ་སྟོང་རེ་འཁོར་བ་ལས་སྒྲོལ་བར་མཛད་པས་འཕགས་མ་སྒྲོལ་མ་ཞེས་མཚན་གྱི་སྣང་བས་སྲིད་གསུམ་དུ་ཁྱབ་པ་སོགས་ངོ་མཚར་བའི་རྣམ་པར་ཐར་པ་མཐའ་ཀླས་ཤིང་། བསྐལ་པ་འདི་ཉིད་ཀྱི་ཐོག་མར་རི་བོ་པོ་ཏཱ་ལར་འཕགས་མཆོག་ཕྱག་ན་པདྨོས་སྒྲོལ་མའི་སྔགས་རྒྱུད་འབུམ་ཕྲག་བརྒྱ་གསུངས་པས་མཚོན་རྒྱུད་དང་སྒྲུབ་ཐབས་དང་། དེ་ལ་བརྟེན་ནས་རིག་པ་འཛིན་པའི་ལུས་དང་། ཡེ་ཤེས་ཀྱི་སྐུ་གྲུབ་པ་སོགས་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་པས་ཐུགས་རྗེ་དང་ཕྲིན་ལས་རྨད་དུ་བྱུང་བ་མངོན་སུམ་ཚད་མས་གྲུབ་ལ། གངས་ཅན་འདིར་ཡང་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྟོག་པ་སོགས་བྱ་རྒྱུད་པདྨའི་རིགས་ཀྱི་ཡུམ་དུ་གཏོགས་པའི་རྒྱུད་སྡེ་དང་། བླ་མེད་མ་རྒྱུད་ཧེ་རུ་ཀའི་རིགས་སྒྲོལ་མ་མངོན་འབྱུང་དང་རྟ་མཆོག་གི་རིགས་སུ་གཏོགས་པ་ཕྱག་འཚལ་ཉེར་གཅིག་གི་རྒྱུད་སོགས་མང་དུ་བྱོན་པ་ལས། འདིར་གཞུང་ཕྱི་མ་ལ་བརྟེན་ནས། ཁ་ཆེའི་སློབ་དཔོན་ཉི་མ་སྦས་པ་ཞེས་སྐྱེ་བ་བདུན་དུ་སྒྲོལ་མའི་རྣལ་འབྱོར་བསྒྲུབས་པའི་མཐུས་རྗེ་བཙུན་མས་དུས་རྟག་ཏུ་ཞལ་གཟིགས་ཤིང་ཆོས་གསུངས་པ་དེ་ཉིད་ཀྱིས་ལེགས་པར་བཀྲལ་བའི་རྗེས་སུ་འབྲངས་ཏེ། དཔལ་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ། ༡༠༧༽ མགོན་པོ་ཕྱག་བཞི་པར། དེ་ནས་མཐའ་བརྟེན་བསྟན་པ་སྲུང་བའི་རྡོ་རྗེའི་ཆོས་སྐྱོང་རྒྱ་མཚོའི་གཙོ་བོ་དཔལ་མ་ཧཱ་ཀཱ་ལ། ཕྱག་བཞི་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་རང་རེ་རྣམས་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་ནས་ཆོས་ཚུལ་བཞིན་བསྒྲུབ་པ་ལ་བར་ཆད་མི་འབྱུང་བའི་ཕྱིར་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་པ་ཁྱད་པར་ཅན་རེ་ཅི་ནས་ཀྱང་བསྟེན་དགོས། དེ་ལའང་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་གསུངས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་མགོན་པོའི་རིགས་མང་དུ་ཡོད་པ་ལས། འདིར་མགོན་པོ་ཕྱག་བཞི་པ་འདི་ཉིད་ནི། དོན་དམ་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་དང་གཉིས་སུ་མེད་པར་མངོན་པར་བྱང་ཆུབ་པའི་གོ་འཕང་བརྙེས་ཀྱང་། དྲང་བའི་དོན་དུ་སྲིད་པ་གསུམ་གྱི་ཁོངས་ན་ཆེ་བཙན་མཐུ་བོ་ཆེ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དྲག་པོ་དབང་ཕྱུག་ཆེན་པོའི་སྲས་ཀྱི་རྣམ་པར་སྤྲུལ་ནས་བདུད་དང་ལྷ་མིན་ཐམས་ཅད་ཚར་བཅད། སངས་རྒྱས་ཀྱི་བསྟན་པ་དེར་འཛིན་བཅས་སྲུང་ཞིང་བསྐྱང་བར་མཛད་པ་ལ་འགྲན་ཟླ་དང་བྲལ་བས་ན། རྒྱུད་སྡེ་ཆེན་པོ་རྣམས་ལས་ཀྱང་ལྷ་སྔགས་ཀྱི་རྣམ་གྲངས་ཇི་སྙེད་ཅིག་གསུངས་ཤིང་། ཁྱད་པར་དྲག་པོའི་བརྟག་པ་དང་། དངོས་གྲུབ་ཀུན་ལས་བཏུས་པའི་རྒྱུད་སོགས་ལས་ཕྱག་གཉིས་པ་ནས། ཕྱག་བཅུ་དྲུག་པའི་བར་གྱི་སྒྲུབ་ཐབས་དང་མན་ངག་མཐའ་ཡས་པ་བསྟན་པ་ལས། འཕགས་ཡུལ་དུ་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ཀྱིས་འདིའི་སྔགས་རིག་གྲུབ་ཅིང་ལམ་སྲོལ་ཕྱེ་བ་ནས་བཟུང་དར་ཞིང་རྒྱས་ལ། བོད་འདིར་དཔལ་ཆེན་རྒ་ལོ་ཙཱ་བ་ཡབ་སྲས་སོགས་ཀྱིས་སྤྱན་དྲངས་ཤིང་། སྒྲུབ་རྒྱུད་ཀྱི་བསྟན་སྲུང་རྣམས་ཀྱི་ནང་ནས་མཆོག་ཏུ་བསྔགས་པས་དབང་རྗེས་གནང་མན་ངག་དང་བཅས་པ་དེང་སང་གི་བར་དུའང་རྒྱུན་མ་ཆད་པར་མཆིས་པ་ལས། འདིར་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ། གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་མི་ཏྲ་ཛོ་ཀི་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཐུགས་ཉམས་སུ་བཞེས་པའི་དཀྱིལ་འཁོར་བརྒྱ་རྩ་བརྒྱད་ཀྱི་མཐའ་བརྟེན་ལས་ཇི་ལྟར་འབྱུང་བ་བཞིན་སློབ་མ་རྣམས་འཇུག་ཅིང་སྨིན་པའི་ཆོ་ག་བསྒྲུབ་པ་ལ། ༡༠༨༽ །མཁས་ཤིང་གྲུབ་པས་རབ་དབྱེ་བའི། །ཐུགས་རྗེ་ཆེན་པོའི་དགོངས་པའི་རྒྱན། །སླར་ཡང་མཛེས་པའི་རྒྱན་འདིས་ཀྱང་། །བློ་གསལ་རྣ་ལུང་མཛེས་གྱུར་ཅིག །ཅེས་པའང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེའི་སློབ་དཔོན་ཆེན་པོ་ངེས་དོན་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཞལ་སྔ་ནས། འདི་ཉིད་ཀྱི་དབང་བསྐུར་བ་གནང་བའི་ཚེ་བཀའི་ཅོད་པན་སྤྱི་བོར་སྩལ་པ་གཙུག་ཏུ་མཆོད་དེ། ཀུན་རྨོངས་ཀུན་ཏུ་རྒྱུ་བ་འཇམ་དབྱངས་མཁྱེན་བརྩེས་དཔལ་ས་ལ་སྤྱོད་པའི་འོག་མིན་ཐུབ་བསྟན་ཆོས་འཁོར་གླིང་དུ་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །། | |||
}} | }} | ||
</onlyinclude> | </onlyinclude> |
Latest revision as of 16:00, 1 June 2024
Wylie title | mi tra brgya rtsa'i dbang bka' so so'i mtshams sbyor thugs rje chen po'i dgongs rgyan mdzes par byed pa'i rgyan | |
---|---|---|
Location | mkhyen brtse'i bka' 'bum Volume 9, sde tshan 6, Pages 227-320 (Folios 1a to 47b4) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Associated People | མི་ཏྲ་ཛོ་ཀི་ (Mitrayogi) | |
Citation | 'jam dbyangs mkhyen brtse'i dbang po. mi tra brgya rtsa'i dbang bka' so so'i mtshams sbyor thugs rje chen po'i dgongs rgyan mdzes par byed pa'i rgyan. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 9: 227-320. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Empowerment Ritual - dbang chog - dbang skur | |
Cycle | མི་ཏྲ་བརྒྱ་རྩ་ (mi tra brgya rtsa) | |
Deity | thugs rje chen po | |
Colophon |
།ཅེས་པའང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེའི་སློབ་དཔོན་ཆེན་པོ་ངེས་དོན་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཞལ་སྔ་ནས། འདི་ཉིད་ཀྱི་དབང་བསྐུར་བ་གནང་བའི་ཚེ་བཀའི་ཅོད་པན་སྤྱི་བོར་སྩལ་པ་གཙུག་ཏུ་མཆོད་དེ། ཀུན་རྨོངས་ཀུན་ཏུ་རྒྱུ་བ་འཇམ་དབྱངས་མཁྱེན་བརྩེས་དཔལ་ས་ལ་སྤྱོད་པའི་འོག་མིན་ཐུབ་བསྟན་ཆོས་འཁོར་གླིང་དུ་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། | |
ces pa'ang dkyil 'khor rgya mtsho'i khyab bdag rdo rje'i slob dpon chen po nges don bstan pa rab rgyas dpal bzang po'i zhal snga nas/__'di nyid kyi dbang bskur ba gnang ba'i tshe bka'i cod pan spyi bor stsal pa gtsug tu mchod de/__kun rmongs kun tu rgyu ba 'jam dbyangs mkhyen brtses dpal sa la spyod pa'i 'og min thub bstan chos 'khor gling du bris pa dge legs mchog tu gyur cig__/sarba dA ka l+yA NaM b+ha ba tu |
1 Texts in this Section (sde tshan or chos tshan)